ཀླད་པས་བསམ་གཞིགས་བགྱི་འགོ་བརྩམས་ཏེ། ང་ཚོས་བསམ་བློའི་འོད་སྣང་ལ་བརྟེན་ནས་རང་ཉིད་ལ་བརྟག་སྐབས། ང་ཚོས་ང་རང་ཚོའི་འཚོ་བ་ནི་མཛེས་སྡུག་གི་འཁྱུད་སྡོམ་ཁྲོད་མཆིས་པ་ཚོར་ཐུབ། ང་ཚོ་རྒྱུ་བའི་ཚེ། དངོས་གནས་ང་ཚོའི་ཕྱི་རྒྱབ་ནས་ཡིད་དབང་འཕྲོག་པའི་རྣམ་འགྱུར་སྟོན་པ་ནི་དཔེར་ན་རྒྱང་ཐག་རིང་བོའི་མཚམས་སྤྲིན་ལ་དབྱིབས་མདངས་ཀུན་ནས་ཕྱུག་པ་ལྟར་རོ། །
རྒྱུས་ཡོད་དང་རྙིང་ཧྲུལ་གྱི་དངོས་པོ་ཁོ་ན་ཙམ་མ་ཡིན་པས། ཐ་ན་ཡིད་སྐྱོ་ཞིང་འཇིགས་སུ་རུང་བའི་དངོས་པོ་དེ་དག་ཀྱང་དྲན་པའི་རིས་ཡོལ་གྱི་ངོར་བཀོད་པ་ན་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཏུ་མངོན། གཙང་པོའི་འགྲམ་རྒྱུད་དང་། ཆུ་འགྲམ་གྱི་འཇགས་རྩྭ། ཁང་རྙིང་། བླུན་རྨོངས་ཀྱི་མི་སྟེ་དེ་དག་ལ་ད་ལྟ་སྣང་མེད་ཇི་འདྲ་ཞིག་བྱེད་ནའང་། ཚང་མར་འདས་ཟིན་པའི་འཇོ་སྒེག་ཅིག་ཅིས་ཀྱང་མཆིས། མཇུག་མཐའི་གཟིམ་མལ་ན་མཆིས་པའི་བེམ་པོ་ཞིག་ལ་མཚོན་ནའང་། ཁང་གཞིས་ལ་རྡམ་བརྗིད་ཀྱི་རྒྱན་ཆ་ཞིག་བསྣན་ཡོང་། སེམས་ཁམས་ཀྱིས་ཆག་ཀྲུམ་ཤོར་བ་མི་ཤེས་ལ། ཟུག་གཟེར་གཏོང་བའང་མི་ཤེས། ཤེས་པ་གསལ་བའི་སྐབས་སུ། གལ་ཏེ་ཆེས་ཛ་དྲག་ཆེ་བའི་དངོས་དོན་དེ་བརྗོད་པར་འོས་པ་ཞིག་ཡིན་ན། ང་ཚོས་བརྗོད་འོས་ཏེ། ང་རང་ཚོས་ཅི་ཡང་གཏོང་མ་མྱོང་ངོ་། དུས་དང་སྐབས་དེ་ལ་ཀླད་པ་ཤིན་ཏུ་གསལ་པོ་འདུག་པས། དོན་སྙིང་ཐུན་མོང་མ་ཡིན་པ་ལྡན་པའི་དངོས་པོ་ཡོད་ཚད་ང་རང་ཚོའི་ལུས་པོ་ནས་འཁྱེར་པར་མི་ནུས་པ་འདྲ། ཕམ་གྱོང་ཡོད་དོ་ཅོག་དང་སྐྱོ་སྡུག་ཡོད་དོ་ཅོག་ནི་བྱེ་བྲག་པ་རེ་གཉིས་ཙམ་ཡིན་ལ། འཇིག་རྟེན་ཧྲིལ་པོ་ལ་དོན་དངོས་ཐོག་ཉམ་ཆགས་མེད་པར་ཡོངས་སུ་རྫོགས་ཤིང་། སྐྱོ་གདུང་ངམ་འཚེ་བ་གང་ཞིག་གིས་ཀྱང་ང་རང་ཚོའི་ཡིད་ཆེས་ཉམས་རྒུད་དུ་གཏོང་མི་ནུས་སོ། །
