གནས་ཡུལ། མདུན་ངོས། རིག་གནས་ཆེ་བ་ལྔ།
 
 
༄༅།།ཚད་མའི་རྣམ་གཞག་རགས་བསྡུས།
སྤེལ་དུས།2008-07-04   ཡོང་ཁུངས་།   རྩོམ་པ་པོ། བརྩོན་འགྲུས་རབ་རྒྱས།

     སྤྱིར་ཚད་མ་རིག་པ་ཞེས་པ་ནི། གཏན་ཚིགས་རིག་པ་སྟེ་རིག་གནས་ཆེ་བ་ལྔའི་ཡ་གྱལ། དོན་གྱི་གནས་ལ་འཁྲུལ་བ་ཚར་གཅོད་པར་བྱེད་པ། གཞལ་བྱ་ཡུལ་དང་། འཇལ་བྱེད་ཡུལ་ཅན། དེ་རྟོགས་བྱེད་ཀྱི་ཐབས་བཅས་ཞིབ་མོར་གཏན་ལ་འབེབས་པའི་རིག་པ་ཞིག་ཡིན།

    དེ་ཡང་། ཕྱི་རོལ་པ་ལ་བྲམ་ཟེ་རྐང་མིག་གིས་བྱས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་སྟོན་པའི་བསྟན་བཅོས་ལྟ་བུ་སོགས་ཚད་མའི་གཞུང་མང་པོ་ཡོད་ལ། རྟོག་གེའི་ཚིག་དོན་བཅུ་དྲུག་ནི། བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོས་མཛད་པའི་ཆོས་སྲིད་གྲུབ་མཐའ་སྣ་ཚོགས་ཀྱི་གཏམ་ཐོས་པ་དོན་ལྡན་བཀླགས་པས་དོན་འགྲུབ་ཅེས་པ་ལས། རིག་པ་ཅན་ལ་སོགས་ཀྱིས་བདེན་གྲུབ་ཡོད་པར་སྒྲུབ་པ་ལ་རྩལ་དུ་བཏོན་པའི་རིགས་པ་རྟོག་གེའི་ཚིག་དོན་བཅུ་དྲུག་ཏུ་གྲགས་པ་ངག་སྒྲོས་ཙམ་དུ་མ་སོང་བར་ངེས་ན་རླབས་ཆེ་བས་འདི་ལྟར། ཚད་མ་གཞལ་བྱ་ཐེ་ཚོམ་དགོས་པ་བཞི།། དཔེ་དང་གྲུབ་མཐའ་ཡན་ལག་རྟོག་གེ་བཞི། །གཏན་ཕབས་རྩོད་པ་བརྗོད་པ་སུན་འབྱིན་བཞི། །གཏན་ཚོགས་ཚིག་དོར་ལྟག་ཆོད་ཚར་གཅོད་བཞི། ཞེས་པའི་དོན་བཞིན་བཅུ་དྲུག་པོ་རིམ་པར་བཤད་ན། གང་ཡང་བདེན་པར་མེད་ཟེར་བ་མི་འཐད་པར་ཐལ། གཞལ་བྱའི་དོན་དེ་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། ཡོད་པ་ལ་ཚད་མས་མ་དམིགས་པ་གཅིག་ཀྱང་མེད་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། ཚད་མ་ཡུལ་ལ་མི་བསླུ་བའི་གཞལ་བྱ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། ཚད་མ་ལ་གཞལ་བྱ་མེད་པ་གཅིག་ཀྱང་མེད་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། བདེན་པར་གྲུབ་མ་གྲུབ་ཐེ་ཚོམ་ཟ་བ་ཡོད་པའི་ཕྱིར། ཁྱབ་སྟེ། ཐེ་ཚོམ་བདེན་པར་གྲུབ་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། དོན་གྱི་ཆེད་དུ་འབད་རྩོལ་བྱེད་པ་ལ་དགོས་པ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། དེ་རྟོག་པ་དང་ལྡན་པ་རྣམས་ལ་ཡོངས་སུ་གྲགས་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། རང་གི་དོན་མཚོན་པའི་དཔེ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། བུམ་པའི་དོན་དུ་རྫ་མཁན་འཇིམ་པ་ལ་འཇུག་པ་ལྟ་བུ་དེ་ཡིན་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། འཐད་མི་འཐད་སོ་སོར་འབྱེད་པའི་གྲུབ་མཐའ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། རྒོལ་ཕྱི་རྒོལ་ཚད་ལྡན་ཡོད་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། དམ་བཅའི་དོན་སྒྲུབ་པར་བྱེད་པའི་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། ཐམས་ཅན་མེད་ཅེས་འབྲེལ་མེད་ཀྱི་ཚིག་དེ་འདྲ་སྨྲ་མི་རུང་བའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། དེ་ཁོ་ན་ཉིད་ཀྱི་དོན་ལ་དཔྱོད་པའི་རྟོག་གེ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། དེ་འདྲའི་རྟོག་གེ་དང་དེས་གཏན་ལ་ཕབས་པ་གཉིས་ཀ་ཁས་ལེན་དགོས་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། དོན་གྱི་ཆེད་དུ་འབད་རྩོལ་བྱེད་པ་ལ་དགོས་པ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། དེ་རྟོག་པ་དང་ལྡན་པ་རྣམས་ལ་ཡོངས་སུ་གྲགབས་པའི་ཕྱིར། ཡང་།  བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། རང་གོ་དོན་མཚོན་པའི་དཔེ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། བུམ་པའི་དོན་དུ་རྫ་མཁན་འརྗིམ་པ་ལ་འཇུག་པ་ལྟ་བུ་དེ་ཡིན་པའི་ཡིནཔའི་ཕྱིར། རྟགས་གྲུབ་སྟེ། རྒོལ་ཕྱི་རྒོལ་ཚད་ལྡན་ཡོད་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། དེ་ཁོ་ན་ཉིད་ཀྱི་དོན་ལ་དཔྱོད་པའི་རྟོག་གེ་ཡོད་པའི་ཕྱིར། རྟོགས་གྲུབ་སྟེ། དེ་འདྲིའི་རྟོག་གེ་དང་དེས་གཏན་ལ་ཕབས་པ་གཉིས་ཀ་ཁས་ལེན་དགོས་པའི་ཕྱིར། ཡང་།  བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། དཔྱད་དོན་རྟོགས་པའི་གཏན་ཕབས་ཡོད་པའི་ཕྱིར། ཁྱབ་སྟེ། བདེན་པར་མ་གྲུབ་པ་ལ་དེ་མི་འཐད་པའི་ཕྱིར། ཡང་།  བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། ཕྱོགས་དང་མཐུན་པའི་རྩོད་པ་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། བདེན་པར་མེད་ན་དེ་མི་རིགས་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། དོན་ལ་བརྡ་སྦྱར་བའི་བརྗོད་པ་ཡོད་པའི་ཕྱིར། ཁྱབ་སྟེ། བདེན་པར་མེད་ན་དེ་མི་འཐད་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། ལོག་རྟོག་འཇོམས་པའི་སུན་འབྱིན་ཡོད་པའི་ཕྱིར། ཁྱབ་སྟེ། བདེན་པར་མ་གྲུབ་པ་ལ་སུན་དབྱུང་བྱ་འབྱིན་བྱེད་ཀྱི་རྣམ་གཞག་མི་འཐད་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། རང་གི་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡོད་པའི་ཕྱིར། ཁྱབ་སྟེ། བདེན་པར་མེད་ན་དེ་མི་འཐད་པར་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། ཐམས་ཅད་མ་གྲུབ་ཅེས་སྙོན་འདིང་བའི་ཚིག་དོར་ཡོད་པའི་ཕྱིར། ཁྱབ་སྟེ། གང་ལའང་སྙོན་འདིང་མི་རིགས་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། བདེན་གྲུབ་འགོག་པའི་ཐལ་འགྱུར་རྣམས་ལྟག་ཆོད་ཁོ་ན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། ཕར་བཀོད་པའི་ཉེས་པ་རྣམས་རང་ལ་ཚུར་མཚུང་ས་པར་འགྱུར་བའི་ཚིག་ཤ་སྟག་ཡིན་པའི་ཕྱིར། ཡང་། བདེན་གྲུབ་མེད་ཟེར་བ་མི་འཐད་པར་ཐལ། ཚིག་དེས་ངོ་བོ་ཉིད་མེད་པར་སྨྲ་བ་ཁྱོད་རྒོལ་བ་ཚར་གཅོད་པའི་གནས་སུ་འགྱུར་བའི་ཕྱིར་ཞེས་པ་འདི་རྣམས་སོ།།རིགས་པ་བཅུ་དྲུག་པོ་ཐམས་ཅད་བདེན་པར་ཡོད་པ་དང་ཡོད་པ་གཉིས་ཀྱི་ཁྱད་པར་མ་ཕྱེད་པ་དང་། བདེན་པར་མེད་པ་དང་མེད་པ་གཉིས་ཀྱི་ཁྱད་པར་མ་ཕྱེད་པ་ལ་བརྟེན་པའི་རྩོད་པ་ཤ་སྟག་ཡིན་པས་ངོ་བོ་ཉིད་མེད་པར་སྨྲ་བ་ལ་ལན་གྱིས་ལྡོག་པར་མི་ནུས་པའི་ཐལ་འགྱུར་དུ་འགྲོ་བ་གཅིག་ཀྱང་མ་མཆིས་པར་གཞན་སྡེ་དང་རང་སྡེ་དངོས་སྨྲ་བ་སུས་བཀོད་ནའང་འདྲའོ།།ཞེས་གསུངས་ཡོད་པ་ལྟར་ཡིན། རྒྱས་པར་《ཞིབ་མོ་རྣམ་འཐག་》གི་རང་འགྲེལ་སོགས་གཞུང་གཞན་ལས་ཤེས་པར་བྱའོ། །

