| ངོ་བོ་གཅིག་པར་མཚོན་པའི་ཐ་སྙད་མེད་པ་ཟེར་བ་ནི་བསྒྱུར་བའི་ཐ་སྙད་དེ་སྒྱུར་བྱེད་སྐད་ཀྱི་ཐ་སྙད་མ་ལག་ཁྲོད་མཚོན་དོན་གཅིག་པའི་ཐ་སྙད་དང་མིང་གི་ཚོགས་པ་ལོ་ཙཱའི་ཁྲོད་བཀོལ་རྒྱུ་མེད་པ་ལ་ཟེར། ངོ་བོ་གཅིག་པར་མཚོན་པའི་ཐ་སྙད་མེད་པ་ལ། ༡ བརྡ་ཆད། ས་མིང་ཆུ་མིང་། ལས་ཁུངས་དང་ཚོགས་པའི་མིང་། དུས་དེབ་དང་ཚགས་པར་ཀྱི་མིང་།༢ ཐུན་མོང་མ་ཡིན་པའི་བྱ་དངོས་སོགས་འདུའོ།། འོན་ཀྱང་། མཚོན་དོན་གཅིག་པའི་ཐ་སྙད་མེད་པ་ཟེར་བ་འདི། སྒྱུར་བྱེད་སྐད་ཀྱི་ཁྲོད་ནས་བསྒྱུར་བའི་སྐད་ཀྱི་ངོ་བོ་གཅིག་པར་མཚོན་པའི་ཐ་སྙད་མེད་པ་རྣམས་བསྒྱུར་ཐབས་གཏན་ནས་མེད་པ་མ་ཡིན་ནོ།། ཐ་སྙད་ལ་ངོ་བོ་གཅིག་པ་མེད་པ་འབྱུང་བའི་རྒྱུ་རྐྱེན་ལ་གཉིས་ལས། གཅིག་ནི་སྣང་ཚུལ་ཅིག་བསྒྱུར་བྱའི་སྐད་ཕ་སྐད་དུ་གྱུར་པའི་མིར་ཧ་ཅང་ཆ་རྒྱུས་ཡོད་པ་མ་ཟད། ཁོ་ཚོའི་ཐ་སྙད་ཀྱི་མ་ལག་ཁྲོད་ནའང་དེ་མཚོན་གྱི་ཐ་སྙད་ཡོད། འོན་ཀྱང་སྒྱུར་བྱེད་སྐད་ཕ་སྐད་དུ་གྱུར་བའི་མིས་དོན་སྤྱི་དེ་རིགས་གོ་བ་གཞི་ནས་མི་ལོན་པའམ་གོ་བ་ལོན་མཁན་ཧ་ཅང་ཉུང་། དེའི་ཕྱིར་ཁོ་ཚོའི་ཐ་སྙད་ཀྱི་མ་ལག་ཁྲོད་དོན་སྤྱི་དེ་རིགས་མཚོན་པའི་ཐ་སྙད་དེ་དག་མེད་དོ།། འདི་ལ་སྤྱིར་བཏང་ཐུན་མོང་མ་ཡིན་པའི་བྱ་དངོས་སམ་ཡང་ན་མི་རིགས་ཞིག་གི་དངོས་པོ་དང་བསམ་པའི་འཚོ་བར་ཆེད་དུ་ཡོད་ལ། མི་རིགས་གཞན་ལ་མེད་པའི་སྣང་ཚུལ་ཞེས་འབོད་དོ།། འདི་ལ་ཚན་རྩལ་གྱི་བརྡ་ཆད་ཁ་ཤས་དུས་ཡུན་ངེས་ཅན་ཞིག་ལ་ངོ་བོ་གཅིག་པར་མཚོན་པའི་ཐ་སྙད་མེད་སྲིད་ནའང་། རྗེས་སོར་རིམ་བཞིན་ངོ་བོ་གཅིག་པར་མཚོན་པའི་བརྡ་ཆད་ཀྱིས་བསྟན་པའི་ཚན་རྩལ་བྱ་དངོས་གསར་བ་ཁྱབ་བརྡལ་དུ་སོང་བ་དང་བསྟུན། ངོ་བོ་གཅིག་མཚོན་ཐ་སྙད་མེད་པའི་སྐད་རིགས་གཞན་ལས་ཀྱང་ངོ་བོ་གཅིག་པའི་དངོས་པོ་འབྱུང་བཞིན་ཡོད་པ་ཚང་མས་མྱོང་བས་ཤེས་ཐུབ། གཉིས་ནི་མི་རིགས་མི་འདྲ་བས་འཇིག་རྟེན་ལ་དབྱེ་ཞིབ་ངོས་འཛིན་བྱས་པ་མི་འདྲ། དཔེར་ན། སྒྱུར་བྱེད་སྐད་ཕ་སྐད་དུ་གྱུར་པའི་མིས་ཐ་སྙད་ཁ་