གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།བོད་དར་ཚད་མ་རིག་པ་དང་ཡ་ལེ་ཧྲི་ཏོ་དེའི་གཏན་ཚིགས་རིག་པ་གཉིས་ཀྱི་ཁྱབ་འབྲེལ་སྐོར་གྱི་བགྲོ་གླེང་།
སྤེལ་དུས།2009-12-24   ཡོང་ཁུངས་།《བོད་ལྗོངས་ཞིབ་འཇུག》   རྩོམ་པ་པོ། གསང་གྲུང་ཐར། འབྲུག་མོས་ཞུ་དག་བྱས།

ནང་དོན་གནད་བསྡུས།འདིར་བོད་དར་ཚད་མ་རིག་པ་དང་ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པ་གཉིས་ཀྱི་ཁྱབ་འབྲེལ་ལས་གཙོ་བོ་བདག་གཅིག་འབྲེལ་སྐོར་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཇི་འདྲ་ཡོད་ཚུལ་དང་དེ་གཉིས་ཀྱི་འདྲ་དང་མི་འདྲ་བའི་ཆ་ཡི་སྐོར་དཔྱད་བསྡུར་བྱས་ཡོད།

བརྡ་ཆད་གཙོ་བོ།གཏན་ཚིགས་རིག་པ། ཁྱབ་འབྲེལ། ལྷག་ལྡན། བདག་གཅིག་འབྲེལ། ངོ་འགྱུར་དང་གནས་འགྱུར་གྱི་ཁྱབ་འབྲེལ།

 དང་པོ། རྟགས་ཀྱི་ལྡོག་ཁྱབ་འགྲུབ་པ་འབྲེལ་བ་ལ་བལྟོས་པར་བསྟན་པ།

༡.ལྡོག་ཁྱབ་འགྲུབ་པ་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་ལ་བལྟོས་པ་སློབ་དཔོན་ཕྱོགས་གླང་གི་བཞེད་པ་ཡིན་པ་བསྟན་པ།
    
རྣམ་འགྲེལ་ལས། གཏན་ཚིགས་ཀྱི་ནི་ཚུལ་གསུམ་ལའང་།། ཞེས་སོགས་ཤོ་ལོ་ཀ་གཅིག་གིས་ཕྱོགས་ཆོས་གྲུབ་ཅིང་། རྟགས་ཆོས་ཀྱི་འབྲེལ་བ་གྲུབ་པ་ལ་ལྟོས་པའི་ཚུལ་གསུམ་པོ་འབྲས་རང་མ་དམིགས་པའི་རྟགས་ཡང་དག་གསུམ་ཁོ་ན་ལ་ངེས་ཤིང་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་མི་འགྲུབ་པར་བསྟན་པ་ལ། རང་སྡེ་སློབ་དཔོན་དབང་ཕྱུག་སྡེ་དང་། གཞན་སྡེ་བྱེ་བྲག་པ་ལ་སོགས་ཀྱིས་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ། རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་ངེས་པ་ལ་རག་ལས་པ་མིན་ཏེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པའི་ཕྱིར། དེ་ལྟར་སློབ་དཔོན་ཕྱོགས་གླང་གིས་བཞེད་པའི་ཕྱིར་ཟེར་ན། མ་གྲུབ་སྟེ། སློབ་དཔོན་གྱིས་རྟགས་ཡང་དག་གི་ཚུལ་གསུམ་སོ་སོའི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་ཡོད་དེ། ཚད་མ་མདོར། རྗེས་དཔག་བྱ་དང་དེ་མཚུངས་ལ།། ཡོད་དང་མེད་ལ་མེད་པར་ནི།། ངེས་པ་ཞེས་གསུངས་ཕྱིར་དང་། རིགས་ཐིགས་ལས། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པའི་ཕྱིར་དུ་ངེས་པ་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཉིད་དུ་ངེས་པ། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་གསུངས། དེ་ལྟར་སློབ་དཔོན་གྱིས་ངེས་བརྗོད་མཛད་པར་དགོས་པ་ཅི་ཡོད་ཅེ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་མ་གྲུབ་པ་དང་། ལྡོག་དོན་འགལ་བ་ཕྱོགས་མཐུན་དང་བཅས་པ་དང་། འཁྲུལ་པ་ཅན་མ་ངེས་པའི་རྟགས་ཡིན་པ་གཅད་པའི་ཕྱིར་དུ་དེ་དག་གི་གཉེན་པོར་ངེས་པ་དེ་དག་སྨོས་པའི་ཕྱིར། དེས་ན། སྨོན་ཊཱིཀ་རུ། སློབ་དཔོན་ཤཱཀྱས། རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པར་བརྗོད་པར་མཛད་པས་ནི་དོན་གྱིས་ན་འབྲེལ་བ་ཡང་བསྟན་པ་ཁོ་ན་ཡིན་ཏེ། འདི་ལྟར་འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་མེད་དོ། གཏན་ཚིགས་དེས་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་དེ་ཉིད་སྟོན་པར་མཛད་པ་ན་ངེས་པ་བཤད་པ་ཡིན་ནོ། ཞེས་གསུངས་སོ། དེ་ལྟར་རང་སྡེ་དང་གཞན་སྡེའི་རིགས་པ་སྨྲ་བ་དག་རྟགས་ཀྱི་ཚུལ་གང་ལ་འཁྲུལ་ནས་ལོག་རྟོག་སྐྱེས། དེ་དག་དགག་པའི་ཕྱིར་དུ་སློབ་དཔོན་གྱིས་ངེས་བརྗོད་ཇི་ལྟར་མཛད་ཡོད་ཅེ་ན། རྗེས་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པ་ཆོས་ཅན། དགོས་པ་ཡོད་དེ་བྱས་པ་སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པ་དང་། ངག་སྨྲ་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པའི་རྗེས་ཁྱབ་ཡིན་པ་གཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། སྨོནཊཱིཀ་ལས། འགལ་བའི་ཕྱོགས་དང་མཐུན་པ་ནི་གང་དག་མི་མཐུན་པའི་ཕྱོགས་ལ་ཡོད་པར་ནི་ངེས་ལ་མཐུན་པའི་ཕྱོགས་ལ་མེད་པར་ནི་ཐེ་ཚོམ་ཟ་བའི་ཕྱིར་རོ། ལྡོག་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་བརྗོད་མཛད་པ་ཆོས་ཅན། དགོས་པ་ཡོད་དེ། གཞལ་བྱ་སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་དང་། ངག་སྨྲ། ངག་སྨྲ་བའི་སྐྱེས་བུ། ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་གཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། སྨོནཊཱིཀྐ་ལས། ཤཱཀྱས་ལྡོག་པར་ངེས་པས་ནི་ཞེས་བྱ་བར་སྐབས་དང་སྦྱར་རོ། མ་ངེས་པ་ཞེས་བྱ་བ་ནི་ཐུན་མོང་གི་མ་ངེས་པའོ། དེའི་ཕྱོགས་དང་མཐུན་པ་ནི་མ་ངེས་པའི་ཕྱོགས་དང་མཐུན་པ་སྟེ། ལྷག་མ་དང་ལྡན་པ་ལ་སོགས་པའོ། ཞེས་གསུངས་སོ། དེ་བཞིན། ཀུན་བཏུས་རང་འགྲེལ་དུ། གཉིས་ཀར་རབ་ཏུ་གྲུབ་ན་ནི། སུན་འབྱིན་པའམ་གྲུབ་པ་ཡིན། གང་ཞིག་གཉིས་ཀ་ལ་རབ་ཏུ་གྲུབ་པའི་ཕྱོགས་ཀྱི་ཆོས་མ་ཡིན་པ་ནི་དཔེར་ན་མིག་གི་གཟུང་བྱ་ཉིད་ལྟ་བུ་སྟེ་དེ་ནི་སུན་འབྱིན་པའོ། ཞེས་གཉིས་ཀ་ཞེས་སྨོས་པ་ཆོས་ཅན་དགོས་པ་ཡོད་དེ། གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་སྔ་རྒོལ་ཕྱི་རྒོལ་གཉིས་ཀས་ཚད་མས་གྲུབ་པ་དགོས་སོ། ཞེས་ཤེས་པའི་ཆེད་ཡིན་པའི་ཕྱིར། དེ་ལྟར་ཡང་། སློབ་དཔོན་ཤཱཀྱས། གཉིས་ཀ་ལ་ཞེས་བྱ་བ་ནི་གཅིག་ལ་གྲུབ་པ་དགག་པ་ཡིན་ནོ་ཞེས་བྱ་བ་ནི་གཉིས་ཀ་ལ་ཡང་རབ་ཏུ་གྲུབ་པ་ནི་ཞེས་བྱ་བ་འདིས་ནི་རྒོལ་བའམ་ཕྱི་རྒོལ་བ་གཅིག་ལ་གྲུབ་པ་ཞེས་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ངག་སྨྲ། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་དང་། མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཡིན་པ་གཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཞེས་དང་། ཡང་། རབ་ཏུ་གྲུབ་པ་ཞེས་སྨོས་པ་ཏེ། རབ་ཏུ་གྲུབ་པ་ནི་ཞེས་བྱ་བ་འདིས་ནི། ལྷག་མ་དང་ལྡན་པ་དང་ཐུན་མོང་མ་ཡིན་པའི་ཐེ་ཚོམ་ཟ་བ་དག་ཀྱང་བཀག་གོ་ཞེས་བྱ་བར་སྦྱར་རོ། གང་ལ་ཐེ་ཚོམ་ཟ་བ་དག་ཅེ་ན། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་ཞེས་སྨྲོས་ཏེ། ལྷག་མ་དང་ལྡན་པ་ནི་མི་མཐུན་ཕྱོགས་ལ་ཐེ་ཚོམ་ཟ་བའོ། ཞེས་གསུངས་ནས། སློབ་དཔོན་ཕྱོགས་ཀྱི་གླང་པོས་རྟགས་ཡང་དག་གི་ཚུལ་གསུམ་པོ་སོ་སོའི་ཚིག་ཟུར་དུ་ངེས་པ་ཞེས་པའི་ཚིག་སྨོས་ནས་རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པ་ལ་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་དགོས་པ་ལེགས་པར་བསྟན་ནས། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་འགྲུབ་པ་ཁེགས་པར་བྱས་སོ། དེ་ལྟར་མཁས་པའི་དབང་པོ་དུ་མ་ཞིག་གིས། སློབ་དཔོན་གྱིས་མཛད་པའི་ཕྱོགས་ཆོས་འཁོར་ལོ་དགུ་ལ་དམིགས་ནས་རྟགས་ཡང་དག་གི་ཚུལ་གསུམ་སོ་སོའི་མཚན་ཉིད་ཀྱི་ཟུར་དུ་ངེས་བརྗོད་མཛད་པ་དེས་འགལ་བ་མི་མཐུན་ཕྱོགས་ཇི་ལྟར་སེལ་ཚུལ་ཞིབ་པར་དཔྱད་ནས་གསུངས་ཡོད་དེ། སྡེ་བདུན་རྒྱ་མཚོར་འཇུག་པའི་གྲུ་གཟིངས་སུ། ཀུན་བཏུས་ལས། ཕྱོགས་ཆོས་ཀྱི་མཚན་ཉིད་ལས། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པར་ངེས་པ་ཞེས་གསུངས་པའི་ཕྱིར། ཕྱོགས་ཆོས་ཀྱི་མཚན་ཉིད་ལ་སློབ་དཔོན་ཆོས་མཆོག་གིས་ཚིག་ཟུར་དུ་ངེས་པ་ཞེས་པའི་ཚིག་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། རྨ་བྱའི་སྒྲ་རི་སུལ་གསུམ་གང་ལ་གྲགས་པ་མ་ཤེས་པའི་རྒོལ་བའི་ངོར་རི་སུལ་གསུམ་གྱིདབུས་མ་ན་ཆོས་ཅན། རྨ་བྱ་ཡོད་དེ། རྨ་བྱའི་སྒྲ་གྲགས་པའི་ཕྱིར་ཞེས་པ་ལྟ་བུའི་རྟགས་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་རྣམས་ལ་ཕྱོགས་ཆོས་གྲུབ་པ་གཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་དང་། རྗེས་ཁྱབ་ཀྱི་མཚན་ཉིད་བསྟན་པ་ལ། ཀུན་བཏུསལས། དེ་མཚུངས་ལ་ཡོད་པར་ངེས་པ་ཞེས་གསུངས་པའི་ཕྱིར། རྗེས་ཁྱབ་ཀྱི་མཚན་ཉིད་འཆད་པའི་ཚིག་ཟུར་དུ་ངེས་པ་ཞེས་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་དུ་སྒྲུབ་པ་ལ་ངག་སྨྲ་རྟགས་སུ་བཀོད་པ་ལྟ་བུའི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་རྣམས་ལ་རྗེས་ཁྱབ་གྲུབ་པ་གཅད་པར་བྱ་བའི་ཕྱིར་ཏེ། ཆོས་མཆོག་གིས་ངེས་པའི་ཚིག་གིས་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བས་མ་ངེས་པ་བསལ་ཏོ་ཞེས་གསུངས་པའི་ཕྱིར་དང་། ལྡོག་ཁྱབ་ཀྱི་མཚན་ཉིད་བསྟན་པ་ལ། ཀུན་བཏུས་ལས། མེད་ལ་མེད་པར་ན་ངེས་པ་ཞེས་གསུངས་ཤིང་། དེའི་མཚན་ཉིད་ཀྱི་ཚིག་ཟུར་དུ་ངེས་པ་ཞེས་པའི་ཚིག་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར། ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མིན་པར་སྒྲུབ་པ་ལ། ངག་སྨྲ་རྟགས་སུ་བཀོད་པ་ལྟ་བུའི་ཁྱབ་པ་ལ་ཐེ་ཚོལ་ཟ་བའི་གཏན་ཚིགས་རྣམས་ལ་ལྡོག་ཁྱབ་གྲུབ་པ་གཅད་པར་བྱ་བའི་ཆེད་ཡིན་པའི་ཕྱིར་ཏེ། ཆོས་མཆོག་གིས་ངེས་པ་སྨོས་པས་ནི། མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་ཏེ་ཞེས་གསུངས་པའི་ཕྱིར་རོ། ཡང་། རིགས་རྒྱན་མུན་སེལ་ལས། ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཟུར་དུ་ངེས་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། སྒྲ་བྱས་པ་ཡིན་མིན་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པ་བསལ་བའི་དགོས་པ་ཡོད་པའི་ཕྱིར། རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་དུ། ངེས་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ངག་སྨྲ་བའི་རྟགས་ཀྱིས་ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བའི་ལྷས་བྱིན་ཀུན་མཁྱེན་དུ་སྒྲུབ་པ་བཞིན་དུ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ལ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་བྱས་པ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པ་བསལ་བའི་དགོས་པ་ཡོད་པའི་ཕྱིར་ཞེས་དང་། ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་ངེས་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ངག་སྨྲ་བའི་རྟགས་ཀྱིས་ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བའི་ལྷས་བྱིན་ཀུན་མཁྱེན་དུ་སྒྲུབ་པ་བཞིན་དུ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ལ་ཐེ་ཚོམ་ཟ་བའི་གང་ཟག་གི་ངོར་བྱས་པ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པ་བསལ་པའི་དགོས་པ་ཡོད་པའི་ཕྱིར་ཞེས་དང་། ལྡོག་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་དུ་ངེས་པ་སྨོས་པ་ཆོས་ཅན། དགོས་པ་ཡོད་དེ། ངག་སྨྲ་བའི་རྟགས་ཀྱིས་ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བའི་ལྷས་བྱིན་ཀུན་མཁྱེན་མ་ཡིན་པར་སྒྲུབ་པ་བཞིན་དུ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་མ་གྲུབ་པ་གསལ་བའི་དགོས་པ་ཡོད་པའི་ཕྱིར། སེལ་ནུས་ཏེ། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་དེ་ངག་སྨྲ་ཀུན་མཁྱེན་ལ་ཡོད་མེད་ཐེ་ཚོམ་ཟ། བྱས་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་མི་ཟ་བའི་ཕྱིར་ཞེ་གསུངས་སོ། དེ་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོས་རྟགས་ཡང་དག་ལ་ཚུལ་གསུམ་ཚད་མས་ངེས་པར་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་པ་ངེས་དགོས་པ་ཞིབ་པར་བསྟན་ནས། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ལྡོག་ཁྱབ་ཏུ་འདོད་པ་ནི་སློབ་དཔོན་གྱི་བཞེད་པ་མ་ཡིན་པར་བསྟན་ཏོ།
    
༢.རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ལྷག་ལྡན་འཁྲུལ་པ་ཅན་དུ་བསྟན་པ།
    
གོང་དུ་སློབ་དཔོན་གྱིས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པ་ཁེགས་མོད་ཀྱང་། འདིར་ལྷག་ལྡན་ལ་མ་ངེས་པའི་གཏན་ཚིགས་ཀྱི་མིང་དུ་བཏགས་ནས་འཆད་པ་ལ་དགོས་པ་མེད་སྙམ་ན། དགོས་པ་ཤིན་ཏུ་ཆེ་སྟེ། གཞན་སྡེས་བཀོད་པའི་གཏན་ཚིགས་དག་ཡང་དག་ཏུ་མི་འགྱུར་བར་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ལྟར་སྣང་ཡིན་མིན་ལ་སྒྲོ་འདོགས་ཆོད་པར་མི་འགྱུར་བས། དེ་ལྟར་སྒྲོ་འདོགས་ཆོད་པར་བྱ་བའི་ཆེད་དུ་གཞན་སྡེས་བཀོད་པའི་གཏན་ཚིགས་དག་ཇི་ལྟར་ལྷག་ལྡན་ཏུ་འགྱུར་ཚུལ་བསྟན་པ་དང་། དེ་ལྟར་བསྟན་ནས་སངས་རྒྱས་པས་དེ་ལྷག་ལྡན་གྱི་མ་ངེས་པའི་མིང་དོན་དུ་བསྟན་པར་བྱ་བའི་ཆེད་དུ་ཡིན།
    
