གནས་ཡུལ། མདུན་ངོས། རིག་གནས་ཆུང་བ་ལྔ།
 
 
༄༅།། མངོན་བརྗོད་ཀྱི་གོ་དོན་དང་བྱུང་འཕེལ།
སྤེལ་དུས།2008-08-20   ཡོང་ཁུངས་།   རྩོམ་པ་པོ།
     མངོན་བརྗོད་ནི་འཇིག་རྟེན་གྱི་ཆོས་རྣམས་ལྟོས་བཅས་ཀྱིས་ཕན་ཚུན་འདྲ་བ་དང་འབྲེལ་བ། རྒྱུ་འབྲས། རྟེན་དང་བརྟེན་པ། ལྡོག་པ་སོགས་གཏན་ཚིགས་བྱས་ཏེ་ཐ་སྙད་སྣ་ཚོགས་གདགས་པའི་རིག་པ་ཞིག་ལགས་ཤིང་། དེ་ཡང་ཡུལ་རྒྱ་གར་དུ་མེ་དཱི་ནི་ཀ་ར་དང་། པཎྚི་ཏ་དཔལ་འཛིན་སྡེས་མཛད་པའི་《སྣ་ཚོགས་གསལ་བ་》དང་། ཧཱ་རཱ་བ་ལཱི་དང་། དྲག་པོའི་འབངས་ཀྱིས་སྦྱར་བ་སོགས་མང་མཆིས་ཀྱང་འཕགས་མས་རྗེས་སུ་བཟུང་བའི་སློབ་དཔོན་ཆེན་པོ་འཆི་མེད་སེང་གེས་མཛད་པའི་《མངོན་བརྗོད་འཆི་མེད་མཛོད་》ཉིད་མཆོག་ཏུ་གྱུར་པ་ཡིན། དེའི་རྒྱ་འགྲེལ་《རྣམ་བཤད་བདུད་རྩི།》《ཚིག་གི་ཟླ་བ་》གཉིས་ནི་སྒྲ་རིག་པ་《པཱ་ཎི་པའི་》ལུགས་ཀྱི་སྒྲུབ་ལུགས་ལྟར་སྦྱར་བ་ཡིན་ལ། སུ་བྷུ་ཏིས་མཛད་པའི་《འགྲེལ་པ་འདོད་འཇོ་》ནི་《ཙནྡྲ་པའི་》ལུགས་ཀྱི་སྒྲ་སྒྲུབ་ལྟར་སྦྱར་བ་ལགས།
    དེ་ཡང་བོད་དུ་དར་ཚུལ་ནི་ཐོག་མར་བོད་ཀྱི་ལོ་ཆེན་ཤོང་དཔང་རྣམ་གཉིས་ཀྱིས་《སྙན་ངག་མེ་ལོང་མ་》བོད་ལ་བསྒྱུར་ཞུས་འཆད་ཉན་གྱིས་གཏན་ལ་ཕབ་རྗེས། དེའི་རྗོད་བྱེད་ཀྱི་ཉེར་མཁོར་དམིགས་ནས་སློབ་དཔོན་འཆི་མེད་སེང་གེས་མཛད་པའི་《འཆི་མེད་མཛོད་》དང་། སློབ་དཔོན་དཔལ་འཛིན་སྡེས་མཛད་པའི་《སྣ་ཚོགས་གསལ་བ་》སོགས་མངོན་བརྗོད་ཀྱི་གཞུང་དེ་དག་བོད་ཀྱི་ལོ་ཙཱ་བ་ཡར་ལུང་གྲགས་པ་རྒྱལ་མཚན་དང་ཞྭ་ལུ་ཆོས་སྐྱོང་བཟང་པོ། སི་ཏུ་ཆོས་ཀྱི་སྣང་བ་སོགས་ཀྱིས་སྔ་ཕྱིས་སུ་བོད་དུ་བསྒྱུར་ཅིང་གཏན་ལ་ཕབ་པར་བརྟེན་རྒྱ་གཞུང་དེ་དག་རིམ་བཞིན་བོད་ལ་དར་ཞིང་རྒྱས་པར་གྱུར། དེ་ནས་རིན་སྤུངས་ངག་དབང་འཇིག་གྲགས་ཀྱིས་གོང་གསལ་རྒྱ་གཞུང་ལ་དཔྱད་གཞི་བྱས་ཤིང་རང་གི་རིག་གནས་ལ་ཕྱོགས་བསྡོམས་ཀྱིས་ཡོངས་སུ་གྲགས་ཆེ་བའི་《མངོན་བརྗོད་མཁས་པའི་རྣ་རྒྱན་》ཞེས་པ་མཛད་པ་དང་། དེའི་རྗེས་སུ་དངུལ་ཆུ་དྷརྨ་བྷ་དྲས་《མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་》མཛད། དགེ་སློང་དབང་ཕྱུག་ཆོས་བཟང་གིས་《གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད་》སོགས་མཛད་པ་ནས་བཟུང་བོད་དུ་དར་རྒྱས་བྱུང་ཞིང་། ལྷག་པར་སྙན་ངག་མཛེས་པར་བྱེད་པའི་རིག་པ་ཞིག་ཏུ་གྱུར་ཞིང་བོད་ཡུལ་དུ་མངོན་བརྗོད་ཀྱི་མིང་འདི་ཉིད་བཀོལ་སྤྱོད་བྱེད་སྲོལ་མ་ཉམས་པར་མཆིས་སོ།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060