(ནང་དོན་གནད་བསྡུས)བོད་ལ་ཡོངས་གྲགས་ཀྱི་སྒྲ་རིག་པའི་བསྟན་བཅོས་ཆེན་པོ་བཞི་ལས་འདིར་དབྱངས་ཅན་སྒྲ་མདོའི་མཚམས་སྤྱོར་ལྔ་པའི་ནང་གསེས་དབྱངས་ཀྱི་མཚམས་སྦྱོར་ལ་གཟུགས་འགྱུར་མང་དུ་མཆིས་པས་དེ་དག་ལྟ་སླ་འཆད་བདེའི་ཆེད་དུ་དམིགས་ཏེ། དོན་ཚན་བཅུ་དྲུག་ཏུ་བཀར་ནས་གཟུགས་འགྱུར་གྱི་རྣམ་གྲངས་དང་། མདོ་ལུང་གི་འགྲེལ་བ། ཆོ་གའི་གོ་རིམ། རྣམ་གསལ་གྱི་དཔེར་བརྗོད། མཐར་ཐུག་གི་གྲུབ་གཟུགས། དེ་ཉིད་ཀྱི་འགྱུར་དོན་བཅས་རིམ་པ་བཞིན་དུ་བཀོད་ཡོད།
(གནད་ཚིག)དབྱངས་ཅན་སྒྲ་མདོ། དབྱངས་ཀྱི་མཚམས་སྦྱོར། མདོ་ལུང་འགྲེལ་བ། ཆོ་ག
གླེང་གཞི།
དེ་ཡང་ང་ཚོས་ཐོག་མར་ཤེས་དགོས་པ་ནི་དབྱངས་ཞེས་པའི་རྩ་བའི་རྣམ་གྲངས་དང་དེ་ཉིད་ལས་འཕྲོས་པའི་རིང་ཐུང་སོགས་ཀྱི་ཁྱད་པར་ཡིན་ཏེ། དེ་དག་གོ་རིམ་བཞིན་དུ་ཞུས་ན་འདི་ལྟར་ཏེ། ཨ་ཨི་ཨུ་རྀ་ལྀ་ལྔ་པོ་ནི་རྩ་བའི་དབྱངས་ཡིན་ལ་བརྡ་ཆད་ཀྱིས་བཏགས་པའི་མཚུངས་པའི་ཡི་གེ་ཡང་མིན། དེ་དག་རེ་རེ་ལས་འཕྲོས་པའི་ནང་གསེས་སུ་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་བཅས་ཀྱི་ཁྱད་པར་གསུམ་གསུམ་དུ་མཆིས་ཤིང་ཁྱོན་བསྡོམས་བཅོ་ལྔ་ཡིན་ཀྱང་། 《དབྱངས་ཅན་སྒྲ་མདོའི》དགོངས་པར་ལྀ་ཡིག་ལ་རིང་པོ་མེད་པས་དོན་དངོས་ཐོག་ཏུ་བཅུ་བཞི་གནས་སོ། དཔེར་ན། ཨ་ཐུང་ངུ་། ཨཱརིང་པོ། ཨ་ཉྲ་པླུ་ཏུ་སྟེ་ཤིན་ཏུ་རིང་པོ་ལྟ་བུའོ། དེ་བཞིན་དུ་ཨི་ཨཱི་ཨིཉྲ། ཨུ་ཨཱུ་ཨུ་ཉྲ། རྀ་རཱྀ་རྀཉྲ། ལྀ་ལིཉྲ་བ ཅས་སོ། སློབ་དཔོན་ཆེན་མོ་༧ཁྲོ་རུ་ཚེ་རྣམ་ལགས་ཀྱིས་མཛད་པའི《སྒྲ་གཞུང་ཕྱོགས་བསྒྲིགས》ཀྱི་ནང་དུ། དེ་ཡང་། པཱ་ཎི་པ་དང་། ཙནྡྲ་པ། ཀ་ལཱ་པ། གཞུང་འདི་བཅས་ཀྱི་ལུགས་ལ་རྣམ་པ་ཀུན་ཏུ་ལྀ་ལ་རིང་པོའི་ཆོ་ག་མེད་ཀྱང་ཤིན་ཏུ་རིང་པོ་ནི་སྐབས་འགར་ཡོད་དོ།།①ཞེས་གསུངས་སོ། །རྩ་བའི་དབྱངས་ལྔ་ལ་མཚུངས་པའི་ཡི་གེ་ཟེར་བའི་རྒྱུ་མཚན་ནི་དོན་གྱི་ངོ་བོའི་ཆ་ནས་གཅིག་པ་གཅིག་རྐྱང་ཡིན་པའི་ཕྱིར་དང་། འདྲ་བའི་ཡེ་གེ་ཟེར་བའི་རྒྱུ་མཚན་ནི་དོན་གྱི་ངོ་བོ་གཅིག་མཚུངས་ཡིན་པར་མ་ཟད། གངས་ཀྱི་རིང་ཐུང་གི་ཁྱད་ཙམ་ལས་ཡིག་གཟུགས་ཀྱི་རི་མོ་ཡང་ཆ་འདྲ་བས་སོ། །ཡང་དེ་ཉིད་ལས། ཨ་དང་ཨི་ལྟ་བུ་སྤྱིར་མཚུངས་པའི་ཡེ་གེ་ཡིན་ཡང་ནང་གསེས་འདྲ་བའི་ཡེ་གེ་མ་ཡིན་པས།མཚུངས་པ་དང་འདྲ་བའི་ཡི་གེ་ལ་མུ་གསུམ་ཡོད་དེ། དཔེར་ན། མཚུངས་པའི་ཡི་གེ་ཡིན་ལ་འདྲ་བའང་ཡིན་པའི་མུ་ནི་ཨ་ཐུང་དང་ཨཱ་རིང་ལྟ་བུ་དང་། མཚུངས་པའི་ཡི་གེ་ཡིན་ཡང་འདྲ་བ་མ་ཡིན་པའི་མི་ནུ་ཨ་དང་ཨི་ལྟ་བུ། མཚུངས་པ་དང་འདྲ་བའི་ཡི་གེ་གང་ཡང་མིན་པའི་མུ་ནི་གསལ་བྱེད་ཀ་ལྟ་བུ་བཅས་སོ།།(2)གོང་གི་མཚུངས་པའི་ཡེ་གེ་ལྔ་པོའི་ཐོག་ཏུ་ཨེ་ཨཻ་ཨོ་ཨོོ་མཚམས་སྦྱོར་གྱི་ཡེ་གེ་བཞི་བསྣན་པས་ཁྱོན་བསྡོམས་དབྱངས་ཡིག་དགུ་ཡོད་ཅིང་། 《དབྱངས་ཅན་སྒྲ་མདོ》ལས། གཉིས་པོ་རྣམས་དབྱངས་སོ་ཞེས་དང་། 《སྒྲ་གཞུང་ཕྱོགས་བསྒྲིགས》ལས། མཚུངས་པའི་ཡེ་གེའི་མིང་ཅན་དང་། མཚམས་སྦྱོར་གྱི་ཡི་གེའི་མིང་ཅན་ཏེ། སྡེ་ཚན་གཉིས་པོ་འདི་རྣམས་ལ་ཐུན་མོང་དུ་དབྱངས་ཞེས་བརྡར་བཏགས་པ་ཡིན། (3)ཞེས་གསུངས་སོ།།དེ་ཡང་ཨེ་ཨེེ་ཨོ་ཨོོ་བཞི་ལ་མཚམས་སྦྱོར་གྱི་ཡི་གེ་ཟེར་བའི་རྒྱུ་མཚན་ནི་ཨ་ཡིག་དང་ཨི་ཡིག ཨ་ཡིག་དང་ཨུ་ཡིག་གཉིས་གཉིས་ཀྱི་བར་ཐག་ལ་མཚམས་ཞེས་དང་། དེ་དག་གཉིས་གཉིས་སུ་འདུས་པ་ལ་སྦྱོར་བས་སོ། །ཞིབ་ཕྲའི་མཚམས་སྦྱོར་ནི་འདི་ལྟར་ཏེ། ཨ་ཡིག་རིང་ཐུང་གང་རུང་ཞིག་དང་ཨི་ཡིག་རིང་ཐུང་གང་རུང་ཞིག་གཉིས་ལྷན་ཅིག་ཏུ་སྡེབ་སྦྱོར་བྱས་པ་ལས་ཨེ་བྱུང་བ་དང་། དེ་བཞིན་དུ་ཨ་ཡིག་རིང་ཐུང་གང་རུང་ཞིག་དང་ཨེ་ཡིག་གཉིས་མཉམ་ཅིག་ཏུ་སྡེབ་སྦྱོར་བྱས་པ་ལས་ཨེེ་ཀེ་ཤ་ཅན་བྱུང་བ་དང་། ཨ་ཡིག་རིང་ཐུང་གང་རུང་ཞིག་དང་ཨུ་ཡིག་རིང་ཐུང་གང་རུང་ཞིག་གཉིས་ཆབས་ཅིག་ཏུ་སྡེབ་སྦྱོར་བྱས་པ་ལས་ཨོ་བྱུང་བ་དང་། ཨ་ཡིག་རང་ཐུང་གང་རུང་ཞིག་དང་ཨོ་ཡིག་གཉིས་ཐབས་ཅིག་ཏུ་སྡེབ་སྦྱོར་བྱས་པ་ལས་ཨཽ་ཀེ་ཤ་ཅན་སོགས་བྱུང་བའོ།།
