གནས་ཡུལ། མདུན་ངོས། སུམ་རྟགས་དག་གསུམ།
 
 
༄༅།།ཚིག་སྔུད་ཀྱི་གནད་དོན་བཤད་པ།
སྤེལ་དུས།2009-07-13   ཡོང་ཁུངས་།《མཚོ་སྔོན་གསར་འགྱུར》   རྩོམ་པ་པོ། ཀུན་ཐར་རྒྱལ། འབྲུག་མོས་ཞུས།
      ཚིག་སྡུད་ཅེས་པ་ནི་བརྗོད་དོན་གྱི་དགོས་མཁོ་དང་ཚིག་དོན་གོང་འོག་གི་གནས་སྐབས་ཀྱི་དབང་གིས།   མིང་དང་ཚིག་གི་ཆ་ཤས་དང་།   ཚིག་ཕྲད་སོགས་ཉུང་ངུར་བསྡུས་ཀྱང་དོན་གྱི་སྤྱི་ལྡོག་ནས་སྔར་གྱི་སོ་ན་གནས་པའི་བརྡ་སྤྲོད་ཀྱི་ཐབས་ལམ་ལ་བྱ་བས།   སྡུད་མཁན་གྱིས་རང་སྣང་གང་འདོད་དུ་བསྡུ་ཆོག་པ་ཞིག་གཏན་ནས་མ་ཡིན་པར།   སྐད་ཆའི་གོམས་སྲོལ་དང་བརྡ་ཡི་སྦྱོར་ལུགས་དང་མི་འགལ་བའི་ཁར།   བསྟན་དོན་མི་འགྱུར་བ་དང་གོལ་ས་མི་འབྱུང་བ་བརྟེན་གཞིར་གྲུབ་ཅིང་།   རྗོད་བྱེད་སྒྲའི་སྡེབ་ལུགས་དང་བརྗོད་བྱ་དོན་གྱི་གཏན་ཚིག་དང་ངེས་པར་བསྟུན་དགོས་མོད།   འོན་ཀྱང་དེང་སྐབས་ཀྱི་དགེ་སློབ་འགའ་ལ་བརྡ་སྤྲོད་པའི་ལུགས་ལ་བང་ཆ་ཅུང་ཙམ་ཡང་མེད་པས་ཚིག་སྡུས་ཀྱི་དགོས་པ་དང་བསྡུས་མ་ཤེས་པའི་སྐྱོན་སོགས་འབྱུང་བ་ལ་གཞིགས་ནས།   ཕྲན་གྱིས་ཚིག་སྡུད་བྱེད་སྐབས་ཚད་གཞི་གང་འདྲ་ཞིག་དགོས་པའི་ཐོག་ནས་ཅུང་ཙམ་བཤད་པར་བ་བ་ལ། 

 བརྡ་སྤྲོད་པའི་ལུགས་དང་མི་འགལ་བ།   སྤྱིར་བརྡ་སྤྲོད་ཅེས་པའི་བོད་ཀྱི་ཐ་སྙད་འདི་ལ་སྐབས་དོན་གྱི་གོ་བ་མི་འདྲ་བ་རེ་ཡོད་མོད།   འདིར་འཆད་མཁན་དང་ཉན་མཁན་ཕན་ཚུན་བར་གོ་བརྡ་སྤྲོད་པ་ལ་སྔར་ས་གཏན་ཆཊ་སུ་སོང་བའི་སྐད་ཆའི་སྦྱོར་ལུགས་དང་སྒྲིག་སྲོལ་ཞིག་ཡོད་པ་དེར་གོ་དགོས་ཤིང་།   སྒྲིག་སྲོལ་དེ་དང་མཐུན་པ་ལ་བརྡ་སྤྲོད་པའི་ལུགས་དང་མཐུན་ཞེས་ལ།   སྐད་ཆའི་སྒྲིག་སྲོལ་དེ་གཞུང་ལུགས་ཀྱི་སྒོ་ནས་གཏན་ལ་ཕབ་ལ་བརྡ་སྤྲོད་རིག་པ་ཟེར།   