ཤས་ཀྱི་དོན་སྤྱི་དང་གོ་དོན་གཏན་འཁེལ་བྱས་པ་དེ་བསྒྱུར་བྱའི་སྐད་ཕ་སྐད་དུ་གྱུར་པའི་མི་དང་མི་འདྲ། བོད་ཀྱི་ཐ་སྙད་འཛམ་གླིང་ཞེས་པ་ནི་ལྷོ་འཛམ་བུ་གླིང་ཞེས་རི་རྒྱལ་བོའི་རི་རབ་ཀྱི་ལྷོ་ཕྱོགས་ན་མཆིས་པའི་གླིང་ཞིག་ཡིན་ལ། རྒྱའི“世界”ཟེར་བ་ས་སྒང་ཁོ་ནར་བྱེད་པས་གོ་དོན་མི་འདྲ་བ་ལྟ་བུའོ།། སྐད་རིགས་ཡོད་ཚད་ཀྱི་བྱུང་འཕེལ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པར། སྤྱི་ཚོགས་འཚོ་བའི་རྒྱུན་ཆད་མེད་པའི་འགྱུར་ལྡོག་དང་། ཐོན་སྐྱེད། རིག་གནས་དང་ཚན་རིག་མུ་མཐུད་དུ་འཕེལ་རྒྱས་སོང་བ་དང་བསྟུན། སྐད་ཆའི་ཐ་སྙད་ཀྱང་རྒྱུན་མི་ཆད་པར་འཕེལ་རྒྱས་དང་འགྱུར་ལྡོག་འབྱུང་བཞིན་ཡོད། ཐ་སྙད་ཇེ་མང་དུ་སོང་བ་དང་བསྟུན། ལོ་ཙཱའི་གེགས་རྒྱའང་རང་སེལ་དུ་འགྲོ་བཞིན་ཡོད། སྐད་ཆའི་ལོ་རྒྱུས་ཀྱིས་མཚོན་པར་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་ཐ་སྙད་འབོར་ཆེན་ཞིག་ཐོག་མའི་དུས་སུ་བསྒྱུར་རྒྱུ་ཧ་ཅང་དཀའ་ནའང་། ཕྱིས་སུ་རེ་རེ་ནས་བསྒྱུར་ཅིང་སྒྱུར་བྱེད་སྐད་ཀྱི་ཁྲོད་གཏན་འཁེལ་གྱི་ཁ་གཏད་དངོས་པོའང་རིམ་གྱིས་འབྱུང་བཞིན་ཡོད། གཤམ་ནས་ངོ་བོ་གཅིག་པ་མཚོན་པའི་ཐ་སྙད་མེད་པའི་ལོ་ཙཱ་བྱེད་ཐབས་འགའ་ངོ་སྤྲོད་བྱ་རྒྱུའོ།།
གཅིག སྒྲ་བསྒྱུར་བྱེད་ཐབས།
ཐད་ཀར་སྒྱུར་བྱེད་སྐད་ཀྱི་ཡི་གེས་སྒྲ་འདོགས་པའམ་ཡང་ན་མིང་རྩ་ལ་སྒྱུར་བྱེད་སྐད་ཀྱི་མིང་མཐའ་འདོགས་དགོས། སྒྲ་བསྒྱུར་བྱེད་ཐབས་འདི་ཕལ་ཆེར་རྒྱལ་ཁབ་ཅིག་དང་མི་རིགས་ཅིག་ལ་ཆེད་དུ་ཡོད་པའི་ལས་ཁུངས་དང་ཐོབ་གོ་ས། དངོས་པོ་འཚོ་བའི་ཁྲོད་ཀྱི་དངོས་པོའི་མིང་དང་རུས་མིང་སོཊ་ཀྱི་ཕྱོཊ་ལ་སྒྲ་བསྒྱུར་བྱེད་ཐབས་འདི་བཀོལ་ན་འོས། ༡ ལས་ཁུངས་ཀྱི་མིང་སྒྲ་བསྒྱུར་བྱས་པ་དཔེར་ན། 中央-ཀྲུང་དབྱང་། བཀའ་ཤག-噶厦སྨན་པ་གྲ་ཚང-曼巴扎仓奇正公司- ཆེས་བྲིན་ཀུང་ཟི། ༢ ཐོབ་གོ་ས་སྒྲ་བསྒྱུར་བྱས་པ་དཔེར་ན། བཀའ་བློན-噶伦主席-ཀྲུའུ་ཞི། 总理-ཙོང་ལི། ༣ འཚོ་བའི་ཁྲོད་ཀྱི་དངོས་པོ་སྒྲ་བསྒྱུར་བྱས་པ་དཔེར་ན། 