ད་ནི《དབྱངས་ཅན་སྒྲ་མདོའི》དབྱངས་ཀྱི་མཚམས་སྦྱོར་ཆེད་དུ་དམིགས་ཏེ་སྒྲ་རིག་དོན་གཉེར་ཅན་གྱི་སྐལ་ལྡན་སྐྱེས་བུའི་ཚོགས་ལ་མཛུབ་མོས་རི་སྟོན་གྱི་ཚུལ་དུ་མདོ་ལུང་གི་མན་ངག་རྣམས་སློབ་དཔོན་ཆེན་མོ་༧དམུ་དགེ་བསམ་གཏན་དང་། སློབ་དཔོན་ཆེན་མོ་༧བསམ་གྲུབ་རྒྱ་མཚོ། སློབ་དཔོན་ཆེན་མོ༧་ཀླུ་རྒྱལ་འབུམ་སོགས་ཀྱི་ཞལ་རྒྱུན་ལྟར་བཀྲལ་ཞིང་སྒྲ་སྒྲུབ་ཀྱི་རིམ་པ་ལས་མ་འདས་པར་ཆོ་ག་ཇི་བཞིན་འགོད་ཅིང་རྣམ་གསལ་གྱི་དཔེར་བརྗོད་དང་བཅས་པ་ཕྲ་ཞིབ་རིགས་པས་འཆད་པར་བྱའོ། དེང་དུས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སོགས་ཆེད་སྦྱོང་སློབ་མ་དང་དངོས་གཞི་སློབ་མའི་སློབ་ཚན་གྱི་འཆར་འགོད་ནང་དུ་སྒྲ་རིག་པ་ཡོད་པར་མ་ཟད་སློབ་ཁྲིད་དངོས་ཀྱི་ཁྲོད་ནས་ལག་བསྟར་བྱེད་བཞིན་མཆིས། གོང་གསལ་གྱི་སློབ་གྲྭ་ཆེ་ཁག་ལ་རབ་འབྱམས་པའི་སློབ་མར་རྒྱུགས་སྤྲོད་སྐབས་ཕྱི་རྒྱལ་གྱི་ཡིག་རིགས་གྲལ་དུ་བརྩིས་ཏེ་རྒྱུགས་ལེན་བཞིན་ཡོད། ད་ལྟ་སློབ་གྲྭ་ཆེ་ཁག་གི་སྒྲ་གཞུང་སློབ་དེབ་དང་སློབ་ཐུན་བཀོད་སྒྲིག་ལ་བལྟས་ན《དབྱངས་ཅན་སྒྲ་མདོ》ལས་མཚམས་སྦྱོར་ལྔ་པ་དང་རྣམ་དབྱེ་ཉེར་གཅིག་ཙམ་གྱིས་ཚིམ་པར་བྱས་པ་འདྲའོ།
ཕྲན་གྱིས་གནས་ཚུལ་དེ་ཉིད་ལ་གཞིགས་ནས་ལོ་མང་སློབ་ཁྲིད་བགྱིས་པའི་ཁྲོད་དུ་བྱུང་བའི་དཀའ་ཚེགས་ཆེ་ཤོས་ནི་མཚམས་སྦྱོར་ལྔ་པ་ལས་དབྱངས་ཀྱི་མཚམས་སྦྱོར་ཡིན་ཞིང་། དེ་ལ་གཟུགས་འགྱུར་མང་བ་དང་རྩ་བའི་མདོ་ལུང་སོ་སོའི་ནང་ཚན་གྱི་མན་ངག་རྣམས་གོ་དཀའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་དེའི་ལུགས་ལྟར་གཟུགས་འགྱུར་རྣམ་གྲངས་དང་། མདོ་ལུང་གི་འགྲེལ་བ། ཆོ་གའི་གོ་རིམ། རྣམ་གསལ་གྱི་དཔེར་བརྗོད། མཐར་ཐུག་གི་གྲུབ་གཟུགས། དེ་ཉིད་ཀྱི་འགྱུར་དོན་སོགས་རིམ་པ་བཞིན་དུ་སྐལ་མཉམ་ལས་གྲོགས་དང་བུ་ཆེན་སློབ་མའི་འཁོར་ཚོགས་ལ་བཀའ་མོལ་གྱི་ཚུལ་དུ་ཞུ་བར་ལགས་སོ།
གཅིག ཨི་ཡིག་ཡ྄་ཡིག་ཏུ་འགྱུར་བའི་སྐོར།
དེ་ཡང་ཨི་ཡིག་ཡ྄་ཡིག་ཏུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་དབྱངས་ལ་ཨི་ཡ྄འོ་ཞེས་སོ།། མཁས་དབང་༧བསྐལ་བཟང་ངག་དབང་དམ་ཆོས་ཀྱིས་མཛད་པའི། 《དབྱངས་ཅན་སྒྲ་མདོའི་རྒྱས་འགྲེལ》ལས། དབྱངས་ལ་ཞེས་པའི་ཚིག་འདི་ལས་གཞན་ལ་མེད་པ་ནི་འདིར་ཐོག་མའི་གསལ་བྱེད་ཡིན། (4)དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཨི་ཡིག་རིང་ཐུང་གང་དང་གང་བྱུང་ཡང་། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་དབྱངས་ཡིག་རང་དང་འདྲ་བ་མ་ཡིན་པ་ཞིག་བྱུང་ཚེ། ཚུ་རོལ་གྱི་རྟགས་མཐའི་ཨི་ཡིག་རིང་ཐུང་གང་རུང་བྱུང་བ་དེ་ནི་རྣམ་པ་ཀུན་ཏུ་ཡ྄་ཡིག་སྲོག་མེད་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་དདྷི་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨཱ་ན་ཡ་ཞེས་པའི་ཚིག་གྲོགས་ཞོག ད་དྷི ཨཱ་ན་ཡ་ཞེས་གནས་པ་ལ། ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་དྷིའི་སྲོག་གི་ཨི་ཡིག་ཕྲལ་ནས་ངྷ྄འི་སྔོན་དུ་བཞག་ན་རིམ་པ་ལས་འདས་པ་སྟེ་གོ་རིམ་བསྣོལ་བ་ཡིན་པས་དྷ྄་ཡིག་སྲོག་མེད་ཀྱི་མཇུག་དེ་མ་ཐག་ཏུ་འཇོག་དགོས་པའི་དོན་ནོ། ངྷ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། ད་དྷ྄ ཨི ཡཱན་ཡ་ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། དབྱངས་ལ་ཨི་ཡ྄འོ་ཞེས་པས་ཨི་ཡིག་ཡ྄་ཡིག་ཏུ་བསྒྱུར་ནས་ཡ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། དདྟ྄ ཡ྄ ཨུནཡ་ཞེས་པའི་ཧ་སའི་ཡི་གེ་ནི་འདི་ལྟར་ཏེ། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛཌ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས་བཅས་སོ། དེ་གང་རུང་ཞིག་ཕ་རོལ་ཏུ་གནས་པའམ་བྱུང་བའི་ཚེ། ཚུ་རོལ་རྟགས་བཀོད་ཀྱི་ཐོག་མའི་དབྱངས་ཡིག་མཐའ་ཅན་ལས་ར་ཡིག་དང་ཧ་ཡིག་གཉིས་པོ་གང་ཡང་མ་ཡིན་པའི་ཧ་སའི་ཡི་གེ་ནི་གཉིས་སུ་འགྱུར་བས་ངྷ྄་ཡིག་སྲོག་མེད་ཅིག་དྷ྄འི་སྔོན་དུ་འཇོག་དགོས། འདི་ནས་འཆད་པའི་ཕ་རོལ་དང་ཚུ་རོལ་གྱི་གོ་དོན་ནི་རྟགས་བཀོད་ཁོ་ནའི་དབང་དུ་བཏང་ནས་བརྗོད་པ་ཡིན་གྱི་ཕ་རོལ་ཚིག་གྲོགས་ཀྱི་དབང་དུ་བཏང་ནས་བརྗོད་པ་མིན་ཕྱིར་བློ་ལྡན་རྣམས་ཀྱིས་རྣམ་པ་ཀུན་ཏུ་གཟབ་པར་མཁྱེན་ནོ། དདྷ྄དྷ྄ ཡ྄ ཨཱནཡ་ཞེས་གནས་པ་ལ། ཛྷ་བྷ་ལ་ཛ་བ་རྣམས་སོ་ཞེས་པས་ཚུ་རོལ་གྱི་ཛྷ་སའི་ཡི་གེ་ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས། དེ་རྣམས་ཛྷ་བྷ་སོ་སོར་བསྡུ་བའི་ཡི་གེ་ཛྷ་ཌྷ་དྷ་གྷ་བྷ། ཕ་རོལ་ལ་ཛ་བ་སོ་སོར་བསྡུ་བའི་ཡི་གེར་ཛ་ཌ་ད་ག་བ་ལྔ་པོར་འགྱུར་ཏེ། དྷ྄་ཡིག་གོང་མ་འདི་ཉིད་རང་དང་སྡེ་བ་གཅིག་པ་སྟེ་ཏ་ཐ་ད་ངྷ་ན་ཡིན་ཞིང་། སྡེ་བ་དེའི་གྲངས་མཚུངས་ཀྱི་གསུམ་པ་དྲ་ཡིག་སྲོག་མེད་དུ་བསྒྱུར་བས་འདི་བཞིན་གྲུབ་སྟེ། དད྄་དྷ྄ ཡ྄ ཨཱན་ཡ་ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་རྣམས་ཕ་རོལ་ཚིག་གྲོགས་ཀྱི་ཧ་སའི་ཡི་གེ་དབྱངས་ལྡན་གང་མཆིས་པ་དེའི་ཐོག་ཏུ་གོ་རིམ་མ་བསྣོལ་བར་ཡང་དག་པར་དྲངས་ཏེ། ཡ྄་སྲོག་མེད་ཨཱ་ཐོག་ཏུ་དྲངས་པས་ཡཱ་གྲུབ། དེའི་ཐོག་ཏུ་དྷ྄་སྲོག་མེད་དྲངས་པས་དྷྱཱ་གྲུབ། དེའི་ཐོག་ཏུ་ད྄་སྲོག་མེད་དྲངས་པས་ངྡྷྱཱ་གྲུབ་པ་དང་། མཐར་ཐུག་གི་གྲུབ་གཟུགས་ནི་དངྡྷྱཱན་ཡ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་ཞོ་ལོངས་ཤིག་ཅེས་པའོ། ཆེད་ཞུ། དབྱངས་ལ་ཨི་ཡ྄འོ་ཞེས་པའི་མདོ་ལུང་འདིས་ཨཱི་རིང་མཐའ་ཅན་དང་ཨི་ཐུང་མཐའ་ཅན་གང་ཡིན་ཡང་ཡ྄་ཡིག་སྲོག་མེད་དུ་འགྱུར་བར་ཁྱད་མེད་བཞིན་གཞན་དག་གི་དཔེར་བརྗོད་ཐམས་ཅད་ལ་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་གྱིས་རིགས་འགྲེ་བར་མཛོད།
གཉིས། ཨུ་ཡིག་ཝ་ཡིག་ཏུ་འགྱུར་བའི་སྐོར།
དེ་ཡང་ཨུ་ཡིག་ཝ྄་ཡིག་ཏུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨུ་ཝ྄འོ་ཞེས་སོ། །དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཨུ་ཡིག་རིང་ཐུང་གང་བྱུང་ཡང་། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་དབྱངས་ཡིག་རང་དང་འདྲ་བ་མ་ཡིན་པ་ཇི་བྱུང་ཚེ། ཚུ་རོལ་གྱི་རྟགས་མཐའི་ཨུ་ཡིག་རིང་ཐུང་གང་རུང་བྱུང་བ་དེ་ནི་རྣམ་པ་ཀུན་ཏུ་ཝ྄་ཡིག་སྲོག་མེད་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་མདྷུ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨཏྲ་ཞེས་པའི་ཚིག་གྲོགས་བཞག མདྷ྄ ཨཏྲ་ཞེས་གནས་པ་ལ། ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་ངྷུའི་སྲོག་གི་ཨུ་ཡིག་ཕྲལ་ནས་དྷ་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། མདྷ྄ ཨུ་ཨ་ཏྲ་ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨུ་ཝ྄འོ་ཞེས་པས་ཨུ་ཡིག་ཝ྄་སྲོག་ཡིག་ཏུ་བསྒྱུར་ནས་ཝ྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན་མ་བཀོད། མདྷ྄ ཝ྄ ཨ་ཏྲ་ཞེས་གནས་པ་ལ། ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ་ཞེས་པས་ཧ་སའི་ཡི་གེ་གང་རུང་ཞིག་ཕ་རོལ་ཏུ་གནས་པའམ་བྱུང་བའི་ཚེ། ཚུ་རོལ་རྟགས་བཀོད་ཀྱི་ཐོག་མའི་དབྱངས་ཡིག་མཐའ་ཅན་ལས་ར་ཡིག་དང་ཧ་ཡིག་གཉིས་པོ་གང་ཡང་མ་ཡིན་པའི་ཧ་སའི་ཡེ་གེ་དེ་ནི་གཉིས་སུ་འགྱུར་བས་དྷ྄་ཡིག་སྲོག་མེད་ཅིག་དྷ྄འི་སྔོན་དུ་བཞག་པས། མདྷ྄དྷ྄ ཝ྄་ཨཏྲ་ཞེས་གནས་པ་ལ། ཛྷ་བྷ་ལ་ཛ་བ་རྣམས་སོ་ཞེས་པས་ཚུ་རོལ་གྱི་ཛྷ་སའི་ཡི་གེ་རྣམས་ཛྷ་བྷ་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་ལ་ཛ་བ་སོ་སོར་བསྡུ་བའི་ཡི་གེར་འགྱུར་ཏེ། དྷ྄་ཡིག་གོང་མ་འདི་ཉིད་རང་དང་སྡེ་བ་གཅིག་པའི་གྲངས་མཚུངས་ཀྱི་གསུམ་པ་ད་ཡིག་སྲོག་མེད་དུ་བསྒྱུར་བས། མད྄་དྷ྄ ཝ྄ ཨ་ཏྲ་ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་རྣམས་ཕ་རོལ་ཚིག་གྲོགས་ཀྱི་ཧ་སའི་ཡི་གེ་དབྱངས་ལྡན་གང་མཆིས་པ་དེའི་ཐོག་ཏུ་གོ་རིམ་མ་བསྣོལ་བར་ཡང་དག་པར་བརྩེགས་ཏེ། ཝ྄་སྲོག་མེད་ཨ་ཐོག་ཏུ་དྲངས་པས་ཝ་གྲུབ། དེའི་ཐོག་ཏུ་དྷ྄་སྲོག་མེད་དྲངས་པས་ངྷྭ་གྲུབ། ཡང་ཝ་གྲུབ། དེའི་ཐོག་ཏུ་ད྄་སྲོག་མེད་དྲངས་པས་ངྷྭ་གྲུབ་པ་དང་། ཡང་དེའི་ཐོག་ཏུ་དྲ་སྲོག་མེད་དྲངས་པས་ངྡྷྭ་གྲུབ་པ་དང་། མཐར་ཐུག་གི་གྲུབ་གཟུགས་ནི་མངྡྷྭཏྲ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་སྦྲང་རྩི་འདིར་ཞེས་པའོ། ཆེད་ཞུ། ཨུ་ཝ྄འོ་ཞེས་པའི་མདོ་ལུང་འདིས་ཨཱུ་རིང་མཐའ་ཅན་དང་ཨུ་ཐུང་མཐའ་ཅན་གང་ཡིན་ཡང་ཝ྄་ཡིག་སྲོག་མེད་དུ་འགྱུར་བས་གཞན་དག་གི་དཔེར་བརྗོད་ཀུན་ལ་རིགས་འགྲེའོ། །ཨུ་ཝ྄འོ་ཞེས་པའི་མདོ་ལུང་འདིའི་གོང་དུ་དབྱངས་ལ་ཞེས་པའི་ངེས་ཚིག་ཐོབ་སྟེ་དཔེར་ན་དབྱངས་ལ་ཨུཝ྄འོ་ཞེས་པ་ལྟ་བུ་ཡིན་ཀྱང་དབྱངས་ལ་ཞེས་ཐོག་མར་དམིགས་སུ་བཟུང་ནས་གསལ་བར་བརྗོད་པར་བྱས་པས་གཤམ་གྱི་ཨུ་རྀ་ལྀ་ཨེ་ཨོ་སོགས་ལ་དབྱངས་ཞེས་མ་སྦྱར་བའི་མན་ངག་མཁྱེན་པར་མཛོད།
གསུམ་པ། རྀ་ཡིག་ར྄་ཡིག་ཏུ་འགྱུར་བའི་སྐོར།