      ནང་པའི་ཚད་མ་རིག་པ་ནི། བདག་ཉིད་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་《དམིགས་པ་བརྟག་པ་དང་།》《སེལ་བ་བརྟག་པ་》སོགས་ཚད་མའི་བསྟན་བཅོས་ཐོར་བུ་བརྒྱ་རྩ་བརྒྱད་མཛད་པ་དེ་དག་ལུས་ཡོངས་སུ་མ་རྫོགས་པར་གཟིགས་ནས་ཕྱིས་ཕྱོགས་གཅིག་ཏུ་བསྡུས་ཏེ་མངོན་སུམ་རྗེས་དཔག་གཉིས། གཞན་སེལ་དང་། དཔེ་དང་། ལྟག་ཆོད་ཀྱི་རིག་པ་སྟོན་པ་ལེའུ་དྲུག་དང་ལྡན་པའི་《ཚད་མའི་མདོ་ཀུན་ལས་བཏུས་པ་མཛད། དེ་ལ་ཅིས་ཕྱིར་ཚད་མའི་《མདོ་ཀུན་ལས་བཏུས་པ་》ཟེར་བ་ཡིན་ཞེ་ན། 《ཚད་མ་ལེགས་པར་བཤད་པ་ཐམས་ཅད་ཀྱི་ཆུ་བོ་ཡོངས་སུ་འདུ་བ་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་》ཞེས་པ་ལས། མཚོན་བྱ་དོན་དམ་པའི་ཚད་མས་གཏན་དུ་མི་བསླུ་བ་དང་། མཚོན་བྱེད་ཐ་སྙད་པའི་ཚད་མ་མངོན་སུམ་དང་། རྗེས་སུ་དཔག་པ་གཉིས་གནས་སྐབས་སུ་འཇུག་ཡུལ་ལ་མི་བསླུ་བས་ན་ཚད་མ་སྟེ། དེ་གཉིས་སྟོན་པའི་མདོ་ཀུན་ལས་བཏུས་པ་ལ་བརྗོད་བྱའི་མིང་གིས་རྗོད་བྱེད་ལ་བཏགས་ཏེ་ཚད་མ་ཞེས་བྱའོ། །མདོ་ནི་ཟབ་པ་དང་རྒྱ་ཆེ་བའི་དོན་ཚིག་ཉུང་ངུ་བསྡུས་པའོ། །ཀུན་ལས་བཏུས་པ་ནི་བཅོམ་ལྡན་འདས་ཀྱི་གསུང་རབ་དང་རང་གཞན་གྱི་རིགས་པའི་གཞུང་ཐམས་ཅད་ལས་བཏུས་པས་ན་བརྗོད་ཚུལ་གྱི་སྒོ་ནས་དེ་ལྟར་མིང་དུ་འདོགས་པར་མཛད་དོ། །ཞེས་གསུངས་པའི་ཚད་མའི་མདོ་ཀུན་ལས་བཏུས་པ་དང་། དེའི་དོན་གསལ་བར་བྱས་པ་དཔལ་ལྡན་ཆོས་ཀྱི་གྲགས་པས་མཛད་པའི་རྒྱས་པ་《རྣམ་འགྲེལ་ལེའུ་བཞི་》འབྲིང་《རྣམ་ངེས་》བསྡུས་པ་《རིགས་ཐིགས་》ཏེ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གསུམ། གཏན་ཚིགས་ཐིགས་པ། འབྲེལ་བ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིག་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་མདོ་དང་བཅས་པ་ནི་ནང་བའི་ཚད་མའི་བསྟན་བཅོས་ཀྱི་གཙོ་བོ་ཡིན་པར་མ་ཟད། བོད་དུ་རྒྱ་ཆེར་དར་བའི་ཚད་མའི་བསྟན་བཅོས་ཀྱི་གཙོ་བོའང་འདི་ཡིན་ནོ། །

      《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་》        

                                                                             འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060