搭涟-ཏ་ལེན། 萝卜-ལ་ཕུག 茶-ཇ། ཆུ་ར-曲拉ཁ་བཏགས-哈达༤ རུས་མིང་སྒྲ་བསྒྱུར་བྱས་པ་དཔེར་ན། བློ་བཟང་ཆོས་ཀྱི་རྒྱལ་མཚན-洛桑却吉坚参སྲོང་བཙན་སྒམ་པོ-松赞干布鲁迅-ལུའུ་ཞུན། 郭沫若-ཀའོ་མའོ་རོ། ༥ ས་མིང་ཆུ་མིང་སྒྲ་བསྒྱུར་བྱས་པ་དཔེར་ན། 北京-པེ་ཅིན། 南京-ནན་ཅིན། ལྷ་ས-拉萨རྔ་བ-阿坝ཡར་ཀླུང་གཙང་བོ-雅鲁藏布གངས་རིན་པོ་ཆེ-冈仁波齐ལྟ་བུའོ།། སྔོན་བོད་གྱི་སྐད་གཉིས་སྨྲ་བའི་མཁས་དབང་དག་གིས་དོན་བསྒྱུར་དཀྱུས་གཅིག་ཏུ་གཙོར་བཟུང་བས་གང་ཟག་གི་མིང་དང་ས་མིང་ཆུ་མིང་སོགས་ཀྱང་ཅི་ཐུབ་ཀྱིས་དོན་བསྒྱུར་བྱས་ཡོད། སངས་རྒྱས་ལ་སོགས་པའི་མིང་བསྒྱུར་བ་དཔེར་ན།
|
རྒྱ་གར་སྐད། |
ཀཱཤྱཔཿ |
ཨཱནནྡ |
པྲསེནཛིཏྭ |
བིཥྞུཿ |
བྷགཝནཿ |
|
བོད་སྐད། |
འོད་སྲུང་ |
ཀུན་དགའ་བོ། |
རབ་གསལ་རྒྱལ། |
ཁྱབ་འཇུག |
བཅོན་ལྡན་འདས། |
|
རྒྱ་ནག་སྐད། |
迦叶 |
阿难陀 |
波斯匿 |
吡瑟妞 |
薄伽梵 |
ཡུལ་གྱི་མིང་བསྒྱུར་བ།
|
རྒྱ་གར་སྐད། |
ཤྲབསྟེཿ |
བེེཤཱལི |
པཱུརྦརྦབེདེཧཿ |
ཏྲིཡསྟིཤ |
ཨུདྷརཀུརུཿ |
|
བོད་སྐད། |
མཉན་ཡོད། |
ཡངས་པ་ཅན། |
ཤར་ལུས་འཕཊ་གླིང་། |
སུམ་ཅུ་རྩ་གསུམ། |
བྱང་སྒྲ་མི་སྙན། |
|
རྒྱ་ནག་སྐད། |
舍卫国 |
毗舍厘 |
东毗提河洲 |
恒利耶奢夫 |
比瞿户洲 |
(རེའུ་མིག་འདི་བསོད་ནམས་རྡོ་རྗེས་བརྩམས་པའི་《བོད་གནའ་རབས་ཀྱི་ལོ་ཙཱའི་གཞུང་ལུགས་རགས་ཙམ་བཤད་པ་སྐད་གཉིས་སྨྲ་བའི་སྒྲོན་མེ》ལས་བཤུས།) གང་ཟག་གི་མིང་དང་ས་ཆུའི་མིང་སྒྲ་བསྒྱུར་བར་རྒྱ་ནག་བཙུན་པ་ཐང་སན་ཙང་ལྟ་བུ་ཡིན་ན་མི་བསྒྱུར་བ་ལྔའི་ཁྲོད་གང་ཟག་དང་ས་ཆུའི་མིང་སྒྲ་བསྒྱུར་བྱེད་དགོས་པར་བསྟན་ཅིང་ང་ཚོ་མེས་པོ་རྣམས་ཀྱིས་ཅི་ཐུབ་ཀྱིས་དོན་བསྒྱུར་གནང་བའི་སྲོལ་ཡོད་པས། ད་ལྟ་གང་ཟག་དང་ཆུའི་མིང་སྐོར་ཞིག་ཁུངས་གཏུགས་མི་ཐུབ་པའི་སྐྱོན་འདུག་ལ། ཕྱི་ཕྱོགས་འདིའི་སྐོར་ད་ལྟའི་འཛམ་གླིང་སྤྱི་སྲོལ་དང་སྒོ་བསྟུན་ནས་སྒྲ་བསྒྱུར་བྱེད་དགོས་པར་དེང་གི་མཁས་དབང་དུ་མས་སྨྲའོ།། སྒྲ་བསྒྱུར་བྱེད་ཐབས་འདི་བཀོལ་བ་ཁྱབ་ཧ་ཅང་ཆེ་བས་