དེ་ཡང་རྀ་ཡིག་ར྄་ཡིག་ཏུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་རྀ་ར྄འོ་ཞེས་སོ། །དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་རྀ་ཡིག་རིང་ཐུང་གང་བྱུང་ཡང་། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་དབྱངས་ཡིག་རང་དང་འདྲ་བ་མ་ཡིན་པ་ཇི་བྱུང་ཚེ། ཚུ་རོལ་གྱི་རྟགས་མཐའི་རྀ་ཡིག་རིང་ཐུང་གང་རུང་བྱུང་བ་དེ་ནི་རྣམ་པ་ཀུན་ཏུ་ར྄་ཡིག་སྲོག་མེད་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་པི་ཏྲྀ ཨརྠཿ ཞེས་གནས་པ་ལ། ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་ཏྲྀའི་སྲོག་གི་རྀ་ཡིག་ཕྲལ་ནས་ཏ྄་སྲོག་མེད་དུ་གྱུར་པས་ཧལ་ལཱནྟས་མཚམས་མ་བཀོད། པིཏ྄། རྀ ཨ་རྠཿ ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། རྀ་ར྄འོ་ཞེས་པས་རྀ་ཡིག་ར྄་ཡིག་ཏུ་བསྒྱུར་ནས་ར྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། པིཏ྄ ར྄ ཨ་རྠཿཞེས་གསན་པ་ལ། ཧ་ས་ལས་ར་ཡིག་རྟགས་མཐའ་ལ་ཡོད་པའི་དབང་གི་རྣམ་འགྱུར་གཞན་དག་མེད་དེ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་རྣམས་ཕ་རོལ་ཚིག་གྲོགས་ཀྱི་ཨ་ཡིག་ཐོག་ཏུ་གོ་རིམ་མ་བསྣོལ་བར་ཡང་དག་པར་བརྩེགས་ཏེ། ར྄་སྲོག་མེད་ཨ་ཐོག་ཏུ་དྲངས་པས་ར་གྲུབ། དེའི་ཐོག་ཏུ་ཏ྄་སྲོག་མེད་དྲངས་པས་ཏྲ་གྲུབ། མཐར་ཐུག་གི་གྲུབ་གཟུགས་ནི་པིཏྲརྠཿཞེས་པ་དང་། འགྱུར་ཡིག་གི་དོན་ནི་ཕའི་དོན་ཞེས་པའོ། ཆེད་ཞུ། རྀ་ར྄འོ་ཞེས་པའི་མདོ་ལུང་འདིས་རཱི་རིང་མཐའ་ཅན་དང་རྀ་ཐུང་མཐའ་ཅན་གང་ཡིན་ཡང་ར྄་ཡིག་སྲོག་མེད་དུ་འགྱུར་བར་ཁྱད་མེད་པས་གཞན་དག་གི་དཔེར་བརྗོད་ཀུན་ལ་རིགས་འགྲེའོ།
བཞི་པ། ལྀ་ཡིག་ལ྄་ཡིག་ཏུ་འགྱུར་བའི་སྐོར།
དེ་ཡང་ལྀ་ཡིག་ལ྄་ཡིག་ཏུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ལྀ་ལ྄འོ་ཞེས་སོ། དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ལྀ་ཡིག་ཐུང་ངུ་དང་ཤིན་ཏུ་རིང་པོ་གང་བྱུང་ཡང་། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་དབྱངས་ཡིག་རང་དང་འདྲ་བ་མ་ཡིན་པ་ཇི་བྱུང་ཚེ། ཚུ་རོལ་གྱི་རྟགས་མཐའི་ལྀ་ཡིག་ཐུང་ངུ་དང་ཤིན་ཏུ་རིང་པོ་གང་རུང་བྱུང་བ་དེ་ནི་རྣམ་པ་ཀུན་ཏུ་ལ྄་ཡིག་སྲོག་མེད་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ལྀ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨནུ་བནྡྷཿཞེས་པའི་ཚིག་གྲོགས་བཞག ལྀ ཨནུ་བནྡྷཿཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ལྀ་ལ྄འོ་ཞེས་པའ་ལྀ་ཡིག་ལ྄་ཡིག་ཏུ་བསྒྱུར་ནས་ལ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། ལ྄ ཨནུ་བནྡྷཿཞེས་གསན་པ་ལ། འདི་ནས་མདོ་ལུང་གཞན་གྱི་རྣམ་འགྱུར་མེད་དེ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་ལ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨ་ཡིག་ཐོག་ཏུ་དྲངས་པས་ལ་གྲུབ། མཐར་ཐུག་གི་གྲུབ་གཟུགས་ནི་ལ་ནུབནྡྷཿཞེས་པ་དང་། འགྱུར་ཡིག་གི་དོན་ནི་ལྀ་ཡིག་རྗེས་སུ་འབྲེལ་བ་ཞེས་པའོ། ཆེད་ཞུ ། ལྀ་ལ྄འོ་ཞེས་པའི་མདོ་ལུང་འདིསི་ལྀཉ྄་རིང་མཐའ་ཅན་དང་ལྀ་ཐུང་མཐའ་ཅན་གང་ཡིན་ཡང་ལ྄་ཡིག་སྲོག་མེད་དུ་འགྱུར་བར་ཁྱད་མེད་པ་བཞིན་གཞན་དག་གི་དཔེར་བརྗོད་ཀུན་ལ་རིགས་འགྲེའོ།
ལྔ། ཨེ་ཡིག་ཨ་ཡ྄ར་འགྱུར་བའི་སྐོར།
དེ་ཡང་ཨེ་ཡིག་ཨ་ཡ྄ར་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨེ་ཨ་ཡ྄འོ་ཞེས་སོ། །དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨེ་ཡིག་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་དབྱངས་ཡིག་དང་འཕྲད་ཚེ། ཚུ་རོལ་གྱི་རྟགས་མཐའི་ཨེ་ཡིག་དེ་རྣམ་པ་ཀུན་ཏུ་ཨྲ་ཡ྄་ཞེས་པར་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ནེ་ཞེས་པའི་རྟགས་བཀོད། ཕ་རོལ་དུ་ཨནཾ་ཞེས་པའི་ཚིག་གྲོགས་བཞག ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་ནེའི་སྲོག་གི་ཨེ་ཡིག་ཕྲལ་ནས་ན྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། ན྄ ཨེ ཨནཾཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨེ་ཨཡ྄འོ་ཞེས་པས་ཨེ་ཡིག་ཨཡ྄ར་བསྒྱུར་ནས་ཡ྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན་མ་བཀོད། ན྄ ཨཡ྄ ཨནཾ་ཞེས་གནས་པ་ལཿདབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་ཡ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨ་ཡིག་ཐོག་ཏུ་དྲངས་པས་ཡ་གྲུབ། ན྄ ཨ ཡནཾ་ཞེས་གནས་པ་ལ། ཡང་དབྱངས་ཀྱིས་དམན་པ་ཞེས་པས་ན྄་སྲོག་མེད་དེ་ཨ་ཐོག་ཏུ་དྲངས་ནས། མཐར་ཐུག་གི་གྲུབ་གཟུགས་ནི་ན་ཡནཾཞེས་པ་དང་། འགྱུར་ཡིག་གི་དོན་ནི་འདྲེན་བྱེད་དེ་མིག་ཅེས་པའོ།།
དྲུག་པ། ཨོ་ཡིག་ཨ་ཝ྄ར་འགྱུར་བའི་སྐོར།