གཞན་སྡེས་བཀོད་པའི་རྟགས་ལྷག་ལྡན་གྱི་མ་ངེས་པར་བསྟན་པ། དཔྱོད་པ་སོགས་པ་ལ། སངས་རྒྱས་པས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བ། ཞེས་ནས་ལུང་དྲོད་གཤེར་ཚོགས་པའི་ཞིང་ཤར་མ་དེ། རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཏུ་བསྟན་པ་ལ། དཔྱོད་པ་ན་རེ། དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཏུ་འདོད་པ་བཞིན་དུ། རྒྱུའི་ཕྱོགས་གཅིག་ཙམ་མ་ཚང་བ་སྟེ་ཆུ་ལུད་དང་བྲལ་བའི་ཞིང་དེ། དེ་འདྲའི་ཞིང་ཤར་མ་རང་འབྲས་ནས་མྱུག་འབྱུང་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཏུ་འགྱུར་རོ་ཞེ་ན། དེ་འགོག་པ་ལ། རྣམ་འགྲེལ་ལས། རྒྱུ་མ་ཚོགས་པས་འབྲས་བུ་ནི།། རྗེས་སུ་དཔོག་པ་གང་ཡིན་ཏེ།། ལྷག་མ་དང་ལྡན་དུས་མེད་ཕྱིར།། ལུས་ལས་འདོད་ཆགས་རྗེས་དཔོག་བཞིན།། ཞེས་ནས་མྱུག་གི་རྒྱུ་མ་ཚོགས་པའི་ཆུ་ལུད་དང་བྲལ་བའི་དགུན་དུས་ཀྱི་རྡོ་ལྷེབས་སྐམ་པོའི་སྟེང་གི་ནས་འབྲུ་ཆོས་ཅན། ཁྱོད་ཆུ་ལུད་དང་བྲལ་བའི་དགུན་དུས་ཀྱི་ནས་འབྲུ་ལས་རང་འབྲས་ནས་ཀྱི་མྱུ་གུ་འབྱུང་རུང་དུ་རྗེས་སུ་དཔོག་པའི་གཏན་ཚིགས་ཡང་དག་གང་ཡིན་པ་དེ་མ་ཡིན་པས་ཐལ། ཁྱོད་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར་རོ། ཁྱོད་ནུས་པ་འགྱུར་ནས་ཀྱང་། ཁྱོད་ལ་ནས་མྱུག་སྐྱེ་བའི་ནུས་པ་མེད་པའི་ཕྱིར། དཔེར་ན། ལུས་རྒྱས་པ་དང་། དབང་པོ་དྭངས་བ། བློ་གསལ་བ་ཙམ་ལས་སྐྱེས་བུ་ཕ་རོལ་པོ་འདོད་ཆགས་ཅན་དུ་རྗེས་སུ་དཔོག་པ་ལ་ཁྱབ་པ་འཁྲུལ་བ་བཞིན་ནོ། དེ་བཞིན་དེ་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་བ་བཞིན་ནོ། དེ་བཞིན་དེ་དེ་སྒྲུབ་ཀྱི་ཁྱབ་པ་འཁྲུལ་པ་ཅན་གྱི་གཏན་ཚིགས་ཡིན་ཏེ། རྣམ་བཤད་ལས། སྐྱེས་བུའི་ལུས་དང་དབང་པོ་དང་བློ་ཆོས་ཅན། ཁྱོད་ཆགས་བྲལ་ལ་མ་མཐོང་དུ་ཆུག་ཀྱང་རང་ཕྱོགས་ཀྱི་ཆོས་སུ་གྲུབ་པའི་གཞིར་འདོད་ཆགས་རྗེས་སུ་དཔོག་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཆགས་བྲལ་ལ་སྲིད་པ་གང་ཞིག ཁྱོད་ལས་འདོད་ཆགས་སྐྱེ་བར་མཐོང་ཡང་། ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་མེད་པར་སྐྱེ་མི་སྲིད་པའི་ཕྱིར་ཞེས་གསུངས་སོ། དེ་བཞིན་རང་རེས། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་ཏེ་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འཁྲུལ་པ་མེད་པའི་ཕྱིར་བྱས་པ་ལ། ཁ་ཅིག་གིས་དེ་དེ་སྒྲུབ་ཀྱི་འབྲས་བུའི་གཏན་ཚིགས་ཡང་དག་ཡིན་པ་བཞིན་དུ། དུ་བ་དུ་ལྡན་ལ་ལ་ཙནྡ་གྱི་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་མཐོང་ཙམ་ལྡོག་ཁྱབ་གྲུབ་པའི་ཕྱིར་ཟེར་ན། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལའི་སྟེང་དུ་འགོད་ཚུལ་དང་མཐུན་པར་མཐོང་བས། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་། ཁྱོད་དུ་ལྡན་ལ་ལ་ཙནྡ་གྱི་མེ་ཡོད་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་མཐོང་ཙམ་གྱི་ལྡོག་ཁྱབ་གྲུབ་པའི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། དཔེར་ན། ངག་སྨྲ་ངག་སྨྲའི་སྐྱེས་བུ་ཆགས་ཅན་དུ་དཔོག་པ་ལ་ཁྱབ་པ་འཁྲུལ་བ་བཞིན་ནོ། དེས་ན། རྣམ་འགྲེལ་ལས། མི་མཐུན་ཕྱོགས་ལ་མ་མཐོང་བ།། ཙམ་གྱིས་འབྲས་སྤྱི་མཐོང་བ་ལས།། གཏན་ཚིགས་ཤེས་པ་ཚད་ལྟར་སྣང་།། ཚིག་ལས་ཆགས་ཅན་ལ་སོགས་བཞིན།། ཞེས་གསུངས་སོ། འོན་ཀྱང་། ངག་སྨྲ་དེ་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆགས་ཅན་དུ་དཔོག་པའི་ཁྱབ་པ་འཁྲུལ་པ་ཅན་མ་ཡིན་ཏེ། སྐབས་ཀྱི་ཕྱི་རྒོལ་གྱིས་ངག་སྨྲ་ཆགས་བྲལ་ལ་མ་མཐོང་ཙམ་རྗེས་ཁྱབ་དང་། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ལྡོག་ཁྱབ་གྲུབ་པར་འདོད་པའི་ཕྱིར་ཞེ་ན། མི་འཐད་དེ། སྐབས་ཀྱི་ཕྱི་རྒོལ་གྱིས་རྟགས་མཐུན་ཕྱོགས་ལ་མཐོང་ཞིང་། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྲུབ་ཀྱང་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འཁྲུལ་སྲིད་པའི་ཕྱིར། དཔེར་ན། ཕྲུ་ནང་གི་འབྲས་ལྷག་མ་རྣམས་ཆོས་ཅན། ཚོས་པ་ཡིན་ཏེ། ཚོས་པའི་འབྲས་དང་སྣོད་གཅིག་ཏུ་བཙོས་པར་མཚུངས་པའི་ཕྱིར་ཞེས་པའི་དོན་ལས་གཞན་བྱེ་བྲག་པ་དང་རྒྱང་འཕེན་གྱིས་འདོད་པའི་གཏན་ཚིགས་ཀྱང་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ལྟར་སྣང་དུ་བསྟན་པ་ཡིན་ནོ།
    
ལྷག་ལྡན་གྱི་མིང་དོན་ཇི་ལྟར་ཡིན་པ་བསྟན་པ།རྣམ་འགྲེལ་ལས། གང་ཞིག་མ་མཐོང་བ་ཙམ་གྱིས།། ལྡོག་པ་རབ་ཏུ་སྟོན་བྱེད་པ།། དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར།། དེ་ལ་ལྷག་མ་ལྡན་ཞེས་བརྗོད།། ཅེས་ཤོ་ལོ་ཀ་གཅིག་པུ་འདིས་གོང་དུ་བསྟན་པའི་གཞུང་གི་ཚིག་ལས་ཆགས་ཅན་ལ་སོགས་བཞིན། ཞེས་པའི་སྐབས་ངག་སྨྲ་ངག་སྨྲའི་སྐྱེས་བུ་ཕ་རོལ་པོ་ཆགས་ཅན་དུ་སྒྲུབ་པའི་ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཏེ། ངག་སྨྲ་ཆོས་ཅན། ཁྱོད་དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་། མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར་ཞེས། པཎ་ཆེན་བསོད་ནམས་གྲགས་པ་མཆོག་གིས། གཞུང་གི་ཚིག་གིས་སྐབས་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ངག་སྨྲ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་ཞིང་མི་མཐུན་ཕྱོགས་ལ་ཐེ་ཚོམ་གྱི་ལྷག་མ་དང་བཅས་པའི་ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ཡིན་པ་དངོས་སུ་བརྗོད་ནས། འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཤུགས་ལ་བསྟན་པར་བཞེད་དེ། གང་ཞིག་མཐོང་བ་ཙམ་གྱིས་ནི།། རྗེས་འགྲོ་རབ་ཏུ་སྟོན་བྱེད་པ།། ཞེས་འདོན་པ་དང་སྦྱར་ན། དེ་ཆོས་ཅན། ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཆགས་བྲལ་དུ་སྒྲུབ་པའི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཏེ། ཁྱོད་དེ་སྒྲུབ་ལ་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱོད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་ངེས་ཤིང་། མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་ཕྱིར། ཞེས་པར་འགྱུར་བའི་ཕྱིར་ཞེས་གསུངས་མོད་ཀྱང་། མཁས་གྲུབ་ཆོས་ཀྱི་རྒྱལ་པོས་ཊཱིཀ་ཆེན་དུ་རྩ་བའི་ཚིག་ལ་དགོངས་ཏེ། རབ་ཏུ་སྟོན་པར་བྱེད་པའི་རྟགས་ངག་སྨྲ་བ་དེ་ཆོས་ཅན། ཁྱོན་ལ་དེ་སྒྲུབ་ཀྱི་ལྷག་མ་དང་ལྡན་པའི་རྟགས་ཞེས་བརྗོད་རིགས་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་ཡང་མི་མཐུན་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པར་ཕྱིར་ཞེས་དང་། ཡང་རྣམ་འགྲེལ་ལེགས་པར་བཤད་པ་ལས། ལྷག་ལྡན་གྱི་དོན་ཅི་ཞེ་ན། གང་ཞིག་མ་མཐོང་བ་ཙམ་གྱིས་ལྡོག་པར་རབ་ཏུ་སྟོན་པར་བྱེད་པའི་ངག་སྨྲ་བ་དེ་ནི་ཆོས་ཅན། ཕ་རོལ་པོ་ཆགས་ལྡན་དུ་སྒྲུབ་པ་དེ་ལ་ལྷག་མ་དང་ལྡན་པ་ཞེས་བརྗོད་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་ཞེས་དང་། དེ་བཞིན་རིགས་རྒྱན་མུན་སེལལས། ལྷག་མ་དང་ལྡན་པ་ཞེས་བྱ་བ་འདི་ཅི་ཡིན་ཞེས་འདྲི་བར། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷག་མ་དང་ལྡན་པ་ཞེས་བྱ་བའི་སྒྲའི་ནི་མ་ངེས་པའི་རྣམ་གྲངས་ཡིན་ནོ། ཞེས་སོགས་གསུངས་པའི་ཕྱིར། ངག་དོན་དྲིལ་ན། ངག་སྨྲ་བ་ཆོས་ཅན། ཀུན་མཁྱེན་བསྐལ་དོན་དུ་སོང་བའི་གང་ཟག་གི་ངོར་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཏེ། དེའི་ངོར་དེ་སྒྲུབ་ཀྱི་ཡང་དག་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཏེ། དེའི་ངོར་དེ་སྒྲུབ་ཀྱི་ཕྱོགས་ཆོས་གང་ཞིག་དེ་འདྲའི་གང་ཟག་དེས་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཆོས་གང་ཞིག་དེ་འདྲའི་གང་ཟག་དེས་ཁྱོན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་ཞིང་མི་མཐུན་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་གྱི་ལྷག་མ་དང་བཅས་པའི་ཕྱིར་ཞེས་གསུངས་སོ། དེས་ན། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ལ་ཡང་དག་ལྷག་ལྡན་དང་འགལ་བ་ལྷག་ལྡན་གཉིས་སུ་ངེས་ཀྱང་། འདིར་སྐབས་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམས་ཟ་བར་ལྷག་མ་དང་ལྡན་པའི་གཏན་ཚིགས་ཡིན་པར་བཞེད་ནའང་། ཤུགས་ལ་སྐབས་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་ཞིང་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བའི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་དེ་ཡང་དེ་ལྟར་ཡིན་པར་སེམས་ཏེ། ཚད་མའི་དགོངས་རྒྱན་ལས། མཐུན་ཕྱོགས་མི་མཐུན་ཕྱོགས་གང་རུང་ལ་མཐོང་ཡང་དེ་གཉིས་གང་རུང་ལ་ཐེ་ཚོམ་ཟ་བ་དེ་ལྷག་ལྡན་དུ་བརྗོད་པའི་ཕྱིར་ཞེས་དང་། དེ་བཞིན་རྣམ་ངེས་ཊཱིཀ་ཆེན་དགོངས་པ་རབ་གསལ་ལས། སྲོག་ལ་སོགས་པ་ཆོས་ཅན། མཐུན་པའི་ཕྱོགས་བདག་དངོས་པོ་མེད་པ་ལས་ལྡོག་པ་མེད་པ་ལྡོག་པར་ཐེ་ཚོམ་ཟ་བར་འགྱུར་ཏེ། བདག་ཡོད་མེད་ཐེ་ཚོམ་ཟ་བས་དེའི་ཕྱིར་མི་མཐུན་པའི་ཕྱོགས་བདག་མེད་ལས་ཀྱང་ལྡོག་པར་ཐེ་ཚོམ་ཟ་སྟེ། མཐུན་ཕྱོགས་བདག་ལས་ལྡོག་པར་ཐེ་ཚོམ་ཟ་བ་དེ་ཉིད་ཀྱི་ཕྱིར། ཁྱབ་པར་ཐལ། བདག་གམ་བདག་མེད་གཅིག་ཁོ་ན་ལ་ཡོད་པར་ངེས་པར་གྲུབ་ན་གཞན་ལས་ལྡོག་པ་གྲུབ་པའི་ཕྱིར་རོ་ཞེས་དང་། སྡེ་བདུན་རྒྱན་ཡིན་ཀྱི་མུན་སེལ་ལས། ལྷག་ལྡན་ཞེས་པ་ནི་ཁྱབ་འབྲེལ་ལ་ཐེ་ཚོམ་གྱི་ལྷག་མ་དང་ལྡན་པར་བྱེད་ཀྱི་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་ངེས་དང་མི་མཐུན་ཕྱོགས་ལ་མེད་ངེས་གང་དུ་ཡང་གོ་བར་མི་བྱེད་པ་ལ་བརྗོད་པ་ཡིན་པས། ལྷག་ལྡན་གྱི་རྟགས་དང་མ་ངེས་པའི་རྟགས་མིང་གི་རྣམ་གྲངས་ཡིན་ལ། མཚན་ཉིད་ནི། དེ་སྒྲུབ་ལ་ཕྱོགས་ཆོས་སུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ལ་ཐེ་ཚོམ་ཙམ་སྐྱེད་བྱེད་ཀྱི་རྟགས། དཔེར་ན་ལུས་ལས་འདོད་ཆགས་དཔོག་པ་ལྟ་བུའོ། དེ་ལྟར་ན། གང་ཞིག་མ་མཐོང་བ་ཙམ་གྱིས།། ལྡོག་པ་རབ་ཏུ་སྟོན་བྱེད་པ།། དེ་ནི་ཐེ་ཚོམ་རྒྱུ་ཡིན་ཕྱིར།། དེ་ལ་ལྷག་མ་ལྡན་ཞེས་བརྗོད།། ཅེས་གསུངས་པར་བརྟགས་ན། སྐབས་ཀྱི་ཕྱི་རྒོལ་གྱིས་དེ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ། མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་ཡོད་མེད་ཐེ་ཚོམ་ཟ་བ་ན་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མིང་དོན་དུ་རང་སྡེ་སངས་རྒྱས་པས་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་ཤིང་། དེ་ལྟར་བཏགས་པ་ཡིན་ནོ། ཞེས་ཁོ་བོས་རྣམ་ངེས་དར་ཊཱིཀ་དང་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་གྱི་རྗེས་སུ་འབྲངས་ནས་བཤད་དོ།
    
༣.རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་ཏུ་འདོད་པའི་གཞན་སྡེ་དགག་པ།
    
