གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།སྒྲ་སྒྱུར་དགོས་པའི་མིང་གི་ལོ་ཙཱའི་སྐོར་རགས་ཙམ་གླེང་བ།
སྤེལ་དུས།2009-07-14   ཡོང་ཁུངས་།《མཚོ་སྔོན་བོད་ཡིག་གསར་འགྱུར》   རྩོམ་པ་པོ། ཚེ་རིང་བསམ་འགྲུབ། འབྲུག་མོས་ཞུ་དག་བྱས།
      དེ་ཡང་མིང་གི་རྩ་བའི་སྒྱུར་ཐབས་ལ་སྒྲ་སྒྱུར་དང་དོན་སྒྱུར་གཉིས་དང་། དེ་ལས་མིང་དང་མི་མིང་ལ་སོགས་པའི་སྐོར་ནི་སྒྲ་སྒྱུར་ལ་བརྟེན་དགོས། དེ་ལ་ཡང་ལག་ལེན་དངོས་སུ་འཇུག་སྐབས་བྱེ་བྲག་གི་གནད་དོན་མི་ཉུང་བ་ཞིག་བྱུང་དང་འབྱུང་མུས་སུ་ཡོད་པ་དང་། གནད་དོན་དེ་དག་ལ་དོ་སྣང་མ་བྱས་པའི་ཉེས་དམིགས་ཀྱང་ཚབས་ཆེན་ནས་རྒྱུན་འབྱམས་སུ་འགྲོ་བཞིན་ཡོད་པས། འདིར་ནུས་ཚོད་ཀྱིས་སྒྲ་སྒྱུར་བྱེད་དགོས་པའི་མིང་གི་ལོ་ཙཱའི་སྐོར་རགས་ཙམ་གླེང་བར་བྱ་སྟེ།
     
དང་པོ། བོད་ཀྱི་ས་མིང་རྒྱ་ཡིག་ཏུ་བསྒྱུར་སྐབས་སྒྲ་སྒྱུར་ཙམ་ལས་དོན་ཡོད་པར་འབྲི་མི་རུང་། སྤྱིར་ས་མིང་སྒྱུར་སྐབས་སྒྲ་སྒྱུར་བྱེད་པ་ལས་དོན་སྒྱུར་བྱེད་མི་རུང་ཞིང་། སྒྲ་སྒྱུར་བྱས་པའི་མིང་དེ་འགྱུར་ཡིག་ཏུ་ཕབ་དུས་ཀྱང་བྲིས་པའི་སྒྲ་དེ་དོན་མེད་པར་འབྲི་ཅི་ཐུབ་བྱེད་པ་ལས་དོན་ཡོད་པར་འབྲི་མི་རུང་། དཔེར་ན། ང་ཚོ་ལ་ཆེས་རྒྱུས་མངའ་ཡོད་པའི་ལྷ་སའི་བར་སྐོར་ལ་རྒྱས་སྒྲ་སྒྱུར་བྱས་ཏེ་八角街ཞེས་འབྲི་བཞིན་ཡོད་ལ། ལོ་རྒྱུས་ལ་གསལ་ཆ་མེད་པ་ཞིག་གིས་བལྟས་པ་ཙམ་གྱིས་དེ་ནི་གྲུ་བརྒྱད་དང་ལྡན་པའི་སྲིད་ལམ་ཞིག་ཏུ་མི་མཐོང་བའི་ངེས་པ་ཡང་ཆེར་མ་མཆིས་ཤིང་། ལguo ཡི་སྒྲ་འབྱིན་པས་དེ་ལྟར་བསྒྱུར་པར་བཤད་ལ། ད་ལྟ་རིམ་གྱིས་རང་གཞན་ཚང་མས་八角jiaoཞེས་སུ་འབྲི་ཀློག་བྱེད་བཞིན་ཡོད་པས། གལ་ཏེ་མི་ལོ་བརྒྱད་ཕྲག་འདས་པའི་རྗེས་སུ་ང་ཚོས八角 jiaoལྟ་བུ་བོད་ཡིག་ཏུ་བསྒྱུར་དགོས་ཚེ་དོན་དག་ཅི་ཞིག་འབྱུང་མི་སྲིད་པ་ཡང་ཐེ་ཚོམ་གྱི་གནས་སུ་འགྱུར་བ་རེད།
     