གལ་ཏེ་སུ་ཞིག་རང་བྱུང་གི་འཚོ་བར་རོལ་འདོད་ཅིང་། རང་སྐྱོ་རང་གིས་མི་བཙལ་ན། རང་གི་ནང་སེམས་ཀྱི་འཚོ་བ་དེ་ལྷད་མེད་དང་བདེ་ཐང་ཞིག་རྒྱུན་འཁྱོངས་ཡོང་ནུས་སོ། ། སུ་ཞིག་ཀྱང་བསམ་གཞིག་གི་སྐབས་སུ་ཕུང་གྲོལ་ལ་མི་མོས་པས། ཁོང་ལ་གཟབ་ནན་གྱིས་རང་ཉིད་ཀྱི་མོས་པ་ལྟར་བགྱི་ཞིང་སྨྲ་རུ་ཆུགས་དང་། ཁོང་ལ་དཔེ་ངོས་ཀྱི་དཔེ་རྟོགས་ཅི་ཡང་མེད་ན་ཡང་། ཁོང་གི་རང་གཤིས་ཀྱིས་ཁོང་ལ་རིགས་སྟོབས་ཀྱི་གེགས་རྐྱེན་དང་དོགས་ཚོམ་གང་ཡང་བསྐྱེད་མི་སྲིད་དོ། ། དངོས་མའི་བསླབ་ཚན་གྱི་སློབ་གཉེར་དང་གཞུང་ལུགས་དང་ཆེད་གཉེར་སློབ་གསོ་ཡུན་རིང་བོ་ཡིས་འདོན་སྤྲོད་བྱས་པའི་དངོས་དོན་ནི། བདག་གིས་ལ་ཏིང་སློབ་གྲྭའི་སྒྲོག་ཙེའི་འོག་ནས་ངེས་མེད་ཀྱི་དཔེ་ཆར་ལྐོག་ལྟ་བྱས་པ་ལས་ཐོབ་པ་ལྟར་གྱི་གྱ་ནོམ་པ་ཞིག་མེད། ང་ཚོས་སློབ་གསོ་རུ་མི་བགྲང་བྱ་དག་ལས་རིན་ཐང་ལྷག་ཏུ་ཆེ།
བསམ་བློ་ཞིག་དང་ལེན་བྱེད་ཚེ། ང་ཚོས་དེའི་འབྲེལ་ཡོད་ཀྱི་རིན་ཐང་ལ་ཚོད་དཔག་བྱེད་ཐབས་བྲལ་མོད། འོན་ཀྱང་སློབ་གསོ་ཡིས་ནམ་རྒྱུན་ངལ་བ་འབྲས་མེད་ཀྱི་སྒོ་ནས་རང་བཞིན་གྱི་འདྲེན་ཤུགས་འདི་ལ་གེགས་རྐྱེན་བཟོ་ཞིང་འགོག་རྒོལ་རྩོམ་སྟེ། འདྲེན་ཤུགས་དེས་རང་ཉིད་ལ་དབང་བའི་དངོས་པོ་དྲངས་འོངས་པ་ལ་སོམ་ཉི་བྲལ་བས་སོ། །
ང་ཚོའི་ཀུན་སྤྱོད་ཀྱི་ངོ་བོ་དེ་ང་ཚོའི་འདུ་ཤེས་ཀྱི་ཐེ་གཏོགས་ཀྱིས་ཉམས་སུ་བཅུག་པ་ནི་རེ་གཉིས་ཙམ་ཞིག་གཏན་ནས་མ་ཡིན། མི་རྣམས་ཀྱིས་སྤྱོད་བཟང་ནི་འཐབ་འཛིང་གི་ངོ་བོར་བརྗོད་ཅིང་། ཁོ་ཚོས་གྲུབ་འབྲས་ཀྱི་མདུན་ནས་རང་སྒྲོག་ཁེངས་རློམ་གྱི་རྣམ་པ་བསྟན་འོང་། དེ་དག་ནི་བསླུ་བྲིད་དང་འཐབ་མོ་བ་རྣམས་བགྱི་བའི་མི་རྣམས་ལས་ཁྱད་པར་ཅི་ཞིག་ཡོད་དམ། བླ་ན་མེད་པའི་གཤིས་སྤྱོད་