གཞན་སྡེ། བྱེ་བྲག་པ་སོགས་ཀྱིས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་ཅིང་། བདག་དང་ས་ལ་ཤེས་ཡོད་སོགས། ཞེས་པའི་དོན་གྱི་འདོད་ཚུལ་ལས་ནང་འགལ་དུ་འགྱུར་པས། གཞན་སྡེ་རིགས་པས་སུན་དབྱུང་བར་བྱ་སྟེ། རྣམ་འགྲེལ་ལས། བདག་དང་ས་ལ་ཤེས་ཡོད་སོགས།། མེད་པར་རབ་སྒྲུབ་བྱེད་མིན་པའི།། མ་དམིགས་གང་ཡིན་དེ་ཁོ་ན།། གཏན་ཚིགས་མེད་སྒྲུབ་ཡིན་ནམ་ཅི།། ཞེས་རྟགས་མི་མཐུན་ཕྱོགས་ལ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་དམིགས་པ་གང་ཡིན་པ་དེ་ཁོ་ན་གཏན་ཚིགས་མི་མཐུན་ཕྱོགས་ལ་མེད་པའི་སྒྲུབ་བྱེད་ཡིན་ནམ་ཅི་སྟེ་མ་ཡིན་པར་ཐལ། གསོན་ལུས་ལ་བདག་དང་། ས་ལ་ཤེས་པ་ཡོད་པ་སོགས་འོ་མའི་དུས་ཞོ་རྣམས་སྐབས་ཀྱི་ཕྱི་རྒོལ་གྱིས་མ་དམིགས་པ་དག་མེད་པར་རབ་ཏུ་སྒྲུབ་ནུས་པ་མ་ཡིན་པའི་ཕྱིར། དེ་ཡང་བྱེ་བྲག་པས་གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པ་ལ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཡང་། དེ་ཡོད་པར་འདོད་པ་ལ། སྨོན་ཊཱིཀ་ཏུ། སངས་རྒྱས་པས། གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་མཐོང་བས་དེ་སྒྲུབ་ཀྱི་ལྡོག་ཁྱབ་འགྲུབ་པ་མ་ཡིན་པར་ཐལ། གསོན་ལུས་ལ་གང་ཟག་གི་བདག་ཚད་མས་མ་དམིགས་ན། དེ་ལ་གང་ཟག་གི་བདག་མེད་པས་མ་ཁྱབ་ཕྱིར། རྟགས་ཁས་བླངས་ཏེ། བྱེ་བྲག་པས་གསོན་ལུས་གང་ཟག་གི་བདག་བཅས་སུ་ཁས་བླངས་པ་ལ། སངས་རྒྱས་པས་དེ་ལ་གང་ཟག་གི་བདག་མེད་པར་ཐལ། དེ་ལ་དེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་སྨྲས་པ་ལ། བྱེ་བྲག་པས། མ་ཁྱབ་སྟེ། གང་ཟག་གི་བདག་དེ་གཞི་གང་གི་སྟེང་དུ་ཡང་མཐོང་རུང་མིན་པའི་ཕྱིར་ཞེས་གསུངས། རྩ་བའི་གསལ་བར་འདོད་མི་ནུས་ཟེར་ན། འདོད་ནུས་ཏེ། སྐབས་ཀྱི་ཕྱི་རྒོལ་གྱིས་སྲོག་ལྡན་མི་མཐུན་ཕྱོགས་ལ་མ་མཐོང་བའམ་མ་དམིགས་པ་གང་ཡིན་པ་དེ། གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་བླངས་པར་མི་རིགས་ཏེ། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར་ཏེ། ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་ལས། སྲོག་ལྡན་གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། དེ་དེ་ལྟར་དུ་སྒྲུབ་པའི་ཕྱོགས་ཆོས་གང་ཞིག དེའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་གྲུབ་པའི་ཕྱིར་ཏེ། སྐབས་ཀྱི་ཕྱི་རྒོལ་གྱིས་རྟགས་དེ་བདག་མེད་ལ་མ་མཐོང་བ་གྲུབ་པའི་ཕྱིར། ཁྱབ་པ་ཁས་ཤིང་། རྩ་བར་འདོད་མི་ནུས་པ་ནི། མདོ་རང་འགྲེལ་ལས། བདག་ལྟར་མཚུངས་པའི་བུམ་པ་ལ་སོགས་པ་བདག་མེད་པ་ཉིད་དུ་མ་གྲུབ་སྟེ། མ་དམིགས་པ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། ཞེས་གསུངས་ནས། བྱེ་བྲག་པས་གསོན་ལུས་ལ་གང་ཟག་གི་བདག་མ་མཐོང་ཡང་ཡོད་པར་འདོད་པ་དང་། སྲོག་ལྡན་གསོན་ལུས་གང་ཟག་གི་བདག་བཅས་སུ་སྒྲུབ་པའི་མི་མཐུན་ལ་མ་མཐོང་བས་དེ་ལ་མེད་ངེས་སུ་འདོད་པ་དག་ཁས་བླངས་ནང་འགལ་དུ་བསྟན་ནས་བཀག་པར་མཛད་ལ། དེ་བཞིན་རྒྱང་འཕེན་ལ་ཁས་བླངས་ནང་འགལ་སྟོན་ཏེ་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་ཀུན་མཁྱེན་མ་ཡིན་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་མཐོང་ཙམ་གྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་གྲུབ་པ་མ་ཡིན་པར་ཐལ། ས་ལ་ཤེས་པ་ཚད་མས་མ་དམིགས་ན་ས་ལ་ཤེས་པ་མེད་པས་མ་ཁྱབ་པའི་ཕྱིར། རྟགས་ཁས་ཞེས། རྒྱང་འཕེན་པས་འབྱུང་བཞི་ལ་ཤེས་པ་མ་མཐོང་ཡང་ཡོད་པར་འདོད་ཅིང་། ཚིག་སོགས་སྐྱེས་བུ་ཕ་རོལ་པོ་ལ་ཀུན་མཁྱེན་འགོག་པའི་མཐུན་ཕྱོགས་ལ་མ་མཐོང་བས་དེ་ལ་མེད་པར་འདོད་པ་དང་། ཡང་གྲངས་ཅན་པས། འདུས་བསགས་ཆོས་ཅན་ཁྱོད་མིག་སོགས་བདག་དོན་བྱེད་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་སྐབས་ཀྱི་ཕྱི་རྒོལ་གྱིས་མ་མཐོང་ཙམ་གྱིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་འགྲུབ་པ་མ་ཡིན་པར་ཐལ། འོ་མའི་དུས་ན་ཞོ་ཚད་མས་མ་དམིགས་ན། དེའི་དུས་ན་ཞོ་མེད་པས་མ་ཁྱབ་པའི་ཕྱིར། རྟགས་ཁས་ཞེས་འོ་མ་ལ་ཞོ་མ་མཐོང་ཡང་ཡོད་པར་འདོད་ཅིང་། འདུས་བསགས་མིག་སོགས་གང་ཟག་གི་བདག་དོན་བྱེད་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་མ་མཐོང་བས་དེ་ལ་མེད་པར་འདོད་པ་ནི་ཁས་བླངས་ནང་འགལ་དུ་གྱུར་པའི་གཏན་ཚིགས་འབའ་ཞིག་སྨྲ་བར་ཟད་ཅིང་། རང་ཉིད་ཀྱི་ལྟ་བ་དག་འདམ་གྱི་དབུས་སུ་བཏབ་པའི་ཕུར་པ་བཞིན་རང་ཚུགས་སུ་གནས་པའི་སྤོབས་པ་ཡེ་ནས་མེད་རྐྱེན། སངས་རྒྱས་པ་དག་གིས་དེ་དག་གི་རིགས་པ་དྲུང་ནས་ཕྱུང་བར་མཛད་དོ།

གཉིས་པ། རྟགས་ཡང་དག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་རྟགས་ཆོས་མེད་ན་མི་འབྱུང་བའི་