གཉིས་པ། མི་རིགས་གཞན་གྱི་མིང་བསྒྱུར་སྐབས་བརྩེགས་མ་དང་ཡིག་ཚོགས་མང་པོ་མི་བཀོལ་བར་སྟབས་བདེར་བྲིས་ཆོག མི་རིགས་གཞན་གྱི་མི་མིང་སྒྱུར་སྐབས་མཐའ་གཅིག་ཏུ་སྒྲ་ཡོངས་སུ对音 ཐོན་ཐུབ་པ་ནི་ཤིན་ཏུ་དཀའ་བས། བརྩེགས་མ་དང་ཡིག་ཚོགས་མང་པོ་མི་བཀོལ་བར་ཇི་ལྟར་སྟབས་བདེ་ཡོང་ན་དེ་ལྟར་ཆ་འདྲ་བའམ་ཉེ་བར་སྒྱུར་ཆོག་པ་འདོད་ལ། དེ་ལས་ཀྱང་རྒྱལ་ཁབ་དང་ས་ཁུལ་གྱི་གཙོ་འཛིན་དང་། མི་སྣ་གྲགས་ཅན་སོགས་ཀྱི་མིང་སྒྱུར་སྐབས་ཅི་ནུས་ཀྱིས་ཚགས་པར་དང་དུས་དེབ་སོགས་ཀྱི་རྗེས་དེད་ནས་མིང་བརྡ་གཅིག་གྱུར་ལ་དགོངས་དགོས། དཔེར་ན温家宝ལ་བུན་ཅན་པོ་ལྟ་བུར་བསྒྱུར་ན་ཨ་མདོ་བའི་བཀླགས་ཚེ温家宝ཡི་སྒྲ་ཇི་བཞིན་ཐོན་ཡོང་ཀྱང་། ལྷ་ས་བ་བཏོན་ན་པུན་ཞེས་པུན་དང་བུན་གྱི་སྒྲ་གཅིག་མཚུངས་སུ་འགྱུར་སྲིད་པས། ཝུན་ཅ་པོ་ཞེས་པར་བསྒྱུར་ན་བཟང་པར་འདོད་པ་དང་། 日本ལ་འཇར་པན་དང 德国ལ་འཇར་མན་དུ་འབྲི་བ་ལྟ་བུ་ཡང་སྤྱིར་མི་འགྲིག་པ་མེད་ཀྱང་། གལ་ཏེ་日军 དང德军ལྟ་བུ་ཞིག་བསྒྱུར་དགོས་ཚེ་གཉིས་ཀར་འཇར་དམག་ཅེས་འབྱུང་སྲིད་པས། 日本ལ་འཇའ་པན་དང德国ལ་འཇར་མན་ཞེས་ཞིབ་ཆ་བཏོན་ཚེ་གོང་གི་དོན་དག་དེ་ལྟ་བུ་འབྱུང་ཡང་མི་སྲིད་པས། ལོ་ཙཱའི་ལས་ཀ་གཉེར་མཁན་དག་གིས་འདི་ལྟ་བུའི་བྱེ་བྲག་གི་གནད་དོན་ལ་ཡང་དོ་སྣང་བྱེད་དགོས།།
     