བོད་ཀྱི་སྐད་ཆ་འདི་ནི་ཚིག་ཕྲད་མང་ཞིང་སྦྱོར་ཚུལ་གཏན་ཆགས་པའི་སྐད་ཆ་ཞིག་ཡིནཔས།   བོད་ཀྱི་བརྡ་སྤྲོད་ཀྱི་གནད་གཙོབོ་ཡི་གེའི་རྟགས་ཀྱི་དབྱེ་བ་དང་།   མིང་དང་ཚིག་གི་རྣམ་བཞགརྣམ་དབྱེ་དང་ཚིག་ཕྲད་སྦྱོར་ལུགས་གསུམ་དུ་འདུ་ཞིང་།   ཚིག་སྡུད་ཀྱིས་སྐབས་འདིར་གཙོ་བོ་ཕྱི་མ་གཉིས་ནས་གནད་ཆེ་བས།   བསྡུ་བྱའི་མིང་དང་ཚིག་གི་བརྗོད་རིམ་དང་།   ཚིག་ཕྲད་ཀྱི་བྱེད་པ་དེ་བསྡུས་ཟིན་པའི་མིང་དང་ཚིག་གི་སྐབས་སུའང་དངོས་དང་དོན་ཐོབ་ཅི་རིགས་ཀྱིས་ཐོན་དགོས་ཤིང་།   གལ་ཏེ་བསྡུས་ན་བརྡ་སྤྲོད་དང་མི་མཐུན་ཞིང་དོན་འཛོལ་བར་འགྱུར་བ་ནི་བསྡུ་མི་རུང་སྟེ།   མཛེས་པའི་རི་མོ་ལ་མཛེས་རིས་དང་།   དགེ་བའི་བཤེས་གཉེན་ལ་དགེ་བཤེས་ཅེས་པར་བསྡུ་རུང་ཡང་།   གྲོགས་པོའི་ཇ་ཕོར།   ཁྱིམ་དུ་ཕེབས་ལྟ་བུ་བསྡུ་མི་རུང་བས།   གང་ཞིག་བསྡུས་ན་བསྟན་དོན་མི་འགྱུར་ཞིང་བརྡ་སྤྲོད་དང་མཐུན་པ་རྣམས་ནི་བསྡུ་ལ།   དེ་ལས་ལྡོག་པ་རྣམས་བསྡུ་མི་རུང་ངོ་།   །བརྡ་སྤྲོད་མཐུན་པ་ནི་སྐད་ཆའི་གོམས་སྲོལ་དང་མཐུན་པ་ཡིན་ལ།   སྐད་ཆའི་གོམས་སྲོལ་དང་མཐུན་པ་ནི་སྦྱོར་ཚུལ་ཡང་དག་ཡིན་པས།   ཚིག་སྡུད་བྱེད་རུང་མིན་ནི་བརྡ་སྤྲོད་དང་འགལ་མིན་ལ་བལྟ་དགོས་སོ།  

དོན་ལ་གོལ་ས་མིའབྱུང་བ།   ཚིག་སྡུད་བྱེད་པའི་དགོས་པ་ནི་སྒྲ་ཟོར་ཡང་ཞིང་བརྗོད་བདེ་བར་བྱེད་པ་ཡིན་མོད།   དོན་གྱི་གོལ་ས་ལ་མི་ལྟ་བར་སྒྲའི་ཆ་ཤས་གང་འདོད་དུ་བསྡུ་བ་ནི་སྐྱོན་ཆེན་པོ་ཞིག་ཡིན་ཏེ།   ད་ལྟའི་བརྩམས་དེབ་འགར་ཀྲུང་གོའི་དངུལཁང་ཞེས་པ་ལ་ཀྲུང་གོ་དངུལ་ཁང་།   བོད་ཀྱི་སྐད་ཡིག་ཅེས་པར་བོད་སྐད་ཡིགརང་རེའི་མི་རིགས་ཅེས་པ་ལརང་མི་རིགསསོགས་སུ་བསྡུས་ཏེ་འཁོལ་གྱིན་གདའ་བས།   བོད་སྐད་ཡིག་ཅེས་པ་བོད་ཀྱི་སྐད་ཡིག་ཟེར་བ་ཡིན་པས།   རྟ་ནོར་ལུགས་གསུམ་ལྟར་བསྟན་བྱ་དོ་མཉམ་པའི་མིང་གསུམ་མཉམ་དུ་བསྟར་བ་ཡིན།   