| ཇི་སྐད་དུ། “རང་བྱུང་ཁམས་ཀྱི་སྣང་ཚུལ་མཐའ་དག་ནི་མཐར་གཏུགས་ན་རྩོད་སྒྲུབ་ཀྱི་སྒོ་ནས་ཐོན་པ་ལས་གཟུགས་འདས་རིག་པའི་ཐོག་ནས་ཐོན་པ་ཞིག་མ་ཡིན”ཞེས་པའང་ཕལ་ཆེར་མད་པའི་གཏམ་དུ་སྣང་སྟེ། གཙང་བོའི་བཞུར་རྒྱུན་ཇི་བཞིན་ཆད་པ་མེད་པའི་དུས་ཚིགས་ཀྱི་འགྲོས་དང་བསྟུན་ནས་ང་ཚོའི་སྔོན་བྱོན་ཡབ་མེས་དག་གིས་ཀྱང་རིག་པའི་རྩལ་ཕྱེས། ཤེས་རབ་ཀྱི་སྒྲོན་མེ་བཏེགས། ཉམས་མྱོང་གི་རི་རྩེར་འགྲེང་སྟེ་ཐབས་རྩལ་བགྲང་ཡས་ཀྱི་ཀློང་ནས་དུས་རྟགས་མང་པོ་ངོས་བཟུང་བ། དཔེར་ན། ལག་པའི་མཐེ་བོང་གི་གཉེར་མ་དང་བོར་རྩྭ་ཐུར་ཐུང་ངུ་ཞིག་བཙུགས་ནས་དེའི་གྲིབ་གཟུགས་ལ་བརྟགས་ན། ཞོགས་པ་དང་ས་སྲོས་ལ་གྲིབ་གཟུགས་རིང་ཞིང་ཉིན་གུང་ཐུང་བ། སྔ་དྲོར་རྩྭ་ཐུར་གྱི་གྲིབ་མ་ནུབ་དུ་འཁོར་ཞིང་ཕྱི་དྲོར་ཤར་དུ་ཕྱོགས་པ་བཅས་གྲིབ་ནག་གི་རིང་ཐུང་དང་ཁ་ཕྱོཊ་ཀྱི་སྒོ་ནས་ཉིན་གཅིག་གི་དུས་སྔ་ཕྱི་ངོས་བཟུང་བ་དང་། གནམ་གཤིས་དྭངས་འཐིབ་ཀྱིས་ཉི་འོད་མི་གསལ་བ་དང་མཚན་མོའི་སྐབས་སུ་ཆུ་ལ་ཚད་བྱེད་པའི་དུས་རྟཊ་ཀྱི་སྒོ་ནས་ངོས་བཟུང་། གཞན་ཡང་རང་ཉིད་གནས་སའི་རི་རྩེ་དང་། བྲག་རྡོ། ཁང་ཁྱིམ། ར་བ་སོགས་ལ་རྟགས་བརྒྱབ་ནས་དུས་ཚོད་བརྟག་པའི་ཐབས་ཤེས་མང་དུ་རྙེད། དུས་བརྟགས་ཀྱི་རིག་པ་མང་བོ་ལས་ཚད་དུ་ཁེལ་ཞིང་ཅུང་ཁྱབ་རྒྱ་ཆེ་བ་ནི་དུས་རྟགས་ཆུ་ཚོད་ཡིན་ཏེ། རྫ་མའམ་ཟངས་སྣོད་གང་རུང་གི་ནང་དུ་ཆུ་བླུགས་ནས་ཞབས་ལྡེབས་སུ་ཁུང་བུ་ཆུང་ཆུང་ཞིག་བཏོད་ཡོད་པའི་བུ་ག་བརྒྱུད་ནས་ཆུ་ཐིཊ་དལ་བུར་མར་འཛགས་ཡོང་སྟབས་སྣོད་དཀྱིལ་དུ་བཙུགས་པའི་ཤིང་བྱང་ལས་ཉིན་ཞག་གཅིག་གི་ཡུན་ཚད་དང་། སྔོ་དྲོ་ཕྱི་དྲོ། མཚན་སྟོད་མཚན་སྨད་བཅས་གསལ་བོར་རྟོགས་ཐུབ། སྤྱི་ལོའི་སྔོན་གྱི་ལོ་བརྒྱ་མ་ཟིན་ཙམ་སྟེ་བོད་རྒྱལ་བདུན་པ་སྤུ་དེ་གུང་རྒྱལ་གྱི་དུས་ནས་ལྷ་སའི་ལྷོ་རྒྱུད་ཀྱི་གནས་ཡར་ཀླུང་ས་ཁུལ་སོགས་སུ་རྒན་མོ་བལ་མའི་ཟླ་རྩིས་ཀྱིས་གཙོས་གཟའ་དང་རྒྱུ་སྐར། རླུང་དང་སྤྲིན་པ་སོགས་ལ་བརྟག་པའི་དུས་རྩིས་དང་། ཕུའི་གངས་ཆུའི་རྩིས། མདའི་བྱ་ཤིང་གི་རྩིས་བཅས་ལ་བརྟེན་ནས་དང་པོ་དྲོད་རླུང་ལྡང་དུས། གཉིས་པ་འདབ་རྒྱས་ཆར་དུས། གསུམ་པ་འབྲས་ལྡན་སྨིན་དུས། བཞི་བ་གངས་རླུང་འཕེལ་དུས་བཅས་ལོ་གཅིག་ལ(ཚེས་ལོ)དུས་ཚིགས་ཆེན་པོ་བཞི་རུ་ཕྱེས། ད་དུང་ཟླ་དྲུག་ཉི་མ་བྱང་བགྲོད་དང་ཟླ་དྲུག་ཉི་མ་ལྷོ་བགྲོད(དོན་དངོས་ཁྱིམ་ལོ་གཅིག)ཡིན་པའི་ངོས་འཛིན་བྱས་པ་སོགས་བོད་ཀྱི་གནམ་རིག་སྐར་རྩིས་ཅུང་རང་སྐྱ་འཕེར་བའི་སྒོ་ནས་ཡར་རྒྱས་བྱུང་སྟེ་མི་རྣམས་ཀྱི་འཚོ་བར་སྟབས་བདེ་གང་མང་བཟོས། མི་རིགས་གཞན་པའི་རིག་གནས་དང་དེ་དག་གི་ལེགས་ཆ་བླངས་ནས་རང་གི་རིག་གནས་ཕུལ་བྱུང་དུ་གཏོང་བ་མཆོག་ཏུ་གྱུར་བའི་ཡན་ལག་ཡིན་རྐྱེན་བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་དང་། ཁྱད་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཙུག་ལག་རྩིས་ཀྱི་གདུལ་ཞིང་དུ་གྲགས་པའི་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་ནས་ནག་རྩིས་སམ་འབྱུང་རྩིས་ཀྱི་རིག་གཞུང་བོད་དུ་ནང་འདྲེན་བྱས་པས་ཉིན་ཞག་གཅིག་ལ་དུས་ཚོད་བཅུ་གཉིས་ཀྱི་སྒོ་ནས་བརྩི་སྲོལ་ཆེས་ཆེར་དར། རབ་བྱུང་དང་པོའི་མེ་ཡོས(༡༠༢༧)ལོ་ནས་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་དུམ་བུ་དབང་མདོར་བསྟན་དང་། རྭ་ཆོས་རབ་ཀྱིས་དུས་འཁོར་བསྡུས་རྒྱུད་སོགས་རྒྱ་གར་འཕགས་པའི་ཡུལ་གྱི་གནམ་རིག་སྐར་རྩིས་སྐོར་མང་པོ་བོད་སྐད་དུ་བསྒྱུར་བས། རྩྭ་སྐྱར་མེ་མཆེད་པ་བཞིན་བོད་ཁམས་ཀུན་ཏུ་དར་ཁྱབ་ཆེན་པོ་བྱུང་ཞིང་ཉིན་ཞག་གཅིག་གི་ཡུན་ཚད་ལ་ཆུ་ཚོད་དྲུག་ཅུར(ཚེས་ཞག་དང་ཁྱིམ་ཞག་གི་བསྒྱུར་བགོད་ཀྱང་ཆུ་ཚོད་དྲུག་ཅུའི་སྒོ་ནས་བྱེད་མོད། བྱ་སླར་དགོངས་ནས་ཉིན་ཞག་དང་རྗེས་སུ་མཐུན་པ་ཙམ་དུ་མཛད་པ་ཡིན་ཏེ། ཉིན་ཞག་དང་མ་བསྟུན་ན་ཁྱིམ་ཚེས་གཉིས་བརྩི་མི་ཤེས་པས་སོ།། ཞག་གསུམ་གྱི་བར་ཆད་འོག་ཏུ་མདོ་ཙམ་གསལ)བྱས་ཏེ་ལོ་ཐོ་སོགས་ཀྱི་ནང་དུའང་དེ་ཉིད་གཙོ་བོར་བཟུང་། ལུགས་འདིར་དུས་ཚོད་བཅུ་གཉིས་ཀྱི་སྟེང་ནས་ཀྱང་བརྩི་ཚུལ་མེད་པ་མིན། མངོན་པ་གོང་འོག་བོད་དུ་འགྱུར་བ་ནས་ལུགས་དེ་གཙོ་བོར་འཛིན་པ་རྣམས་ཀྱིས་དུས་ཀྱི་ཐུང་མཐའ་སྐད་ཅིག་མས་རྩིས་གཞི་བྱས་པའི་ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག་གི་ཡུན་ཚད་དུ་བརྩི་སྲོལ་དར། སྤྱི་ལོའི་དུས་རབས་བཅོ་བརྒྱད་པར་རྒྱ་རྩིས་ཆེན་མོ་སོག་ཡིག་ལས་བོད་ཡིག་ཏུ་བསྒྱུར་བ་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་ནག་མཁས་པ་ཡན་ན་ལི་སོཊ་ལ་གཏུགས་ནས་རྒྱ་རྩིས་ལུཊ་ཀྱི་རྩིས་གཞུང་ཆེན་པོ་གཉིས་བསྒྱུར་ཞིང་། སྔར་བོད་ལ་དར་མ་མྱོང་བའི་རྒྱ་ནག་གླང་རྩིས་དང་། དབུཊ་སྒང་རེའུ་མིག ཉི་ཁྱིམ་བཅུ་གཉིས་སོཊ་བོད་ཀྱི་ལོ་ཐོའི་ནང་དུ་བཀོད་སྲོལ་དར་བས་དུས་ཆུང་ཉེར་བཞིའམ་ཁེ་གོ་དྲུག་ཉིན་ཞག་གཅིག་གི་ཚད་དུ་བརྩི་མཁན་ཡང་མང་དུ་བྱུང་། གཞུང་འགའ་རེར། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོ(འབྱུང་རྩིས་ཀྱི་ལོ་འགོ་འཆུག་ཏུ་འཇུག་པ་པོ་ཡིན་པར་ཁ་ཅིག་བཞེད)བོད་དུ་ཐེངས་འགར་ཕེབས་ཏེ། སྔ་རབས་བོད་ཀྱི་བརྩི་སྲོལ་གྱི་སྟེང་རྒྱ་ནག་ལུགས་ཀྱི་ཧྭང་ལི(黄历)བརྩི་བའི་སྲོལ་ཡང་ཆཊ་པར་བཤད་མོད། བེེ་དཀར་གྱི་ལེའུ་ཉི་ཤུ་བར་སྐབས་དེ་དག་ཏུ་རྒྱ་ནག་ནས་བོད་ལ་དར་བའི་གཙུག་ལག་རྩིས་ཀྱི་མཚན་ཐོ་བརྒྱ་ཙམ་བགྲངས་ཀྱང་ནག་རྩིས་སམ་འབྱུང་རྩིས་ཀྱི་སྐོར་འབའ་ཞིག་ལས། གནམ་རིག་སྐར་རྩིས་ཏེ་རྒྱ་ནག་གསེར་རྩིས(黄历、皇历即汉历)ཀྱི་གཞུང་ཞིག་ཕལ་ཆེར་མེད་ཚོད་དུ་འདུག་ལ། དུས་རབས་བཅུ་གསུམ་པའི་ནང་དུའང་གཡུང་སྟོན་རྡོ་རྗེ་དཔལ་བཟང་སོགས་གནམ་རིག་རྩིས་ལ་མཁས་པ་རྣམས་ཀྱིས་བོད་རང་གི་གནམ་གཤིས་དང་ས་ཆའི་དུས་བབ་ལ་ཞིབ་འཇུག་ནན་ཏན་མཛད་རྗེས་རྒྱ་ནག་གི་ཧྭང་ལི་ལ་དཔེར་བྱས་ནས་ས་སྐྱའི་ལོ་ཐོ་བཟོས་པ་ལས། ཧྭང་ལི་དངོས་ཕག་ལེན་གནངས་པའི་ལོ་རྒྱུས་མི་འདུག་ཅིང་། ཉེ་ལམ་ཀྲུང་གོའི་སྤྱི་ཚོཊ་ཚན་རིག་ཁང་གིས་ཁམས་རྨུ་གླིང་གི་ཡུལ་ནས་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ལོ་ཐོ་ཞིག་རྙེད་པ་དེར་ཨ་རིའི་མཁས་པ་མཱ་ཁོལ་ཟ་སོ(Michael Saso)མཆོག་གིས་ཞིབ་འཇུག་བྱས་པའི་དཔྱད་གཏམ་དུའང་བོད་ཀྱི་ལོ་ཐོ་དེ་རྒྱ་རྩིས་དང་ཟུང་འབྲེལ་བྱས་ཡོད་ཚུལ་ཟུར་ཙམ་ཡང་མི་གསལ། དུས་རབས་བཅོ་བརྒྱད་པའི་སྔོན་དུ་གསུངས་པའི་བོད་ཀྱི་རྩིས་གཞུང་གང་དུ་ཡང་རྒྱ་རྩིས་ཀྱི་སྐོར་མ་གསུངས་པས། རྒྱ་རྩིས་ཆེན་མོ་བོད་དུ་འགྱུར་བ་ནས་ལག་ལེན་དང་ཁྱབ་བརྡལ་དུ་སོང་བར་མངོན་ནོ།། དེང་སྐབས་ཉིན་ཞག་གཅིག་གི་ཡུན་ཚད་ལ་ཆུ་ཚོད་ཉེར་བཞི་བྱེད་པའི་པེ་ཅིན་ཆུ་ཚོད་དམ་ཡང་ན་འཛམ་གླིང་ཡོངས་ཀྱིས་བཀོལ་སྤྱོད་བྱེད་བཞིན་པ་འདི་ང་ཚོས་ཀྱང་གཙིཊ་སུ་འཛིན་གྱིན་ཡོད་མོད། འོན་ཀྱང་བོད་ཀྱི་ལོ་ཐོའི་ནང་དུ་ད་དུང་ཡང་དགོས་དབང་གིས་དུས་འཁོར་ལུཊ་ཀྱི་ཆུ་ཚོད་དང་འབྱུང་རྩིས་ལུཊ་ཀྱི་དུས་ཚོད་གཙོ་བོར་འཛིན་གཤིས། པེ་ཅིན་ཆུ་ཚོད་དང་ལྟོ་སྦྱར་མ་ཤེས་ན་སྐར་རྩིས་མ་སྦྱང་བའི་ཀློག་མཁན་རྣམས་དཀའ་ཚེཊ་ཆེན་པོར་འཕྲད་ཅིང་། ནང་བསྟན་ཆོས་གཞུང་དག་ལ་ཞིབ་འཇུག་དང་བོད་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་འདོད་ཅན་ཞིག་ཡིན་ན། མངོན་པའི་ལུཊ་ཀྱི་ཉིན་ཞག་གཅིག་གི་དུས་ཚོད་བརྩི་ཚུལ་ཡང་ངེས་པར་དུ་ཤེས་དགོས་ཤེང་། ཤེས་ན་ཕན་འབྲས་ཆེ་བས། ལུཊ་མི་འདྲ་བ་སོ་སོས་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ་དང་། དེ་དག་པེ་ཅིན་ཆུ་ཚོད་འཁོར་ལོ་ལ་སྦྱོར་ཚུལ་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་ངོ་སྤྲོད་པར་བྱའོ།།
གཅིག འབྱུང་རྩིས་ལུགས་སུ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།