ལོ་ཙཱའི་ལག་ལེན་ཁྲོད་ངེས་པར་དུ་བསྒྱུར་བྱའི་སྐད་ཀྱི་གདངས་དང་ང་རོ་གཞིར་བཟུང་ནས་སྒྱུར་བྱེད་སྐད་ལ་འབོད་སླ་བ་དང་བརྗོད་བདེ་བ།ཁ་གསལ་བའི་མིང་འདོགས་པའི་རྩ་བ་གསུམ་ལག་བསྟར་བྱེད་འོས། སྒྲ་འདོགས་པའི་ཚེའང་བོད་སྤྱི་བྱིངས་ཀྱི་རྣར་སྙན་ཅིང་གོ་ཐུབ་པའི་སྒྲ་འདོགས་རྒྱུ་ཤིན་ཏུ་གལ་ཆེ། དེ་ལས་ས་པཎ་གྱིས། བོད་ཀྱི་སྐད་ལ་མི་ཤེས་པ།། ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན།། འགའ་ཞིག་འགྱུར་གྱི་བྱེ་བྲག་དང་།། ཡུལ་སྐད་དག་གིས་བསླད་པ་ཡོད།། ཅེས་གསུངས་པ་བཞིན། སྤྱིར་ཡུལ་སྐད་ཀྱིས་སྒྲ་དོན་གཉིས་ཀར་བསླད་པ་ཡོད་ཀྱང་། འདིར་སྐབས་སུ་བབས་པ་སྒྲ་བསྒྱུར་བྱེད་སྐབས་ཡུལ་སྐད་ཀྱི་སྒྲས་བསླད་པ་དཔེར་ན། ཚེ་རིང་ཅེས་པའི་མིང་འདི“才让”ཞེས་བསྒྱུར་འོས་པ་ལ་ཡུལ་སྐད་ཀྱི་སྒྲའི་བསླད་ཞུགས་པའི་རྐྱེན་གྱིས次仁དང次日སོགས་སུ་བསྒྱུར་བ་ལྟ་བུའོ།། རང་སོར་བཞག་པའི་ཐ་སྙད་ཉུང་ཤས་དང་ཐོག་མར་སྒྲ་བསྒྱུར་བྱས་ནས་བྱུང་བའི་ཐ་སྙད་ལ་མཆན་འགྲེལ་ལམ་ཡང་ན་ཚིག་ཟུར་སྦྱར་དགོས། རང་སོར་བཞག་པ་ལ་དཔེར་ན། མཚོ་ལས་སྐྱེས་པའི་པདྨ་གངས་རིའི་རྭ་བས་བསྐོར་བའི་བོད་ཀྱི་ཡུལ་འདིར་མི་སྐྱེས་པས་དེ་མཚོན་བྱེད་ཀྱི་མིང་བརྡའང་མེད་ལ། བསྒྱུར་བའི་ཚེའང་སོར་བཞག་གིས་པདྨའི་གོང་ལ་མེ་ཏོག་སྦྱར་བས་མེ་ཏོག་པདྨ་དང་མ་ག་ངྷའི་ལྟག་འོག་གང་རུང་ལ་ཡུལ་སྦྱར་བས་ཡུལ་མ་ག་ངྷའམ་མ་ག་ངྷའི་ཡུལ་ལྟ་བུ་དང་། གླང་ཆེན་ཁར་འབབ་ཀྱི་ཆུ་ཀླུང་ཆེན་པོར་གངྒ་ཞེས་པ་ལྟ་བུར་རང་སོར་བཞག གལ་ཏེ་དོན་བསྒྱུར་བྱས་ན་འགྲོ་ལྡན་མར་འགྱུར་བས་རྟོགས་དཀའ་བར་འགྱུར་ལ། རང་སོར་བཞག་ན་རྟོགས་སླ་ཕྱིར་སྔོན་གྱི་ལོ་པཎ་རྣམས་ཀྱི་ལུགས་འདི་བཟུང་ན་འགྲིག ཐོག་མར་སྒྲ་བསྒྱུར་བྱས་ནས་བྱུང་བའི་ཐ་སྙད་དཔེར་ན། 