ཅིག་ལ་བསྔགས་པ་བརྗོད་པའི་ཚེ། གནད་དོན་འདིས་རྩོད་པ་སློང་ཡོང་། འོན་ཀྱང་རྩོད་གླེང་འདི་རིགས་ལ་རིན་ཐང་ཅི་ཡང་མེད། འཇིག་རྟེན་བྱེད་པོ་ཞིག་ཡོད་ཀྱང་སྲིད་ལ་མེད་ཀྱང་སྲིད་མོད། གཤིས་ཀ་ཇི་ལྟར་ངང་ཐུང་དང་རང་བཞིན་ཞིག་ཡིན་ན་ང་ཚོ་མི་དེ་དག་ལ་དེ་ལྟར་དགའ། མི་ཞིག་རང་ཉིད་ཀྱི་སྤྱོད་གཤིས་ལ་ཤེས་དོགས་ཇི་ལྟར་ཉུང་ན་ཁོ་ལ་དེ་ལྟར་དུ་མི་རྣམས་ཀྱིས་དགའ་བསུ་བགྱི། ཐི་མོ་ལེ་ཨང་གི་རྒྱལ་ཁ་ནི་ཆེས་ངོ་མཚར་ཆེ་བའི་རྒྱལ་ཁ་ཞིག་ཡིན་ཏེ། ཕུ་ལོ་ཐ་ཁི་ཡིས་དེ་དག་ནི་ལོ་མའི་སྙན་ངག་བཞིན་སྦྱོར་བ་བདེ་ཞིང་དར་རྒྱུག་ཆེ་བར་བརྗོད། ང་ཚོས་སུ་ཞིག་གི་སྤྱོད་ལམ་ལ་ཁྱད་འཕགས་དང་མཛེས་སྡུག་ཡོངས་སུ་རྫོགས་ཤིང་། སེ་བའི་མེ་ཏོག་བཞིན་སྙིང་དུ་སྡུག་པ་མཐོང་བའི་ཚེ། ང་ཚོས་འདི་ལྟའི་ཡིད་འོང་གི་དོན་ཞིག་འབྱུང་སྲིད་པར་མ་ཟད་དངོས་སུ་འབྱུང་དུ་བཅུག་པའི་ཆ་ནས་འཇིག་རྟེན་བྱེད་པོ་ལ་ཐུགས་རྗེ་ཆེ་ཞུ་འོས་སོ། ། ང་ཚོས་ངན་པ་ཁོག་བཅུག་གི་སྒོ་ནས“ཁུ་ལིང་ཕུ་ནི་ལྷག་པར་བཟང་བའི་མི་ཞིག་རེད་དེ།
ཁོས་ཅ་ཅོ་ཆད་མེད་ངང་རང་ཉིད་ཀྱི་ཉེས་མཚང་ཐམས་ཅད་ཀྱི་ངང་གཤིས་ལ་འཐབ་འཛིང་བྱེད་པས་སོ”ཞེས་ལྷའི་ཕོ་ཉ་ལ་སྨྲ་མི་སྲིད་དོ། །
དོན་དངོས་ཀྱི་འཚོ་བ་ཧྲིལ་བོའི་ཁྲོད། རང་གཤིས་ནི་འདོད་བློ་ལས་ལྷག་པའི་དགེ་མཚན་ཤིན་ཏུ་མཐོང་སླ། ལོ་རྒྱུས་ཁྲོད་ཀྱི་འདུན་ཕྱོགས་ལ་ང་ཚོས་དེའི་སྟེང་བཞག་པ་ལྟར་གྱི་མང་པོ་ཞིག་གཏན་ནས་མེད། ང་ཚོས་གཏིང་ཟབ་ལ་ཕུ་ཐག་རིང་བའི་ཇུས་བཀོད་ཀྱི་བྱས་རྗེས་དེ་ཁེ་ཟར་དང་ནཱ་ཕོ་ལུན་གྱི་སྟེང་དུ་འཇོག་མོད། འོན་ཀྱང་ཁོ་ཚོའི་བྱིན་མཐུ་ཡི་ཆེ་བ་ནི་རང་བྱུང་གི་ཁྲོད་གནས་པ་ལས་ཁོ་ཚོ་རང་སྟེང་ན་མེད། གྲུབ་འབྲས་བྱིངས་དང་མི་མཐུན་པ་བླངས་པའི་མི་དེ་དག་གིས་ལྷག་བསམ་ཟོལ་མེད་ཀྱི་སྐབས་སུ་འདི་ལྟར་སྨྲ་སྟེ། “མཛད་རྗེས་ང་ཚོའི་སྟེང་མ་འཇོགམཛད་རྗེས་ང་ཚོའི་སྟེང་མ་འཇོག”ཅེས་སོ། །