སྤྱིར་སྐབས་འདིར་བཤད་པའི་ཉིན་ཞག་ཅེས་པ་ནི། ཉི་མ་སྣང་བ་དང་ནུབ་པའི་ཡུན་གྱི་ཆ་གཉིས་བསྡོམས་པ་སྟེ་ཉི་མས་སའི་གླིང་ལ་བྱ་བ་བྱེད་ཚུལ(དེང་རབས་གནམ་རིག་པ་ཚོས་སའི་གོ་ལ་རང་འཁོར་གཅིག་འཁོར་བའི་ཡུན་དུ་བཤད)གྱི་སྒོ་ནས་འཇོག་པས་དེ་རིང་ནམ་ལངས་ཀྱི་ལག་རིས་མཐོང་བ་ནས་སང་ཉིན་ནམ་ལངས་ཀྱི་ལག་རིས་མཐོང་བའི་བར་ལ་བྱ་སྟེ། རྩིས་རམས་པ་ཆེན་མོ་རྗེ་བསམ་འགྲུབ་རྒྱ་མཚོས་མཛད་པའི《སྐར་རྩིས་ཀུན་འདུས་ནོར་བུ》ལས། སྤྱི་ནི་ཞག་གསུམ་སོ་སོ་ཡི།། ཐ་སྙད་ཡིན་ཏེ་ཉིན་ཞག་ནི།། ནམ་མཁའི་ཉི་མས་སའི་གླིང་ལ།། བྱ་བ་བྱེད་ཚུལ་གྱིས་འཇོག་པས།། ནམ་ལངས་ལས་ནི་ནམ་ལངས་བར།། ཉིན་ཞག་ཕྲུགས་གཅིག་དག་ལ་བརྗོད།། ཅེས་གསུངས། དེ་ལྟ་བུའི་ཉིན་ཞག་ཕྲུགས་གཅིག་གི་ཡུན་ཚད་ནི་འབྱུང་རྩིས་ལུགས་སུ་ལོ་རྟགས་སམ་ལོ་བརྙན་བཅུ་གཉིས་ལ་སྦྱར་ནས་དུས་ཚོད་དུམ་བུ་བཅུ་གཉིས་སུ་ཕྱེས་ཡོད་དེ། དུས་མཁྱེན་པ་ལྷ་མོའི་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི《མ་ཧཱ་ཙི་ནའི་རྩིས་རིག་དགེ་ལྡན་མཁསདབང་ཡོངས་ཀྱིས་ཕྱག་རྒྱུན་དུ་བསྟར་བའི་རྡེལ་འགྲེམ་འཐོར་བསྡུས་རྒྱས་འདྲིལ་དུ་བཀོད་པ》ལས། དེ་ནས་དུས་ཚོད་ནམ་ལངས་ཡོས(༡)།།ཉི་ཤར་འབྲུག(༢)ལ་ཉི་དྲོས་སྦྲུལ(༣)། ཉིན་བྱེད་རྟ(༤)ལ་ཕྱེད་ཡོལ་ལུག(༥)།། མྱུར་ཁ་སྤྲེའུ(༦)ཉི་ནུབ་བ(༧)།། ས་སྲོས་ཁྱི(༨)ལ་སྲོད་འཁོར་ཕག(༩)།། ནམ་ཕྱེད་བྱི་བ(༡༠)ཕྱེད་ཡོལ་གླང(༡༡)ཐོ་རངས་སྟག(༡༢)གི་དུས་སུ་བརྩི།། ཞེས་གསུངས་ཏེ། རླུང་འགྲོས་སམ་སྣང་འགྲོས་ཀྱི་དབང་གིས་ཉི་མ་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་ལ་གཡས་སྐོར(དེང་གི་གནམ་རིག་པ་ཚོས་སའི་གོ་ལ་རང་འགྲོས་ཀྱིས་འཁོར་བར་འདོད)གྱིས་རྒྱུ་བས། ས་ཚིགས་དང་ཡུལ་གྲུ་སོ་སོར་ཉི་མ་འཆར་ནུབ་མི་འདྲ(དཔེར་ན་འཇར་པན་ནི་ཀྲུང་གོའི་ཤར་ཕྱོཊ་སུ་གནས་ཡོད་རྐྱེན་ཀྲུང་གོ་ལ་ལྟོས་ཏེ་འཇར་པན་ས་ཆ་ནས་ཆུ་ཚོད་གཅིག་གིས་ཉི་མ་མཐོང་སྔ)བའི་རྒྱུ་མཚན་གྱིས་རང་རང་ཡུལ་དུས་དང་བསྟུན་ཏེ། ནམ་ལངས་ལག་རིས་མཐོང་ཚེ་ཡོས་ཀྱི་དུས་ཚོད་དང་། ཉི་འོད་རི་རྩེར་འཕྲོས་ཚེ་འབྲུག་གི་དུས་ཚོད་སོགས་རིམ་བཞིན་བརྩི། འདི་ཡང་ཉིན་ཚད་མཚན་ཚད་མཉམ་པའི་དབང་དུ་བྱས་པ་ཡིན། དེ་འདྲའི་དུས་ཚོད་གཅིག་ལ་སྔ་ཆ་ཕྱི་ཆ་གཉིས་སུ་ཕྱེས་ཏེ་དུས་ཚོད་ཉེར་བཞིའམ། ཆ་ལྔ་རེར་ཕྱེས་ནས་དུས་ཆུང་དྲུག་ཅུར་བགྲངས་ཀྱང་ཆོག སྨིན་གླིང་ལོ་ཆེན་ཀྱི《འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར》ལས།ལོ་ཟླ་ཞག་དུས་དེ་དག་གི། དབང་ཐང་ལོ་ཟླ་ཉིས་སྦྲགས་དང་།། ཞག་དང་དུས་ཚོད་རྐྱང་བར་འདེད།། གསུངས་པ་བཞིན་ཉི་མ་རེ་རེའི་ནམ་ལངས་ཡོས་སོགས་དུས་ཚོད་བཅུ་གཉིས་པོར་འབྱུང་ཁམས་ལྔ་དང་སྦྱར་ཏེ་བརྩི་ཡང་འདིར་མཁོ་གལ་ཆུང་བར་བསམ་སྟེ་སྤྲོས་པའི་ངལ་བ་མ་བསྟེན་ནོ།།
གཉིས། མངོན་པའི་ལུགས་སུ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།
ཇི་སྐད་དུ་ཆོས་མངོན་པ་མཛོད་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་།། སྐད་ཅིག་ཕྲ་རབ་རྡུལ་དང་ནི།། ཞེས་གསུངས་པ་ལྟར། གཟུགས་ཀྱི་ཆུང་མཐའ་ལ་རྡུལ་ཕྲ་རབ་བམ་ཕྲ་རབ་རྡུལ་དང་། མིང་གི་ཆུང་མཐར་ཡི་གེ་གཅིག་སྟེ་ཡི་གེ་གཅིག་ལས་ཉུང་བའི་མིང་མེད་པའི་ཕྱིར་དང་། དུས་ཀྱི་ཐུང་མཐར་སྐད་ཅིག་མར་འདོད་དེ། 《ཡིད་བཞིན་རིན་པོ་ཆེའི་མཛོད》ལས། དུས་མཐའི་སྐད་ཅིག་མ་སྟེ་སེ་གོལ་གྱི།། དྲུག་ཅུ་རྩ་བཞིའི་ཆ་གཅིག ཞེས་སོགས་གསུངས་པ་བཞིན།སྐྱེས་བུ་སྟོབས་ལྡན་ཞིག་གིས་སེ་གོལ་གཅིག་གཏོཊ་པའི་ཡུན་ལ་ཆ་དྲུག་ཅུ་རྩ་ལྔར་ཕྱེས་པའི་ཆ་གཅིག་ལ་ཐུང་མཐའི་སྐད་ཅིག་མ། (ཆ་སུམ་བརྒྱ་དང་དྲུག་ཅུར་ཕྱེས་པའང་ཡོད)དེ་ལྟ་བུའི་ཐུང་མཐའི་སྐད་ཅིག་མ་བརྒྱ་དང་ཉི་ཤུ་ལ་དེའི་སྐད་ཅིག་མའམ་བྱ་རྫོགས་ཀྱི་སྐད་ཅིག་མ། དེ་འདྲའི་སྐད་ཅིག་མ་དྲུག་ཅུ་ལ་ཐང་གཅིག ཐང་གཅིག་སུམ་ཅུ་ལ་ཡུད་ཙམ་གཅིག ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག་གི་ཡུན་ཚད་དུ་བརྩི་སྟེ། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས་འཇིག་རྟེན་བསྟན་པ་ཞེས་བྱ་བ་སྟེ་གནས་གསུམ་པ་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ།། དེ་ཡི་སྐད་ཅིག་དེ་དག་ཀྱང་།། དྲུག་ཅུ་ལ་ནི་ཐང་གཅིག་གོ། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི།། གོང་ནས་གོང་དུ་སུམ་ཅུར་འགྱུར།། ཞེས་གསུངས། གཞན་ཡང《འཆི་མེད་མཛོད》ལས། མིག་འཛུམ་བཅོ་བརྒྱད་མཐར་གནས་ལ།། དེ་སུམ་ཅུ་ལ་སྐད་ཅིག་བགྲང་།། དེ་ནི་བཅུ་གཉིས་ཡུད་ཙམ་ཡིན།། དེ་སུམ་ཅུ་ལ་ཉིན་ཞག་གཅིག། ཅེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། མིག་འཛུམ། ཆ་ཤས། ཡུད་ཙམ། སྐད་གཅིག ཐང་གཅིག ཅུང་ཟད་ཅེས་པ་རྣམས་གོང་ནས་གོང་དུ་དྲུག་འགྱུར་དང་། ཅུང་ཟད་སུམ་ཅུས་ཡི་གེ་ལྕི་བའི་དུས། དེ་བཅུས་སྲོག་དེ་ཉེར་དྲུག་གིས་སྲང་། དེ་དྲུག་ཅུས་ཆུ་ཚོད། དེ་བརྒྱད་ཀྱིས་ཐུན་གཅིག ཐུན་བརྒྱད་ཉིན་ཞག་བཅིག་ཏུ་བརྩི་བར་གསུངས་ཤིང་། སྟག་སྣའི་མདོ་ལས། བུད་མེད་རས་བལ་གྱི་ལྭ་བ་གཅིག་ཤིན་ཏུ་རིང་བ་དང་ཐུང་བ་མ་ཡིན་པར་འདྲེན་པའི་ཡུན་ནི་སྐད་ཅིག་ཐུང་ངུ་གཅིག་བྱས་ཏེ་བརྩི་བ་སོགས་མང་ཡང་། ལྗོངས་འདིར་གོང་དུ་དྲངས་པའི་མངོན་པ་མཛོད་ཀྱི་ལུགས་དེ་གཙོ་བོར་འཛིན་ཞིང་བརྩིའོ།།