དེ་ཡང་ཨོ་ཡིག་ཨ་ཝ྄ར་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨོ་ཨཝ྄འོ་ཞེས་སོ། དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨོ་ཡིག་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་དབྱངས་ཡིག་དང་འཕྲད་ཚེ། ཚུ་རོལ་གྱི་རྟགས་མཐའི་ཨོ་ཡིག་དེ་ནི་རྣམ་པ་ཀུན་ཏུ་ཨ་ཝ྄་ཞེས་པར་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་བྷོ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨཏི་ཞེས་པའི་ཚིག་གྲོགས་བཞག ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་བྷོའི་སྲོག་གི་ཨོ་ཡིག་ཕྲལ་ནས་བྷ྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན་མ་བཀོད། བྷ྄ ཨོ ཨཏི་ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨོ་ཨ་ཝ྄འོ་ཞེས་པས་ཨོ་ཡིག་ཨཝ྄ར་བསྒྱུར་ནས་ཝ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། བྷ྄ ཨཝ྄ ཨཏི་ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་ཝ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨ་ཡིག་ཐོག་ཏུ་དྲངས་པས་བ་གྲུབ། བྷ྄ ཨ བཏི་ཞེས་གནས་པ་ལ། ཡང་དབྱངས་ཀྱིས་དམན་པ་ཞེས་པས་བྷ྄་སྲོག་མེད་དེ་ཨ་ཐོག་ཏུ་དྲངས་ནས། མཐར་ཐུག་གི་གྲུབ་གཟུགས་ནི་བྷབཏི་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་ཡོད་པའམ་དངོས་པོ་ཞེས་པའོ།།
བདུན། ཨཻ་ཡིག་ཨཱཡ྄ར་འགྱུར་བའི་སྐོར།
དེ་ཡང་ཨཻ་ཡིག་ཨཱཡ྄ར་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨཻ་ཨུཡ྄འོ་ཞེས་སོ། དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨཻ་ཡིག་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་དབྱངས་ཡིག་དང་འཕྲད་ཚེ། ཚུ་རོལ་གྱི་རྟགས་མཐའི་ཨེེ་ཡིག་དེ་ནི་རྣམ་པ་ཀུན་ཏུ་ཨཱཡ྄་ཞེས་པར་འགྱུར་པའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ནཻ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨ་ཀཿ ཞེས་པའི་ཚིག་གྲོགས་བཞག ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་ནེེའི་སྲོག་གི་ཨེེ་ཡིག་ཕྲལ་ནས་ན྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན་མ་བཀོད། ན྄ ཨེ ཨཀཿ ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨེེ་ཨཱཡ྄འོ་ཞེས་པས་ཨེེ་ཡིག་ཨཱ་ཡ྄ར་བསྒྱུར་ནས་ཡ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད ན྄ ཨཱཡ྄ ཨཀཿ ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་ཡ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨ་ཡིག་ཐོག་ཏུ་དྲངས་པས་ཡ་གྲུབ། ན྄་ཨཱ ཡཀཿ ཞེས་གནས་པ་ལ། ཡང་དབྱངས་ཀྱིས་དམན་པ་ཞེས་པས་ན྄་སྲོག་མེད་དེ་ཨཱ་རིང་ཐོག་ཏུ་དྲངས་ནས། མཐར་ཐུག་གི་གྲུབ་གཟུགས་ནི་ནཱ་ཡཀཿ ཞེས་པ་དང་། འགྱུར་ཡིག་གི་དོན་ནི་འདྲེན་པའམ་གཙོ་བོ་ཞེས་པའོ།
བརྒྱད། ཨོ་ཡིག་ཨཱ་ཝ྄ར་འགྱུར་བའི་སྐོར།
དེ་ཡང་ཨོ་ཡིག་ཨཱཝ྄ར་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨོ་ཨཱཝ྄འོ་ཞེས་སོ། །དེ་ཉིད་ཀྱི་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨོ་ཡིག་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་དབྱངས་ཡིག་དང་འཕྲད་ཚེ། ཚུ་རོལ་གྱི་རྟགས་མཐའི་ཨོ་ཡིག་དེ་ནི་རྣམ་པ་ཀུན་ཏུ་ཨཱཝྲ་ཞེས་པར་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ཏོ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨིཧ་ཞེས་པའི་ཚིག་གྲོགས་བཞག ཀ་ལྭ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་ཏཽའི་སྲོག་གི་ཨཽ་ཡིག་ཕྲལ་ནས་ཏ྄་སྲོག་མེད་དུ་གྱུར་པས་ཧལནྟས་མཚན་མ་བཀོད། ཏ྄ ཨོ་ཨོཧ་ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨོ་ཨཱ་ཝ྄འོ་ཞེས་པས་ཨོ་ཡིག་ཨཱཝ྄ར་བསྒྱུར་ནས་ཝ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། ཏ྄་ཨཱཝ྄ ཨི་ཧ་ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་ཝ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨི་ཡིག་ཐོག་ཏུ་དྲངས་པས་བི་གྲུབ། ཏ྄ ཨཱ བིཧཞེས་གནས་པ་ལ། ཡང་དབྱངས་ཀྱིས་དམན་པ་ཞེས་པས་ཏ྄་སྲོག་མེད་དེ་ཨཱ་རིང་ཐོག་ཏུ་དྲངས་ནས། མཐར་ཐུག་གི་གྲུབ་གཟུགས་ནི་ཏཱ་བིཧ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་དེ་དག་འདིར་ཞེས་པའོ།།
དགུ། ཨ་ཡིག་དབྱི་བའི་སྐོར།