བོད་ཅེས་པ་མི་རིགས་ཤིག་གི་མིང་ཡིན་པས་སྐད་ཡིག་དང་མཉམ་དུ་བསྡུ་ག་ལ་རུང་སྟེ།   མིང་དུ་མ་མཉམ་དུ་བསྡུ་བ་ལ་མིང་དེ་དག་གི་ངོ་བོ་མཐུན་ཞིང་བསྟན་བྱ་ལ་གཙོ་ཕལ་གྱི་ཁྱད་པར་མེད་པའི་ཕྱིར་དང་།   མིང་གི་ཚོགས་པ་བར་གྱི་འབྲེལ་སྒྲ་བསྡུ་བའི་ཚེ།   ནས་ཀྱི་མྱུ་གུ་ལྟ་བུ་རྒྱུ་འབྲས་ཀྱི་འབྲེལ་བ་དང་།   གསེར་གྱི་བུམ་པ་ལྟ་བུ་བདག་ཉིད་གཅིག་པའི་འབྲེལ་བ་སོགས་མ་གཏོགས་འབྲེལ་སྒྲ་ཡོད་ཚད་བསྡུ་མི་རུང་བའི་ཕྱིར་གྱིས།   སྐབས་འདིའི་བོད་ཅེས་པ་ནི་སྐད་ཡིག་དེའི་བདག་པོ་དང་།   སྐད་ཡིག་དེ་གཞན་གྱི་མ་ཡིན་པ་སེལ་བྱེད་ཀྱི་སྒྲ་ཡིན་པས།   དེ་ལས་འབྲེལ་སྒྲ་ངེས་པར་སྦྱོར་བ་ནི་དོན་གྱི་དབང་གིས་ཡིན་ལ།   སྡེབ་ཁྱད་སྙོམས་པའི་ཕྱིར་ཡང་ཡིན་ཏེ།   བོད་སྐད་ལ་ཚིག་རྒྱན་གྱི་དགོས་མཁོ་མེད་ན་སྤྱིར་བཏང་དུ་མིང་གི་ཆ་ཤས་སྔ་མ་རུ་སྡེབ་པའི་ཕྱིར་རོ།   །དེ་བཞིན་དུ་ཀྲུང་གོའི་དངུལ་ཁང་ཞེས་པའི་འབྲེལ་སྒྲ་བསྡུས་ཚེ།   དངུལ་ཁང་དེ་ཀྲུང་གོ་ལ་གཏོགས་པ་མི་སྟོན་པར།   ཀྲུང་གོ་ཞེས་པ་དངུལ་ཁང་རང་ཡིན་པ་སྟོན་པས།   རྒྱལ་ཁབ་ཅིག་དངུལ་ཁང་དུ་གོ་དགོས་པའི་སྐྱོན་དེ་ལས་ཆེ་བ་གང་ན་ཡོད།   དཔེ་ཆར་ལྟ་དང་དཔེ་ཆ་ལྟ།   གཟུགས་སུ་མཐོང་དང་གཟུགས་མཐོང་།   ཆོས་སུ་འདོན་དང་ཆོས་འདོན་ལྟ་བུའི་ཕྱི་མ་སྟོན་རྣམས་ནི་སྔ་མ་དག་གི་ལ་དོན་བསྡུས་པ་མིན་ཏེ།   དེ་དག་ལ་དོན་གྱི་ཕྲད་སྦྱར་མ་སྦྱར་གྱི་དོན་གཏན་ནས་མི་འདྲ་བའི་ཕྱིར་རོ།   ། 

                                           རྩོམ་པ་པོནི་རྩེ་ཁོག་རྫོང་ཉིན་ཤུག་ལོ་དགུའི་ལམ་ལུགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་ཡིན་།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060