འབྲེལ་བ་ངེས་པ་ལ་བལྟོས་པར་སྒྲུབ་པར་བསྟན་པ་ལ།

༡.ཁྱབ་པ་ངེས་པ་འབྲེལ་བ་ངེས་པ་ལ་བལྟོས་པར་སྒྲུབ་པ་དངོས་བཤད་པ།
  གོང་དུ་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་ཙམ་ལས་ལྡོག་ཁྱབ་འགྲུབ་པ་ཁེག་ཅིང་མཐུན་ཕྱོགས་ལ་མཐོང་ཙམ་ལས་རྗེས་ཁྱབ་འགྲུབ་པ་མིན་ཏེ། རྟགས་ཆོས་རྒྱུ་དང་འབྲས་བུའི་དངོས་པོའམ་རང་བཞིན་དང་རང་བཞིན་ཅན་དུ་ངེས་པར་བྱེད་པ་ལས་མེད་ན་མི་འབྱུང་བར་ངེས་པ་ཡི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་འགྲུབ་པའི་ཕྱིར་དང་། རྟགས་དེ་ཡོད་པ་ཙམ་དང་རང་ཆས་སུ་རྗེས་སུ་འབྲེལ་བའི་ཆོས་ཀྱི་ངོ་བོ་ལོག་པའི་སྟོབས་ཉིད་ཀྱིས་རྟགས་ཀྱི་ངོ་བོ་ཉིད་ལྡོག་པར་འགྱུར་བ་ཡིན་ཏེ། རང་བཞིན་དང་རང་བཞིན་ཅན་ལ་འཁྲུལ་པ་མེད་པའི་ཕྱིར། དེ་བཞིན་དུ་རྒྱུ་ལོག་པ་ཡིས་ནི་འབྲས་བུ་ལྡོག་པར་འགྱུར་ཏེ། འབྲས་བུ་རྒྱུ་ལ་རྗེས་སུ་འགྲོ་ལྡོག་འཁྲུལ་པ་མེད་པའི་ཕྱིར། དེས་ན། འབྲས་རང་གི་ལྡོག་འབྲེལ་གྲུབ་སྟེ། རྒྱུ་འབྲས་དང་རང་བཞིན་དང་རང་བཞིན་ཅན་དག་རྗེས་སུ་འགྲོ་ལྡོག་མི་འཁྲུལ་བའི་འབྲེལ་བ་ངེས་པའི་ཕྱིར་ཞེས་མཁས་གྲུབ་ཆོས་ཀྱི་རྒྱལ་པོས་གསུངས་སོ། དེས་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ། རྟགས་ཆོས་ཀྱི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པ་དང་། འབྲེལ་བ་དེ་ངེས་པ་ལ་བསྒྲུབ་བྱའི་ཆོས་དེ་ལྡོག་སྟོབས་ཀྱིས་རྟགས་དེ་ལྡོག་པར་ངེས་པར་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། དཔེར་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ། བྱས་མི་རྟག་གི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་པ་དང་། འབྲེལ་བ་དེ་ངེས་པ་ལ་མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པ་ངེས་པར་སྔོན་དུ་འགྲོ་དགོས་ཤིང་། མི་རྟགས་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པར་ངེས་པ། རྟག་པ་བྱས་སྟོང་དུ་ངེས་པ། རྟག་པ་དང་བྱས་པའི་གཞི་མཐུན་མེད་པར་ངེས་པ། རྟག་པ་ལ་བྱས་པ་མེད་པར་ངེས་པ་རྣམས་དོན་གཅིག་པ་དང་། དེ་བཞིན་དུ་རྟག་པའི་རྟགས་ཀྱིས་ནམ་མཁའ་མ་བྱས་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་རྒ་པ་དང་མ་བྱས་པའི་འབྲེལ་པ་ངེས་པ་སྔོན་དུ་འགྲོ་དགོས་པ་དང་། འབྲེལ་བ་དེ་ངེས་པ་ལ་མ་བྱས་པ་ལྡོག་སྟོབས་ཀྱིས་རྟག་པ་ལྡོག་པར་ངེས་པ་སྔོན་དུ་འགྲོ་དགོས་ཤིང་། མ་བྱས་པ་ལྡོག་སྟོབས་ཀྱིས་རྟག་པ་ལྡོག་པར་ངེས་པ། བྱས་པ་རྟག་སྟོང་དུ་ངེས་པ། བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ངེས་པ། བྱས་པ་ལ་རྟག་པ་མེད་པར་ངེས་པ་རྣམས་དོན་གཅིག་ཅེས་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་ལས་གསུངས་ཤིང་། དེ་ལྟ་བུའི་དགོངས་པ་ཡང་ཐར་ལམ་གསལ་བྱེད་ལ་བརྟེན་པར་བྱས་ཡོད་དེ། ཐར་གསལ་ལས། སྤྱིར་འབྲེལ་བ་གཏན་ལ་ཕབ་པ་ལས་རྟགས་གསུམ་ཀྱི་རྣམ་དབྱེ་མི་འདོད་བཞིན་དུ་ཁས་བླངས་དགོས་ཏེ། དུ་བ་མེ་དང་འབྲེལ་བ་དེ་དང་ཐ་དད་དེ་ལོག་པའི་སྟོབས་ཀྱིས་ལྡོག་པའི་ཕྱིར། ཞེས་པའི་རྒྱུ་མཚན་ལས་འགྲུབ་ལ། མེ་ལོག་པའི་སྟོབས་ཀྱིས་དུ་བ་ལྡོག་པ་སྤྱིར་མངོན་སུམ་གྱིས་གྲུབ་ཀྱང་གཞི་འགར་དུ་བ་ལོག་མ་ལོག་ཐེ་ཚོམ་ཟ་ནས་རྟགས་ཀྱིས་བསྒྲུབ་ན་རྒྱུ་མ་དམིགས་པ་དང་། ཡང་མེ་དུའི་འབྲེལ་བ་མངོན་སུམ་གྱིས་ངེས་ཀྱང་གཞི་འགར་མེ་ཡོད་མེད་ཀྱི་ཐེ་ཚོམ་ལྡོག་པར་བྱེད་པ་ལ་འབྲས་བུའི་གཏན་ཚིགས་དགོས་སོ། དེ་བཞིན་དུ་ཤ་པ་དང་། ཤིང་གི་འབྲེལ་བ་བསྒྲུབ་པ་ལས་ཁྱབ་བྱེད་མ་དམིགས་པ་དང་། རང་བཞིན་གྱི་གཏན་ཚིགས་འགྲུབ་བོ། བྱས་པ་མི་རྟག་པ་ལ་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་དེ་གཉིས་ཐ་དད་མངོན་སུམ་གྱིས་གྲུབ་ཅིང་། མི་རྟག་པ་ལོག་པའི་སྟོབས་ཀྱིས་བྱས་པ་ལྡོག་པའི་ཚུལ་ནི་མི་རྟག་པ་ལོག་པའི་གཞི་ལ་བྱས་པ་འགོག་པའི་གནོད་པ་ཅན་གྱི་རྟགས་ལ་བརྟེན་ན་བསྒྲུབ་པ་ཡིན་ཏེ་ཞེས་བྱས་པ་མི་རྟག་པ་ཁོ་ནར་ཡོད་པར་ངེས་པ་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པར་བསྟན་ཅིང་། བྱས་མི་རྟག་གི་འབྲེལ་བའི་དོན་ལྡོག་ཀྱང་འཁྲུལ་བ་མེད་པར་འགྲུབ་པ་ཡིན་ཏེ། ཊཱིཀ་ཆེན་ལས། མི་རྟག་པ་བཀག་ན་བྱས་པ་ཁེགས་པ་ཡིན་ལ། བྱས་མི་རྟག་ཐ་དད་དུ་བྱས་མི་རྟག་གི་དོན་སྤྱི་སོ་སོར་ཤར་བའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་ཤུགས་ལ་འགྲུབ་ཅིང་། མི་རྟག་པ་བཀག་ན་བྱས་པ་ཁེགས་པ་ནི། རྟག་པ་ཆོས་ཅན། བྱས་པས་སྟོང་སྟེ་རིམ་དང་ཅིག་ཅར་གྱི་དོན་བྱེད་པས་སྟོང་བའི་ཕྱིར། ཞེས་པའི་གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་ཚད་མས་ངེས་པར་བྱེད་དོ། དེ་ལྟ་བུའི་ཚད་མ་དང་། གཞི་བྱས་པ་ངེས་པའི་ཚད་མ་དང་། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་གསུམ་གྱིས་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་པར་བྱེད་པ་ཡིན་ཅིང་། རྟག་པ་བྱས་སྟོང་དུ་ངེས་པའི་གནོད་པ་ཅན་གྱི་ཚད་མ་དེས་མི་རྟག་པ་བཀག་ན་བྱས་པ་ཁེགས་པར་ངེས་པའི་སྒོ་ནས་བྱས་པ་རྟག་པ་ལ་མེད་པ་ཁོ་ནར་ངེས་པ་ཡིན་ལ། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ལྡོག་ཁྱབ་ཀྱི་མཚན་གཞི་ནི་བྱས་པ་ཉིད་ཡིན་ཞིང་། དེ་ཉིད་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ནར་ངེས་པ་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཀྱི་དོན་ཡིན་ལ། དེ་ངེས་པ་ལ་བྱས་པ་མི་རྟག་པ་བཀག་ན་ཁེགས་པར་ངེས་དགོས་ཤིང་། བྱས་མི་རྟག་ཐ་དད་མི་རྟག་པ་བཀག་ན་བྱས་པ་ཁེགས་པ་བྱས་མི་རྟག་གི་འབྲེལ་བའི་དོན་ལྡོག་ཡིན་པས། དེའི་ཕྱིར་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་འབྲེལ་བ་ངེས་པ་ལ་བལྟོས་ཞེས་བྱའི་འབྲེལ་བ་དང་ཁྱབ་པ་དོན་གཅིག་མིན་པས་སོ་ཞེས། བྱས་མི་རྟག་གི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་རྟགས་ཆོས་མེད་ན་མི་འབྱུང་བའི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས་ཤིང་། འབྲེལ་བ་དེ་ངེས་པ་ལ་ཚད་མ་གསུམ་ངེས་པར་སྔོན་དུ་འགྲོ་དགོས་པ་ཡིན་ནོ། འོ་ན་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་ཚད་མ་གསུམ་སྔོན་དུ་སོང་ན་སྐྱོན་ཅི་ཡོད་ཅེ་ན། རྟགས་ཆོས་མེད་ན་མི་འབྱུང་བའི་ཁྱབ་པ་ཚད་མས་ངེས་པར་བྱེད་པ་ལ། གཏན་ཚིགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་། དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་དང་། བསྒྲུབ་བྱའི་ཆོས་དང་དགག་བྱའི་ཆོས་ཕན་ཚུན་སྤངས་འགལ་ལ་བརྟེན་པའི་དངོས་འགལ་དུ་ངེས་པའི་ཚད་མ་དང་གསུམ་སྔོན་དུ་ངེས་དགོས་ཤིང་། གལ་ཏེ་དེ་གསུམ་ལས་གང་རུང་གཅིག་མ་ཚང་ནའང་སྐྱོན་འདི་ལྟ་བུ་འབྱུང་བར་ངེས་ཏེ། མི་རྟག་པ་རྟག་པ་དངོས་འགལ་དུ་ངེས་པའི་ཚད་མ་དང་། རྟག་པ་ལ་བྱས་པ་འགོག་པའི་ཚད་མ་ཡོད་ཀྱང་མཚན་གཞི་བྱས་པ་ངེས་པའི་ཚད་མ་ཚང་མི་དགོས་ན། ཤེས་བྱ་མ་ཡིན་པ་མི་རྟག་པ་ཁོ་ན་ལ་ཡོད་པར་ཐལ། རྟག་པ་ལ་ཁེགས་ཤིང་རྟག་པ་དང་མི་རྟག་པ་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེ་འདོད་མི་ནུས་པ་ནི། ཤེས་བྱ་མ་ཡིན་པ་ངེས་པའི་ཚད་མ་མ་ཚང་བས་ཡིན་ནོ། ཡང་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་དགག་བྱའི་ཆོས་ལ་རྟགས་འགོག་པའི་ཚད་མ་གཉིས་ཀྱིས་ཆོག་ན་དུང་དེ་སྔོན་པོ་ཁོ་ན་ལ་འཇུག་པར་ཐལ། དུང་ངེས་པའི་ཚད་མ་ཡོད། སེར་པོ་ལ་འཇུག་པ་ཁེགས་པའི་ཕྱིར། དེ་འདོད་མི་ནུས་པ་ནི་སྔོ་སེར་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དུ་མ་གྲུབ་པས་ཡིན་ནོ། ཡང་རྟགས་ཀྱི་མཚན་གཞི་ངེས་པའི་ཚད་མ་དང་། དགག་ཆོས་སྒྲུབ་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་གཉིས་ཀྱིས་ཆོག་ན། གཞལ་བྱ་དེ་མི་རྟག་པ་ཁོ་ན་ལ་ཡོད་པར་ཐལ། གཞལ་བྱ་ངེས་པའི་ཚད་མ་དང་། རྟག་མི་རྟག་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེ་འདོད་མི་ནུས་པ་ནི། རྟག་པ་ལ་གཞལ་བྱ་འགོག་པའི་ཚད་མ་མེད་པས་ཡིན་ནོ་ཞེས་བྱས་པས། ཁ་ཅིག་ན་རེ། བྱས་མི་རྟག་གི་འབྲེལ་བ་ངེས་པ་ལ་རྟག་པ་བྱས་སྟོང་དུ་ངེས་པའི་གནོད་པ་ཅན་གྱི་གཏན་ཚིགས་སྔོན་དུ་འགྲོ་མི་དགོས་པར་ཐལ། རྟག་པ་བྱས་སྟོང་དུ་ངེས་ན་བྱས་པ་མི་རྟག་པར་ངེས་པས་ཁྱབ་པའི་ཕྱིར་ཞེ་ན། དེ་ལྟར་མ་ཡིན་ཏེ། རྟག་པ་བྱས་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་ན། བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མི་དགོས་པའི་ཕྱིར། དེ་དགོས་ན། དོན་བྱེད་ནུས་སྟོང་གིས་མ་ངེས་པའི་ཕྱིར། དེ་དང་འདྲ་བར། བྱས་པ་མི་རྟག་པར་ངེས་ན། རྟག་པ་བྱས་སྟོང་དུ་ངེས་པས་མ་ཁྱབ་པར་ཡང་གྲུབ་སྟེ། བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ན། རྟག་པ་བྱས་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་མི་དགོས་པའི་ཕྱིར། དེ་དགོས་ན། སྐད་ཅིག་མས་མ་ངེས་པའི་ཕྱིར། དེ་བཞིན་རྣམ་ངེས་ཊཱིཀྐ་ཆེན་དགོངས་པ་རབ་གསལ་ལས། གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་འདིས་སྔར་བཤད་པའི་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་ངེས་པ་ཡིན་ཀྱང་། བྱས་པ་གཞིར་བཟུང་ནས་རྟག་པ་ལ་མེད་ངེས་སུ་རྟོགས་པ་མ་ཡིན་ཏེ། དེའི་རྟེན་གཏན་ཚིགས་དེ་བྱས་པ་ལ་འགོད་ཚུལ་ལྟར་མ་གྲུབ་པའི་ཕྱིར་རོ། ཞེས་གསུངས་སོ། ཐར་ལམ་གསལ་བྱེད་དུ། རིམ་དང་ཅིག་ཅར་གྱིས་དོན་བྱེད་པས་སྟོང་པ་ཆོས་ཅན། བྱས་པ་རྟག་པ་ལ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཏུ་ཐལ། རྟག་པ་བྱས་སྟོང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན་བྱས་པ་ལ་འགོད་ཚུལ་ལྟར་གྲུབ་པར་ཐལ་ལོ། ཞེས་གསུངས་པའི་ཕྱིར། དེས་ན། བྱས་པ་མི་རྟག་པར་ངེས་པ་ལ། རྟག་པ་བྱས་སྟོང་དུ་ངེས་དགོས་ཞེས་གངས་ཅན་གྱི་མཁས་དབང་ཁ་ཅིག་གིས་གསུངས་མོད་ཀྱང་། ཁོ་བོ་ནི་སྐབས་འདིར་རྒྱལ་ཚབ་རྗེ་སོགས་ཀྱི་རྗེས་སུ་འབྲངས་ཏེ་དེ་འདྲ་ཁས་མི་ལེན་ནོ། དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེས། རྣམ་ངེས་ཊཱིཀ་ཆེན་དགོངས་པ་རབས་གསལ་དུ། དོགས་སློང་འདི་ལྟར་བཀོད་ཡོད་དེ། རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་དེས་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་སྟོང་གིས་ཁྱབ་པ་ངེས་སམ་མ་ངེས། དང་པོ་ལྟར་ན། རྩོལ་བྱུང་ལ་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་རྩོལ་བྱུང་གི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པས་སྟོང་བའི་ཁྱབ་པ་ངེས་པར་ཐལ། འདོད་ན་རྩོལ་བ་ལས་བྱུང་བའི་སྒྲ་ལ་རྟག་པས་སྟོང་བའི་ཁྱབ་པ་ངེས་པར་ཐལ། དེ་འདོད་ན། རྩོལ་བྱུང་གི་རྟགས་ལ་བརྟེན་པའི་རྗེས་དཔག་དཔྱད་ཤེས་སུ་ཐལ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་བྱེད་པ་མ་ཉམས་པའི་དོན་དེ་ཉིད་བསྣན་ནས་རྟོགས་པའི་ཤེས་པ་ཡིན་པའི་ཕྱིར། གཉིས་པ་ལྟར་ན། རྟག་པ་བྱས་སྟོང་དུ་རྟོགས་པའི་གང་ཟག་དེ། རྟག་པའི་གསལ་བའི་དབྱེ་བ་འགའ་ཞིག་ལ་བྱས་པ་འཇུག་པར་དོགས་སམ་མི་དོགས། དང་པོ་ལྟར་ན་རྟགས་མི་མཐུན་ཕྱོགས་ལ་འཇུག་པར་དོགས་པས་མི་མཐུན་ཕྱོགས་ལ་རྟགས་ཡོད་པ་མ་ཁེགས་པར་འགྱུར་ལ། གཉིས་པ་ལྟར་ན། དོགས་པ་གཅོད་བྱེད་ཀྱི་ཚད་མ་གཞན་མེད་པས་དེ་ཉིད་ཀྱིས་དོགས་པ་ཆོད་པར་འགྱུར་ལ། དེ་ལྟར་ན་རྩོལ་བྱུང་ལ་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེ་ཉིད་ཀྱིས་རྩོལ་བྱུང་གི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པ་འཇུག་པར་དོགས་པའི་སྒྲོ་འདོགས་ཆོད་པར་འགྱུར་ལ། དེ་ལྟ་ན་རྩོལ་བ་ལས་བྱུང་བའི་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་འགྱུར་རོ། དེ་ལྟ་ན་རྩོལ་བྱུང་གི་རྟགས་ལ་བརྟེན་པའི་རྗེས་དཔག་བཅད་ཤེས་སུ་ཐལ་ཏེ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་བྱེད་པ་མ་ཉམས་པའི་དོན་ལ་བསྣན་ནས་སྒྲོ་འདོགས་གཅོད་པར་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། དེས་ན་གཞི་རྟག་པ་ལ་བྱས་པ་འགོག་པའི་ཁྱད་གཞིའི་ངོས་ནས་གནོད་པ་ཅན་གྱི་རྟགས་ལ་བརྟེན་པའི་རྗེས་དཔག་གིས་སྒྲོ་འདོགས་གཅོད་ཚུལ། དེ་དཔྱད་མི་བཟོད་ལ། བསྒྲུབ་བྱའི་ཆོས་བྱས་པས་སྟོང་པའི་ངོས་ནས་བརྟགས་ན་ཡང་དཔྱད་མི་བཟོད་དེ། འདི་ལྟར་རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་དེས་གཞི་རྟག་པའི་སྟེང་དུ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་པར་ངེས་སམ་མ་ངེས། ཕྱི་མ་ལྟར་ན། བྱས་པའི་གསལ་བའི་དབྱེ་བ་འགའ་ཞིག་རྟག་པ་ལ་འཇུག་པར་དོགས་སམ་མི་དོགས། དོགས་ན་རྟགས་མི་མཐུན་ཕྱོགས་ལ་འཇུག་པར་དོགས་པས་དོགས་པ་གཅོད་བྱེད་གཞན་ཡང་མེད་པས་ལྡོག་ཁྱབ་མི་འགྲུབ་པར་འགྱུར་ལ། དོགས་པ་མེད་པ་ལ་ཡང་མི་འཐད་དེ། ཚད་མ་དེས་དོགས་པ་མ་ཆོད་ལ་དོགས་པ་གཅོད་བྱེད་གཞན་ཡང་མེད་པའི་ཕྱིར། དང་པོ་ལྟར་ན། བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས། གཞི་བྱས་པའི་སྟེང་དུ་རྟག་པའི་གསལ་བའི་དབྱེ་བ་མཐའ་དག་གིས་སྟོང་བའི་ཁྱབ་པ་ངེས་པར་འགྱུར་ལ། དེ་ལྟ་ན་སྒྲའི་རྟག་པས་སྟོང་བའི་ཁྱབ་པ་ཡང་ངེས་དགོས་པས་རྗེས་ཁྱབ་ངེས་པ་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་གྲུབ་པར་འགྱུར་རོ། ཞེ་ན། ཞེས་དང་། དོགས་སློང་གཉིས་པ་ནི། དེ་དག་གི་ལན་བརྗོད་པར་བྱ་སྟེ། རྟག་པ་བྱས་སྟོང་དུ་ངེས་པའི་ཚད་མ་དེས། རྟག་པའི་གསལ་བའི་དབྱེ་བ་མཐའ་དག་ལ་བྱས་པ་འཇུག་པར་འཛིན་པར་སྒྲོ་འདོགས་ཆོད་ཀྱང་བྱས་པས་སྟོང་བའི་ཁྱབ་པ་མ་ངེས་ལ། གལ་ཏེ་ངེས་དགོས་ན་བྱས་ན་མི་རྟག་པའི་ཁྱབ་པ་ངེས་པའི་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་པ་སྟོང་བའི་ཁྱབ་པ་ངེས་དགོས་པར་འགྱུར་ལ། དེ་ལྟ་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ཚུལ་འཇལ་བའི་ཚད་མ་དེས་བསྒྲུབ་བྱ་གྲུབ་པར་གྱུར་ཏེ། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པའི་ཁྱབ་པ་སྒྲའི་བྱས་པ་དང་ཚོགས་པགཞལ་བའི་ཕྱིར། ཞེས་དང་། དོགས་སློང་གསུམ་པ་ནི། ཡང་བྱས་ན་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པས་ཁྱབ་པ་ངེས་སུ་ཆུག་ཀྱང་སྒྲའི་བྱས་པ་ལ་མི་རྟག་པས་ཁྱབ་པ་ངེས་མི་དགོས་ཏེ། སྒྲ་དང་སྒྲའི་བྱས་པ་ལ་དངོས་ཤུགས་གང་ལ་ཡང་བློ་ཁ་ཕྱོགས་པ་མེད་པའི་ཕྱིར་རོ། དེ་བཞིན་དུ་རྩོལ་བྱུང་ལ་མི་རྟག་པས་ཁྱབ་པ་ངེས་པའི་ཚད་མ་དེས་རྩོལ་བྱུང་གི་གསལ་བའི་དབྱེ་བ་མཐའ་དག་རྟག་པས་སྟོང་བའི་ཁྱབ་པ་ངེས་ཀྱང་རྩོལ་བ་ལས་བྱུང་བའི་སྒྲ་ལ་རྟག་པས་སྟོང་བའི་ཁྱབ་པ་ངེས་མི་དགོས་པས་རྟགས་དེ་ལ་བརྟེན་པའི་བློ་བཅད་ཤེས་སུ་ཐལ་བའི་སྐྱོན་མེད་དེ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་སྒྲོ་འདོགས་བཅད་ཟིན་གྱི་དོན་ལ་བསྣན་ནས་སྒྲོ་འདོགས་གཅོད་པར་བྱེད་པ་བཅད་ཤེས་ཀྱི་དོན་མིན་པས་སྐྱོན་གཞན་ཡང་མེད་དོ་ཞེས་དང་། དེ་བཞིན་དུ། གལ་ཏེ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པའི་ཁྱབ་པ་དང་། སྒྲའི་བྱས་པ་ཚོགས་པ་ངེས་པའི་ཚད་མ་དེ་ཉིད་ཀྱིས་བསྒྲུབ་བྱ་ངེས་དགོས་ན་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་འཇལ་བའི་ཚད་མ་དེས་ཀྱང་བསྒྲུབ་བྱ་གྲུབ་པར་འགྱུར་རོ་ཞེ་ན། མི་མཚུངས་ཏེ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པའི་ཁྱབ་པ་ངེས་པའི་ཚད་མ་དེ་ཉིད་ཀྱིས་སྒྲའི་བྱས་པ་མི་རྟག་པའི་ཁྱབ་པ་མ་ངེས་ཀྱང་། སྒྲའི་བྱས་པ་ལ་བློ་ཁ་ཕྱོགས་ནས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་མི་རྟག་པའི་ཁྱབ་པ་དང་ཚོགས་པ་ཚད་མའི་ཡུལ་དུ་སོང་བ་ན་བསྒྲུབ་བྱ་གྲུབ་པར་སེམས་སོ། ཞེས་རི་བོ་དགེ་ལུགས་པའི་མཁས་དབང་ཕལ་ཆེ་བ་རྣམ་ངེས་ཊཱིཀ་ཆེན་དགོངས་པ་རབ་གསལ་གྱི་རྗེས་སུ་འབྲངས་ཏེ་དོགས་སློང་བཀོད་ཚུལ་འདིའི་སྐོར་ལ་དགོངས་པ་ཡོངས་སུ་མཐུན་པར་གནང་ངོ་།
    
༢.བདག་གཅིག་འབྲེལ་བ་ལ་གཞན་གྱི་ལོག་རྟོག་དགག་པ།
    
རྒྱུ་ཐ་དད་ལས་སྐྱེས་པ་ལ་བདག་གཅིག་ཏུ་མི་འཐད་པར་བཤད་པ།
    
ཁ་ཅིག་གིས། མི་རྟག་པ་དེ་བྱས་པ་ལས་རྫས་གཞན་ཉིད་དུ་ཐལ། མི་རྟག་པ་དེ་བྱས་པ་ལས་འབྲས་བུའི་ཆོས་རྒྱུ་དོན་གཞན་གྱི་རྒྱུ་མཚན་ཅན་འབྲས་བུ་ཡིན་པའི་ཕྱིར་ཟེར་ན། འོ་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་རྟགས་ཀྱི་རྟགས་ཆོས་རང་བཞིན་དང་རང་བཞིན་ཅན་དུ་ངེས་པར་བྱེད་པ་ལས་མེད་ན་མི་འབྱུང་ངེས་པ་མ་ཡིན་པར་མི་རྟག་པ་དེ་བྱས་པའི་རྒྱུ་ལས་དོན་གཞན་པའི་རྒྱུ་མཚན་ཅན་གྱི་ཆོས་ཡིན་ན་བྱས་པ་གྲུབ་ཙམ་ནས་མི་རྟག་པ་མ་ཡིན་པར་འགྱུར་ཏེ། དཔེར་ན་གོས་དཀར་པོ་དམར་པོ་འགྱུར་བ་ཕྱིས་འབྱུང་གི་ཚོན་ལ་བལྟོས་དགོས་པས། རང་གྲུབ་ཙམ་ནས་དམར་པོ་མ་ཡིན་པ་བཞིན་ཞེས་པ་ལ། རྣམ་འགྲེལ་ལས། གཞན་དུ་གཞན་ནི་གཞན་དག་དང་།། ངེས་པར་ཡོད་པའི་ངེས་པ་གང་།། དོན་གཞན་རྒྱུ་མཚན་ཅན་གྱི་ཆོས།། ཡིན་ན་གོས་ལ་ཚོན་བཞིན་ནོ། ཞེས་གསུངས་སོ། གཞན་ཡང་། མི་རྟག་པ་དེ་བྱས་པའི་རྒྱུ་ལས་རྒྱུ་རྐྱེན་གྱི་ཆོས་དོན་གཞན་གྱི་རྒྱུ་མཚན་ཅན་ཡིན་པར་འགྱུར་ན། བྱས་མི་རྟག་གཉིས་ངོ་བོ་སོ་སོར་ངེས་པའི་རྒྱུ་སོ་སོ་ལས་སྐྱེས་དགོས། དེ་ལྟར་ན། བྱས་པ་དེ་མི་རྟག་པ་དང་འབྲེལ་མེད་དོན་གཞན་དུ་འགྱུར་དགོས། དེ་ལྟར་ན། བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་གཏན་ཚིགས་ཡང་དག་ཏུ་འགྱུར་མི་སྲིད་དོ། གལ་ཏེ་བྱས་མི་རྟག་གཉིས་འབྲེལ་བ་ཡོད་ཅིང་རྫས་གཞན་ཡིན་ན། ཕན་ཚུན་རྒྱུ་འབྲས་ཀྱི་འབྲེལ་བ་ལས་འོས་མེད་པས། མི་རྟག་པ་དེ་བྱས་པའི་རྒྱུའམ་འབྲས་བུ་གང་ཡིན། རྒྱུ་ཡིན་ནོ་ཞེ་ན། ཐར་ལམ་གསལ་བྱེད་ལས། བྱས་པ་ཆོས་ཅན། མི་རྟག་པ་ཁྱོད་ཀྱི་རྒྱུ་ཉིད་མིན་པར་ཐལ། ཁྱོད་གྲུབ་ཟིན་པའི་ཕྱིས་འབྱུང་བའི་ཕྱིར། འབྲས་བུ་ཡིན་ནོ་ཞེ་ན་ཡང་། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་ག་ལ་ངེས་ཏེ་མ་ངེས་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ། མི་རྟག་པ་ཁྱོད་ཀྱི་འབྲས་བུ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཆོས་དོན་གཞན་གྱི་རྒྱུ་མཚན་ཅན།། ཡིན་པར་གྱུར་ན་དེ་གཞན་ཉིད།། ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན།། འབྲས་བུ་ན་ཡང་ག་ལ་ངེས།། ཞེས་པས། བྱས་མི་རྟག་གཉིས་རྒྱུ་དོན་གཞན་ལས་སྐྱེ་ན་མི་རྟག་པ་དེ་བྱས་པའི་སྔོན་དུ་བྱུང་བའམ་ཡང་ན་ཕྱིས་འབྱུང་བར་འགྱུར་ལ། དེ་ལྟར་ན་བྱས་མི་རྟག་འབྲེལ་པ་མེད་པར་འགྱུར་ཞིང་། དེ་ལྟར་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་མི་ནུས་པར་བསྟན་པ་ཡིན་ནོ། ཁ་ཅིག་གིས། བྱས་མི་རྟག་ཕན་ཚུན་འབྲེལ་བ་མེད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱས་དཔོག་པར་མི་འགྱུར་ལ། འབྲེལ་བ་ཡོད་ན་ནི་བདག་གཅིག་གི་འབྲེལ་བ་ལས་འོས་མེད། དེ་ལྟར་ན། བྱས་མི་རྟག་ངོ་བོ་ཐ་དད་མེད་པར་འགྱུར་བས། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ཏེ་བྱས་པའི་རྫས་དང་མི་རྟག་པའི་རྫས་ཀྱང་ཐ་དད་མེད་པའི་ཕྱིར་དང་། དེ་བཞིན་བྱས་མི་རྟག་གི་ཐ་དད་རྟོག་པས་བཏགས་ཙམ་ལས་དངོས་དབང་གིས་སྒྲུབ་པ་མེད་ན་དངོས་པོར་མེད་པས། རྟོག་ངོའི་བྱས་པ་རྟགས་ལ་བཀོད་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་འགལ་བར་འགྱུར་རོ། དེས་མ་ཟད་རྗེས་དཔག་གི་ལྐོག་གྱུར་གྱི་དོན་རང་མཚན་གོ་བ་མི་སྲིད་པས་རྗེས་དཔག་གི་རྣམ་གཞག་ཐམས་ཅད་ཉམས་པར་འགྱུར་ཞིང་། ཕྲ་བའི་མི་རྟག་པ་ལ་སོགས་པ་ཐམས་ཅད་ཉམས་པར་འགྱུར་ཞིང་། ཕྲ་བའི་མི་རྟག་པ་ལ་སོགས་པ་ཐམས་ཅད་ཚད་མས་མ་གྲུབ་པར་འགྱུར་རོ་ཞེས། བྱས་མི་རྟག་རྫས་གཅིག་ཡིན་ན། བྱས་པའི་རྫས་དང་མི་རྟག་པའི་རྫས་གཅིག་ཡིན་དགོས་སྙམ་པ་འདི་ནི་གྲངས་ཅན་པའི་གྲུབ་མཐའ་ཁོ་ནའི་རྗེས་སུ་འབྲངས་པར་ཟད་དེ། གྲངས་ཅན་པས། སྤྱི་གཙོ་བོའི་ངང་དུ་རྣམ་འགྱུར་ཐམས་ཅད་ངོ་བོ་གཅིག་པར་ཁས་བླངས་པས་ན། རྣམ་འགྱུར་རྣམས་སྤྱི་གཙོ་བོ་དང་། ངོ་བོ་གཅིག་ཀྱང་རྣམ་འགྱུར་རྣམས་ནང་ཕན་ཚུན་གྱི་ངོ་བོ་ཐ་དད་པའི་རྣམ་དབྱེ་མི་ཤེས་པར། བུམ་པའི་རང་བཞིན་གང་ཡིན་པ་དེ་ཉིད་སྣམ་བུའི་རང་བཞིན་ཡང་ཡིན་པ་ཁས་བླངས་པ་ལ་སོགས་པའི་སྒོ་ནས་རྣམ་འགྱུར་ཐམས་ཅད་རང་བཞིན་གཅིག་ཏུ་ཁས་ལེན་པར་བྱེད་དོ། དེ་ལྟར་ན། དངོས་པོ་ཐམས་ཅད་ཡོན་ཏན་གསུམ་ཆ་མཉམ་པའི་སྤྱི་གཙོ་བོ་རྟག་དངོས་ཆ་མེད་གཅིག་བུ་དེའི་ངང་དུ་རང་བཞིན་གཅིག་ན། བུམ་སྣམ་ལ་སོགས་པའི་དངོས་པོ་རིལ་རྫས་གཅིག་ཏུ་འགྱུར་པར་ཐལ་ལོ། འདོད་ན། བུམ་སྣམ་ལ་སོགས་པའི་དངོས་པོ་ཐམས་ཅད་ལྷན་ཅིག་སྐྱེ་བ་དང་འཇིག་པ་དག་དང་རྒྱུ་ཐམས་ཅད་འབྲས་བུ་ཐམས་ཅད་ལ་ཕན་པ་ཉེ་བར་སྤྱོར་བར་འགྱུར་བར་ཐལ། ཡུལ་དུས་རང་བཞིན་གང་ལ་ཡང་ཁྱབ་ཆེ་ཆུང་མེད་པའི་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ཞེས། ཐལ་བ་འཕེན་ནས། བྱས་མི་རྟག་རྫས་གཅིག་ན། བྱས་པའི་རྫས་དང་མི་རྟག་པའི་རྫས་ཀྱང་གཅིག་ཡིན་དགོས་སྙམ་པ་ནི་འཁྲུལ་བའི་སྐྱོན་ཁོ་ནར་བསྟན་ཏོ།
    
བྱས་མི་རྟག་བདག་གཅིག་ཏུ་བསྒྲུབ་པར་བསྟན་པ།
     
གོང་དུ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྐབས་མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པ་ནི་རང་བཞིན་རྟགས་ཀྱི་འབྲེལ་བའི་དོན་ལྡོག་ཏུ་བསྟན་པ་ཡིན་ལ། སྐབས་འདིར་བྱས་མི་རྟག་བདག་གཅིག་གི་འབྲེལ་བ་ཇི་ལྟར་ཡིན་ཚུལ་ཞིབ་པར་བསྟན་པར་བྱ་སྟེ། དངོས་པོ་རྣམས་ནི་སྐད་ཅིག་ཙམ་ཡང་མི་འཇིག་པར་མི་སྡོད་པའི་རྒྱུ་མཚན་གྱིས་མི་རྟག་ཅེས་བྱ་བ་ལ། དེ་ཡང་མི་རྟག་པ་ཉིད་དངོས་པོ་གྲུབ་པ་དང་དུས་ཅིག་ཅར་དུ་གྲུབ་པ་ལས་ཕྱིས་སམ་སྔོན་དུ་བྱུང་བ་མ་ཡིན་པའི་ཕྱིར་ཏེ། རྣམ་ངེས་ཊཱིན་ཆེན་དགོངས་པ་རབ་གསལ་ལས། མི་རྟག་ཉིད་ཅེས་བྱ་བ་གང་དངོས་པོ་གྲུབ་དུས་ནམ་གྲུབ་པར་དངོས་པོ་ལས། ཕྱིས་འགྲུབ་པར་གྱུར་པ་རྫས་གཞན་ནི་འགའ་ཡང་མེད་དེ། དངོས་པོ་ཉིད་མི་རྟག་པའི་རྫས་སུ་སྐྱེས་པའི་ཕྱིར། མི་རྟག་པ་དངོས་པོ་ཞིག་པ་དང་དོན་གཅིག་པས་བྱས་དངོས་དང་མི་རྟག་པ་བདག་གཅིག་པའི་འབྲེལ་བ་མ་གྲུབ་པའི་སྐྱོན་མེད་པར་ཐལ། དངོས་པོ་སྐད་ཅིག་མར་གནས་པའི་ཆོས་ཅན་དེ་ཁོ་ན་མི་རྟག་པ་ཉིད་ཡིན་ནོ་ཞེས་གསུངས་སོ། དེས་ན་བྱས་མི་རྟག་རྫས་གཅིག་ཡིན་པ་ནི་དངོས་པོའི་གནས་ཚོད་དམ་སྡོད་ལུགས་དབང་གིས་གྲུབ་ལ། བྱས་མི་རྟག་ཐ་དད་ཡིན་པའི་ཆ་དངོས་པོར་མེད་པས་རྟོག་པས་བཏགས་ཙམ་གྱིས་གྲུབ་པས་ན། བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པ་དང་། སྒྲ་བྱས་མི་རྟག་པ་གསུམ་ངོ་བོ་ཐ་དད་མེད་པ་ལ་འགལ་བ་ཅུང་ཟད་ཙམ་མེད་དོ། རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། ཞེས་སོགས་ཀྱིས། དངོས་པོ་ཀུན་རང་གི་རིགས་མཐུན་གྱི་དངོས་པོ་དང་གཞན་རིགས་མི་མཐུན་གྱི་དངོས་པོ་དག་ལས་ལྡོག་པ་ལ་བརྟེན་པ་ཅན་ཡིན་ཏེ་རྒྱུ་མཚན་གང་གི་ཕྱིར་ན་རྟོག་པས་བཏགས་པ་ཙམ་མ་ཡིན་པར་ང་བཞིན་གྱིས་གཞན་དང་མ་འདྲེས་པར་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་ཏེ། ཊཱིཀ་ཆེན་ལས། དངོས་པོ་སྒྲ་ལྟ་བུ་གཅིག་ཀྱང་མ་བྱས་རྟག་པ་སོགས་བྱས་པ་ལ་བལྟོས་པའི་རིགས་མི་མཐུན་པ་དང་། བྱས་པ་ལ་བལྟོས་པའི་རིགས་མཐུན་བུམ་པ་སོགས་དང་། མ་འདྲེས་པའི་ངོ་བོར་རང་རྒྱུ་ལས་སྐྱེས་པར་བསྟན་པའི་སྒོ་ནས་སྒྲའི་བྱས་མི་རྟག་སོགས་སྒྲ་དང་རྫས་གཅིག་ཡིན་པའི་རྒྱུ་མཚན་བསྟན་པ་ཡིན་ལ། དེ་ཉིད་ཀྱི་དོན་བསྡུས་ནས་བཤད་ན། ཤེས་བྱ་ཆོས་ཅན། སྒྲ་བྱས་མི་རྟག་པ་གསུམ་རྫས་གཅིག་ཡིན་པར་ཐལ། སྒྲ་དེ་རང་རྒྱུ་ལས་སྒྲ་མ་ཡིན་དང་། མ་བྱས་རྟག་པ་སོགས་ལས་ལོག་པར་སྐྱེས་པའི་ཕྱིར་དང་། ཡང་། སྒྲའི་བྱས་མི་རྟག་ལྡོག་པ་ཐ་དད་དུ་འབྱེད་པའི་རྒྱུ་མཚན་ནི། སྒྲ་དེ་ཉིད་མ་བྱས་རྟག་པ་སོགས་ལོག་ས་ཐ་དད་ལས་ལོག་པར་རང་རྒྱུ་ལས་སྐྱེས་པ་ཡིན་ནོ་ཞེས། སྒྲ་དང་བྱས་མི་རྟག་རྣམས་ལོག་ས་ཐ་དད་ལས་ལོག་པའི་རྒྱུ་མཚན་གྱིས་ལྡོག་པའི་རིགས་དུ་མར་དབྱེ་ཆོག་ཏེ། རྟོག་པའི་སྣང་ངོར་སྒྲུབ་པ་ལྟར་དོན་དུ་དེ་ལྟར་མི་གནས་པར་འགྱུར་ལ། དོན་ལ་དེ་གསུམ་རང་བཞིན་གཅིག་ཡིན་པར་ངེས་སོ། འོན་ཀྱང་ཁ་ཅིག་གིས། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུ་པའི་ཚེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ངེས་ན། དེ་སྒྲུབ་ཀྱི་བསྒྲུབ་བྱ་སྒྲུབ་པར་འགྱུར་ཏེ་བྱས་མི་རྟག་རང་བཞིན་གཅིག་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་སྟེ། བྱས་མི་རྟག་གཉིས་ལ་རྟོགས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར་ཏེ། བྱས་མི་རྟག་གཉིས་ལ་རྟོགས་དཀའ་སླའི་ཁྱད་པར་ཡོད་པའི་ཕྱིར་ཏེ། རྣམ་ངེས་ཊཱིཀྐ་ཆེན་དགོངས་པ་རབ་གསལ་ལས། སྒྲ་བྱས་མི་རྟག་རྫས་གཅིག་ཀྱང་ལྡོག་པ་ཐ་དད་པར་གནས་པ་ཡིན་ཏེ། སྒྲའི་ཁྱད་པར་བྱས་པ་ལྟ་བུ་འགའ་ཞིག་བྱས་པ་ཞེས་པའི་མིང་ལྟ་བུ་སྔ་མ་དེ་ལས་གཞན་གྱི་གོ་བར་ནུས་པ་མ་ཡིན། ཁྱད་པར་མི་རྟག་པ་ཡང་དེ་བཞིན་དུ་ཤེས་པར་བྱ་བའི་ཕྱིར། དེར་ཐལ། རྟགས་ཀྱི་བསྒྲུབ་བྱ་རྟོགས་པ་རང་ལས་གོ་སླ་བའི་ལྡོག་པ་ཐ་དད་པའི་ཁྱད་པར་རྟོགས་དགོས་པ་དེས་ནའི་ཕྱིར་ཞེས་གསུངས་སོ།

གསུམ་པ། ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པའི་ཁྱབ་འབྲེལ་བསྟན་པ།

༡.ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པའི་ཁྱབ་པ་སྒྲུབ་ཚུལ་སྐོར་གྱི་འདོད་ཚུལ་བསྟན་པ།
    
ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པའི་ཁྱབ་འབྲེལ་སྒྲུབ་ཚུལ་ནི་ཚད་མ་རིག་པའི་ཁྱབ་འབྲེལ་སྒྲུབ་ཚུལ་དང་ཅུང་ཟད་མི་འདྲ་སྟེ་ཚད་མ་རིག་པའི་ཁྱབ་འབྲེལ་སྒྲུབ་ཚུལ་ནི་དཔེར་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ། དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལ་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཇི་ལྟར་ངེས་ཚུལ་དང་དེ་ལྟར་ངེས་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ཇི་ལྟར་སྒྲུབ་མིན་སོགས་ཀྱི་དོན་ཡིན། སྐབས་འདིར་བསྟན་པར་བྱ་བའི་ཁྱབ་འབྲེལ་ནི་འཇིག་རྟེན་འཚོ་བའི་ནང་དུ་དངོས་སུ་བསྟན་དུ་རུང་བའི་དངོས་པོ་སྟེ་གཞི་Sཆོས་Pགཉིས་ཀྱི་འབྲེལ་བའམ་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་བ་ནི་སྒྲུབ་པའི་འབྲེལ་བ་དང་། ཡང་ན་གཞི་དེ་ལ་ཆོས་དེ་མི་ལྡན་པའམ་ཆོས་གང་རུང་གཉིས་ཕན་ཚུན་གཞི་མཐུན་གྱི་ཆ་ཅུང་ཟད་མེད་པ་ཡང་ན་ཤུགས་ལ་གཞི་མཐུན་གྱི་ཆ་སྟོན་རྒྱུ་ཡོད་པའི་དོན་ཡིན་ཚེ་དགག་པའི་རྣམ་གཞག་གི་འབྲེལ་བའི་དོན་ཡིན་པར་བཤད་དོ། དེས་ན་འདིར་ཁྱབ་འབྲེལ་ངེས་ཚུལ་ནི་སྤྱི་སྒྲུབ་དང་། བྱེ་བྲག་སྒྲུབ་པའི་ཁྱབ་འབྲེལ། སྤྱི་དགག་དང་བྱེ་བྲག་དགག་པའི་ཁྱབ་འབྲེལ་བཅས་བཞིར་ངེས་པ་ཡིན་ཏེ།
    
སྤྱི་སྒྲུབ་བཤད་པ།
    
སྒྲུབ་པར་འདོད་པའི་དངོས་པོ་གང་རུང་གི་གཞིའམ་ཁྱབ་བྱ་ཐམས་ཅད་ལ་ཆོས་དེ་ངེས་པའམ་ཁྱབ་བྱ་ཐམས་ཅད་ཁྱབ་བྱེད་གང་གི་ཁོངས་སུ་གཏོགས་པར་ངེས་པའི་གཏན་ཚིགས་རིག་པའི་རྣམ་པ་ཞིག་ལ་སྤྱི་སྒྲུབ་ཅེས་འདོད། དཔེར་ན། གང་བྱས་པ་ཐམས་ཅད་མི་རྟག་པ་ཡིན། གང་མི་རྟག་པ་ཐམས་ཅད་བྱས་པ་ཡིན། རྩོལ་བྱུང་ཐམས་ཅད་མི་རྟག་པ་ཡིན། ཚ་ཞིང་བསྲེག་པ་ཡིན་ན་མེ་ཡིན་པས་ཁྱབ། ཅེས་པ་ལྟ་བུ། གཞིའམ་ཁྱབ་བྱའི་Sདངོས་པོ་རྣམས་ཀྱི་དངོས་སུ་སྟོན་པའི་གྲགས་ཚིག་ཐམས་ཅད་”“གང་སོགས་དངོས་སུ་བརྗོད་པའམ་བཀོད་ནས། དེ་དག་ཁྱབ་བྱེད་Pཀྱི་ཁོངས་སུ་གཏོགས་པར་བྱེད་པ་ཡིན་ལ། ཆོས་དེ་གཉིས་ཀྱི་འབྲེལ་བ་སྟབས་བདེའི་སྒོ་ནས་མཚོན་པར་བྱས་ཚེ། SAPལྟ་བུ་ཡིན། དེང་གི་གཏན་ཚིགས་རིག་པའི་ལུགས་ཀྱི་མཚོན་སྟངས་བྱས་ན། གཞིའམ་ཁྱབ་བྱ་Sདང་ཆོས་སམ་ཁྱབ་བྱེད་ཕན་ཚུན་ཁྱབ་མཐའ་མཉམ་པའམ་ཡང་ན་ཁྱབ་བྱ་ཁྱབ་བྱེད་གཉིས་སྤྱི་བྱེ་བྲག་གི་འབྲེལ་བའི་རྣམ་གཞག་འབའ་ཞིག་ངེས་པར་ཟད།
                                 