荔枝སྒྲ་བསྒྱུར་བྱས་པའི་མིང་ལི་ཀྲི་ལ་ཚིག་ཟུར་མ་སྦྱར་ཚེ་ཧ་མི་གོ་ཞིང་དེ་ལ་ཤིང་ཏོག་སྦྱར་བས་ཤིང་ཏོག་ལི་ཀྲི་ཞེས་བསྒྱུར་ཚེ་གོ་སླ་བར་འགྱུར་བས་འདི་གཅེས་སུ་བཟུང་ན་འོས། གོང་འོག་ལ་སྦྱར་བའི་ཚིག་ཟུར་འདི་དག་གིས་རང་སོར་བཞག་པའམ་སྒྲ་བསྒྱུར་བྱས་པའི་ཐ་སྙད་འདི་དག་གི་གོ་དོན་གསེད་འགྲོལ་བྱེད་མི་ནུས་ནའང་ཐ་སྙད་དེ་དག་གིས་མཚོན་པའི་དོན་གྱི་སྤྱི་ཁོག་གོ་བར་བྱེད་ཐུབ། སྒྲ་བསྒྱུར་གྱི་བྱེད་ཐབས་འདིས་དོན་གྱི་ངོ་བོ་གཅིག་པར་མཚོན་པའི་ཐ་སྙད་མེད་པ་རྣམས་བསྒྱུར་བའི་ལེགས་ཆ་ནི་ཡིད་འཁེལ་ཆོག་པའི་རང་བཞིན་ཡོད། གསར་བྱུང་ཡིན་ལ་ཆ་རྒྱུས་མེད་པ། ཞིབ་འཇུག་གིས་མཚན་ཉིད་ཐལ་ལྡན་མེད་པའི་བྱ་དངོས། གོ་བ་གསལ་བོ་མ་ལོན་པའི་སྣང་ཚུལ་མཚོན་པའི་ཐ་སྙད་དག་ལ་བལྟོས་ནས་བཤད་ན། སྒྲ་བསྒྱུར་གྱི་བྱེད་ཐབས་འདིས་དོན་དངོས་སྟེང་ཐ་སྙད་དེ་དག་གི་སྐད་ཀྱི་གདངས་དང་ང་རོ་ཙམ་ལས་མི་སྟོན་པས། དོན་གྱི་བསྟན་བྱ་རྣམས་ལྟག་འོག་གི་ཚིག་རྣམས་ལ་བལྟོས་ནས་དོན་གར་སྙེགས་ལ་གོ་བ་ལོན་དགོས། སྒྲ་བསྒྱུར་འདི་བསྒྱུར་ཐབས་ཤིག་ཡིན་པའི་ཆ་ནས་འདིའི་མི་འདང་ས་ནི་སྐད་ཀྱི་གདངས་དང་ང་རོ་ཙམ་གྱི་སྟེང་ནས་ཐ་སྙད་བསྒྱུར་བ་ལས། དོན་གྱི་ངོ་བོ་ཅི་ཡིན་གསལ་བོར་སྟོན་མི་ཐུབ་པས་ན། འགྱུར་གྱི་ཀློག་མཁན་གྱིས་ལྟག་འོག་གི་ཚིག་འབའ་ཞིག་ལ་བརྟེན་ནས་དེའི་གོ་བ་ལོན་དགོས་པ་འདི་ཡིན། སྒྲ་བསྒྱུར་གྱི་སྐྱོན་འདི་རིགས་སེལ་དགོས་ཚེ་མཚམས་ལ་རེར་མཆན་བཀོད་ནའང་ཆོག དཔེར་ན东施效颦ཏུང་ཧྲིས་ཞིས་ཧྲིར་ལད་མོ་བྱེད་པ། དཔེ་ཆོས་འདི་ལས་བསྟན་པའི་གཏམ་རྒྱུད་རྒྱ་རིགས་ལ་བལྟོས་ནས་བཤད་ན་དེའི་ཁྲོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་སྙིང་དོན་གོ་རྒྱུ་ཁག་པོ་མི་འདུག་ཀྱང་། གོང་ལྟར་སྒྲ་བསྒྱུར་ཁོ་ནས་འཐུས་པར་བྱས་ཚེ་དོན་ལ་མི་བསྙེགས་ཅིང་བརྗོད་དོན་ཀྱང་རྟོགས་མི་ཐུབ་ལ། རྒྱའི་རིག་གནས་ལ་ཆ་རྒྱུས་སྤུ་ཙམ་མེད་པའི་བོད་མིས་ཏུང་ཧྲི་དང་ཞིས་ཧྲི་ཟེར་བ་ཅི་ཡིན་ཆ་མ་འཚལ་ཕྱིར་ལོ་ཙཱ་བས་ངོ་སྤྲོད་གསལ་བོར་བྱེད་ཐུབ་ཀྱི་མེད། དེའི་ཕྱིར་བོད་མི་ཡོངས་ལ་གོ་བདེ་བར་ཡོང་ཆེད་འདི་ལ་མཆན་འདོགས་དགོས། དཔེར་ན། ཏུང་ཧྲིས་ཞིས་ཧྲིར་ལད་མོ་བྱེད་པ། (ཞིས་ཧྲི་ནི་གནའ་བོའི་ཡའེ་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་མཛེས་མ་ཞིག་ཡིན། ཏུང་ཧྲི་ནི་བཞིན་མི་སྡུག་པའི་བུད་མེད་ཅིག་ཡིན་མོད་ཐབས་ཇུས་གང་ཡོད་ཀྱིས་ཞིས་ཧྲིར་ལད་མོ་བྱེད་པ་ཞིག་ཡིན)ཅེས་བསྒྱུར་ཚེ་ཧ་མི་གོ་བ་ཡོང་མི་སྲིད། གནས་སྐབས་སུ་དོན་ཅི་ཡིན་གཏོལ་མེད་པ་རྣམས་ལ་མིང་བླ་ཐབས་སུ་སྣོན་པ་དང་མཆན་འདོགས་པ་སོགས་བྱས་ཚེ་ཚིག་བོངས་ཆེ་ལ་བརྗོད་མི་བདེ་བ་ཙམ་དུ་སྣང་ཡང་། རང་སོར་བཞག་པ་དང་སྒྲ་བསྒྱུར་བྱས་ནས་བྱུང་བའི་ཐ་སྙད་འདི་དག་འགྱུར་གྱི་ཀློག་མཁན་ལ་ཆ་རྒྱུས་ཇེ་ཡོད་དང་འགྱུར་གྱི་སྐད་ཡིག་ཁྲོད་རྒྱུན་འབྱམས་སུ་སོང་བ་དང་བསྟུན། རིམ་བཞིན་བླ་ཐབས་སུ་བསྣན་པའི་མིང་དང་མཆན་རྣམས་ངང་ངམ་ཤུགས་ཀྱིས་མི་བཀོལ་བར་སྐད་ཟོར་ཇེ་བདེར་འགྲོ་བཞིན་ཡོད། དཔེར་ན། བཙན་པོའི་སྐབས་པདྨའི་སྔོན་ལ་མེ་ཏོག་མ་སྦྱར་ཚེ་ཧ་མི་གོ་ཡང་། ད་ལྟ་པདྨ་བོད་ཀྱི་སྐད་ཡིག་ཁྲོད་རྒྱུན་འབྱམས་སུ་སོང་ནས་བོད་ཀྱི་ཐ་སྙད་མཚན་ཉིད་པར་གྱུར་པས། ད་ལྟ་མེ་ཏོག་མ་སྦྱར་ཡང་བདེ་བླག་གིས་དོན་གོ་ཐུབ་པ་ལོ་ཙཱའི་ལག་ལེན་ཁྲོད་ནས་ར་སྤྲོད་བྱུང་ཕྱིར་གཞན་རྣམས་རིགས་བསྒྲེ་ནས་ཤེས་པར་བྱ།
གཉིས། ལད་བཟོ་བྱེད་ཐབས།
སྒྱུར་བྱེད་སྐད་ལ་མེད་པའི་བསྒྱུར་བྱའི་སྐད་ཀྱི་གྲུབ་ཆ་ཡི་གེ་རེ་རེ་ནས་ཁ་ཐད་དུ་སྒྱུར་བྱེད་སྐད་ལ་བསྒྱུར་བ་ཞིག་ལ་ཟེར། 《སྒྲ་སྦྱོར་བམ་གཉིས》སུ་འདི་ལ་ཐད་བསྒྱུར་ཀྱང་ཟེར། དཔེར་ན། རྒྱའི་མིང་ལ电影གློག་བརྙན་དང་། 电脑ལགློག་ཀླད། 火车ལ་མེ་འཁོར། 电话ལ་གློག་སྐད་དང་། ལེགས་སྦྱར་སྐད་ཨིནྡྲནཱི་ལ་དབང་སྔོན་ཏེ། ཨིནྡྲ་ནི་དབང་བོ་དང་ནི་ལ་ནི་སྔོན་པོ་ཡིན་པས་དབང་སྔོན་དུ་བསྒྱུར་བ་ཡིན་ལ་གོང་མ་རྣམས་ཀྱང་འདི་དང་རིགས་བསྒྲེ་ན་ཤེས་སླའོ། ། གཞན་ཡང་སྐོར་ཅིག་ང་ཚོ་བོད་ཀྱི་སྐད་དུ་བརྗོད་བདེ་མིན་ལ་བརྟག་དགོས། དཔེར་ན་པྲ་ཛྙ་ལྟ་བུའི་པྲ་ནི་རབ་དང་མཆོག་གི་དོན་དང་། ཛྙ་ནི་ཤེས་དང་མཁྱེན་པའི་དོན་ཏེ་ཡིག་གཟུགས་རེ་རེས་དོན་ཅི་སྟོན་བོད་སྐད་ལ་ཐད་ཀར་རབ་ཤེས་སུ་འགྱུར་བས། གལ་སྲིད་བརྗོད་བདེ་མིན་ལ་མི་བརྟག་པར་བསྒྱུར་བའི་སྐད་ཀྱི་གོ་རིམ་བཞིན་བཞག་ན་བོད་ཀྱི་བརྡ་སྤྲོད་པའི་གོམས་སྲོལ་དང་འགལ་ཏེ་བརྗོད་མི་བདེ་ཞིང་མིང་གི་ངོ་བོའང་འགྱུར་ཉེན་ཆེ་བས་ཤེས་རབ་ལྟ་བུར་གོང་འོག་བསྣོར་ནས་བསྒྱུར་དགོས། ལད་བཟོ་བྱེད་ཐབས་འདི་སྒྱུར་བྱེད་སྐད་ཀྱི་ཐ་སྙད་ཕུན་ཚོགས་སུ་གཏོང་ཐབས་མཆོག་ཅིག་རེད་དོ། །
གསུམ། ཉེ་འདྲར་བསྒྱུར་ཐབས།
རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ཡོད་པའི་བྱ་དངོས་དག་མཚོན་ཆེད། སྒྱུར་བྱེད་སྐད་ལ་དངོས་མ་མེད་པས་ཆོས་མཚུངས་མང་བ་གཞན་ཞིག་ཏུ་བསྒྱུར་བའམ་དེ་དང་དོན་མཚུངས་ཀྱི་དོན་སྤྱི་གཞན་ཞིག་བཙལ་བ་ལ་ཟེར། དེ་ཕྱོགས་རེ་རེ་ནས་བསྒྱུར་བའི་སྐད་ཀྱི་དོན་སྤྱི་དང་མི་འདྲ་ནའང་ཚིག་དོན་གྱི་སྟེང་ནས་ཧ་ཅང་ཉེ་ལ། འགྱུར་གྱི་ཀློག་མཁན་ལ་ཚད་ངེས་ཅན་གྱི་སྟེང་ནས་བསྟན་དོན་གྱི་ངོ་བོ་ཅི་ཡིན་སྟོན་ཐུབ། 《དེང་རབས་རྒྱ་སྐད་མིང་མཛོད》ལས། ནས་ནི་གཙོ་བོ་ལྷ་ས་དང་མཚོ་སྔོན་སོགས་སུ་སྐྱེ་ཞིང་། རྩམ་པ་འཐག་ཆོག་ལ་ཆང་ཡང་བཙག་ཆོག་ཅེས་པ་ལྟར། རྩམ་པ་ནི་བོད་ལ་ཡོད་པའི་ཁ་ཟས་ཐུན་མོང་མ་ཡིན་པ་ཅིག་ཡིན་པས། ཐ་སྙད་འདི་རིགས་རྒྱ་ཡིག་ལ་བསྒྱུར་དགོས་ཚེ། རྒྱ་ལ་རྩམ་པའི་དོན་སྤྱི་མཚོན་པའི་ཐ་སྙད་མེད་པས། རྩམ་པ་དང་ཉེ་བའམ་འདྲ་བའི་དོན་སྤྱི་གཞན་ཞིག་གིས་མཚོན་དགོས། དཔེར་ན། རྩམ་པ-炒面(《现代汉语词典》炒面:炒熟的面粉,做干粮通常用开水冲了吃)འདི་གཉིས་ཀྱི་དོན་སྤྱི་མི་འདྲ་ནའང་ལོ་ཙཱ་བྱེད་སྐབས་ཕན་ཚུན་བསྒྱུར་ཆོག་པ་ཡིན། སྒྱུར་ཐབས་འདིས་འགྱུར་ཀློག་མཁན་རྣམས་ལ་ཁོ་ཚོར་ཆ་རྒྱུས་ཡོད་པའི་དོན་སྤྱི་ཡིས་བསྒྱུར་བའི་དོན་སྤྱི་མཚོན་པར་བྱེད་ཀྱི་ཡོད་པས། ཉེ་འདྲར་བསྒྱུར་ཐབས་འདི་ལ་ཁ་གསལ་ཞིང་གོ་བདེ་བའི་ལེགས་ཆ་ཡོད་མོད། འོན་ཀྱང་བསྒྱུར་ཐབས་འདི་ལ་ཚད་ངེས་ཅན་གྱི་ཞན་ཆའང་ཡོད་དོ། ། བསྒྱུར་ཐབས་རིགས་འདིའི་ངོ་བོ་ནི་དོད་མཚུངས་པའི་དངོས་པོས་བསྒྱུར་བྱའི་སྐད་ཀྱི་དོན་སྤྱིའི་ཚབ་བྱས་ཕྱིར་ལག་ལེན་གྱི་ཁྲོད་ནས་ངེས་པར་དུ་