གསུམ། དུས་འཁོར་ལུགས་སུ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།
སྤྱིར་འཛམ་བུའི་གླིང་ན་སྐར་རྩིས་ཀྱི་གཞུང་ལུགས་བགྲངས་ཀྱིས་མི་ལངས་ཤིང་། བོད་དར་རྒྱ་རྩིས་ཧྭང་ལི་ཡང་སྐར་རྩིས་ཀྱི་བྱེ་བྲག་ཅིག་ཡིན་མོད། སྔོན་བྱོན་བོད་ཀྱི་དུས་མཁྱེན་པ་དག་གིས་ཕྱི་དུས་ཀྱི་འཁོར་ལོ་རི་མོའི་ལམ་ནས་གཏན་ལ་འབེབ་ཚུལ་གྱི་གཞུང་ལུགས་རྒྱ་གར་ནས་བོད་ལ་དར་བ་དེར་དུས་འཁོར་ལུགས་སམ་སྐར་རྩིས་ཞེས་སྤྱི་མིང་བྱེ་བྲག་ཏུ་བཏགས་པར་མཛད། ལུགས་འདིར་ཞག་གསུམ་སྟེ་ཁྱིམ་ཉིན་ཚེས་ཞེས་རྣམ་པ་མི་འདྲ་བ་གསུམ་གྱི་སྒོ་ནས་བརྩི་ཚུལ་ཡོད་ཅིང་། ཁྱིམ་ཉིན་ཚེས་གསུམ་པོ་རེ་རེར་ཞག་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་སོ་སོའི་དབང་དུ་བྱས་པའི་ལོ་གཅིག་ཡིན་པར་མཚུངས་ཀྱང་ཕན་ཚུན་གྱི་ཡུན་ཚད་ཡུལ(ཆུ་ཚོད་བཏགས་པ་བ)དུས་གང་གི་དབང་དུ་བྱས་ཀྱང་དོ་མི་མཉམ་ཞིང་། ལག་ལེན་དངོས་ཀྱི་སྐབས། “ལོ་ཡི་འཚར་ལོངས་ཉི་མ་གཙོ།། ཟླ་བའི་འཚར་ལོངས་ཟླ་བ་གཙོ།། ཞག་གི་འཚར་ལོངས་ཞག་ལ་བརྟག”ཅེས་མཁས་པའི་ཞལ་རྒྱུན་དུ་བཞུགས་པ་བཞིན། ལོ་ལ་ཁྱིམ་ལོ་དང་། ཟླ་བར་ཚེས་ཟླ། ཞག་ལ་ཉིན་ཞག་གཙོ་བོར་འཛིན་བཞིན་འདུག ཉིན་ཞག་ནི་ཉི་མའི་རང་འགྲོས་དང་ཟླ་བའི་འཕེལ་འགྲིབ་གང་ལའང་བསྟུན་མི་དགོས་པར་ད་ནངས་ནམ་ལངས་ནས་སང་ཉིན་ནམ་ལངས་ཀྱི་བར་ཏེ་ཉི་མ་རླུང་འགྲོས་སམ་སྣང་འགྲོས་ཀྱིས་གླིང་བཞི་བའི་འཇིག་རྟེན་གྱི་ཁམས་འདི་ལ་གཡས་སྐོར་གྱིས་སྐོར་བ་ཧྲིལ་བོ་གཅིག་འཁོར་བའི་ཡུན་ཚད་དུ་འཇོག འདི་ཡང་གཙོ་བོ་དུས་ཀྱི་ཆུ་ཚོད་ཀྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་ཏེ། ཇི་སྐད་དུ། འཛམ་གླིང་མི་ཡི་སྐྱེ་དགའི་དབུགས།། དུས་རྩིས་ཀུན་ཀྱི་རྩ་བ་ཉིད།། ཅེས་དང་། དེ་ཡང་མི་ཡི་སྐྱེས་བུ་གང་།། དར་བབ་ནད་མེད་རང་བཞིན་དབུགས།། འབྱུང་གནས་རྔུབ་པ་གཅིག་བྱས་པ།། དེ་ཉིད་བརྩི་གཞིར་རྩ་བར་བཟུང་།། ཞེས་གསུངས་པ་ལྟར་སྐྱེས་བུ་དར་མ་ཁམས་སྙོམས་པ་མ་འཁྲུགས་ཤིང་མ་ངལ་བ། རླུང་བཟུང་བ་སོཊ་ཀྱིས་མ་བཅོས་རང་བབ་ཏུ་བཞག་པའི་དབུགས་ཁུག་པ་དྲུག་གི་ཡུན་ཚད་ཆུ་སྲང་གཅིག དེ་དྲུག་ཅུ་ཆུ་ཚོད་གཅིག ཆུ་ཚོད་དྲུག་ཅུ་ཉིན་ཞག་ཕྲུགས་གཅིག་ཡིན་ཞིང་བསྡོམས་པས་དབུཊ༢༡༦༠༠ཡུན་ཚད་དེ། རྩ་རྒྱུད་ལས། དྲུག་བརྒྱ་རྣམས་ཀྱི་ལྷག་པ་ཡི།། སྟོང་ཕྲག་ཉི་ཤུ་རྩ་གཅིག་པོ།། ཞེས་དང་། 《རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ》ལས་ཀྱང་། ཉིན་ཞག་ཕྲུགས་རེ་ལ་མིའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ལ། དེ་དྲིལ་བས་ཆུ་ཚོད་(སྤྱིར་ཆུ་ཚོད་ཅེས་པའི་ཐ་སྙད་འདི་སྔོན་དུས་ཆུ་ཐིགས་ལ་བརྟེན་ནས་དུས་ཀྱི་ཚད་གཞལ་བའི་ཆ་ནས་བཏཊ་པར་གསུངས)དྲུག་ཅུ་འབྱུང་བའི་ཕྱིར་རོ།། ཞེས་སོགས་མདོ་རྒྱུད་དགོངས་འགྲེལ་དུ་མ་དང་ཕྱི་རྒྱུད་དབྱངས་འཆར་ལས་ཀྱང་འདི་དག་དང་མཐུན་པར་བཤད་དོ།། སྤྱིར་ནང་གི་འཇལ་བྱེད་མིའི་དབུཊ་གཅིག་གི་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་ལ་ཕྲ་མོའི་དབུཊ། དེ་དྲུག་སྲིན་པོའི་རིཊ་ལ་སོཊ་ཀྱི་སྲང་གཅིག དེ་དྲུག་ཅུ་ཆུ་ཚོད་གཅིག