དེ་ཡང་ཨ་ཡིག་དབྱི་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨེཏ྄་ཨོཏ྄་དག་ལས་ཨཏ྄འོ་ཞེས་སོ། དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཨེ་ཡིག་དང་ཨོ་ཡིག་གང་རུང་བྱུང་བའི་ཚེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མའི་ཨ་ཡིག་དབྱི་བར་བྱ་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ཏེ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨཏ྄་ཞེས་པའི་ཚིག་གྲོགས་བཞག འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨེ་ཏ྄་ཨོཏ྄་དག་ལས་ཨཏྲའོ་ཞེས་པ་ཕ་རོལ་ཚིག་གྲོགས་ཀྱི་ཐོག་མའི་ཨ་ཡིག་ཕྱིས་ཤིང་། ཏེ་ཏྲཞེས་གནས་པ་ལ། ཨ་ཡིག་ཕྱིས་པའི་དོད་དུ་རྒྱང་རིང་པོ་འབོད་པའི་ཊི་ལ་པླུ་ཏའོ་ཞེས་པས་པླུ་ཏས་མཚན་མ་བཀོད། པླུ་ཏའི་མཚན་མ་ནི་ཉ་ཡིག་གི་མཇུག་མ་གཡས་སུ་འཁྱོག་འདྲ་ཉ྄་འདི་ཡིན་ཏེ། དེ་ཉིད་ཚུ་རོལ་རྟགས་ཀྱི་ཏེ་ཡིག་དང་། ཕ་རོལ་གྱི་ཚིག་གྲོགས་ཏྲ་ཡིག་གཉིས་ཀྱི་བར་དུ་འཇུག་དགོས། མཐར་ཐུག་གི་གྲུབ་གཟུགས་ནི་ཏེཉྲཏྲ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་དེ་རྣམས་འདིར་ཞེས་པའོ། ཆེད་ཞུ། ཨེཏ྄་ཨོཏ྄་དག་ལས་ཨཏ྄འོ་ཞེས་པའི་མདོ་ལུང་འདིས་ཨ་ཐུང་ཕྱིས་ནས་ཨེ་ཡིག་དང་ཨོ་ཡིག་གཉིས་ལ་པླུ་ཏའི་མཚན་མས་བརྒྱན་ནས་ཤིན་ཏུ་རིང་པོའི་དོན་ཉིད་མཚོན་པར་བྱས་སོ།
བཅུ། ཨ་ཡིག་དག་ཨེ་ཡིག་ཏུ་འགྱུར་བའི་སྐོར།
དེ་ཡང་ཨ་ཨི་དག་ཨེ་ཡིག་ཏུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨ་ཨི་ལ་ཨེའོ་ཞེས་སོ། དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨ་ཡིག་རིང་ཐུང་གང་རུང་ཡོད་པ་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་ཨི་ཡིག་རིང་ཐུང་གང་རུང་དང་འཕྲད་ཚེ། རྣམ་པ་ཀུན་ཏུ་ཨེ་ཡིག་ཏུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ཏབ་ཅེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨིདཾ་ཞེས་པའི་ཚིག་གྲོགས་བཞག ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་བའི་སྲོག་གི་ཨ་ཡིག་ཕྲལ་ནས་བ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། ཏབ྄ ཨ ཨིདཾ་ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨ་ཨི་ལ་ཨེའོ་ཞེས་པས་ཚུར་རོལ་རྟགས་མཐའི་ཨ་ཡིག་དང་ཕ་རོལ་ཚིག་གྲོགས་ཀྱི་ཐོག་མའི་ཨི་ཡིག་གཉིས་ལྷན་ཅིག་ཏུ་འདུས་པས་ཨེ་ཡིག་ཏུ་བསྒྱུར་ཏེ། ཏབ྄ ཨེདཾ་ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་བ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨེ་ཡིག་ཐོག་ཏུ་དྲངས་པས། མཐར་ཐུག་གི་གྲུབ་གཟུགས་ནི་ཏབེདཾ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་ཁྱོད་ཀྱི་འདི་ལ་ཞེས་པའོ།།
བཅུ་གཅིག ཨ་ཨུ་དག་ཨོ་ཡིག་ཏུ་འགྱུར་བའི་སྐོར།
དེ་ཡང་ཨ་ཨུ་དག་ཨོ་ཡིག་ཏུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨ་ཨུ་ལ་ཨོའོ་ཞེས་སོ། །དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨ་ཡིག་རིང་ཐུང་གང་རུང་ཡོད་པ་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་ཨུ་ཡིག་རིང་ཐུང་གང་རུང་དང་འཕྲད་ཚེ། རྣམ་པ་ཀུན་ཏུ་ཨོ་ཡིག་ཏུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་གཾགཱ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨུད་ཀཾ་ཞེས་པའི་ཚིག་གྲོགས་བཞག ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་གཱའི་སྲོག་གི་ཨཱ་ཡིག་ཕྲལ་ནས་ག྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན་མ་བཀོད། གཾག྄ ཨཱ ཨུད་ཀཾ་ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨ་ཨུ་ལ་ཨོའི་ཞེས་པས་ཚུ་རོལ་རྟགས་མཐའི་ཨཱ་ཡིག་དང་ཕ་རོལ་ཚིག་གྲོགས་ཀྱི་ཐོག་མའི་ཨུ་ཡིག་གཉིས་ལྷན་ཅིག་ཏུ་འདུས་པས་ཨོ་ཡིག་ཏུ་བསྒྱུར་ཏེ། གཾག྄ ཨོད་ཀཾ་ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་ཧ་སའི་ཡི་གེ་དབྱངས་མེད་ག྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨོ་ཡིག་ཐོག་ཏུ་དྲངས་པས། མཐར་ཐུག་གི་གྲུབ་གཟུགས་ནི་གཾགོདཀཾ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་གཾགཱའི་ཆུ་ཞེས་པའོ།།
བཅུ་གཉིས། རྀ་ཡིགས་ཨར྄་དུ་འགྱུར་བའི་སྐོར།