རྟོག་དཔྱོད་འདི་དག་གིས་ང་ཚོར་བསླབ་བྱ་འདི་འདྲ་ཞིག་སྟེར་ཏེ། ང་ཚོའི་འཚོ་བ་ནི་ང་ཚོས་བསྐྲུན་པ་ལས་ལྷག་པར་སླ་བདེ་ཞིག་ཡིན་སྲིད་ལ། འཇིག་རྟེན་འདི་ནི་དེའི་གནས་བབ་ལས་ལྷག་པར་སྤྲོ་སྐྱིད་ལྡན་ས་ཞིག་ཡིན་སྲིད་དོ། ། དེ་བས་འཐབ་རྩོད་དང་ཟིང་འཁྲུག་ཡི་ཆད་བཅས་བྱེད་དགོས་དོན་མེད་ལ། ཁུ་ཚུར་ཕུར་ཕུར་དང་མིག་བགྲད་མཆེ་གཙིགས་ཀྱང་བྱེད་དགོས་དོན་མི་འདུགང་ཚོས་རང་ཉིད་ཀྱི་ཉེས་པ་ནོངས་བསྐྲུན་བྱས་ལ། ང་རང་ཚོས་རང་གཤིས་ཀྱི་སྤྲོ་བག་ལ་གེགས་རྐྱེན་བཟོས།
འདས་ཟིན་པའི་གོ་བབ་ཅན་འདི་ཡིན་ནའང་འདྲ། ད་ལྟའི་བློ་རིག་ལྷག་པར་གསལ་པའི་དགེ་མཚན་འདི་ཡིན་ནའང་འདྲ། ང་ཚོས་ད་དུང་རྣམ་པ་ཀུན་ཏུ་མཐོང་ནུས་པ་ནི། ང་ཚོ་ནི་ཟློག་ཏུ་མེད་པའི་ཆོས་ཉིད་ཀྱིས་ཡོངས་སུ་བསྐོར་ཡོད་དོ། །རང་བྱུང་གི་དབྱིབས་ཀྱིས་ཀྱང་ང་ཚོར་དེ་མཚུངས་ཀྱི་བསླབ་བྱ་སྟེར་ནུས་ཏེ། རང་བྱུང་ཁམས་ཆེན་པོས་ང་ཚོ་ཁྲོ་རུའམ་སྐྱོ་རུ་འཇུག་མི་འདོད་པ་དང་། ཁོ་མོ་ང་ཚོའི་གཡོ་ཇུས་དང་འཐབ་འཛིང་ལ་མི་དགྱེས་ཤིང་། ང་ཚོའི་དགེ་སྤྱོད་དང་ཤེས་ཡོན་ལའང་མི་དགྱེས་སོ། ། ང་ཚོ་གསང་བའི་གྲོས་ཚོགས་དང་དངུལ་ཁང་། བྲན་གཏོར་ཚོགས་འདུ། ཆང་གཅོད་འདུ་ཚོགས་སམ་ཡང་ན་མྱོང་བརྒལ་མཉམ་འདུའི་ཁང་ནས་ཕྱིར་ཐོན་ཏེ། རི་ཐང་དང་ནགས་ཀླུང་དུ་བསླེབས་པ་ན། ཁོ་མོས་ང་ཚོར“འདི་འདྲའི་སྤྲོ་སེམས་འཁོལ་བ་ལ། ང་ཡི་སྐུ་ཞབས་ཆུང་ཆུང་ལགས”ཞེས་སྨྲས་འོང་།
གལ་ཏེ་ང་ཚོའི་མིག་སྒོ་ཅུང་ཡངས་ན། དངོས་པོ་ཡོད་དགུ་ཐམས་ཅད་འདྲ་མཚུངས་ཡིན་པ་མཐོང་ཐུབ། བཅའ་ཁྲིམས་དང་རྩོམ་རིགདམ་ཚིགའཚོ་བའི་རྒྱུག་སོ་བཅས་གང་ཡང་བདེན་དོན་གྱི་འཁྱོག་བཤད་དུ་སྣང་། ང་ཚོའི་སྤྱི་ཚོགས་ནི་གཏོས་སུ་ཆེ་བའི་འཕྲུལ་ཆས་ཀྱིས་ནོན་ཡོད་དེ། དཔེར་ན་རོམ་གྱི་མིས་བསྐྲུན་པའི་རི་འོབས་བརྒལ་བའི་ཡུར་ཟམ་ལྟར་ཕ་མཐར་མངོན་པ་མེད་དེ། རྒྱུ་མཚན་ནི་ཆུ་བྲུབ་སྟེ་ཆུའི་ཁུངས་ཀྱི་མཐོ་ཚད་དུ་བསླེབས་ན་ད་གཟོད་དེའི་ཚབ་ཏུ་རུང་བ་ངོས་ཟིན་པས་སོ།། དེ་ད་དུང་ལྡེམ་ལྕག་འཁྱུག་པའི་ཏཱ་ཏཱའི་མི་གང་རུང་ཐམས་ཅད་བརྒལ་བར་ནུས་པའི་ཀྲུང་གོའི་ལྕགས་རི་རིང་བོ་དང་འདྲ་བར་མ་ཟད། ད་དུང་ཞི་བདེ་ལྟར་ཡིད་དུ་འོང་བ་ཞིག་གཏན་ནས་མ་ཡིན་པའི་རྒྱུན་ཚུགས་དམག་དཔུང་ཞིག་དང་ཡང་འདྲའོ། །དེ་ནི་རིམ་གྲས་ཡོད་ལ་ཆོ་ལོ་ལྡན་པ། གཟབ་ནན་གྱིས་བསྐོ་བཞག་བྱས་པའི་དབང་ཆོད་ཅིག་རེད། མི་རྣམས་ཀྱིས་མཁར་གྲོང་ཚོགས་པས་ཀྱང་གནད་དོན་དེ་དག་ལ་
ལན་ལྡོན་ནུས་པ་ཚོར་བའི་དུས་དེར། དེ་ནི་མཁོ་མེད་ཀྱི་ལྷག་རོ་ཉིད་དུ་འགྱུར་རོ། །
ང་རང་ཚོར་རང་བྱུང་ཁམས་ཆེན་པོ་ནས་བསླབ་བྱ་ཞིག་ལེན་དུ་ཆུགས་དང་། རང་བྱུང་ཁམས་ཆེན་པོ་ནི་ནམ་ཡང་ཉེ་བར་བཅར་ཏེ་ལས་དོན་གཉེར་བ་ཞིག་ཡིན། ཤིང་ཏོག་སྨིན་ཐག་ཆོད་ཚེ་བྲུལ་བར་འགྱུར་ལ། ཤིང་ཏོག་ཡོངས་སུ་བཏོགས་པ་ན་ལོ་མ་འཐོར་བར་འགྱུར། ཆུ་ཡི་འཁོར་སྐྱོད་ནི་མར་དབབ་པའི་བརྒྱུད་རིམ་ཞིག་ཡིན་ལ། མི་དང་སྲོག་ཆགས་ཐམས་ཅད་ཀྱི་རྒྱུ་བཞུད་ཀྱང་མར་དབབ་པའི་རྣམ་པའི་སྔོན་སྐྱོད་ཅིག་ཡིན། ང་ཚོའི་ལུས་ཤུགས་ཀྱི་ངལ་རྩོལ་དང་ཤུགས་འདོན་པའི་ལས་ཀ་ཐམས་ཅད་དེ། དཔེར་ན་འདེགས་པ་དང་གཤགས་པ། རྐོ་བ་འབྲད་པ་སོགས་གང་ཡང་བསྟུད་མར་མར་དབབ་པའི་སྟངས་སྟབས་ཀྱིས་གྲུབ་པ་ཡིན། རྒྱུ་སྐར་དང་ས་སྒང་། ཟླ་བའི་གོ་ལ།
དུ་བ་མཇུག་རིང་། ཉི་མའི་གོ་ལ། སྐར་མའི་གོ་ལ་དག་ཀྱང་ནམ་ཡང་མར་འབབ་ཀྱིན་མཆིས།
