གནས་ཡུལ། མདུན་ངོས། རིག་གནས་ཆུང་བ་ལྔ།
 
 
༄༅།།སྐར་རྩིས་རིག་པ།
སྤེལ་དུས།2008-08-20   ཡོང་ཁུངས་།   རྩོམ་པ་པོ།

   བོད་ཀྱི་སྐར་རྩིས་རིག་པ་ནི་རིག་གནས་བཅུའི་ནང་ནས་ཆུང་བ་ལྔ་ཡི་ཡ་གྱལ་དང་། རིག་གནས་ཆེ་བ་ལྔར་བསྡུས་ཚེ་སྒྲ་རིག་པར་གཏོགས། དེ་ཡང་བོད་ལ་ནམ་མཁའི་གཟའ་སྐར་ལ་བརྟག་པའི་ཉམས་མྱོང་གི་རྩིས་སྲོལ་ནི་གནའ་སྔ་མོ་ནས་ཡོད་ལ། རིམ་བཞིན་ཇེ་ཞིབ་ཇེ་རྒྱས་སུ་ཕྱིན་ནས་ཧ་ལམ་རྗེ་གཉའ་ཁྲི་བཙན་པོའི་སྐུ་རིང་ཙམ་ལ་ནམ་ཟླ་དཔྱད་མཁན་རྩིས་མཁན་ལྟ་བུ་བྱུང་ནས། ནམ་མཁའི་གཟའ་སྐར་གྱི་འགྲོས་ལས་ས་ཡི་དུས་བཞིའི་འགྱུར་ལྡོག་སྔོན་དཔག་ཐུབ་པ་བྱུང་བ་དང་། དེ་རྗེས་བོད་རྗེ་བྱ་ཁྲི་བཙན་པོའི་སྐུ་རིང་ལ་ལྷོ་ཁ་ཡར་ཀླུངས་ཁུལ་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཡུལ་ཐབས་ཀྱིས་ཟླ་དཀྱིལ་གྱི་འཕེལ་འགྲིབ་ལ་བརྟག་པ་དང་། ཉི་མའི་ལྷོ་བྱང་གི་འགྲོས་ལས་ལོ་ཟླ་ཞག་དུས་རགས་ཙམ་གཏན་ལ་འབེབས་པའི་སྐར་རྩིས་རིག་པ་ཡོད་པར་ཁར། བྱ་དང་ཤིང་ལ་བརྟག་པ་ལྷོ་མོན་རྩིས་དང་། རླུང་ལ་བརྟག་པ་བྱང་བའི་རྩིས། གངས་དང་འཁྱག་ལ་བརྟག་པ་སྟེང་པའི་རྩིས། རི་ཕྱུགས་མཚོ་ལ་བརྟག་པ་གམ་འབྲོག་རྩིས། ཉི་ཟླའི་བགྲོད་ལམ་བརྟག་པ་བོན་ཞང་རྩིས་སོགས་དམངས་ཁྲོད་དུ་བརྟག་པ་སྣ་ཚོགས་ཀྱི་རྩིས་དར་ཁྱབ་བྱུང་སྟེ། གནམ་རིག་སྐར་རྩིས་ཀྱི་ནང་དོན་རིམ་བཞིན་ཕུན་སུམ་ཇེ་ཚོགས་སུ་གྱུར་ཡོད།
     དེ་རྗེས་བོད་རྗེ་སྲོལ་བཙན་སྒམ་པོ་དང་། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྐུ་རིང་ལ་རྒྱ་བཟའ་སྔ་ཕྱི་བཙུན་མོར་བསུས་པ་དང་འབྲེལ། རྒྱ་ནག་ནས་སྨན་རྩིས་ཀྱི་གཞུང་ཁ་ཤས་བོད་སྐད་དུ་བསྒྱུར། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧཱ་ར་ནག་པོ་བོད་དུ་ཐེངས་གཉིས་ཕེབས་ནས་རྩིས་གཞུང་སྒྱུར་རྩོམ་གནང་བ་དང་། དེའི་སློབ་མ་ཁྱུང་ནག་ཤཱཀྱ་དར་རྒྱས་རྣམས་ཀྱིས་ཀྱང་གཞུང་དུ་མ་བརྩམས་ཏེ་སྔ་རབས་བོད་ཀྱི་རྩིས་སྲོལ་སྟེང་རྒྱའི་རྩི་སྲོལ་ཡང་དར་བར་བྱས། ལོ་ཆེན་བེེ་རོ་ཙཱ་ནས་རྒྱ་གར་ནས་སྨན་རྩིས་ཀྱི་གཞུང་ཁ་ཤས་བསྒྱུར། སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོས་《སྐར་རྩིས་རི་བོ་རྡུལ་འབེབས་》དང་《ནག་རྩིས་འཁོར་འདས་གཏན་འབེབས།》《འབྲས་རྩིས་ཤིང་རྟའི་སྲོལ་འབྱེད་》སོགས་བརྩམས་ཏེ་དཀར་ནག་རྩིས་ཀྱི་རིག་གནས་དར་སྤེལ་དུ་བཏང་ངོ་།། དེ་ལྟར་རིམ་བྱོན་མཁས་དབང་རྣམས་ཀྱིས་མི་རིགས་རང་གི་གནའ་བོའི་སྐར་རྩིས་སྣ་ཚོགས་ཀྱི་རྨང་གཞིའི་སྟེང་། དུས་རབས་བཅུ་གཅིག་པར་རྒྱ་གར་ནས་དར་བའི་དུས་འཁོར་ལུགས་ཀྱི་ལེགས་ཆ་དང་། དུས་རབས་བཅོ་བརྒྱད་པར་ནང་ལོགས་ནས་དར་བའི་གསེར་རྩིས་དང་། དེ་མིན་འབྱུང་རྩིས་སམ་ནག་རྩིས་ཀྱི་ལེགས་ཆ་སྡུད་ལེན་བྱས་ཏེ། ས་རིས་ཀྱི་བྱ་བ་ཙམ་ལ་བརྟེན་ནས་མཁའ་ལ་གཟའ་སྐར་གྱི་རྒྱུ་ཚད་དང་། ས་ལ་དུས་བཞིའི་འཁོར་ཚུལ། ཉི་ཟླ་གཟའ་འཛིན། ཐན་ཞོད་སོགས་གནམ་རིག་གི་འགྱུར་ལྡོག་མ་ནོར་བར་ལོ་ཐོའི་ལམ་ནས་ལུང་སྟོན་ཐུབ་པའི་བོད་ཀྱི་སྐར་རྩིས་རིག་པ་འདི་བསྐྲུན་ནོ།། དེ་ཡང་ལོ་ཐོ་བཟོ་བའི་སྲོལ་ནི་ཧ་ལམ་དུས་རབས་བཅུ་གསུམ་པའི་སྟོད་དུ་བྱུང་བར་གྲགས་ཏེ། སྔ་ཕྱིར་《ས་སྐྱའི་ལོ་ཐོ་》དང་། 《མཚུར་ཕུའི་ལོ་ཐོ།》《སྨིན་གླིང་ལོ་ཐོ།》《དཔལ་སྤུངས་ལོ་ཐོ་》སོགས་མང་ཞིང་། ད་ལྟ་ལྷ་ས་སྨན་རྩིས་ཁང་གིས་ལོ་རེ་བཞིན་ཕུག་ལུགས་གཙོར་བཏོན་གྱི་ལོ་ཐོ་པར་དུ་བཏབ་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲེམ་སྤེལ་བྱེད་ཀྱིན་ཡོད་དོ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060