དེ་ཡང་རྀ་ཡིག་ཨར྄་དུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་རྀཨར྄་ཞེས་སོ། །དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨ་ཡིག་རིང་ཐུང་གང་རུང་ཡོད་པ་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་རྀ་ཡིག་རིང་ཐུང་གང་རུང་དང་འཕྲད་ཚེ། རྣམ་པ་ཀུན་ཏུ་ཨར྄་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་གུཎ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་རྀདྡྷིཿ ཞེས་པའི་ཚིག་གྲོགས་བཞག ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་ཎའི་སྲོག་གི་ཨ་ཡིག་ཕྲལ་ནས་ཎ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། གུཎ྄ ཨ རྀདྡྷིཿ ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། རྀ་ཨ་ར྄འི་ཞེས་པས་ཚུ་རོལ་རྟགས་མཐའི་ཨ་ཡིག་དང་ཕ་རོལ་ཚིག་གྲོགས་ཀྱི་ཐོག་མའི་རྀ་ཡིག་གཉིས་ལྷན་ཅིག་ཏུ་འདུས་པས་ཨར྄་དུ་བསྒྱུར་ཏེ། གུཎ྄ ཨརངྡྷིཿ ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚ་རོལ་རྟགས་མཐའ་ལ་ཡོད་པའི་དབྱངས་མེད་ར྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ངྡྷི་ཡིག་ཐོག་ཏུ་དྲངས་པ་དང་། ཡང་དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་དབྱངས་མེད་ཎ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨ་ཐོག་ཏུ་དྲངས་པས། མཐར་ཐུག་གི་གྲུབ་གཟུགས་ནི་གུ་ཎརྡྡྷིཿ ཞེས་པ་དང་། འགྱུར་ཡིག་གི་དོན་ནི་ཡོན་ཏན་གྱི་འབྱོར་བ་ཞེས་པའོ།
བཅུ་གསུམ། རྀ་ཡིག་ཨཱར྄་དུ་འགྱུར་བའི་སྐོར།
དེ་ཡང་རྀ་ཡིག་ཨཱར྄་དུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ལ་ལར་ཨཱར྄་དུའོ་ཞེས་སོ། །དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨ་ཡིག་རིང་ཐུང་གང་རུང་ཡོད་པ་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་རྀ་ཡིག་རིང་ཐུང་གང་རུང་དང་འཕྲད་ཚེ། ངོ་མཚར་སྐྱེ་བའི་དོན་སོགས་ཀྱིས་སྐབས་ལ་ལར་ཨཱར྄་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་དུཿ ཁ་ཞེས་པའི་རྟགས་བཀོད། ཕ་རོལ་ཏུ་རྀཏཿཞེས་པའི་ཚིག་གྲོགས་བཞག ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་ཁའི་སྲོག་གི་ཨ་ཡིག་ཕྲལ་ནས་ཁ྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན་མ་བཀོད། དུཿ ཁ྄་ཨརྀཏཿ ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ལ་ལར་ཨཱར྄་དུའོ་ཞེས་པས་ཚུ་རོལ་རྟགས་མཐའི་ཨ་ཡིག་དང་ཕ་རོལ་ཚིག་གྲོགས་ཀྱི་ཐོག་མའི་རྀ་ཡིག་གཉིས་ལྷན་ཅིག་ཏུ་འདུས་པས་ཨཱར྄་དུ་བསྒྱུར་ཏེ། ར྄་སྲོག་མེད་དུ་གྱུར་པས་ཧལཱནྟས་མཚན་མ་བཀོདཿ དུཿ་ཁ྄་ཨཱར྄ཏཿ ཞེས་གནས་པ་ལས། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་དབྱངས་མེད་ར྄་ཡིག་འདི་ཕ་རོ་ལ་ཚིག་གྲོགས་ཀྱི་ཏ་ཡིག་ཐོག་ཏུ་དྲངས་པས་རྟ་ཞེས་གྲུབ་པ་དངཿ ཡང་དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་དབྱངས་མེད་ཁ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨཱ་ཐོག་ཏུ་དྲངས་པས་ཁཱ་ཞེས་གྲུབ་པ་དང་། མཐར་ཐུག་གི་གྲུབ་གཟུགས་ནི་དུཿ ཁཱརྟ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་སྡུག་བསྔལ་སྤངས་སོ་ཞེས་པའོ།
བཅུ་བཞི། ལྀ་ཡིག་ཨལ྄་དུ་འགྱུར་བའི་སྐོར།
དེ་ཡང་ལྀ་ཡིག་ཨལ྄་དུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ལྀ་ཨལ྄འོ་ཞེས་སོ། དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨ་ཡིག་རིང་ཐུང་གང་རུང་ཡོད་པ་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་ལྀ་ཡིག་ཐུང་ངུ་དང་ཤིན་ཏུ་རིང་པོ་གང་རུང་དང་འཕྲད་ཚེ། རྣམ་པ་ཀུན་ཏུ་ཨལ྄་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ཏབ་ཅེས་པའི་རྟགས་བཀོད། ཕ་རོལ་ཏུ་ལྀཀཱརཿཞེས་པའི་ཚིག་གྲོགས་བཞག་ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་བའི་སྲོག་གི་ཨ་ཡིག་ཕྲལ་ནས་བ྄་སྲོག་མེད་དུ་གྱུར་ས་ཧ་ལཱནྟས་མཚན་མ་བཀོད། ཏབ྄ ཨ ལྀཀཱརཿ ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ལྀ་ཨལ྄འོ་ཞེས་པས་ཚུ་རོལ་རྟགས་མཐའི་ཨ་ཡིག་དང་ཕ་རོལ་ཚིག་གྲོགས་ཐོག་མའི་ལྀ་ཡིག་གཉིས་ལྷན་ཅིག་ཏུ་འདུས་པས་ཨལ྄་དུ་བསྒྱུར་ཏེ། ལ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། ཏ་བ྄ ཨལ྄་ཀཱརཿ ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་དབྱངས་མེད་ལ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཀཱ་ཡིག་ཐོག་ཏུ་དྲངས་པས་ལྐ་ཞེས་གྲུབ་པ་དང་། ཡང་དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་དབྱངས་མེད་བ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨ་ཐོག་ཏུ་དྲངས་པས་བ་ཞེས་གྲུབ་པ་དང་། མཐར་ཐུག་གི་གྲུབ་གཟུགས་ནི་ཏབ་ལྐཱརཿ ཞེས་པ་དང་། འགྱུར་ཡིག་གི་དོན་ནི་ཁྱོད་ཀྱི་ལྀ་ཡིག་ཅེས་པའོ། །
