གནས་ཡུལ། མདུན་ངོས། རིག་གནས་ཆེ་བ་ལྔ།
 
 
༄༅།།གསོ་རིག་བརྗོད་དོན་རགས་བསྡུས།
སྤེལ་དུས།2008-07-07   ཡོང་ཁུངས་།   རྩོམ་པ་པོ།

    དེ་ལ་གཉིས།  དགོས་པ་དང་འབྲེལ་བའི་བཤད་བྱ་ངོས་བཟུང་བ་དང་།  གསོ་རིག་དངོས་ཀྱི་ཚུལ་བཤད་པའོ།  དང་པོ་ལ།  ལུས་སྲོག་གསོ་བའི་རིག་པ་ཀུན་གྱི་བཅུད།  དཔལ་ལྡན་རྒྱུད་ཆེན་དུད་རྩི་སྙིང་པོའི་ལུས།  །ཞེས་རྟེན་ལུས་དང་བརྟེན་པ་སྲོག་བཅས་བདེ་བར་འཚོ་ཞིང་མི་འདོད་པའི་ན་བ་གསོ་བར་བྱེད་པའི་ཐབས་སམ་རིག་པ་སྟོན་བྱེད་ཀྱི་གཞུང་མདོ་དང་རྒྱུད་སྡེ་མཐའ་ཡས་པ་བཞུགས་ཀྱང་།  དེ་དག་ཐམས་ཅད་ཀྱི་བཅུད།  དཔལ་ལྡན་བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་རིན་པོ་ཆེ་ཞེས་བྱ་བ་ནི།  སྐྱེ་བོ་ཀུན་གྱིས་གོ་སླ་བ་དང་།  ལག་ལེན་བྱེད་བདེ་བ།  ཡན་ལག་བརྒྱད་ཀྱི་དོན་རྫོགས་པར་སྟོན་ཞིང་ཤིན་ཏུ་ཕན་རླབས་ཆེ་བས་བོད་ཀྱི་གསོ་བ་རིག་པ་ལས་བསྟན་བཅོས་འདིའི་རྣམ་པར་གཞག་པ་རགས་ཙམ་ཤེས་ན།  གསོ་དཔྱད་ཀུན་གྱི་དོན་བདེ་བླག་ཏུ་རྟོགས་པར་འགྱུར་བར་གསུངས་པས།  དེའི་ཕྱིར་རང་དང་སྐལ་མཉམ་དག་ལ་སྨན་ཆེད་ལྷག་བསམ་གྱིས་མདོ་ཙམ་དགོད་པར་སྤྲོའོ།
    གཉིས་པ་གསོ་རིག་དངོས་ཀྱིས་ཚུལ་བཤད་པ་དེ་ལ་ནད་དང་ལུས་ཟུངས་དྲི་མ་རྣམ་གསུམ་པོ་རང་རང་གི་གནས་དང་།  ལྡང་ཚད་ལས་རྣམ་པར་གྱུར་དང་མ་གྱུར་པ་གཉིས་ལས། 
     དང་པོ་ནི།  གནས་པར་བྱེད་པ་མིན་པའི་ལུས་ལ།  སྲོག་འཛིན།  གྱེན་རྒྱུ།  ཁྱབ་བྱེད།  མེ་མཉམ།  ཐུར་སེལ་ཏེ་རྩ་བའི་རླུང་ལྔ།  འཇུ་བྱེད།  མདངས་འགྱུར།  སྒྲུབ་བྱེད།  མཐོང་བྱེད།  མདོག་གསལ་ཏེ་རྩ་བའི་མཁྲིས་པ་ལྔ།  རྟེན་བྱེད།  མྱགས་བྱེད། མྱོང་བྱེད་།  མྱོང་བྱེད།  ཚིམ་བྱེད།  འབྱོར་བྱེད་དེ་རྩ་བའི་བད་ཀན་ལྔའོ།  །དྭངས་མ།  ཁྲག  ཤ   ཚིལ།  རུས།  རྐང་།  ཁུ་བ་སྟེ་ལུས་ཟུངས་བདུན།  བཤང་བ།  གཅི་བ།  རྔུལ་ཏེ་དྲི་མ་གསུམ་རྣམས་བསྡོམས་པས་ཉི་ཤུ་རྩ་ལྔའོ།  །གཉིས་པ་རྣམ་པར་གྱུར་པ་ལས།  ན་བའི་ལུས་དང་།  ནད་གསོ་བའི་ཚུལ་གཉིས་ལས།།