ང་ཚོའི་གམ་ནས་ཉེན་རེ་བཞིན་འབྱུང་བའི་དོན་རྣམས་ལ་ཏོག་ཙམ་སོམས་དང་། ང་ཚོའི་འདོད་བློ་ལས་ལྷག་པར་ཚད་མཐོ་བའི་ཆོས་ཉིད་ཅིག་གིས་དོན་སྣ་ཚོཊ་སྙོམ་སྒྲིག་བྱེད་ཀྱིན་འདུག་ལ། ང་རང་ཚོའི་དཀའ་སྤྱད་ཆེན་པོའི་ངལ་རྩོལ་ནི་དགོས་པ་མེད་ལ་གྲུབ་འབྲས་ཀྱང་ཅི་ཡང་མེད་པ་ཞིག་ཡིན་པ་རྟོགས་པར་འགྱུར་རོ། ། བག་ཕེབས་དང་སླ་བདེ། རང་ཤུགས་བཅས་ཀྱི་སྤྱོད་ལམ་ཁྲོད་ད་གཟོད་ང་
རང་ཚོ་སྟོབས་ཆེ་བ་ཡིན་ལ། བརྩི་བསྟུན་གྱིས་ང་རང་ཚོ་ཁྱད་འཕགས་སུ་འགྱུར་དུ་འཇུག་གོ། དད་པ་དང་མཛའ་བ་སྟེ། དད་མོས་ཡོད་པའི་མཛའ་བ་ཞིག་གིས། ང་རང་ཚོའི་སྐྱོ་དོགས་ཀྱི་ཁུར་བོ་སེལ་བར་ངེས་སོ། །ཀྱེ། ང་ཡི་མཆེད་ཟླ་ལགས། འཇིག་རྟེན་བྱེད་པོ་དང་ང་ཚོ་ལྷན་དུ་མཆིས། རང་བྱུང་ཁམས་ཆེན་པོའི་ཐུགས་ན་བླ་སྲོག་སྦྱང་བོ་ཞིག་ཡོད་ལ། དེ་མི་སོ་སོའི་འདོད་བློའི་གོང་ན་གནས། དེའི་ཕྱིར། ང་ཚོ་སུ་ཞིག་ཀྱང་འཇིག་རྟེན་ལ་གྱོང་སྡུག་གཏོང་མི་འོས་སོ། ། འཇིག་རྟེན་གྱིས་འདི་ལྟའི་ཡིད་འཕྲོག་གི་ནུས་པ་ཆེན་པོ་ཞིག་རང་བྱུང་ཁམས་ཆེན་པོ་ལ་སྦྱིན་པར་བྱེད་པས། ང་ཚོས་དེའི་གདམས་ངག་ལ་ཉན་རྐྱང་བྱས་ན་ད་གཟོད་དར་རྒྱས་ཕུན་ཚོགས་འབྱུང་བར་ངེས་ལ། ང་ཚོས་དེའི་བཀོད་པ་ལ་གནོད་འཚེ་ཧུར་ཐག་གཏོང་བ་ན། ང་ཚོའི་ལག་ཟུང་ནི་ལུས་པོའི་ལོགས་གཉིས་སུ་སྦྱར་བའམ། ཡང་ན་ང་ཚོ་རང་ཉིད་ཀྱི་བྲང་ཁོག་ལ་བརྡུང་བར་ངེས་སོ། དངོས་པོའི་འཕེལ་འགྱུར་གྱི་བརྒྱུད་རིམ་ཧྲིལ་བོས་ང་ཚོར་དད་མོས་བསླབ་པར་བྱེད་པས། ང་ཚོས་བརྩི་བསྟུན་འབའ་ཞིག་བགྱི་འོས། རྒྱུ་མཚན་ནི། མི་སོ་སོ་ཚང་མར་སྣེ་ཤན་པ་རེ་རེ་མཆིས་ཤིང་། རྣ་བའི་དབང་སྒོ་གཏད་ནས་མཉན་པ་ན། ང་རང་ཚོར་ཡང་དག་པའི་མཛུབ་སྟོན་ཐོབ་ནུས་སོ། །