བཅོ་ལྔ། ཨེ་ཨེེ་དག་ཨེེ་ཡིག་ཏུ་འགྱུར་བའི་སྐོར།
དེ་ཡང་ཨེ་ཨཻ་དག་ཨེེ་ཡིག་ཏུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨེ་དང་ཨེེ་ལ་ཨེེའོ་ཞེས་སོ། །དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ཡོད་པའི་ཨ་ཡིག་རིང་ཐུང་གང་རུང་ཡོད་པ་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་ཨེ་ཡིག་དང་ཨེེ་ཡིག་ཀེ་ཤ་ཅན་གང་རུང་དང་འཕྲད་ཚེ། རྣམ་པ་ཀུན་ཏུ་ཨེེ་ཡིག་ཀེ་ཤ་ཅན་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ཏབ་ཅེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨེ་ཥཱ་ཞེས་པའི་ཚིག་གྲོགས་བཞག། ཀལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་བའི་སྲོག་གི་ཨ་ཡིག་ཕྲལ་ནས་བ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། ཏབ྄ ཨ་ཨེཥཱ་ཞེས་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨེ་དང་ཨེེ་ལ་ཨེེའོ་ཞེས་པས་ཚུ་རོལ་རྟགས་མཐའི་ཨ་ཡིག་དང་ཕ་རོལ་ཚིག་གྲོགས་ཀྱི་ཐོག་མའི་ཨེ་ཡིག་གཉིས་ལྷན་ཅིག་ཏུ་འདུས་པས་ཨེེ་ཡིག་ཀེ་ཤ་ཅན་དུ་བསྒྱུར་ཏེ། ཏབ྄ ཨཻཥཱ་ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཕ་རོལ་རྟགས་མཐའ་ལ་ཡོད་པའི་དབྱངས་མེད་བ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨེེ་ཡིག་ཐོག་ཏུ་དྲངས་པས་བེེ་ཞེས་གྲུབ་པ་དང། མཐར་ཐུག་གི་གྲུབ་གཟུགས་ནི་ཏ་བེེཥཱ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་ཁྱོད་ཀྱི་འདི་ཞེས་པའོ།
བཅུ་དྲུག ཨོ་ཨཽ་དག་ཨཽ་ཡིག་ཏུ་འགྱུར་བའི་སྐོར།
དེ་ཡང་ཨོ་ཨཽ་དག་ཨཽ་ཡིག་ཏུ་འགྱུར་བྱེད་ཀྱི་རྩ་བའི་མདོ་ལུང་ནི་ཨཽ་དང་ཨཽ་ལ་ཨཽའོ་ཞེས་སོ། དེ་ཉིད་ཀྱི་གོ་དོན་ནི་ཚུ་རོལ་གྱི་རྟགས་མཐའ་ལ་ཡོད་པའི་ཨ་ཡིག་རིང་ཐུང་གང་རུང་ཡོད་པ་དེ། ཕ་རོལ་ཚིག་གྲོགས་ཀྱི་ཐོག་མར་ཡོད་པའི་ཨོ་ཡིག་དང་ཨོོ་ཡིག་ཀེ་ཤ་ཅན་གང་རུང་དང་འཕྲད་ཚེ། རྣམ་པ་ཀུན་ཏུ་ཨེེ་ཡིག་ཀེ་ཤ་ཅན་དུ་འགྱུར་བའི་དོན་ཡིན་ཏེ། དཔེར་ན། ཚུ་རོལ་ཏུ་ཏབ་ཅེས་པའི་རྟགས་བཀོད། ཕ་རོལ་ཏུ་ཨོད་ནཾ་ཞེས་པའི་ཚིག་གྲོགས་བཞག ཀ་ལཱ་པ་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ལུང་འདིས་བའི་སྲོག་གི་ཨ་ཡིག་ཕྲལ་ནས་བ྄་སྲོག་མེད་དུ་གྱུར་པས་ཧ་ལཱནྟས་མཚན་མ་བཀོད། ཏབ྄ཨ་ཨོད་ནཾ་གནས་པ་ལ། འདིའི་མཚམས་ནས་རྩ་བའི་མདོ་ལུང་ངག་ཏུ་བླངས་ཏེ། ཨོ་དང་ཨཽ་ལ་ཨཽའོ་ཞེས་པས་ཚུ་རོལ་རྟགས་མཐའི་ཨ་ཡིག་དང་ཕ་རོལ་ཚིག་གྲོགས་ཀྱི་ཐོག་མའི་ཨོ་ཡིག་གཉིས་ལྷན་ཅིག་ཏུ་འདུས་པས་ཨོོ་ཡིག་ཀེ་ཤ་ཅན་དུ་བསྒྱུར་ཏེ། ཏ་བ྄ ཨོོདནཾ་ཞེས་གནས་པ་ལ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་པས་ཚུ་རོལ་རྟགས་མཐའ་ལ་ཡོད་པའི་དབྱངས་མེད་བ྄་ཡིག་འདི་ཕ་རོལ་ཚིག་གྲོགས་ཀྱི་ཨོོ་ཡིག་ཐོག་ཏུ་དྲངས་པས་བཽ་ཞེས་གྲུབ་པ་དང་། མཐར་ཐུག་གི་གྲུབ་གཟུགས་ནི་ཏ་བོོནཾ་ཞེས་པ་དང་། འགྱུར་ཡིག་གི་དོན་ནི་ཁྱོད་ཀྱི་ཟན་ཞེས་པ་ལྟ་བུའོ།།དབྱངས་ཡིག་དགུ་ལ་དངོས་སུ་འབྲེལ་བ་ཡོད་པའི་མདོ་ལུང་བཅུ་དྲུག་གི་འགྲེལ་བ་དང་དཔེར་བརྗོད་སོགས་རྒྱས་བསྡུས་འབྲིང་པོའི་ཚུལ་དུ་བྲིས་པ་ལས་ད་དུང་དབྱངས་ཀྱི་མཚམས་སྦྱོར་ལས་གསལ་བྱེད་ལ་དབྱངས་མཚམས་སྦྱོར་བ་མ་ཡིན་ནོ་ཞེས་དང་། །རེས་འགའ་ཡ་ཡིག་དབྱངས་དང་འདྲ་བ་ཉིད་དོ། ཚིག་མཐའི་ཡ྄་ཝ྄་དག་ཡང་ན་དབྱིའོ། །ཕྱིས་པ་ལ་སླར་མཚམས་སྦྱོར་བ་མ་ཡིན་ནོ། །སྡེབ་སྦྱོར་ལས་ནི་ཡང་འབྱུང་ངོ་། །འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའི། །ར་དང་ལ་དག་འདྲ་བའི་ཡི་གེ་ཡང་ནའོ། རྀ་ལྀའི་ཡི་གེ་དང་ཕན་ཚུན་མཚུངས་པའི་ཡི་གེ་ཡང་ནའོ། ཨོ་ཥཥྛ་དང་ཨོ་ཏུའི་ཨོ་ཡང་ནའོ་ཞེས་པའི་མདོ་ལུང་དགུ་པོ་འདིའི་འགྲེལ་བ་དང་དཔེར་བརྗོད་སོགས་ཡིག་རྫོབ་ལ་འཇིགས་ནས་ཞིབ་ཏུ་མ་བཀོད་པས་གཅིག་ཤེས་ཀུན་གྲོལ་གྱི་རིགས་པས་མཁྱེན་པར་མཛོད།།
ཟུར་བལྟའི་དཔྱད་གཞི།
①②③ཁྲོ་རུ་ཚེ་རྣམ་གྱིས་བརྩམས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་1995ལོར་པར་དུ་བསྐྲུན་པའི《སྒྲ་གཞུང་ཕྱོགས་བསྒྲིགས》ཀྱི་ཤོག་ངོས21.21-22.23བཅས་ན་གསལ།
④《དབྱངས་ཅན་སྒྲ་མདོའི་རྒྱས་འགྲེལ》གྱི་ཤོག་ངོས14ན་གསལ།