དེ་དྲུག་ཅུ་སྲིན་པོའི་རིཊ་ལ་སོཊ་པའི་ཉིན་ཞག་གཅིག་དང་མིའི་དབུཊ་གཅིག་ཡིན་པ་བསྡུས་རྒྱུད་ལས་བཤད་པས་དེང་སྐབས་འཛམ་གླིང་གིས་ལུས་རྩལ་འགྲན་སྡུར་སོཊ་ལ་བཀོལ་པའི་སྐར་ཆ་ཤིན་ཏུ་ཞིབ་རྩིས་ལ་བསྡུར་ན་འོས་ཤིང་འཚམ། གོང་དུ་བཤད་པའི་རེས་གཟའི་འཕོ་མཚམས་སམ་ཉི་མས་སའི་གླིང་ལ་བྱ་བ་བྱེད་ཚུལ་གྱི་སྒོ་ནས་བཞག་པའི་ཉིན་ཞག་ལས་གཞན། ཟླ་བའི་ཆ་ཤས་འཕེལ་འགྲིབ་ཀྱིས་ཚེས་ཞག་དང་། ཉི་མ་རང་འགྲོས་སམ་ཉི་བར་གྱིས་ཁྱིམ་གཅིག་འཕོ་བའི་སུམ་ཅུའི་ཆ་རེས་བཞག་པའི་ཁྱིམ་ཞག་ཀྱང་ཡོད་མོད། ཞག་གི་སྐབས་གཙོ་བོ་ཁྱིམ་ཚེས་གཉིས་ཀྱང་ཉིན་ཞག་དང་བསྟུན་དགོས་ཤིང་། ཁྱིམ་ཞག་ཡུན་རིང་ལ་ཉིན་ཞག་འབྲིང་། ཚེས་ཞག་ཡུན་ཐུང་བ་ཡིན་ཏེ། ཁྱིམ་ཞག་གཅིག་གི་ཡུན་ཚད་དམ་དུས་ལོངས་ལ་ཆུ་ཚོད་དྲུག་ཅུ་དང་ཆུ་སྲང་ང་གཉིས། དབུགས་བཞི་རྗེས་འབྲང་བཅས་དང་། ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་རྐྱང་རྐྱང་། ཚེས་ཞག་གཅིག་ལ་ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་བཞི་རྗེས་འབྲང་དང་བཅས་པ་ཡོད་དེ། ཞག་གསུམ་གྱི་རྣམ་བཞག་དང་བར་ཆད་རྒྱས་པ་གཞུང་གཞན་ལས་ཤེས་པར་བྱ་དགོས་པ་ལས་འདིར་སྐབས་སུ་མ་བབ་ལ། ཁོ་བོས་བྲིས་པའི《དུས་འཁོར་ལུཊ་སུ་ཚེས་ཆད་ལྷག་དང་ཟླ་ལྷག་འབྱུང་བའི་རྒྱུ་མཚན་རཊ་ཙམ་བརྗོད་པ》རུ་ཡང་ཅུང་ཙམ་གསལ་ལོ།།
བཞི། བོད་དར་རྒྱ་རྩིས་ལུགས་སུ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།
སྤྱིར་འབྱུང་རྩིས་དང་རྒྱ་རྩིས་གཉིས་ཀར་ལོ་ཟླ་ཞག་དུས་ཐམས་ཅད་འབྱུང་ལྔ་ཐབས་ཤེས་ཀྱིས་ཕྱེ་བའི་ཁམས་བཅུ་དང་། བྱི་གླང་སྟག་ཡོས་སོཊ་ལོ་བརྙན་བཅུ་གཉིས་དང་སྦྱར་ཏེ་བརྩི་སྲོལ་ཡོད་ལ། རྣམ་གཞག་འདི་ནི་རྒྱ་ནག་རྒྱལ་བོའི་ཐོག་མ་ཧྭང་གསུམ་ངྷི་ལྔའི(三皇五帝)ནང་གསེས་ཧྭང་གསུམ་པ་དབྱི་ཁྱུང་ཞི་ཞེས་པས་གཟའ་སྐར་སོགས་ཆེས་མང་པོ་ཞིག་ལ་ཞིབ་དཔྱད་ཀྱིས་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ༢༦༣༧ཙམ་ཞིག་ཏུ་གཏན་ལ་ཕབ་པར་གྲགས་ཤིང་། ཐབས་ཀྱི་རང་བཞིན་མཚོན་པའི་ཕོ་ལོདྲུག་དང་། ཤེས་རབ་ཀྱི་རང་བཞིན་མཚོན་པའི་མོ་ལོ་དྲུག་སྟེ་ལོ་བརྙན་བཅུ་གཉིས་ཀྱི་སྤྱི་མིང་ལ་རྒྱའི་སྐད་དུ་ཏིས་ཀྲི(地支)ཞེས་ཟེར་ཏེ་ཐད་བསྒྱུར་ཙམ་བྱས་ན་ས་གཞིའམ་ཡན་ལག་ཅེས་པའོ།། བོད་དར་རྒྱ་རྩིས་ཀྱི་ལུགས་འདིར་ལྷུའམ་ཁེ(刻)གོ་དྲུག་དང་། ཡང་ན་དུས་ཆུང་ཉེར་བཞི་ཉིན་ཞག་གཅིག་གི་ཡུན་ཚད་དུ་འཇོག་ཅིང་། དུས་ཆུང་ཉེར་བཞི་བོ་དེ་ཡང་བྱི་བ། གླང་། སྟག ཡོས། འབྲུག སྦྲུལ། རྟ། ལུག སྤྲེལ། བྱ། ཁྱི། ཕྱག་བཅས་བཅུ་གཉིས་ལ་སྟོད་སྨད་གཉིས་རེ་ཕྱེས་པའི་སྒོ་ནས་བརྩི་ཞིང་། ཉིན་མཚན་གཉིས་ཀའི་མཐའ་ཐོག་གི་ཆ་ཟིན་དགོས་སྟབས་ཐབས་ཤེས་གཉིས་ཀའི་མཚོན་དོན་ཚང་བའི་བྱི་བའི་སྨད་ཆ་སྟེ་ནམ་གུང་ཆུ་ཚོད་ཉེར་བཞིའམ་ཐིག་ལེ་ནས་ཉིན་དེའི་འགོ་བརྩམས་ཤིང་། ཕྱེད་ཡོལ་གླང་གི་སྟོད་སྨད། ཐོ་རེངས་སྟག་གི་སྟོད་སྨད། ནམ་ལངས་ཡོས་ཀྱི་སྟོད་སྨད། ཉི་ཤར་འབྲུག་གི་སྟོད་སྨད། ཉི་དྲོས་སྦྲུལ་གྱི་སྟོད་སྨད། ཉིན་ཕྱེད་རྟའི་སྟོད་སྨད། ཕྱེད་ཡོལ་ལུག་གི་སྟོད་སྨད། མྱུར་ཁ་སྤྲེའུའི་སྟོད་སྨད། ཉི་ནུབ་བྱའི་སྟོད་སྨད། ས་སྲོས་ཁྱིའི་སྟོད་སྨད། སྲོད་འཁོར་ཕག་གི་སྟོད་སྨད། ནམ་གུང་སྔ་ཆའམ་བྱི་བའི་སྟོད་ཆ་སྟེ་པེ་ཅིང་ཆུ་ཚོད་ཉེར་གསུམ་པར་ཉིན་མོའི་མཐའ་རུ་འདོད་པ་ཡིན་ཏེ། ཁོ་བོའི་བཤེས་གཉེན་དམ་པ་རྗེ་ཤེས་རབ་ཆོས་འཕེལ་མཆོག་གིས་མཛད་པའི་རྒྱ་རྩིས་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་ལས། ཐིག་ལེ་བྱི་སྨད་ཉིན་དེའི་འགོ། བསེ་རུ་གླང་སྟོད་མིག་གླང་སྨད།། འཇིག་རྟེན་སྟག་སྟོད་མཚོ་སྟག་སྨད།། ཕུང་བོ་ཡོས་སྟོད་མཚམས་ཡོས་སྨད།། དྲང་སྲོང་འབྲུག་སྟོད་ནོར་འབྲུག་སྨད།། སྲིན་པོ་སྦྲུལ་སྟོད་ཕྱོགས་སྦྲུལ་སྨད། བདེ་འབྱུང་རྟ་སྟོད་ཁྱིམ་རྟ་སྨད། གདུགས་རིམ་ལུགས་སྟོད་ཡིད་ལུག་སྨད།། མདའ་ཟླ་སྤྲེལ་སྟོད་རྒྱལ་སྤྲེལ་སྨད།། རབ་གནས་བྱ་སྟོད་ཁམས་བྱ་སྨད།། བུག་གཟུགས་ཁྱི་སྟོད་ཐིག་མིག་སྨད།། ཟླ་མིག་ཕག་སྟོད་ལག་མིག་སྨད།། མེ་མིག་བྱི་སྟོད་ཉིན་མོའི་མཐའ།། ཞེས་གསལ་བར་གསུངས་སོ།། དེ་ལྟ་བུའི་དུས་ཆུང་གཅིག་གི་ཡུན་ཚད་ལ་ལྷུལམ་ཁེ(刻)བཞི་ཡིན་པས་ཉིན་ཞག་གཅིག་ལ་ཁེ་གོ་དྲུག