མཚོན་སྟངསགཟུགས་རིས།

插图

དེ་ལྟར་ན། ཡ་ལི་ཧྲི་ཏོ་དེའི་ལུགས་ལ་སྤྱི་སྒྲུབ་ཀྱི་ཁྱབ་འབྲེལ་ལ་ཁྱབ་མཐའ་མཉམ་པ་དང་སྤྱི་བྱེ་བྲག་གི་ཁྱབ་འབྲེལ་གཉིས་ངེས་ཞེས་མཁས་པ་འགས་ཚད་མ་རིག་པའི་ལུགས་ལ་བརྟེན་ནས་དཔྱད་པ་མཛད་མོད། འོན་ཀྱང་ཁོ་བོས་བསམས་ན་ཡ་ལི་ཧྲི་ཏོ་དེའི་སྤྱི་སྒྲུབ་ཀྱི་ཁྱབ་འབྲེལ་འགའ་ཚད་མ་རིག་པའི་ལུགས་བཞིན་སྤྱི་བྱེ་བྲག་གི་ཁྱབ་འབྲེལ་ལྟ་བུར་འགྱུར་ནའང་། ཡ་ལི་ཧྲི་ཏོ་དེའི་ལུགས་ལྟར་ན། ཁྱབ་མཐའ་མཉམ་པའི་ཁྱབ་འབྲེལ་ཁོ་ནར་ངེས་ཏེ། དཔེར་ནརྩོལ་བྱུང་ཐམས་ཅད་མི་རྟག་ཡིན་ལྟ་བུར་མཚོན་ན། རྩོལ་བྱུང་ཐམས་ཅད་ཅེས་པའི་སྐབས་རྩོལ་བྱུང་ཁོ་ནའི་སྤྱི་བསྟན་པ་ཡིན་ལ། མི་རྟག་ཅེས་བརྗོད་པའི་ཚེ་ཆོས་གཞན་རྩོལ་མ་བྱུང་གི་བྲག་རི་དང་ཆུ་ལ་སོགས་པའི་དངོས་པོ་མི་རྟག་པའི་ཁྱབ་བྱའམ་མི་རྟག་པ་དེ་དག་གི་སྤྱི་རུ་མ་བསྟན་པས། མི་རྟག་ཉིད་རྩོལ་བྱུང་ཇི་ཡོད་ཀྱི་དངོས་པོར་ཁྱབ་པ་ལས། གཞན་ལ་མ་ཁྱབ་པར་ངེས། དེས་ན། རྩོལ་བྱུང་ཐམས་ཅད་དང་མི་རྟག་པ་ཁྱབ་པ་མཉམ་པར་འགྱུར་རོ་སྙམ། འོན་ཀྱང་། མཁས་པ་ཁ་ཅིག་གིས་སྤྱི་སྒྲུབ་ལ་ཁྱབ་འབྲེལ་གྲུབ་པའི་ཚུལ་གཉིས་ཡོད་དེ། ཡིན་ཁྱབ་མཉམ་གྱི་ཁྱབ་འབྲེལ་དང་། ཁྱབ་བྱ་ཁྱབ་བྱེད་གཉིས་ཀྱི་ཁྱབ་འབྲེལ་བཅས་ཡིན་ལ། ཡིན་ཁྱབ་མཉམ་ཡིན་ཡང་དངོས་སུ་བརྗོད་པ་མ་ཡིན་ན། གཞི་ལ་ཁྱབ་འབྲེལ་གྲུབ་ཀྱང་ཆོས་ལ་ཁྱབ་འབྲེལ་མ་གྲུབ་པར་སྣང་ཞེས་བརྗོད་པ་ནི་ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པའི་གཞུང་ལུགས་ལ་དཔྱད་པ་ཡེ་ནས་མ་བྱས་པ་ཁོ་ནར་ཟད་དོ།

བྱེ་བྲག་སྒྲུབ་པ།

དངོས་པོའི་གཞི་འགའ་ཞིག་ལ་ཁྱད་ཆོས་གང་ཡོད་པར་བརྗོད་པའི་ཁྱབ་འབྲེལ་ལམ་ཡང་ན་སྤྱིའི་ནང་ནས་བྱེ་བྲག་ཁ་ཤས་ཁྱབ་བྱེད་གཞན་གྱི་ཁོངས་སུ་གཏོགས་པར་བྱེད་པའི་གཏན་ཚིགས་རིག་པའི་ཁྱབ་འབྲེལ་ཞིག་ཡིན། དཔེར་ན། དངོས་པོ་ཁ་ཤས་རྩོལ་བྱུང་ཡིན། དངོས་པོ་འགའ་ཤས་མཉན་བྱ་ཡིན། མི་ལ་ལ་སོག་པོ་ཡིན་ལྟ་བུར་མཚོན་ན། བྱེ་བྲག་གི་འབྲེལ་བ་སྒྲུབ་ཚུལ་ལ་དབྱེ་བ་གཉིས་ཙམ་ངེས་ཏེ།

གཞི་མཐུན་གྱི་ཆ་ལས་ཆ་ཤས་སྒྲུབ་པ་དཔེར་ན། དགེ་རྒན་ཁ་ཅིག་བོད་རིགས་ཡིན་ཞེས་པར་མཚོན་ན་དགེ་རྒན་དང་བོད་རིགས་གཉིས་དབར་ཁྱབ་བྱ་ཁྱབ་བྱེད་འབྲེལ་བ་རྩ་བ་ནས་མ་ངེས་ཀྱང་དགེ་རྒན་ཁ་ཅིག་ཅེས་པ་ལས་དགེ་རྒན་གྱི་ཁོངས་སུ་བོད་རིགས་ཡོད་པར་བརྟེན། དེ་གཉིས་ལ་གཞི་མཐུན་གྱི་ཆོས་ཡོད་པར་གོ་ནུས་སོ། དེང་རབས་ཀྱི་གཏན་ཚིགས་རིག་པའི་མཚོན་སྟངས་བརྗོད་ན།

                  

ཁྱབ་བྱ་སྒྲུབ་པ།
    
ཁྱབ་པ་གང་ཡིན་པ་དག་ཁྱབ་བྱེད་ཀྱི་ཁོངས་ནས་འབྱེད་པའམ་ཡང་ན་ཁྱབ་བྱེད་དེ་ལ་ཁྱབ་བྱ་དེ་ལྟ་བུ་ཞིག་ཡོད་པར་བསྒྲུབས་པའི་ཁྱབ་འབྲེལ་ཞིག་ཡིན། དཔེར་ན། ཤིང་ལ་ལ་རྒྱ་ཤུགས་ཡིན་ལྟ་བུ་རྒྱ་ཤུག་ཉིད་ཤིང་ལ་བལྟོས་ན་ཁྱབ་བྱ་ཡིན། འོན་ཀྱང་ཤིང་ལ་ལ་ཞེས་བརྗོད་པའི་ཚེ་བྱེ་བྲག་གསལ་བྱེད་ཡིན་པས། ཁྱབ་བྱ་རྒྱ་ཤུག་དང་ཁྱབ་པ་མཉམ། དེས་ན་གཏན་ཚིགས་རིག་པའི་སྟབས་བདེའི་མཚོན་སྟངས་SIPཡིན་ལ།

                                
    
འོན་ཀྱང་ཁ་ཅིག་གིས་བྱེ་བྲག་སྒྲུབ་པ་ལ་ཁྱབ་བྱ་ལས་ཆ་ཤས་སྒྲུབ་པ་དང་། ཁྱབ་མཉམ་ལས་ཆ་ཤས་སྒྲུབ་པ་ཞེས་དབྱེ་བ་མཛད་ཡོད་ཀྱང་། ཡ་ལི་ཧྲི་ཏོ་དེའི་SIPཁྱབ་འབྲེལ་ལ་བརྟགས་པས་ན་ཁྱོད་ཀྱི་འདོད་པ་དེ་དག་འགལ་བའི་ཆ་འབའ་ཞིག་ལས་དེ་ལྟ་བུའི་རིགས་པའི་གཞུང་ལུགས་དང་མཐུན་པའི་དོན་སྟོན་རྒྱུ་མི་འདུག་པས། དོན་འདི་ལ་དཔྱད་བཟོད་ཡང་ཡང་ཡོད་པ་ཞུ་ཞེས་སྨྲའོ།
   
སྤྱི་དགག་བཤད་པ།
    
ཆོས་གཉིས་ཕན་ཚུན་མཐུན་པའི་ཆ་ཅུང་ཟད་མེད་ཅིང་གཅིག་ཡོད་ན་ཅིག་ཤོས་ཁེགས་པ་ཁོ་ནར་འགྱུར་པ་ཡིན་ཏེ་དཔེར་ན་ཚ་གྲང་གཉིས་ལྟ་བུ་ཡིན། ཡིན་ནའང་འདིར་འགལ་བའི་ཆོས་གཉིས་ཕན་ཚུན་ཁྱབ་འབྲེལ་མ་གྲུབ་ཀྱང་། གཅིག་ཡིན་ན་ཅིག་ཤོས་མ་ཡིན་པར་ཁྱབ་འབྲེལ་གྲུབ་སྟེ། དཔེར་ན། བྱས་པ་ཐམས་ཅད་རྟག་པ་མིན་ནོ་ཞེས་པའམ། གང་བྱས་པ་Sཡིན་ན་རྟག་པ་Pམ་ཡིན་པས་ཁྱབ་ཅེས་བྱས་པ་Sརྟག་པPཆོས་གཉིས་ཕན་ཚུན་ཡོངས་སུ་འགལ་ཞིང་། གང་བྱས་པ་ཞེས་པ་འདི་སྤྱི་ཡི་ངོ་བོར་ངེས། རྟག་པ་ཡང་སྤྱིའི་ངོ་བོར་ངེས་པར་གྱུར་ཏེ་དཔེར་ན། གང་རྟག་པ་ཡིན་ན་བྱས་པ་མ་ཡིན་པས་ཁྱབ་ཅེས་བརྗོད་དུ་རུང་ལ། གོང་དུ་བཀོད་པའི་དཔེ་དང་དོན་གཅིག་ཏུ་ངེས་སོ། དེ་ལྟར་ན་གཏན་ཚིགས་རིག་པའི་སྟབས་བདེའི་མཚོན་སྟངས་ནི་SEPཡིན་ལ། དེང་རབས་ཀྱི་གཏན་ཚིགས་རིག་པའི་མཚོན་སྟངས་དང་གཟུགས་རིས་བཀོད་ན། མཚོན་སྟངས། Sp≠གཟུགས་རིས།

              
   
བྱེ་བྲག་དགག་པ་བཤད་པ།
     (༡)
དཔེར་ན་དངོས་པོ་ཁ་ཤས་བེམ་པོ་མིན། ལྟ་བུར་མཚོན་ན་དངོས་པོ་ཁ་ཤས་སམ་དངོས་པོའི་བྱེ་བྲག་འགའ་བེམ་པོ་ཡིན་པ་དགག་བྱར་བྱས་ནས་དངོས་པོ་ཁ་ཤས་དང་བེམ་པོ་གཉིས་སྐབས་འདིར་གཞི་མཐུན་གྱི་ཆ་ཅུང་ཟད་མེད་ནའང་དངོས་པོ་ཁ་ཤས་ཡིན་ན་བེམ་པོ་མིན་པས་ཁྱབ་ཅེས་པའམ་དངོས་པོ་ཁ་ཤས་དང་བེམ་མིན་གྱི་དངོས་པོ་ཁྱབ་པ་མཉམ་པ་ཡིན་ཞེས་གསུངས་། གཏན་ཚིགས་རིག་པའི་སྟབས་བདེའི་མཚོན་སྟངས་དང་གཟུགས་རིས་བཀོད་ན། མཚོན་སྟངས། SOPགཟུགས་རིས།

                  
    
དཔེར་ན། གཞོན་ནུ་ཁ་ཅིག་སོག་རིགས་མིན་ཞེས་པ་ལྟ་བུར་མཚོན་ན། གཞོན་ནུ་ཁ་ཅིག་སོག་རིགས་ཡིན་པ་དགག་བྱར་བྱས་ནས། གཞོན་ནུ་དང་སོག་རིགས་ཕན་ཚུན་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་བ་མེད་ཀྱང་གཞི་མཐུན་གྱི་འབྲེལ་བ་ཡོད་པ་ནི་སྨོས་མི་དགོས་སོ། གཏན་ཚིགས་རིགས་པའི་སྟབས་བདེའི་མཚོན་སྟངས་ནི། SOPདང་། དེའི་གཟུགས་རིས་ནི་གཤམ་གསལ་ལྟར་ཡིན།


    
༢ .སྤྱི་བྱེ་བྲག་མཚོན་བྱེད་ཀྱི་གྲངས་ཚིག་量词བཤད་པ།
    
ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པར་ཁ་ཅིག་གིས་ཁྱབ་བྱ་ཁྱབ་བྱེད་གཉིས་སྤྱི་བྱེ་བྲག་ཏུ་སྟོན་པར་བྱེད་པ་ལ་གྲངས་ཚིག་དངོས་སུ་བཀོད་མེད་ཅེ་ན། ཁོང་གིས་མཛད་པའི་དབྱེ་ཞིབ་སྔ་མ་前分析篇》ཞེས་པའི་ནང་ཁྱབ་བྱ་ཁྱབ་བྱེད་དག་སྤྱི་བྱེ་བྲག་ཇི་ལྟར་ཡིན་པར་མཚོན་པར་བྱ་བའི་ཆེད་གྲངས་ཚིག་དངོས་སུ་སྨྲོས་ནས། སྤྱི་སྒྲུབ་དང་སྤྱི་དགག་གི་ཁྱབ་བྱ་སྤྱིའི་དོན་སྟོན་ཚུལ་དེ་བཞིན་བྱེ་བྲག་སྒྲུབ་པ་དང་དགག་པའི་ཁྱབ་བྱ་བྱེ་བྲག་ཏུ་ངེས་པར་བྱེད་དགོས་པ་ནི་གྲངས་ཚིག་ཁོ་ནས་ཁྱད་པར་བྱེད་པ་ཡིན་གསུངས་། དེས་ན་འདིར་སྤྱི་མཚོན་བྱེད་ཀྱི་གྲངས་ཚིག་བརྗོད་ན། རྒྱ་ཡིག་ཏུ་﹙“所有”“一切”“凡”﹚སོགས་ཡིན་ལ། བོད་ཡིག་ཏུ། ཐམས་ཅད། ཀུན། ཡོད་ཚད། ཡོད་དོ་ཅོག ཡོངས་རྫོགས། མཐའ་དག་ལ་སོགས་ཡིན། བྱེ་བྲག་མཚོན་བྱེད་ཀྱི་གྲངས་ཚིག་ནི། རྒྱ་ཡིག་ཏུ་﹙“有的”有些﹚སོགས་ཡིན། བོད་ཡིག་ཏུ། ཁ་ཤས། འགའ་རེ། ལ་ལ་སོགས་ཡིན། འོན་ཀྱང་ཁ་ཅིག་གིས་གཏན་ཚིགས་འདིར་ཚད་མ་རིག་པའི་བགྲོད་ཚུལ་བཞིན་ཁྱབ་མ་ཁྱབ་སྤྱི་བྱེ་བྲག་གི་གྲངས་ཚིག་ཏུ་འདོད་པ་ནི་ཅུང་ཟད་དཔྱད་པ་མི་འཇུག་པར་སེམས་ཏེ། དཔེར་ན་ཚད་མ་རིག་པའི་སྐབས། དངོས་པོ་ཡིན་ན་བུམ་པ་ཡིན་པས་མ་ཁྱབ་ཅེས་བཀོད་པའི་ཚེ་དངོས་པོ་དང་བུམ་པ་གཉིས་སྤྱི་བྱེ་བྲག་འབྲེལ་བ་ཁོ་ནར་ངེས་ཤིང་བུམ་པ་ཡིན་ཕྱིན་དངོས་པོར་གཏོགས་དགོས་པ་མ་ཟད། དངོས་པོའི་ཁྱབ་ཁོངས་སུ་བུམ་མིན་གྱི་དོན་བྱེད་ནུས་པ་གཞན་ཡོད་པར་གོ་ནུས། འོན་ཀྱང་ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་འདིར་བྱེ་བྲག་སྒྲུབ་པའི་སྐབས། Sཡིན་ན་Pཡིན་པས་མ་ཁྱབ་ཅེས་བཀོད་ན་Sདང་Pཁྱབ་མཐའ་མཉམ་པའི་བྱེ་བྲག་དགག་པ་ཙམ་ལས་བྱེ་བྲག་སྒྲུབ་པའི་ཁྱབ་འབྲེལ་དུ་མི་འཐད་པར་འགྱུར་རོ།
    
༣.ཐད་ཀར་གྱི་རིགས་འདེད་ལས་ཁྱབ་འབྲེལ་གཅིག་དངོས་སུ་ངེས་ན་ཅིག་ཤོས་ཤུགས་ལ་ངེས་པའི་དོན་བསྟན་པ།
   