བདག་གིས་འདེམ་གསེས་མི་དགོས་སྨྲས་མོད། འོན་ཀྱང་འདི་ནི་ཚིག་གི་རྒྱན་ཐབས་ཤིག་ཡིན་ཏེ། བདག་གིས་འདི་ལ་བརྟེན་ནས་ཅི་ཞིག་ནི་ནམ་རྒྱུན་བཤད་པའི་མི་ཚོགས་ཁྲོད་ཀྱི་འདེམ་གསེས་ཡིན་ཞིང་། དེ་ནི་བྱེ་བྲག་གི་སྤྱོད་པ་ཞིག་སྟེ་དཔེར་ན་ལག་པའི་འདེམ་གསེས་དང་མིག་གི་འདེམ་གསེས། ལྟོ་བའི་འདེམ་གསེས་ལྟ་བུ་ཡིན་པ་ལས། མིའི་ཐུན་མོང་གི་འདེམ་གསེས་ཤིག་མ་ཡིན་པའི་དབྱེ་བ་འབྱེད་ཆེད་ཡིན། འོན་ཀྱང་། བདག་གིས་དྲང་བདེན་ནམ་དགེ་བཟང་དུ་འབོད་པའི་དངོས་པོ་དེ་དག་ད་གཟོད་བདག་གི་རང་གཤིས་ཀྱི་འདེམ་གསེས་ཡིན། བདག་གི་རང་གཤིས་ལ་བློ་བདེ་བག་ཕེབས་སྟེར་བའི་རྣམ་པ་ཞིག་གམ་གནས་བབ་ཅིག་ལ་ཟེར་བ་ཡིན་ལ། བདག་གིས་ཚེ་གང་བོར་བསྒྲུབ་བསམ་པའི་ལས་དོན་ནི་བདག་གི་རིག་སྟོབས་དང་མཉམ་པའི་ལས་ཤིག་བགྱི་བ་དེ་ཡིན་ནོ། །
ང་ཚོས་ངེས་པར་དུ་སྙིང་རྗེ་ལྡན་ཞིང་གནས་ལུགས་ཤེས་པའི་མི་ཞིག་གིས་ཁོང་གི་ཉིན་རྒྱུན་གྱི་བྱ་བ་དང་ལས་རིགས་འདེམ་གསེས་བྱེད་པ་ལ་རམ་འདེགས་བྱེད་དགོས། ཁོའི་སྤྱོད་ལམ་ནི་ཁོའི་ལས་རིགས་ཀྱི་གོམས་སྲོལ་རེད་ཅེས་པ་འདི་ད་ནས་བཟུང་ཁ་གཡར་སར་བྱེད་མི་རིགས། ཁོ་དང་ཐ་ཆད་ཀྱི་ལས་རིགས་ཤིག་ལ་འབྲེལ་བ་ཅི་ཞིག་ཡོད་དམ། ཁོའི་རང་གཤིས་ལས་ཐོན་པའི་འབོད་པ་ཞིག་མེད་དམ་ཅི།
མི་རེ་རེ་བཞིན་རང་ཉིད་ཀྱི་འཚམ་མཐུན་རང་བཞིན་ཞིག་ཡོད་ལ། འཇོན་ནུས་ནི་འབོད་པ་ཡིན། ཕྱོགས་ཤིག་ནས་ཡུལ་འཁོར་ཐམས་ཅད་ཀྱི་སྒོ་མོ་ཁོལ་ཡོངས་སུ་ཕྱེས་ཡོད་ཅིང་། ཁོ་ལ་ལྡན་པའི་འཇོན་ནུས་ཀྱིས་དབེན་འཇགས་གེར་ཁོའི་སྣ་དྲངས་ཏེ་འཛད་མཐའ་མེད་པའི་ནུས་པ་འདོན་དུ་འཇུགཁོ་གཙང་ངོགས་ཀྱི་གྲུ་གཟིངས་ཤིག་དང་འདྲ་བར་ཕྱོགས་སོ་སོ་ནས་ཡོང་བའི་འགོག་ཤུགས་བསལ་ཏེ་ཕྱོགས་གཅིག་ལ་གཞོལ་ནས་མདུན་དུ་བསྐྱོད་དགོས་ལ། ཕྱོགས་དེ་ན་གེགས་རྐྱེན་ཐམས་ཅད་བསལ་ནས་འདུག་པས། ཁོ་ཞི་འཇགས་ངང་བཤངས་ཟིན་པའི་གྲུ་ལམ་དེད་ནས་འབྱམས་ཀླས་པའི་རྒྱ་མཚོ་ཆེན་པོར་འཇུག་པར་ངེས། །
འབྲུག་མོས་ཞུས།