ཁེ་གཅིག་ལ་ཕུན(分)ནམ་སྐར་མ་བཅོ་ལྔ་དང་དུས་ཆུང་གཅིག་གི་ཡུན་ལ་སྐར་མ་དྲུག་ཅུ། སྐར་མ་གཅིག་ལ་མོའུ(秒)སྟེ་སྐར་ཆ་དྲུག་ཅུ་ཡིན་པས་ཉིན་ཞག་གཅིག་གི་ཡུན་ཚད་ལ་སྐར་ཆ༨༦༤༠༠ཡོད་དེ། གཞུང་ལས། མོའུ་དྲུག་ཅུར་ཕུན་གཅིག་དང་། ཕུན་ནི་བཅོ་ལྔ་ཁེ་གཅིག་སྟེ།། ཁེ་བཞི་ལ་ནི་དུས་ཆུང་གཅིག། དུས་ཆུང་ཉེར་བཞིའམ་ཁེ་གོ་དྲུག། ལུགས་འདིར་ཉིན་ཞག་གཅིག་གི་ཚད།། ཅེས་གསུངས། གསེར་ཏོག་རྩིས་འགྲེལ་ལས། འདིར་སྲང་ལ་ཕུན་དང་ཆུ་ཚོད་ལ་ཁེ་ཡི་ཐ་སྙད་བཏགས་པར་གསུངས་ཀྱང་དེ་ནི་དུས་འཁོར་སྐར་རྩིས་ཀྱི་ལུགས་ལྟ་བུར་སྦྱོར་བ་ལས། རྒྱ་རྩིས་ཀྱི་དུས་འཇལ་བྱེད་དུ་གསུངས་པ་ཡིན་ན་ཡུན་ཚད་ཀྱི་སྒོ་ནས་འབྲེལ་དཀའ་ལ། དུས་འཁོར་ལུགས་སུ་ནམ་མཁའི་གོ་ལའི་ཁྱིམ་བཅུ་གཉིས་པོ་མཁའ་མེས་སྤེལ་ན་སུམ་བརྒྱ་དྲུག་ཅུ་ཡོད་པས་རྒྱ་རྩིས་ལུགས་ཀྱི་གོ་ལར་དུའུ་སུམ་བརྒྱ་དྲུག་ཅུ་འབྱུང་བ་དང་གྲངས་མཚུངས་ཕྱིར་གནམ་གྱི་གོ་ལའི་ཡུལ་གྱི་ཚད་འཇལ་བྱེད་ཙམ་དུ་མིང་དེ་བཏགས་ན་མི་འོས་པ་མེད་དེ། ཡུལ་གྱི་ཚད་འཇལ་བྱེད་སྟོན་པའི་སྐབས། རྒྱ་རྩིས་སྙིང་བསྡུས་ལས། ཁྱིམ་གྱི་འོག་ལ་དུའུ་ཟེར་ཞག། དེ་ཡི་འོག་མ་ཕུན་མོའི་ཝེའི།། ཝེའི་མོའི་ཕུན་ནི་དྲུག་ཅུ་རེ།། ཕུན་དྲུག་ཅུ་ལ་དུའུ་གཅིག་དང་། དུས་ནི་སུམ་ཅུ་གུང་གཅིག་སྟེ། གུང་ནི་བཅུ་གཉིས་ལོ་སྐོར་རོ། ཞེས་གསུངས་པ་ལྟར་ལགས་ལ། དེ་ནི་དུས་སྟོན་པའི་སྐབས་མ་ཡིན་པར་གོ་ལའི་ལུས་གྱི་ལོངས་སྤྱོད་སྟོན་པའི་སྐབས་ཡིན་གཤིས། ལོ་སྐོར་རེའོ་ཞེས་པར་ཚིག་སྐྱོན་ཡོད་པས་གུང་ནི་བཅུ་གཉིས་གོ་ལར་བསྐོར་ཞེས་བརྗོད་ན་འགྲིག་ཚུལ་སོཊ《བོད་ཀྱི་རྩིས་རིག་གི་གོ་དོན་དང་ལག་ལེན》ན་མང་དུ་བཤད་དེ་ཞར་འཕྲོས་ཙམ་མོ།།
ལྔ་བ། དེང་གི་འཛམ་གླིང་སྤྱི་འགྲོས་སུ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ།
དེང་སྐབས་འཛམ་གླིང་སྤྱི་འགྲོས་སུ་ཉིན་ཞག་གཅིག་ལ་དུས་ཚོད་ཉེར་བཞི་དང་དུས་ཚོད་རེར་སྐར་མ་དྲུག་ཅུ། སྐར་མ་རེར་ཆ་ཤས་དྲུག་ཅུ། དེ་ཡང་དགོས་དབང་སོཊ་ཀྱིས་ཆ་ཤས་དུ་མར་དབྱེ་བཞིན་པ་ནི་ཚང་མས་མཁྱེན་ངེས་ལགས་པས་འདིར་གསལ་བཤད་བྱེད་དགོས་དོན་མེད་མོད། དེང་གི་གནམ་རིག་པ་ཚོའི་ལུཊ་གཞིར་བཞག་ན། སའི་གོ་ལ་རང་འཁོར་གཅིག་འཁོར་བའི་ཉིན་ཞག་གཅིག་གི་ཡུན་ཚད་དངོས་ནི་ཆུ་ཚོད་ཉེར་བཞི་དང་ཁ་འགྲིག་སོ་འགྲིག་མ་ཡིན་པར། དེའི་ཡུན་ཚད་ནི་ཆུ་ཚོད༢༣སྐར་མ༥༦སྐར་ཆ༤ཡིན་པས་དེང་དུས་ཀྱི་གནམ་རིག་པ་ཚོས་འདི་ལ“བརྟན་སྐར་ཉིན”(恒星日)ཟེར། དེང་གི་བཤད་ཚུལ་ལྟར་སའི་གོ་ལས་སྤྱི་འཁོར་དང་རང་འཁོར་བྱེད་པའི་དབང་དུ་བྱས་ན། སྤྱིར་ཉིན་རེར་འཁོར་བའི་མྱུར་ཚད་ནི་ཕལ་ཆེར་སྙོམ་པོ་ཡིན་མོད། ཧ་ཅང་སྙོམ་རྐྱང་མ་ཡིན་པར་ལོ་ལྟར་སྤྱི་ཟླ་དགུ་བའི་ཚེས་བཅུ་དྲུག་གི་ཉིན་གུང་ནས་ཚེས་བཅུ་བདུན་གྱི་ཉིན་གུང་བར་དུས་ཡུན་ཆུ་ཚོད༢༣སྐར་མ༥༩སྐར་ཆ༣༩ཡིན་ཞིང་། སྤྱི་ཟླ་བཅུ་གཉིས་ཀྱི་ཚེས་ཉེར་གསུམ་གྱི་ཉིན་གུང་ནས་ཉེར་བཞིའི་ཉིན་གུང་བར་གྱི་དུས་ཡུན་ཆུ་ཚོད༢༧སྐར་ཆ༣༠ཡིན་པས་དེ་གཉིས་ལ་བར་ཁྱད་སྐར་ཆ༥༡ཡོད། དེའི་ཕྱིར་ཉིན་རེར་ཆུ་ཚོད་སོཊ་གཏན་ཁེལ་ལ་སྟབས་མི་བདེ་བ་བྱུང་རྐྱེན་གནམ་རིག་པ་རྣམས་ཀྱིས་ཐིག་ལེན་ཡང་ཡང་བྱས་པ་བརྒྱུད་ལོ་གཅིག་གི་ཉིན་ཞག་རྣམས་ཕན་ཚུན་ཆ་སྙོམས་བྱས་པ་ལ“ཉི་མའི་ཉིན་སྙོམས”(平太阳日)ཟེར་ལ། དེང་དུས་ཀྱི་འཛམ་གླིང་ངམ་པེ་ཅིན་ཆུ་ཚོད་གཅིག་ནི“ཉི་མའི་ཉིན་སྙོམས”ཀྱི་དུམ་བུ་ཉེར་བཞིའི་ཆ་གཅིག་ཡིན་ཞིང་དེ་འདྲ་ཉེར་བཞི་ནི་ཉིན་ཞག་གཅིག་སྟེ་པེ་ཅིན་ཆུ་ཚོད་ཉེར་བཞིའོ།། གཞན་ཡང་འདིར་ཆེད་དུ་གསལ་བཤད་བྱེད་དགོས་པ་ཞིག་ནི། ནམ་རྒྱུན་སྒྲ་སྡུད་འཕྲུལ་འཁོར་དང་བརྙན་འཕྲིན་སོཊ་ལས་ད་ལྟ་པེ་ཅིན་ཆུ་ཚོད་འདི་དང་འདི་ཡིན་ཞེས་གསལ་བསྒྲཊ་བྱས་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་མི་རྣམས་ཀྱིས་ཀྱང་དེ་གཞིར་བཟུང་ནས། རང་རང་གི་ཆུ་ཚོད་འཁོར་ལོ་ཐོ་གཏུཊ་ཤིང་གསལ་བསྒྲཊ་དེ་ནི་པེ་ཅིན་ཆུ་ཚོད་ངོ་མར་འཛིན་མོད། དོན་དངོས་དེ་ནི་པེ་ཅིན་ཆུ་ཚོད་ངོ་མ་མིན། སྤྱི་ཚོཊ་དང་མིའི་རིཊ་ཀྱི་ཤེས་རིག་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་འཕེལ་རྒྱས་སོང་བར་བརྟེན། འཛམ་གླིང་གནམ་རིག་པ་ཚོས་གཅིག་མཐུན་ཀྱིས་དབྱིན་གོའི་ལུན་ཏུན(伦敦)གྱི་ཀི་ལེན་བེའི་ཀྲི(格林威治)འགོ་འཛུགས་ས་བྱས་ཏེ་སའི་གོ་ལ་ཡོངས་རྫོགས་གཞུང་ཐིག་སུམ་བརྒྱ་དྲུག་ཅུར་བགོས་ཡོད་ཅིང་། དེ་ལས་ཀྲུང་གོའི་ས་ཁྲའི་ཁོངས་སུ་གཞུང་ཐིག་དྲུག་ཅུ་ཙམ་ཡོད། ས་ཁུལ་གཉིས་ཀྱི་བར་གྱི་གཞུང་ཐིག་གི་ཁྱད་པར་ལ་ཐིག་ཚད་བཅོ་ལྔ་ཆད་ལྷག་ཡོད་ན་ཆུ་ཚོད་གཅིག་གི་ཁྱད་པར་ཡོད། དེའི་ཕྱིར་པེ་ཅིན་ནི་ཤར་གྱི་གཞུང་ཐིག་ཏུའུ་བརྒྱ་དང་བཅུ་དྲུག་དང་ཟུར་ཐིག་ཉི་ཤུའི་ཐོག་ཏུ་ཆགས་ཤིང་། ད་སྐབས་ཀྲུང་གོའི་ཀུན་ཁྱབ་རླུང་འཕྲིན་ཁང་གིས་བསྒྲཊ་པའི་པེ་ཅིན་ཆུ་ཚོད་ནི་ཤར་གྱི་གཞུང་ཐིག་ཏུའུ་བརྒྱ་དང་ཉི་ཤུའི་དུས་ཚོད་ཀྱིས་ཚད་གཞི་བྱས་པ་ཞིག་ཡིན་པས། དཔེར་ན་རླུང་འཕྲིན་ཁང་གིས་པེ་ཅིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་པ་ཡིན་པར་བསྒྲཊ་ཚེ་དེ་ནི་དོན་དངོས་ཧང་ཀྲོའུ(杭)དང་ཐེ་ཝན་གྱི་ཐེ་ནན(台南)སོཊ་ཀྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་པ་ཡིན་ཞིང་། དེ་ནས་ཧ་ལམ་སྐར་མ་བཅོ་ལྔ་ཙམ་གྱི་འཕྲོར་གཞི་ནས་པེ་ཅིན་གྱི་ཉིན་གུང་ཆུ་ཚོད་བཅུ་གཉིས་པར་ཐོན་པ་ཡིན།
དྲུག་པ། ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ་མི་འདྲ་བ་དེ་དག་པེ་ཅིན་དུས་ཚོད་ངང་བསྡུར་ཚུལ་མདོར་བསྟན།
གོང་གསལ་ཉིན་ཞག་གཅིག་ལ་དུས་ཚོད་བརྩི་ཚུལ་མི་འདྲ་བའི་རིགས་དེ་དག་སྔོན་ཆད་རྩིས་གཞུང་དང་ལོ་རྒྱུས། ཆོས་གཞུང་སོགས་སུ་ཆེས་མང་དུ་བཀོལ་པ་མ་ཟད། དེང་དུས་ཀྱང་བོད་ཀྱི་ལོ་ཐོ་དང་རྩིས་གཞུང་སོགས་མང་བོར་དགོས་དབང་གིས་བཀོལ་སྤྱོད་བྱེད་བཞིན་ཡོད་པས། པེ་ཅིན་ནམ་འཛམ་གླིང་སྤྱི་འགྲོས་སུ་གྱུར་པའི་དེང་གི་ཆུ་ཚོད་དང་ལྟོ་སྦྱར་མ་ཤེས་ན། དཀར་ནག་རྩིས་སོགས་ཀྱི་གཞུང་ལུགས་ལ་མ་སྦྱངས་པའི་ཀློག་མཁན་དག་དཀའ་ཚེགས་དང་ནོར་འཁྲུལ་ཆེན་པོར་འཕྲད་ངེས་པས། དཀའ་ཁག་དེ་དག་བསལ་ཕྱིར་སོ་སོའི་ལུགས་ཀྱི་དུས་ཚོད་བརྩི་ཚུལ་རྣམས་གོང་དུ་ཚིག་ཉུང་དོན་འདུས་ཀྱི་སྒོ་ནས་ངོ་སྤྲོད་བྱས་ཟིན་ལ། འདིར་ལུགས་མི་འདྲ་བ་དེ་དག་པེ་ཅིན་ཆུ་ཚོད་དང་བསྡུར་ཚུལ་མདོ་ཙམ་བསྟན་ན། དེ་ཡང་འབྱུང་རྩིས་སམ་ནག་རྩིས་ཀྱི་ལུགས་སུ་ཉིན་ཞག་གཅིག་ལ་དུས་ཚོད་དུམ་བུ་བཅུ་གཉིས་སུ་དབྱེ་ཞིང་དེ་ལའང་ནང་གསེས་ཆ་ལྔ་རེར་ཕྱེས་པས་དུས་ཆུང་དྲུག་ཅུར་འགྱུར་ལ། འདིའི་དུས་ཚོད་གཅིག་གི་ཡུན་ཚད་དང་དེང་གི་པེ་ཅིན་ཆུ་ཚོད་གཉིས་རེའི་ཡུན་ཚད་མཉམ་ཞིང་། འབྱུང་རྩིས་ཀྱི་དུས་ཚོད་གཅིག་དང་དེང་དུས་ཀྱི་སྐར་མ༡༢༠མཉམ། དེང་དུས་ཀྱི་སྐར་ཆ༧༢༠༠དང་འབྱུང་རྩིས་ཀྱི་དུས་ཚོད་གཅིག་གི་ཡུན་ཚད་མཉམ། ཡང་དེང་དུས་ཀྱི་ཆུ་ཚོད་གཅིག་དང་འབྱུང་རྩིས་ཀྱི་དུས་ཆུང་གཉིས་དང་ཕྱེད་རེའི་ཡུན་ཚད་དང་མཉམ་ལ་དེང་དུས་ཀྱི་སྐར་མ༢དང་འབྱུང་རྩིས་ཀྱི་དུས་ཆུང་གཅིག་རེ་མཉམ་མོ།། ཉི་མའི་རླུང་འགྲོས་སམ“སའི་གོ་ལའི་རང་འགྲོས”ཀྱི་དབང་གིས་ས་ཚིགས་དང་ཡུལ་གྲུ་སོ་སོར་ཉི་མ་འཆར་ནུབ་སོཊ་ཀྱི་དུས་ཚོད་མི་འདྲ་བས་རང་རང་ཡུལ་དུས་དང་བསྟུན་ཏེ། འབྱུང་རྩིས་ལུཊ་སུ་ཉིན་ཚད་དང་མཚན་ཚད་མཉམ་པའི་དུས་གཞིར་བྱས་ནས་ནམ་ལངས་ལག་རིས་མཐོང་ཚེ་ཡོས་ཀྱི་དུས་ཚོད་དང་ཉི་འོད་རི་རྩེར་འཕྲོས་ཚེ་འབྲུག་གི་དུས་ཚོད་སོཊ་དུས་ཀྱི་དུམ་བུ་བཅུ་གཉིས་པོ་རིམ་བཞིན་བརྩི་ཡང་གཏན་ཁེལ་རང་བཞིན་གྱི་པེ་ཅིན་ཆུ་ཚོད་དང་སྦྱར་ཚེ་ཡུལ་གྲུ་སོ་སོར་མི་འདྲ་སྟེ། པེ་ཅིན་ཡུལ་དུས་དང་སྦྱར་ཚེ(དོན་དངོས་སའི་གོ་ལའི་ཤར་ཐིག༡༢༠སྟེང་གནས་པའི་ཡུལ་དུས་དང་འགྲིག་ལ་པེ་ཅིན་ལས་སྐར་མ་བཙོ་ལྔས་སྔ)ནམ་ཕྱེད་བྱི་བའི་དུས་ཚོད་ནི་པེ་ཅིན་ཆུ་ཚོད་ཉེར་གསུམ་དང་ཉེར་བཞི་བ་གཉིས་ཡིན་ལ། སའི་གོ་ལའི་ཤར་ཐིག༢༠སྟེང་དུ་གནས་པའི་ལྷ་སའི་ཡུལ་དུས་དང་སྦྱར་ན་ནམ་ཕྱེད་བྱི་བའི་དུས་ཚོད་དེ་པེ་ཅིན་ཆུ་ཚོད་དང་བོ་དང་གཉིས་པ་ཡིན་དགོས། སའི་གོ་ལའི་ཤར་ཐིག༡༠ཙམ་གྱི་སྟེང་དུ་གནས་པའི་མདོ་ཁམས་ཕྱོགས་ཀྱི་ཡུལ་དུས་དང་སྦྱར་ན་ཕལ་ཆེར་ནམ་ཕྱེད་བྱི་བའི་དུས་ཚོད་དེ་པེ་ཅིན་ཆུ་ཚོད་ཉེར་བཞི་བ་དང་བོའི་ཕྱོགས་སུ་གཏོགས་ཏེ། ཡུལ་གྲུ་དེ་དག་གི་དུས་ཀྱི་དུམ་བུ་བཅུ་གཉིས་བོ་པེ་ཅིན་ཆུ་ཚོད་དང་སྦྱར་ཚུལ་ཟུར་བཀོད་རེའུ་མིག་ལ་གཟིགས་པས་འཐུས་ཤིང་གཞན་ལ་དེས་རིགས་འགྲེས་ཆོག མངོན་པ་མཛོད་ཀྱི་ལུགས་སུ་སྐྱེས་བུ་ནད་མེད་སྟོབས་ལྡན་ཞིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ཚད་ཆ་རེ་ལྔར་ཕྱེས་པའི་ཆ་གཅིག་ལ་ཐུང་མཐའི་སྐད་ཅིག་མ། དེ་བརྒྱ་དང་ཉི་ཤུ་བྱ་རྫོགས་ཀྱི་སྐད་ཅིག་མ། དེ་འདྲའི་སྐད་ཅིག་མ་དྲུག་ཅུ་ཐང་གཅིག