གསུམ་པ། རྒྱའི་གོ་གནས་ཀྱི་མིང་རེ་འགའ་ནི་སྒྲ་སྒྱུར་བྱེད་དགོས། མི་རིགས་རང་རང་གི་འཚོ་གནས་ཀྱི་ཁོར་ཡུག་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས། སྲིད་འཛིན་གྱི་ལམ་ལུགས་དང། དམག་དོན་གྱི་སྒྲིག་གཞི་སོགས་ལའང་མི་འདྲ་བའི་ཆ་ཅིས་ཀྱང་ཡོད་སྲིད་ལ། དེ་བཞིན་དུ་དེར་གནངས་ཀྱི་གོ་གནས་ཀྱི་མིང་བརྡ་སོགས་ཀྱང་ཕན་ཚུན་ཆུ་ལ་ཆུ་བཞག་ལྟ་བུའི་སྦྱོར་བ་ཡོང་མི་སྲིད། ཡིག་སྒྱུར་གྱི་ལག་ལེན་དངོས་ནང་ཏག་ཏག་གནད་དོན་འདི་དག་དང་འཕྲད་འོང་ལ། དཔེར་ན། ཆུ་ངོགས་གཏམ་རྒྱུད་དུ洪太尉 ཞེས་པར་དམག་སྤྱི་ཆེན་མོ་ཧོང་གིས་ཞེས་བསྒྱུར་ཡོད་པ་དང་། གློག་བརྙན་དང་དུས་དེབ་འགའ་རུ上校ལ་དམག་སྤྱི་ཞེས་བསྒྱུར་ཡོད་ཀྱང་། 太尉 དང上校ལྟ་བུ་ནི་དམག་གི་གོ་ས་བྱེ་བྲག་ཞིག་གི་མིང་ཡིན་ལ། དམག་སྤྱི་ཞེས་བསྒྱུར་ན། དེ་ནི་སྤྱི་མིང་ཞིག་ཏུ་འགྱུར་བས། སྒྲ་སྒྱུར་བྱེད་འོས་པར་འདོད།
     
བཞི་བ། རྩོམ་པ་པོས་རྟོག་བཟོ་བྱས་པའི་ས་མིང་དང་མི་མིང་གི་རིགས་དོན་སྒྱུར་བྱས་ཀྱང་ཆོག དེ་ཡང་ཨ་ལག་ཤ་ངག་དབང་བསྟན་དར་གྱིརྩོམ་པའི་རྣམ་བཞག་བཤད་པཞེས་པ་ལས། ཡུལ་དུས་དེ་དང་དེར་གྲགས་པའི་ཡུལ་ཕྱོགས་དང་མི་རྣམས་ཀྱི་མིང་བོད་སྐད་དུ་བསྒྱུར་ནས་བྲིས་པ་དང་། རྒྱ་ནག་གི་མིང་བོད་སྐད་དུ་བྲིས་པ་སོགས་སྐྱོན་ཡིན་ཏེ། དཔེར་ན་སྡེ་དགེ་སི་ཏུ་པན་ཆེན་གྱི་གསུང་འབུམ་དུ་རྒྱ་ནག་གི་སྨན་འགའ་ཞིག་གི་མིང་བོད་སྐད་དུ་བྲིས་པ། དེང་སང་རྒྱ་བོད་སུ་ལ་བསྟན་ཡང་མི་གོ་བས་སྨན་བཟང་ཡང་གསོས་སུ་མི་འགྱུར་པ་ལྟ་བུའོ་ཞེས་གསུངས་པ་བཞིན། སྤྱིར་ས་མིང་དང་མི་མིང་དངོས་ཀྱི་སྐོར་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པར་འཇོག་དགོས་ལ། སྒྱུར་སྐབས་ཀྱང་སྒྲ་སྒྱུར་བྱེད་པ་ལས་དོན་སྒྱུར་བྱེད་མི་རུང་། ཡིན་ནའང་རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་རྟོགས་བཟོ་བྱས་ནས་བཏགས་པའི་མིང་གི་སྐོར་དང་དེ་གཉིས་ཅུང་མི་འདྲ་བས། རྩོམ་པ་པོས་རྟོགས་བཟོ་བྱས་པའི་མིང་དེ་སྒྲ་སྒྱུར་བྱེད་དགོས་པའི་དགོས་པ་མེད་པར། དོན་སྒྱུར་བྱས་ཀྱང་ཆོག།
                                                                
རྩོམ་པ་པོ་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་༢༠༠༦ལོའི་ཞིབ་འཇུག་སློབ་མ་ཡིན།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060