ངོ་བོ་འགྱུར་བའི་ཁྱབ་འབྲེལ། ﹙换质法﹚
   
ངོ་འགྱུར་གྱི་ཁྱབ་འབྲེལ་འདི་ནི་གཏན་ཚིགས་རིག་པ་འདི་གའི་ལུགས་ལ་དོ་གལ་ཤིན་ཏུ་ཆེ་སྙམ་སྟེ་ཆོས་གཉིས་ཀྱི་དགག་སྒྲུབ་ཀྱི་ཁྱབ་འབྲེལ་གང་རུང་གཅིག་དངོས་སུ་ངེས་ན་དགག་སྒྲུབ་ཀྱི་ཁྱབ་འབྲེལ་གང་རུང་གཅིག་ཤུགས་ལ་ངེས་དགོས། འདི་དང་ཚད་མ་རིག་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་ཚུལ་ཅུང་ཟད་མི་འདྲའོ། དེས་ན་སྐབས་འདིའི་ཁྱབ་འབྲེལ་ངེས་པ་ལ་དོན་འདི་དག་ཚང་དགོས་ཏེ།
   
﹙༡ཁྱབ་འབྲེལ་དེའི་སྒྲུབ་པའི་འབྲེལ་ཚིག་肯定联项དགག་པའི་འབྲེལ་ཚིག་ཏུ་བསྒྱུར་བའམ་ཡང་ན་དགག་པའི་འབྲེལ་ཚིག་སྒྲུབ་པའི་འབྲེལ་ཚིག་ཏུ་བསྒྱུར་དགོས།
   
﹙༢དངོས་སུ་ངེས་པའི་ཁྱབ་འབྲེལ་དེའི་ཁྱབ་བྱེད་གང་ཡིན་པ་དེ་དང་དངོས་འགལ་དུ་ངེས་པ་དེ་ཤུགས་ལ་ངེས་རྒྱུའི་ཁྱབ་འབྲེལ་དེའི་ཁྱབ་བྱེད་ཡིན་དགོས།
   
དངོས་སུ་ངེས་པའི་ཁྱབ་འབྲེལ་དེའི་གཞི་ཆོས་སམ་ཁྱབ་བྱ་ཁྱབ་བྱེད་དང་གྲངས་ཚིག་སོགས་ཇི་ལྟར་ཡིན་པ་བཞིན་དུ་ཤུགས་ལ་གོ་རྒྱུའི་ཁྱབ་འབྲེལ་ལ་ཡང་གནས་﹙位置﹚འགྱུར་མེད་དུ་ངེས་དགོས།
    
དཔེར་ན། བྱས་པ་ཐམས་ཅད་མི་རྟག་པ་ཡིན་པར་ངེས་ན་ཤུགས་ལ་བྱས་པ་ཐམས་ཅད་རྟག་པ་མ་ཡིན་པར་ངེས་དགོས་པ་ལྟ་བུའོ།
    
གཏན་ཚིགས་རིག་པའི་སྟབས་བདེའི་མཚོན་སྟངས་བྱས་ན།SAP←→SEP
    
བྱས་པ་ཐམས་ཅད་རྟག་པ་མ་ཡིན་པར་ངེས་ན་ཤུགས་ལ་བྱས་པ་ཐམས་ཅད་མི་རྟག་པ་ཡིན་པར་ངེས་དགོས།
    
སྟབས་བདེའི་མཚོན་སྟངས། SEP←→ SAP
    
དངོས་པོ་ཁ་ཤས་རྩོལ་བྱུང་ཡིན་པར་ངེས་ན་དངོས་པོ་ཁ་ཤས་རྩོལ་མ་བྱུང་མ་ཡིན་པར་ངེས་དགོས།
    
སྟབས་བདེའི་མཚོན་སྟངས། SIP←→SOP
    
དངོས་པོ་ཁ་ཤས་རྩོལ་བྱུང་མ་ཡིན་པར་ངེས་ན་དངོས་པོ་ཁ་ཤས་རྩོལ་མ་བྱུང་ཡིན་པར་ངེས་དགོས།
     
སྟབས་བདེའི་མཚོན་སྟངས། SOP←→ SIP
    
གནས་འགྱུར་གྱི་ཁྱབ་འབྲེལ་﹙换位法﹚
    
གནས་འགྱུར་གྱི་ཁྱབ་འབྲེལ་ལ་རྩ་བའི་ཆ་ནས་ཁྱད་ཆོས་འདི་དག་ཚང་དགོས་ཏེ།
    
ཁྱབ་འབྲེལ་སྔ་མའི་གཞི་ཆོས་སམ་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་བ་ངེས་ནས་ཁྱབ་འབྲེལ་ཕྱི་མ་གྲུབ་པའི་ཚེ་གཞི་ཆོས་སམ་ཁྱབ་བྱ་ཁྱབ་བྱེད་ཕན་ཚུན་མགོ་སློག་སྟེ་ཁྱབ་འབྲེལ་ངེས་པར་བྱེད་དགོས།
    
ཁྱབ་འབྲེལ་སྔ་མའི་ནང་དུ་སྤྱི་གསལ་བྱེད་ཀྱི་ཚིག་﹙不周延的词项﹚མིན་ན་ཁྱབ་འབྲེལ་ཕྱི་མར་གཞི་ཆོས་གནས་འགྱུར་བྱེད་པའི་ཚེ་སྤྱི་གསལ་བྱེད་ཀྱི་ཚིག་ཡིན་མི་དགོས།
    
ཁྱབ་འབྲེལ་སྔ་མ་སྒྲུབ་ནས་ཕྱི་མ་སྒྲུབ་པའི་ཚེ་འབྲེལ་ཚིག་ལ་འགྱུར་བ་མེད་དོ། དཔེར་ན། ༡.བུམ་པ་ཐམས་ཅད་དངོས་པོ་ཡིན་པར་སྒྲུབ་ན་དངོས་པོ་ཁ་ཤས་བུམ་པ་ཡིན་པར་སྒྲུབ་ནུས་སོ།
    
སྟབས་བདེའི་མཚོན་སྟངས། SAP←→SIP
    
༢.མི་རྟག་པ་ཐམས་ཅད་རྟག་པ་མིན་པར་སྒྲུབ་ན། རྟག་པ་ཐམས་ཅད་མི་རྟག་པ་མིན་པར་སྒྲུབ་ནུས་སོ།
    
སྟབས་བདེའི་མཚོན་སྟངས། SEP←→PES
    
༣.རྩོལ་བྱུང་ཁ་ཤས་སྒྲ་ཡིན་པར་སྒྲུབ་ན་སྒྲ་ཁ་ཤས་རྩོལ་བྱུང་ཡིན་པར་སྒྲུབ་ནུས་སོ།སྟབས་བདེའི་མཚོན་སྟངས། SIP←→PIS
    
འོན་ཀྱང་SOPPOS SOPཁྱབ་འབྲེལ་ངེས་ན་ POSཁྱབ་འབྲེལ་ངེས་མི་དགོས་ཏེ། SOPཁྱབ་འབྲེལ་སྐབས་sབྱེ་བྲག་གསལ་བྱེད་ཀྱི་གྲངས་ཚིག་ངེས་རྐྱེན་ SOPཁྱབ་འབྲེལ་ངེས་ན་POSཁྱབ་འབྲེལ་ངེས་པར་འགྱུར་ཚེ་གཏན་ཚིགས་རིག་པ་དང་འགལ་ལོ། ཞེས་གསུངས་སོ།
    
ངོ་འགྱུར་གནས་འགྱུར་མཉམ་བསྲེས་ཀྱི་ཁྱབ་འབྲེལ།
    
ཁྱབ་འབྲེལ་དེ་ནི་སྤྱི་སྒྲུབ་Aསྤྱི་དགགEདང་བྱེ་བྲག་དགག་པ་Oཕན་ཚུན་ངོ་འགྱུར་གནས་འགྱུར་གྱི་ཁྱབ་འབྲེལ་སྒྲུབ་ཆོག་ཀྱང་། Iགནས་འགྱུར་གྱི་ཁྱབ་འབྲེལ་ལས། ངོ་འགྱུར་གྱི་ཁྱབ་འབྲེལ་བྱེད་མི་རུང་ངོ་།
    
༡. Sཐམས་ཅད་P་ཡིན།ངོ་འགྱུར།Sཐམས་ཅད་Pམིན།གནས་འགྱུར།Pཐམས་ཅད་Sམིན། དཔེར་ན། བྱས་པ་ཐམས་ཅད་མི་རྟག་ཡིན་པར་སྒྲུབ་ན། བྱས་པ་ཐམས་ཅད་རྟག་པ་མིན་པར་སྒྲུབ་དགོས། དེ་ལྟར་སྒྲུབ་ན་རྟག་པ་ཐམས་ཅད་བྱས་པ་མ་ཡིན་པ་དགོས་སོ་ཞེས་པའི་དོན་ནོ། སྟབས་བདེའི་མཚོན་སྟངས། SAP SEPPES
    
༢. Sཐམས་ཅད་P་མིན།ངོ་འགྱུར།Sཐམས་ཅད་Pཡིན།གསན་འགྱུར།Pཐམས་ཅད་Sཡིན། དཔེར་ན། རྩོལ་བྱུང་ཐམས་ཅད་རྟག་པ་མིན་པར་སྒྲུབ་ན་རྩོལ་བྱུང་ཐམས་ཅད་མི་རྟག་པ་ཡིན་པར་སྒྲུབ་དགོས། དེ་ལྟར་སྒྲུབ་ན་མི་རྟག་པ་ཁ་ཤས་རྩོལ་བྱུང་ཡིན་པར་སྒྲུབ་དགོས་སོ། ཞེས་གསུངས།
    
སྟབས་བདེའི་མཚོན་སྟངས། SEP SAPP I S
    
༣. Sཁ་ཤས་P་མ་ཡིན།ངོ་འགྱུར།Sཁ་ཤས་Pཡིན།གནས་འགྱུར།Pཁ་ཤས་Sཡིན། དཔེར་ན། སྒྲ་ཁ་ཤས་རྩོལ་བྱུང་མ་ཡིན་པར་སྒྲུབ་ན་སྒྲ་ཁ་ཤས་རྩོལ་མ་བྱུང་གི་དངོས་པོ་ཡིན་པར་སྒྲུབ་ནུས། དེ་ལྟར་སྒྲུབ་ཚེ་རྩོལ་མ་བྱུང་གི་དངོས་པོ་ཁ་ཤས་སྒྲ་ཡིན་པར་སྒྲུབ་ནུས་སོ། ཞེས་གསུངས།
    
སྟབས་བདེའི་མཚོན་སྟངས། SOPSIPP I S
    
གནས་འགྱུར་ངོ་འགྱུར་མཉམ་བསྲེས་ཀྱི་ཁྱབ་འབྲེལ།
    
1. Sཐམས་ཅད་Pཡིན། གནས་འགྱུར།Pཁ་ཤས་Sཡིན། ངོ་འགྱུར།Pཁ་ཤས་Sམ་ཡིན། དཔེར་ན། རྩོལ་བྱུང་ཐམས་ཅད་མི་རྟག་པར་ཡིན་པར་སྒྲུབ་ན་མི་རྟག་པ་ཁ་ཤས་རྩོལ་བྱུང་ཡིན་པར་སྒྲུབ་ནུས། དེ་ལྟར་སྒྲུབ་ནུས་ན་མི་རྟག་པ་ཁ་ཤས་རྩོལ་མ་བྱུང་གི་དངོས་པོ་མ་ཡིན་པར་སྒྲུབ་ནུས་སོ། སྟབས་བདེའི་མཚོན་སྟངས། SAPP I SPOS
    
2. Sཐམས་ཅད་Pཡིན། གནས་འགྱུར།Pཐམས་ཅད་Sཡིན། ངོ་འགྱུར།Pཐམས་ཅད་Sམ་ཡིན། དཔེར་ན། བྱས་པ་ཐམས་ཅད་རྟག་པ་མ་ཡིན་པར་སྒྲུབ་ན་རྟག་པ་ཐམས་ཅད་བྱས་པ་མ་ཡིན་པར་སྒྲུབ་དགོས། དེ་ལྟར་སྒྲུབ་ན་རྟག་པ་ཐམས་ཅད་མ་བྱས་པར་སྒྲུབ་དགོས་སོ། ཞེས་གསུངས། སྟབས་བདེའི་མཚོན་སྟངས། SEPPESPAS
    
༣. Sཁ་ཤས་Pཡིན། གནས་འགྱུར།Pཁ་ཤས་Sཡིན། ངོ་འགྱུར།Pཁ་ཤས་Sམ་ཡིན།

དཔེར་ན། རྩོལ་བྱུང་ཁ་ཤས་སྒྲ་ཡིན་པར་སྒྲུབ་ན། སྒྲ་ཁ་ཤས་རྩོལ་བྱུང་ཡིན་པར་སྒྲུབ་ནུས། དེ་ལྟར་སྒྲུབ་ནུས་ན་སྒྲ་ཁ་ཤས་རྩོལ་མ་བྱུང་གི་དངོས་པོ་མ་ཡིན་པར་སྒྲུབ་ནུས་སོ། སྟབས་བདེའི་མཚོན་སྟངས། SIPPISPOSསྐབས་འདིར་ SOPལྟ་བུ་གནས་འགྱུར་ངོ་འགྱུར་བྱས་མི་ཆོག་གོ

བཞི་པ། མཐའ་དཔྱོད།

ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པ་དང་ཚད་མ་རིག་པ་གཉིས་དུས་རབས་ཀྱི་སྐོར་ནས་བསམས་ན་གཅིག་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་གཡས་གཡོན་ལ་གྷི་རིག་སིའི་ཡུལ་དུ་དར་ཁྱབ་བྱུང་བ་མ་ཟད་སྐབས་དེའི་སྤྱི་ཚོགས་ནང་སེམས་གཙོ་སྨྲ་བའི་གཏན་ཚིགས་ལ་དགག་སྒྲུབ་ཅི་རིགས་བགྱིས་ཏེ་དངོས་གཙོ་སྨྲ་བའི་གཏན་ཚིགས་ཤིག་གསར་དུ་གཏོད་ནས་གྷི་རིག་སིའི་Creeceསྤྱི་ཚོགས་འཕོ་འགྱུར་ལ་ཞབས་འདེགས་ཤུགས་ཆེན་ཞུས་ཡོད། ཅིག་ཤོས་ནི་སྤྱི་ལོའི་དུས་རབས་བདུན་པ་ཙམ་ལ་རྒྱ་གར་དུ་རིགས་པའི་དབང་ཕྱུག་ཆེན་པོ་སློབ་དཔོན་ཕྱོགས་གླང་མཆོག་གིས་གསར་གཏོད་བྱས་ཤིང་གཞན་སྡེ་དྲང་སྲོང་རྐང་མིག་ལ་སོགས་པའི་གཏན་ཚིགས་རིགས་པའི་ལྟ་བ་མ་དག་རྒྱུན་འབྱམས་སུ་གྱུར་པའི་རིག་གཞུང་རྣམས་སུན་འབྱིན་ཏེ། ལུང་དང་རིགས་པའི་ལམ་བཟང་ལ་བརྟེན་ནས་རིགས་པའི་གཞུང་ལུགས་འཇིག་རྟེན་འདིར་ཀུན་གྱིས་རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེ་བའི་ཚད་མའི་མདོའམ་ཀུན་ལས་བཏུས་པབརྩམས་པར་མཛད། དེས་ན་རིག་གཞུང་འདི་གཉིས་ལ་ཡུལ་དུས་ཀྱི་ཁྱད་པར་ཤིན་ཏུ་ཆེ་ནའང་རིགས་ལམ་བགྲོད་ཚུལ་སོགས་ལ་འདྲ་བ་དང་མི་འདྲ་བའི་རྣམ་པ་ཅི་རིགས་མངའ་བས་གཤམ་དུ་ཅུང་ཟད་གླེང་བར་བྱ།

༡ འདྲ་པའི་སྐོར།

ཚད་མ་རིག་པས་འདོད་པའི་ཁྱབ་འབྲེལ་སྐབས་བྱས་པས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་སྐོར་གཅིག་པུ་དེའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ་ལ་རྟགས་ཆོས་་གཉིས་ཀྱི་འབྲེལ་བ་སྟེ་བྱས་མི་རྟག་གི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས། འབྲེལ་བ་དེ་ངེས་པ་ལ་མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པར་ངེས་པ་སྔོན་དུ་འགྲོ་དགོས་ཤིང་། མི་རྟག་པ་ལྡོག་སྟོབས་ཀྱིས་བྱས་པ་ལྡོག་པར་ངེས་པ་དང་། རྟག་པ་བྱས་སྟོང་དུ་ངེས་པའམ་རྟག་པ་དང་བྱས་པའི་གཞི་མཐུན་མེད་པར་ངེས་པ་རྣམས་དོན་གཅིག་ཡིན་པར་བརྟགས་ན། ཡ་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པའི་ཁྱབ་འབྲེལ་སྐབས་ངོ་འགྱུར་གྱི་ཁྱབ་འབྲེལ་ལ་བྱས་པ་ཐམས་ཅད་རྟག་པ་མ་ཡིན་པའམ་རྟག་པ་བྱས་སྟོང་དུ་ངེས་ན་བྱས་པ་ཐམས་ཅད་མི་རྟག་པ་ཡིན་པར་ངེས་ནུས་པ་ཡིན། དེའི་སྟབས་བདེའི་མཚོན་སྟངས། SEPSAP
    