ཐང་གཅིག་སུམ་ཅུ་ཡུད་ཙམ་གཅིག ཡུད་ཙམ་སུམ་ཅུ་ཉིན་ཞག་གཅིག་གི་ཡུན་ཚད་དུ་བརྩི་བས་དེ་དག་པེ་ཅིན་ཆུ་ཚོད་དང་བསྡུར་ན། ཡུད་ཙམ་གཅིག་ནི་པེ་ཅིན་ཆུ་ཚོད་གཅིག་དང་ཡུན་ཚད་མཉམ་ལ། ཐེངས་གཅིག་ནི་པེ་ཅིན་སྐར་མ་གཅིག་དང་སྐར་ཆ་སོ་དྲུག་མཉམ། བྱ་རྫོགས་ཀྱི་སྐད་ཅིག་མ་གཅིག་དང་པེ་ཅིན་གྱི་སྐར་ཆ་གཅིག་དང་ཕྱེད་ལྷག་མཉམ་མོ།། དགོས་གལ་ཆུང་བར་བསམ་སྟེ་སྟག་སྣའི་མདོ་དང་འཆི་མེད་མཛོད་སོགས་ཀྱི་དུས་ཚོད་བགྲང་ཚུལ་དང་པེ་ཅིན་ཆུ་ཚོད་མ་བསྡུར་བར་རེ་ཞིག་བཞག་གོ། དུས་འཁོར་སྐར་རྩིས་ཀྱི་ལུགས་སུ་ཁྱིམ་ཉིན་ཚེས་གསུམ་གྱི་ཞག་ཡོད་ཀྱང་གཙོ་བོ་ནི་ཉིན་ཞག་ཡིན་ཞིང་། ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ། ཆུ་ཚོད་གཅིག་ལ་ཆུ་སྲང་དྲུག་ཅུ། ཆུ་སྲང་གཅིག་ལ་སྐྱེས་བུ་དར་མའི་དབུགས་ཀྱི་ཁུགས་པ་དྲུག ཉིན་ཞག་ཕྲུགས་གཅིག་པོར་དབུགས་ཀྱི་ཁུགས་པ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ། དབུགས་མན་ཆད་ཆ་ཤས་ཕྱེ་ནས་བརྩི་བ་ལས་སྐར་རྩིས་ལག་ལེན་དངོས་ཀྱི་སྐབས་ཐ་སྙད་ལོགས་སུ་བཏགས་མེད(སྤྱིར་དབུགས་“གཅིག་ལ་སྲིན་པོའི་དབུགས་དྲུག་སོགས་ཀྱི་བརྩི་ཚུལ་ཡོད)ལ། ཆ་ཤས་ལ་མང་ཉུང་དང་གནས་ལ་ངེས་པ་མེད་པས། འདོད་ཆ་དང་། རི་བོའི་ཆ། རི་མཁའ་རིའི་ཆ་སོགས་སུ་ཕྱེས་ཏེ་བརྩིས་ཀྱང་ཆོག དུས་འཁོར་ལུགས་ཀྱི་ཆུ་ཚོད་སོཊ་དེང་གི་དུས་ཚོད་འཁོར་ལོའམ་པེ་ཅིན་ཆུ་ཚོད་དང་སྦྱར་ན། སྐར་རྩིས་ཀྱི་ཆུ་ཚོད་གཅིག་ལ་དེང་གི་སྐར་མ་ཉེར་བཞི། ཆུ་སྲང་གཅིག་ལ་སྐར་ཆ་ཉེར་བཞི། དབུགས་གཅིག་ལ་སྐར་ཆ་བཞི་ཡིན་ཞིང་། ལྡོག་སྟེ་བཤད་ན་སྐར་མ་གཅིག་ལ་དབུགས་བཅོ་ལྔ་ཡིན་གཤིས་དེང་རབས་གསོ་རིག་སྨྲ་བ་རྣམས་ཀྱིས་སྐར་མ་གཅིག་ལ་མིའི་དབུགས་འབྱུང་རྔུབ་ཀྱི་ཁུགས་པ་ཉུང་མཐའ་བཅུ་བཞི་དང་མང་མཐའ་བཅོ་བརྒྱད་དུ་བཤད་པ་དང་ཤིན་ཏུ་མཐུན། དེང་གི་དུས་ཚོད་གཅིག སྐར་རྩིས་ཀྱི་ཆུ་ཚོད་གཉིས་དང་ཆུ་སྲང་སུམ་ཅུར་མཉམ་ལ། དབུགས་སུམ་སྟོང་དྲུག་བརྒྱ་བཅུ་མེད་གསུམ་དང་དེང་གི་པེ་ཅིན་ཆུ་ཚོད་གཅིག་མཉམ་པའོ།། བོད་དར་རྒྱ་རྩིས་ཀྱི་ལུགས་སུ་ལྷུའམ་ཁེ་གོ་དྲུག་ཉིན་ཞག་གཅིག་གི་ཡུན་ཚད་དུ་བརྩི་བའི་དབང་དུ་བྱས་ན། ཁེ་གཅིག་ལ་སྐར་མ་བཅོ་ལྔ། སྐར་མ་གཅིག་ལ་སྐར་ཆ་དྲུག་ཅུ་ཡིན་པས་དེང་གི་པེ་ཅིན་ཆུ་ཚོད་འཁོར་ལོ་དང་སྦྱར་ན་ཁེ་གཅིག་དང་ཆུ་ཚོད་བཞི་ཕན་ཚུན་ཡུན་ཚད་མཉམ་ལ། ཁེ་གོ་དྲུག་པོ་སྐར་མ་བཅོ་ལྔས་བསྒྱུར་ན། མཁའ་ཆུ་མ་ནུ(༡༤༤)འབྱུང་བ་རྒྱ་རྩིས་ལུགས་ཀྱི་ཉིན་ཞག་གཅིག་གི་སྐར་མའི་གྲངས་ཡིན་ལ། དེང་གི་ཆུ་ཚོད་ཉེར་བཞི་ཡང་སྐར་མ་དྲུག་ཅུས་བསྒྱུར་ན་རྒྱ་རྩིས་ལུགས་ཀྱི་ཉིན་ཞག་གཅིག་གི་སྐར་མ་དང་གྲངས་མཚུངས་ཕྱིར་དེ་གཉིས་ཀྱི་སྐར་མ་དང་སྐར་ཆའི་ཡུན་ཚད་གཅིག་པའོ།།བོད་དར་རྒྱ་རྩིས་ལུཊ་ཀྱིས་གཙོ་ཆེར་ཉིན་ཞག་གཅིག་ལ་བྱི་གླང་སྟག་ཡོས་སོཊ་ལོ་བརྙན་བཅུ་གཉིས་པོར་སྟོད་སྨད་གཉིས་རེ་ཕྱེས་ཏེ་དུས་ཆུང་ཉེར་བཞིའི་སྒོ་ནས་པརྩི་ལ་དུས་ཆུང་གཅིག་ལ་སྐར་མ་དྲུག་ཅུ་དང་སྐར་མ་གཅིག་ལ་སྐར་ཆ་དྲུག་ཅུ་ཡིན་པས་མིང་ཙམ་གྱི་ཁྱད་པར་ལས་དེང་གི་ཆུ་ཚོད་སོགས་དང་ཡུན་ཚད་གཅིག་མཚུངས་ཡིན་ནོ།། འོན་ཀྱང་རྒྱ་རྩིས་ཀྱི་གཞུང་རྣམས་སུ་ནམ་ཕྱེད་བྱི་བའི་སྨད་ཆ་སྟེ་ཉིན་དེའི་འགོ་པེ་ཅིན་ཆུ་ཚོད་ཉེར་བཞི་བ་དང་མཐའ་ཆུ་ཚོད་ཉེར་གསུམ་པར་གསུངས་པ་ནི་པེ་ཅིན་ཡུལ་དུས་ཀྱི་དབང་དུ་བྱས་པ་སྟེ། ལྷ་ས་དང་མདོ་ཁམས་སོཊ་རང་རང་ཡུལ་དུས་དང་སྦྱར་ཚུལ་ནི། གོང་དུ་བཀོད་པའི་འབྱུང་རྩིས་ལུགས་ཀྱི་རེའུ་མིག་དང་གཅིག་མཚུངས་ཡིན་པས། ཚུལ་འདིར་དོན་གཉེར་ཆེ་ཞིང་རྣམ་དཔྱོད་ཀྱི་འཇུག་སྒོ་ཡངས་པ་དག་གིས་ཕན་ཚུན་དཔྱད་ཞིབ་ཀྱི་སྒོ་ནས་ལེགས་པར་གཏན་ལ་ཕབས་ཏེ། བརྡ་འཕྲིན་སྤྱི་ཚོགས་དང་རྡུལ་ཕྲན་དུས་རབས་སུ་འབོད་པའི་ཤེས་རིག་འགྲན་རྩོད་ཀྱི་ཉིན་མོ་འདིར། ང་ཚོས་ཀྱང་འཛམ་གླིང་གནམ་རིག་སྨྲ་བ་རྣམས་དང་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་བ་མིའི་རིགས་ཀྱི་འཚོ་སྡོད་ལ་ཕན་བདེ་བླ་མེད་བསྐྲུན་ཐུབ་པའི་ཡིད་ཆེས་དང་བརྩོན་ལེན་རྣམ་དག་བྱེད་པར་རིགས་སོ།། |