    དང་པོ་ལུས་འཇོམས་པར་བྱེད་པ་ན་བའི་ལུས་ལ།  རྒྱུ།  རྐྱེན།  འཇུག་སྒོ   གནས།  རྒྱུ་ལམ།  ལྡང་དུས།  འབྲས་བུ།  ལྡོག་རྒྱུ།   མདོར་དྲིལ་བཅས་དགུ  །རྒྱུ་དུག་གསུམ།  དུས་དམན་ལྷག་ལོག་པ།  གདོན་གློ་བུར་བ།   ཟས་དམན་ལྷག་ལོག་པ།  སྤྱོད་ལམ་དམན་ལྷག་ལོག་པ་བཞི་ནི་རྐྱེན་བཞིའོ།  །པགས་ལ་འགྲམས་པ།  ཤ་ལ་རྒྱས་པ།  རྩ་རུ་རྒྱུ་བ།  རུས་ལ་ཞེས་པ།  དོན་ལ་བབས་པ།  སྣོད་དུ་ལྷུང་བ་དྲུག་ནི་འཇུག་སྒོ་དྲུག་གོ།  ཀླད་པ།  མཆིན་མཁྲིས།  དཔྱེ་སྐེད་གསུམ་ནི་རིམ་བཞིན་བད་མཁྲིས་རླུང་གསུམ་གྱི་གནས་གསུམ་མོ།  རུས་པ།  རྣ་བ།  རེག་བྱ།  སྙིང་ངམ་སྲོག་རྩ།  ལོང་སྟེ་ལྔ་ནི་རླུང་གི་རྒྱུ་ལམ་ལྔ།  ཁྲག  རྔུལ།  མིག   མཆིན་མཁྲིས།  རྒྱུ་མ་སྟེ་ལྔ་ནི་མཁྲིས་པའི་རྒྱུ་ལམ་ལྔ།  དྭངས་མ་ཤ་ཚིལ་རྐང་ཁུ་བ།  བཤང་གཅི།  སྣ་ལྕེ།  གློ་མཆེར་མཁལ་མ།  ཕོ་བ་ལྒང་པ་སྟེ་ལྔ་ནི་བད་ཀན་གྱི་རྒྱུ་ལམ་ལྔའོ།  །རྒས་པ།  དར་མ། བྱིས་པ་གསུམ་ནི་ན་སོས་རླུང་མཁྲིས་བད་ཀན་གྱིས་གཉན་པ་གསུམ་མོ།  །དད་ཅན་གྲང་བ།  སྐམ་ས་ཚ་གདུང་ཆེ་བ།  རླན་ཅན་སྣུམ་པ་གསུམ་ནི་ཉེས་པ་གསུམ་གྱི་ཡུལ་གསུམ་མོ།  དབྱར་དུས་དགོང་དང་ཐོང་རངས།  སྟོན་དུས་ཉིན་གུང་མཚན་གུང་།  དཔྱིད་དུས་སྲོད་དང་སྔ་དྲོ་གསུམ་ནི་ཉེས་པ་གསུམ་གྱི་ལྡང་དུས་གསུམ་མོ།  །འཚོ་བ་གསུམ་ཟད་པ།  འདུ་བ་གཤེད་དུ་བབས་པ།  སྦྱོར་བ་མཚུངས་པ།  གནད་དུ་བབས་པ།  དུས་ལས་འདས་ཏེ་རླུང་ནད་སྲོག་རྟེན་ཆད་པ།  ཚ་བ་ལ་བཟླས་པ།  གྲང་བ་གཏིང་འཁར་བ།  ཟུངས་ཀྱིས་མི་ཐུབ་པ།  རྣམ་པར་འཚེ་བ་སྟེ་དགུ་ནི་འབྲས་བུ་སྲོག་གཅོད་ཀྱི་ནད་དགུའོ།  །རླུང་ཞི་ནས་མཁྲིས་པར་ལྡོག་པ།  བད་ཀན་དུ་ལྡོག་པ།  རླུང་མ་ཞི་བར་མཁྲིས་པར་ལྡོག་པ།  བད་ཀན་དུ་ལྡོག་པ།  མཁྲིས་པ་ཞི་ནས་རླུང་དུ་ལྡོག་པ།  བད་ཀན་དུ་ལྡོག་པ།  མཁྲིས་པ་མ་ཞི་བར་རླུང་དུ་ལྡོག་པ།  བད་ཀན་དུ་ལྡོག་པ།  བད་ཀན་ཞི་ནས་རླུང་དུ་ལྡོག་པ།  མཁྲིས་པར་ལྡོག་པ།  བད་ཀན་མ་ཞི་བར་རླུང་དུ་ལྡོག་པ།  མཁྲིས་པར་ལྡོག་པ་སྟེ་ལྡོག་རྒྱུ་བཅུ་གཉིས་སོ།  །རླུང་དང་བད་ཀན་གྲང་བ་ཆུའི་རང་བཞིན།  ཁྲག་དང་མཁྲིས་པ་ཚ་བ་མེའི་རང་བཞིན།  སྲིན་དང་ཆུ་སེར་ཚ་གྲང་ཐུན་མོང་གི་རང་བཞིན་ཅན་དུ་གནས་པ་སྟེ་མདོ་དོན་དྲིལ་བ་ཚ་གྲང་གཉིས་སུ་འདུས་པས་ཁྱོན་བསྡོམས་བརྒྱད་ཅུ་རྩ་བརྒྱད་དོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060