འདི་ལྟ་བུ། བྱས་མི་རྟག་གཉིས་རང་བཞིན་དང་རང་བཞིན་ཅན་གྱི་ཁྱབ་འབྲེལ་ངེས་པ་ལ་རྟག་པ་བྱས་སྟོང་དུ་ངེས་པའམ་རྟག་པ་དང་བྱས་པའི་གཞི་མཐུན་མེད་པར་ངེས་པ་བསྟན་ནས་དེ་ལྟར་ངེས་ན་བྱས་པ་དང་མི་རྟག་པའི་གཞི་མཐུན་ཡོད་པའམ་ཁྱབ་མཐའ་མཉམ་པའི་དོན་ཙམ་མ་ཟད་རྟག་མི་རྟག་དངོས་འགལ་ཡང་བསྟན་ཏོ། གཞན་ཡང་ཚད་མ་རིག་པས། རྟག་པའི་རྟགས་ཀྱིས་འདུས་མ་བྱས་ཀྱི་ནམ་མཁའ་མ་བྱས་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ངེས་པ། རྟག་པ་དང་མ་བྱས་པའི་འབྲེལ་བ་ངེས་པ་སྔོན་དུ་འགྲོ་དགོས། འབྲེལ་བ་དེ་ངེས་པ་ལ་མ་བྱས་པ་ལྡོག་སྟོབས་ཀྱིས་རྟག་པ་ལྡོག་པར་ངེས་པ་སྔོན་དུ་འགྲོ་དགོས་ཤིང་། མ་བྱས་པ་ལྡོག་སྟོབས་ཀྱིས་རྟག་པ་ལྡོག་པ་དང་། བྱས་པ་རྟག་སྟོང་དུ་ངེས་པ་བྱས་པ་དང་རྟག་པའི་གཞི་མཐུན་མེད་པར་ངེས་པ། བྱས་པ་ལ་རྟག་པ་མེད་པར་ངེས་པ་དོན་གཅིག་ཡིན་པར་བསམས་ན། ཡ་ལི་ཧྲི་ཏོ་དེའི་གནས་འགྱུར་ངོ་འགྱུར་མཉམ་བསྲེས་ཀྱི་ཁྱབ་འབྲེལ་ལས། བྱས་པ་ཐམས་ཅད་རྟག་པ་མ་ཡིན་པར་ངེས་པའམ་བྱས་པ་རྟག་སྟོང་དུ་ངེས་ན་རྟག་པ་ཐམས་ཅད་མ་བྱས་པ་ཡིན་པར་ངེས་ནུས། དེའི་སྟབས་བདེའི་མཚོན་སྟངས། SEPPESPASལྟ་བུའོ།
    
གཞན་ཡང་ཚད་མ་རིག་པས་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་བྱས་པ་དེ་ཉིད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་འགོད་ཚུལ་ལྟར་ཡོད་པ་ཉིད་དུ་ཚད་མས་ངེས་པའམ་ཡང་ན་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མེད་པ་ཉིད་དུ་ཚད་མས་ངེས་ན་དེ་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་འབྲེལ་བའི་དོན་སྟོན་པ་ཡིན་པས། ཁྱབ་པ་དེ་གཉིས་ལས་གཅིག་དངོས་སུ་ངེས་ན་ཅིག་ཤོས་ཤུགས་ལ་ངེས་ནུས་སོ། དེས་ན་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཞེས་པ་ནི། རྟགས་མཐུན་ཕྱོགས་ལ་རྗེས་སུ་འགྲོ་བ་དང་། མི་མཐུན་ཕྱོགས་ལས་ལྡོག་པའི་ཁྱབ་པ་ཞེས་བྱ་བའི་དོན་ཡིན་ལ། རྟགས་ལ་ཆོས་ཀྱིས་ཁྱབ་པ་དང་། ཆོས་ལོག་ལ་རྟགས་ལོག་གིས་ཁྱབ་པ་ནི་སྒྲས་དངོས་ཟིན་ལྟར་གྱི་ཁྱབ་པ་དང་ཞེས་དང་། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གི་རྗེས་ཁྱབ་དངོས་སུ་བསྟན་པའི་དོན་ཡང་། སྒྲུབ་ངག་དེ་ལས་རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་དངོས་སུ་རྟོགས་ནུས་ཤིང་། དེའི་ཤུགས་ལ་མི་མཐུན་ཕྱོགས་ལ་མེད་ངེས་རྟོགས་ནུས་པས་རྗེས་འགྲོ་དངོས་བསྟན་དང་། ལྡོག་ཁྱབ་ཤུགས་བསྟན་ཅེས་བྱའི་རྟགས་ལ་ཆོས་ཀྱི་ཁྱབ་པ་རྗེས་ཁྱབ་ཡིན་པའི་རྒྱུ་མཚན་གྱིས་རྗེས་ཁྱབ་དངོས་བསྟན་དུ་བརྗོད་པ་མ་ཡིན་ནོ། ཞེས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཇི་ལྟར་ངེས་ཚུལ་ཞིབ་པར་གསུངས་པ་བཞིན་ཡང་ལི་ཧྲི་ཏོ་དེའི་གཏན་ཚིགས་རིག་པར་ཚད་མ་རིག་པ་ལྟར་བསྒྲུབ་བྱར་དམིགས་ནས་བྱས་མི་རྟག་གཉིས་ཀྱི་ཁྱབ་འབྲེལ་ངེས་དགོས་པའི་དོན་མ་གསུངས་ཀྱང་། ངོ་འགྱུར་གྱི་ཁྱབ་འབྲེལ་སྐབས་བྱས་པ་ཐམས་ཅད་མི་རྟག་པར་ཡོད་པ་ཉིད་དུ་དངོས་སུ་ངེས་ན་ཤུགས་ལ་བྱས་པ་ཐམས་ཅད་རྟག་པར་མེད་པ་ཉིད་དུ་ངེས་དགོས། ཡང་ན་བྱས་པ་ཐམས་ཅད་རྟག་པར་མེད་པ་ཉིད་དུ་དངོས་སུ་ངེས་ན་ཤུགས་ལ་མི་རྟག་པར་ཡོད་པ་ཉིད་དུ་ངེས་དགོས་ཞེས་གསུངས། སྟབས་བདེའི་མཚོན་སྟངས། SAPSEPལྟ་བུའོ།
    
P. Pརྟག་མི་རྟག་དངོས་འགལ། SEPབྱས་པ་རྟག་པ་སྟོང་དུ་ངེས་ཚུལ། འདིར་ཚད་མ་རིག་པ་ལྟར་རྟགས་ཆོས་གཞི་གསུམ་གྱི་འབྲེལ་བའི་སྒོ་ནས་བསྒྲུབ་བྱ་སྒྲུབ་ཚུལ་དང་བྱས་མི་རྟག་གི་འབྲེལ་བ་ངེས་པ་ལ་ཚད་མ་གསུམ་སྔོན་དུ་འགྲོ་དགོས་པ་མ་བསྟན་ཀྱང་ཆོས་གཉིས་ཀྱི་ཁྱབ་འབྲེལ་ལས་རང་བཞིན་དང་རང་བཞིན་ཅན་གྱི་འབྲེལ་བ་ཇི་ལྟར་ངེས་ཚུལ་བསྟན་པ་མ་ཟད། ཁྱབ་འབྲེལ་དེ་གཉིས་གཅིག་དངོས་སུ་ངེས་ན་ཅིག་ཤོས་ཤུགས་ལ་ངེས་དགོས་ཤིང་། བྱས་མི་རྟག་གི་ཁྱབ་འབྲེལ་ངེས་པར་རྟག་པ་བྱས་སྟོང་དུ་ངེས་པ་དང་། རྟག་མི་རྟག་དངོས་འགལ་དུ་ངེས་ཚུལ་སོགས་ལ་བརྟག་ན་ཚད་མ་རིག་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་འབྲེལ་ངེས་ཚུལ་དང་ཅུང་ཟད་འདྲ་སྙམ་མོ།
    
༢.མི་འདྲ་བའི་སྐོར།
    
ཚད་མ་རིག་པའི་ཁྱབ་འབྲེལ་དེ་ནི་རྟགས་ཆོས་གཞི་གསུམ་དང་ལྡན་པའི་སྒོ་ནས་ཚུལ་གསུམ་གྱི་རྟེན་རྟགས་ཡང་དག་ལ་བརྟེན་ནས་རང་གི་བསྒྲུབ་བྱ་དཔོག་ནུས་པ་ཞིག་ཡིན། དེ་ཡང་ཕྱོགས་ཆོས་སྒྲུབ་ཅིང་རྗེས་སུ་འགྲོ་ལྡོག་ངེས་པ་སྟེ་རྟགས་ཆོས་རྒྱུ་དང་འབྲས་བུའམ་རང་བཞིན་དང་རང་བཞིན་ཅན་གྱི་འབྲེལ་བ་མེད་ན་མི་འབྱུང་བར་ངེས་དགོས་དཔེར་ན། གང་བྱས་ན་མི་རྟག་པས་ཁྱབ་ལྟ་བུར་མཚོན་ན། རྒོལ་བ་ཡང་དག་ངོར་བྱས་མི་རྟག་གཉིས་ཁྱབ་བྱ་ཁྱབ་བྱེད་དམ་ཁྱབ་མཐའ་མཉམ་པ་ཙམ་མ་ཟད་བྱས་པ་སྤྱི་རུ་ངེས་ན་མི་རྟག་པ་ཡང་སྤྱི་རུ་ངེས་དགོས་ཏེ་དོན་རང་གི་ཁྱད་ཆོས་ལས་རྟོགས་པའི་ཕྱིར། གཞན་ཡང་། རྩོལ་བྱུང་ཡིན་ན་མི་རྟག་པས་ཁྱབ་ལྟ་བུར་མཚོན་ན་ཡང་། རྩོལ་བྱུང་དང་མི་རྟག་པ་གཉིས་སྤྱི་བྱེ་བྲག་གམ་ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་བ་ཁོ་ནར་ངེས་སོ། འོན་ཀྱང་ཡ་ལི་ཧྲི་ཏོ་དེའི་ཁྱབ་འབྲེལ་ནི་རྟགས་ཆོས་དོན་གསུམ་གྱི་འབྲེལ་བའི་རྣམ་གཞག་མ་ཡིན་པར་ཆོས་གཉིས་སྤྱི་བྱེ་བྲག་གམ་ཁྱབ་མཐའ་མཉམ་པའི་འབྲེལ་བ་སྟེ་རང་བཞིན་གྱི་འབྲེལ་བ་ཁོ་ནར་ངེས་པ་ལས་རྒྱུ་འབྲས་ཀྱི་འབྲེལ་བའི་རྣམ་གཞག་སྐབས་འདིར་འཁོད་པ་ནི་གཞལ་བྱའི་ཡུལ་དུ་མི་འགྱུར་བས་བདག་ཆོས་ལེགས་པར་བསམ་པར་བྱ་བའི་གནས་སུ་འགྱུར་ལ། སྤྱི་སྒྲུབ་ལ་སོགས་པའི་ཁྱབ་འབྲེལ་བཞི་པོ་འདིར་ཚད་མ་རིག་པ་དང་མི་འདྲ་བ་ནི་སྤྱི་བྱེ་བྲག་སྟོན་བྱེད་ལ་དམིགས་སུ་བཀར་ནས་གྲངས་ཚིག་ལྡན་དགོས་པ། ཁྱབ་བྱ་ཁྱབ་བྱེད་ཀྱི་འབྲེལ་བ་སྤྱི་བྱེ་བྲག་གི་དོན་ཇི་ལྟར་ཡིན་ཚུལ་གཏན་ཚིགས་མཁན་པོས་དཔྱད་ཞིབ་བྱས་ཏེ་འཇོག་པ་ལས་དོན་རང་ངོས་ནས་སྒྲུབ་པ་མ་ཡིན་པ་སོགས་ཀྱི་ཁྱད་པར་ཡོད། དཔེར་ན། Sཐམས་ཅད་Pཡིན་ཞེས་བཀོད་ཚེ་Sདང་Pགཉིས་ཀྱི་འབྲེལ་བ་ནི་སྤྱི་བྱེ་བྲག་གམ་ཡང་ན་ཁྱབ་མཐའ་མཉམ་པའི་འབྲེལ་བ་ཡིན་མོད་ཀྱང་། Sསྤྱི་ཡི་དོན་དང་Pསྤྱི་ཡི་དོན་ངེས་ཚུལ་གཏན་ལ་ཕབ་མེད་དེ། རྩོལ་བྱུང་ཐམས་ཅད་མི་རྟག་པ་ཡིན་ཞེས་པའི་སྐབས་རྩོལ་བྱུང་ཐམས་ཅད་ཅེས་རྩོལ་བྱུང་ཡོད་དོ་ཅོག་གི་དོན་ཡིན་པས་རྩོལ་བྱུང་སྤྱི་དང་མི་རྟག་ཅེས་པ་ནི་རྩོལ་བྱུང་གི་ཁྱབ་བྱེད་ལས་མི་རྟག་པའི་གཏོགས་བྱར་གྱུར་པའི་ཆོས་གཞན་མ་གཏོགས་པས་སྤྱིའི་དོན་དུ་མ་ངེས་པ་ཡིན་ཞེས་གསུངས། དེ་བཞིན་Sཁ་ཤས་Pཡིན་ལྟ་བུར་མཚོན་ན། Sསྤྱི་ཡིན་ཡང་ཁ་ཤས་ཞེས་བྱེ་བྲག་གསལ་བྱེད་ཀྱི་ཚིག་ལྡན་པས། སྐབས་འདིར་བྱེ་བྲག་ཏུ་ངེས་པ་མ་ཟད། Pདེ་ཡང་བྱེ་བྲག་ཏུ་ངེས་དགོས་ཏེ། དཔེར་ན། དངོས་པོ་ཁ་ཤས་བེམ་པོ་ཡིན་ལྟ་བུར་བརྟག་ན་དེ་གཉིས་ཁྱབ་མཐའ་མཉམ། ཚད་མ་རིག་པའི་ཁྱབ་འབྲེལ་ལྟར་ན། དེ་ཡང་རང་བཞིན་དང་རང་བཞིན་ཅན་གྱི་ཁྱབ་འབྲེལ་དུ་བསྡུས་ན་ལེགས་སྙམ་མོ། ལྷག་པར་དུ་དཔྱད་དགོས་པ་ཞིག་ལ་Sཐམས་ཅད་Pམིན་ཞེས་པའི་སྐབས་ཆོས་གཉིས་གཞི་མཐུན་ཅུང་ཟད་མེད་ཅིང་འགལ་བ་ཁོ་ནར་འགྱུར་པའི་དོན་ཡིན་ཡང་Sདང་འབྲེལ་བའི་ཆོས་གཞན་ཞིག་གི་འབྲེལ་བ་ངེས་པར་བྱེད་པ་ལ་Sདང་Pཡི་འགལ་བ་ཇི་ལྟར་ཡིན་ཚུལ་ཤེས་པར་བྱ་དགོས་ཤིང་། སྐབས་འདིར་Sསྤྱི་ཡི་རང་བཞིན་དུ་ངེས་པ་བཞིན་Pཡང་སྤྱི་ཡི་རང་བཞིན་དུ་ངེས་དགོས་སོ།

          Sདང་P  གཉིས་ཀྱི་འབྲེལ་བའི་ཁྱབ་མཐའ་ཇི་ལྟར་ཡིན་ཚུལ་རེའུ་མིག་བཀོད་པ།  

       འབྲེལ་བའི་རྣམ་པ།

འབྲེལ་ཆོས།

སྤྱི་སྒྲུབA

སྤྱི་དགགE

བྱེ་བྲག་སྒྲུབ་I

བྱེ་བྲག་དགག་པ་O

S

སྤྱི།

སྤྱི།

བྱེ་བྲག

བྱེ་བྲག

P

བྱེ་བྲག

སྤྱི།

བྱེ་བྲག

སྤྱི།

གཞན་ཡང་ཚད་མ་རིག་པའི་གཞུང་དུ་རྟགས་ཆོས་ཀྱི་འབྲེལ་བ་ངེས་པ་ལ་བསྒྲུབ་བྱའི་ཆོས་ལྡོག་སྟོབས་ཀྱིས་རྟགས་ལྡོག་པར་ངེས་དགོས་དེ་དང་དགག་བྱའི་ཆོས་རྟགས་ཀྱིས་སྟོང་པ་དང་། དགག་བྱའི་ཆོས་དང་རྟགས་ཀྱི་གཞི་མཐུན་མེད་པར་ངེས་པ་དོན་གཅིག་ཅེས་གསུངས་མོད་ཀྱང་ཡ་ལི་ཧྲི་ཏོ་དེའི་ངོ་འགྱུར་གནས་འགྱུར་﹙换质换位﹚ཁྱབ་འབྲེལ་ལས་ཆོས་གཉིས་འབྲེལ་བ་སྤྱི་སྒྲུབ་SAPངེས་ན་འབྲེལ་བ་གཞན་རྣམས་རང་ཤུགས་སུ་སྒྲུབ་པར་བསྟན་ཏེ། དཔེར་ན། རྩོལ་བྱུང་ཐམས་ཅད་མི་རྟག་པ་ཡིན་པར་སྒྲུབ་ན་རྩོལ་བྱུང་ཐམས་ཅད་རྟག་པ་མིན་པར་སྒྲུབ་ནུས། དེ་ལྟར་སྒྲུབ་ན་རྟག་པ་ཐམས་ཅད་རྩོལ་བྱུང་མ་ཡིན་པར་སྒྲུབ་ནུས། དེ་སྒྲུབ་ན་རྟག་པ་ཐམས་ཅད་རྩོལ་མ་བྱུང་ཡིན་པར་སྒྲུབ་ནུས། དེ་ལྟར་སྒྲུབ་ན་རྩོལ་མ་བྱུང་ཁ་ཤས་རྟག་པ་ཡིན་པར་སྒྲུབ་ནུས། དེ་སྒྲུབ་ན་རྩོལ་མ་བྱུང་ཁ་ཤས་མི་རྟག་པ་མ་ཡིན་པར་སྒྲུབ་ནུས་སོ། སྟབས་བདེའི་མཚོན་སྟངས། SAPངོ་འགྱུར།SEPགནས་འགྱུར།PESངོ་འགྱུར། PASངོ་འགྱུར།SIPགནས་འགྱུར། SOPལྟ་བུའོ།
    
འདིར་གསལ་འགྲེལ་བྱ་དགོས་པ་ཞིག་ལ་རྩོལ་མ་བྱུང་ཁ་ཤས་རྟག་པ་ཡིན་པར་བསྒྲུབ་ན་ཤུགས་ལ་དོན་གཞན་གོ་རྒྱུ་མེད་པར་རྩོལ་མ་བྱུང་ལ་རྟག་པའི་ཆ་ཙམ་ཡོད་པར་བསྟན་ཏོ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060