ཡིད་གཟབ་བྱེད་དགོས། དཔེར་ན། “རྩམ་པའི་རྒྱུ་ནི་མཚོ་བོད་མཐོ་སྒང་དུ་སྐྱེ་བའི་ནས་ཡིན། ”ཞེས་པའི་གསལ་བཤད་རང་བཞིན་གྱི་ཚིག་འདི་ལྟ་བུ་བསྒྱུར་དགོས་ཚེ། ཉེ་འདྲར་བསྒྱུར་ཐབས་འདི་བེད་སྤྱད་ན་ནོར་སྐྱོན་ཆེན་པོ་འབྱུང་སྲིད་པས་སྐབས་འདི་ལྟ་བུ་ལ་སྒྲ་བསྒྱུར་གྱིས糌粑ལ་མ་བསྒྱུར་བར། 青藏高原上的青棵是炒面的原料ལྟ་བུར་བསྒྱུར་ན炒面དང་རྩམ་པ་གཉིས་ཀྱི་རྒྱུ་ཐ་དད་ཡིན་པ་གཅིག་ཏུ་བྱས་པས་ནོར་སྐྱོན་ཆེན་པོ་འདི་ལྟ་བུར་ལོ་ཙཱའི་ལག་ལེན་ཁྲོད་ཡིད་གཟབ་བྱ་དགོས།
བཞི། རྒྱས་བརྗོད་རང་བཞིན་གྱི་ལོ་ཙཱ།
ཚིག་བོངས་བསྐྱེད་ནས(མིང་གི་ཚོགས་པ་དང་ཚིག)བསྒྱུར་བའི་སྐད་ཀྱི་མིང་དང་ཚིག་གི་གྲུབ་ཆ་རེ་རེ་ནས་འགྲེལ་བ་ལ་ཟེར། བསྒྱུར་ཐབས་འདི་ལ་འགྲེལ་བཤད་རང་བཞིན་གྱི་བསྒྱུར་ཐབས་ཀྱང་ཟེར། རྒྱས་བརྗོད་རང་བཞིན་གྱི་ལོ་ཙཱའི་ཞན་ཆ་ནི་ཚིག་བོངས་ཆེ་བ་ཡིན། དེ་ལས་གཞན་བོངས་བསྐྱེད་པའི་མིང་གི་ཚོགས་པས་ཐ་སྙད་དང་ཁ་གསལ་བརྗོད་བདེའི་མིང་གི་ཚོགས་པ་བཞིན་བདེ་ལེགས་ཀྱིས“བརྡ་རྟགས”ཀྱི་ནུས་པ་ཐོན་ཐུབ་ཀྱི་མེད། བོངས་བསྐྱེད་པའི་མིང་གི་ཚོགས་པས་སྒྱུར་བྱེད་སྐད་ཕ་སྐད་དུ་གྱུར་བའི་ཀློག་པ་པོར་སྣང་ཚུལ་སྣ་ཚོགས་ཁྲོད་ནས་དངོས་ཡོད་ཀྱི་ཁ་ཐད་སྣང་ཚུལ་ཞིག་སེམས་ལ་འཇགས་ཏུ་འཇུག་མི་ཐུབ། དེར་བརྟེན་དོན་སྤྱི་ཞིག་ལ་ཐ་སྙད་བྱེད་པའི་ཚེ་ངེས་པར་དུ་འབྲུ་ཉུང་ཁ་གསལ་གྱིས་མིང་འདོགས་དགོས། དེའི་ཕྱིར་ཐུན་མོང་མ་ཡིན་པའི་བྱ་དངོས་མཚོན་པའི་ཐ་སྙད་ཐོག་མར་བསྒྱུར་སྐབས་རྒྱས་བརྗོད་ཀྱི་ཐབས་ལ་བརྟེན་ན་ལེགས། རྗེས་སོར་རིམ་བཞིན་དོན་གསལ་འབྲུ་ཉུང་གི་བསྒྱུར་ཐབས—ལད་བཟོ་དང་སྒྲ་བསྒྱུར་བྱེད་ཐབས་ཀྱིས་བསྒྱུར་འོས། གཞན་ཡང་དུས་དེབ་དང་ཚགས་པར་གྱི་མིང་བསྒྱུར་པར་ང་ཚོ་བོད་ལ་དོན་བསྒྱུར་གྱི་སྲོལ་ཆགས་ཡོད་པས། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་སྒྲ་བསྒྱུར་བྱེད་ཐབས་སྤྱོད་པའི་གོམས་སྲོལ་ལའང་། གནས་ཚུལ་ཁྱད་པར་ཅན་གྱི་སྐབས་ང་ཚོས་དེ་རིགས་ལ་སློབ་སྦྱོང་བྱེད་འོས། |