| 〔ནང་དོན་གནད་བསྡུས།〕རྩོམ་ཡིག་འདིའི་ནང་བོད་ཀྱི་སྐད་སྒྱུར་ལས་གསབ་བཅོས་ཉིས་འགྱུར་གྱི་དངོས་དཔེ་མང་དུ་དྲངས་ནས་བོད་སྐད་ཀྱི་སྒྱུ་རྩལ་དང་། སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱི་འགྱུར་རྩལ། འགྱུར་ཡིག་གྲགས་ཅན་གྱི་ཁྱད་ཆོས་བཅས་མཛུབ་མོས་རི་སྟོན་བྱས་ཡོད།〔བརྡ་ཆད་གཙོ་བོ།〕གསབ་བཅོས་ཉིས་འགྱུར་ཚིགས་བཅད། བོད་ཡིག་ཚིགས་བཅད་སྐད་འགྱུར།
དང་པོ། གསབ་བཅོས་ཉིས་འགྱུར་གྱི་གོ་དོན།
གསབ་བཅོས་ཉིས་འགྱུར་ཞེས་བྱ་བ་ནི་མ་ཡིག་གཅིག་ལ་འགྱུར་ཡིག་འདྲ་མིན་གཉིས་སམ་དེ་ལས་མང་བ་ཞིག་བྱུང་ཞིང་། འགྱུར་ཡིག་མི་འདྲ་བ་དེ་དག་ལ་ཚིག་དོན་གཉིས་ཀྱི་ཆ་ནས་འགྱུར་ཁྱད་ཏོག་ཙམ་བྱུང་བའི་དབང་གིས་ཕྱིས་འབྱུང་ལོ་ཙཱ་བ་དག་གིས་འགྱུར་དཔྱད་དང་འགྱུར་བཅོས་རོབ་ཙམ་བྱེད་དགོས་བྱུང་ཡོད། ཡིན་ནའང་སྔུན་འགྱུར་ཁྱབ་གདལ་ཆེ་ཞིང་འགྱུར་སྐྱོན་ཀྱང་ཆེར་མེད་པ་དག་ལ་སྔུན་འགྱུར་ལ་མ་གནོད་པར་ཀུན་གྱིས་ནམ་རྒྱུན་སོ་སོའི་མོས་པ་དང་བསྟུན་སྔུན་འགྱུར་མི་འདྲ་བ་དེ་དག་ཚང་མ་སྔར་བཞིན་འགྱུར་བཟང་དུ་བརྩིས་ནས་མུ་མཐུད་དུ་སྤྱོད་བཞིན་པའི་ཉིས་འགྱུར་དེ་ལ་ཟེར། སྤྱིར་བཏང་ཉིས་འགྱུར་འདི་རིགས་ནི་བརྗོད་བདེའམ་ཁ་དམ་ལྷོད་དང་གོ་བདེ་མི་བདེ་ཙམ་ལས་འགྱུར་ཡིག་གིས་སྤུས་ཚད་ལེགས་པོ་ཡིན་པ་མ་ཟད། སོ་སོར་དགེ་མཚན་ཡང་མངོན་གསལ་ཆེ་ལ་འབུར་དུ་ཐོན་པ་རེ་ཡོད་པ་ཤ་སྟག་ཡིན།
གཉིས་པ། དངོས་དཔེ་འདྲེན་པ།
དངོས་དཔེ་དང་པོ། ﹙༡﹚《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》ཤོག་ངོས་༡༥༣ལས། ﹙བུ་མོ་ཆ་བྱད་ཀྱིས་བརྒྱན་ཏེ། ཁྲིད་དེ་འོངས་ནས། ར་མ་ན་ལ་གསོལ་པ།﹚ སྐྲ་ནྀ་མཐོན་ཏིང་གཡསུ་འཁྱིལ།། དམྱིག་ནྀ་ཨུད་དཔལ་ལ།། ཚངས་པའྀ་དབྱངས་ལྟར་ཁ་དོག་རྣམ་པར་དག། འཕྲེང་བ་རྒྱན་མཆོག་མཛེས་པ་དབྱིབསུ་ཤིས།། དཔལ་ལྡན་དྲི་མྱེད་པད་མོ་མཆོག་ལས་སྐྱེས།། ལུས་ནི་ཡན་ལག་ཡོངས་སུ་ཚང་།། གསེར་གྱི་གཟུགས་ལ་ནོར་བུ་པྱིས་པ་འདྲའ།། པྱོགས་ཀུན་འོད་ཀྱིས་རྣམ་པར་གསལ་བར་གདའ།། ལུས་ལ་ཙ་འདན་རྒྱལ་པོ་སྤོས་ཀྱི་དྲི།། འགྲོ་ལྡན་ལྷ་རྫས་ཡིད་འོང་བརྗོད་པའི་ཚེ།། གཡར་ནས་ཨུད་དཔལ་ལ་འི་ངད་ཀྱང་རྒྱུན་དུ་ལྡང་།། འདི་ནི་གང་དུ་མཛུམ་ཞིང་དགོད་པ་འྀ་དུས་དེ་ན།། རོལ་མོ་སྒྲ་སྙན་དག་ནི་འབྱུང་བར་འགྱུར།། བུད་མྱེད་རིན་ཆེན་འཇིག་རྟེན་འདིར་བྱུང་བ།། ཐ་མ་ཀུན་གྱི་དབང་དུ་གྱུར་མ་ལགས།། ཁྱོད་མ་གཐོགས་པ་མྱི་འི་འཇིག་རྟེན་ན།། འདི་འི་བདག་པོ་གཞན་ན་གཆིག་མ་མཆིས།། མཚན་བརྒྱའི་སྐུ་གཟུགས་མཛེས་མངའ་བའ།། ཡོན་ཐན་སྣ་ཚོགས་ལྡན་བ་འྀ་སྒྲ།། ཁྱོད་ཀྱི་ཞ་སྔར་བུ་མོ་འདི་འབུལ་ན།། སྣ་ཚོགས་ལོ་མ་ཡན་ལག་རྒྱས་གྱུར་ཆིང་།། ཤིང་ལོ་མེན་ཏོག་མདོག་སྡུག་རྒྱས་པའྀ་མདོག།། རྒྱན་དང་བཆས་ཤིང་ཡིད་དུ་འོང་།། རིན་ཆེན་དར་བས་ཀྲུབས་པ་འདི་བཞེས་ཆེས།། བསྟོད་ར་གཆིག་དང་བཆས་སུ་པུལ་བ་དང་།།…… ﹙༢﹚《ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་》ཤོག་ངོས་༡༩༢ལས། བུ་མོ་ཁྲིད་ནས་ར་མ་ནའི་གམ་དུ་འོངས་ཏེ་གསོལ་བའི་ཚིག་ལ། སྐྲ་ནྀ་མཐོ་འདྀང་དམྱིག་ནི་ཨུད་དཔལ་ལ།། ཚངས་པའི་དབྱངས་ལྟར་ཁ་དོག་རྣམ་པར་དག། འཕྲེང་བ་རྒྱན་མཆོག་མཛེས་པ་དབྱིབས་སུ་ཤིས།། དཔལ་ལྡན་དྲི་མྱེད་པད་མོ་མཆོག་ལས་སྐྱེས།། ལུས་ནི་རྣམ་པར་ཡན་ལག་ཡེ་ནས་མཉན།། ལུས་ཀྱི་དབྱིབས་ལེགས་ཡན་ལག་ཡོངས་སུ་ཚང་།། གསེར་གྱི་གཟུགས་ལ་ནོར་བུ་པྱིས་པ་འདྲའ།། པྱོགས་ཀུན་འོད་ཀྱིས་རྣམ་པར་གསལ་བར་གདའ།། ལུས་ལ་ཙ་འདན་རྒྱལ་པོ་སྤོས་ཀྱི་དྲི།། འགྲོ་ལྡན་ལྷ་རྫས་ཡིད་འོང་བརྗོད་པའི་ཚེ།། གཡར་ནས་ཨུད་དཔལ་ལ་འི་ངད་ཀྱང་ལྡང་།། འདི་ནི་གང་ཚེ་མཛུམ་ཞིང་དགོད་པའྀ་དུས་དེ་ན།། རོལ་མོ་སྒྲ་སྙན་དེ་ནས་འབྱུང་བར་འགྱུར།། བུད་མྱེད་རྀན་ཆེན་འཇིག་རྟེན་འདིར་བྱུང་ན།། ཐ་མ་ཀུན་གྱི་དབང་དུ་གྱུར་མ་ལགས།། ཁྱོད་མ་གཐོགས་པ་མྱིའི་འཇིག་རྟེན་ན།། འདི་འི་བདག་པོ་གཞན་ན་གཅིག་མ་མཆིས།། མཚན་བརྒྱའྀ་སྐུ་གཟུགས་མཛེས་མངའ་བའ།། ཡོན་ཏན་སྣ་ཚོགས་ལྡན་བའྀ་སྐུ།། ཁྱོད་ཀྱི་ཞ་སྔར་བུ་མོ་འདི་འབུལ་ན།། སྣ་ཚོགས་ལོ་མ་ཡན་ལག་རྒྱས་གྱུར་ཆིང་།། ཤིང་ལོ་མེན་ཏོག་མདོག་སྡུག་རྒྱས་པའི་མདོག།། རྒྱན་དང་ཆས་ཤིང་ཤིན་ཏུ་ཡྀད་དུ་འོང་།། རྀན་ཅེན་དར་བས་ཀླུབས་པ་འདི་བཞེས་ཤིག། ཅེས་བསྟོད་ཚིག་དང་བཆས་པུལ་བ་དང་།།…… གོང་གསལ་འདི་ནི་《ཏུན་ཧོང་ར་མ་ན་》ཡི་ཉིས་འགྱུར་ཡིན་ཞིང་། དེ་སྒྱུར་མཁན་གཅིག་གི་ལག་ནས་ཐོན་པ་འདྲ་སྟེ་དངོས་དཔེ་﹙༡﹚ནི་འགྱུར་གདན་མ་ཟིན་དང་﹙༢﹚ནི་མཐའ་ཞུས་བཅོས་འགྱུར་ཡིན་པས་ཉིས་འགྱུར་དུ་གྲུབ། ཚིགས་བཅད་འདི་རིགས་ལ་དོན་གྱི་ཆ་ནས་འགྱུར་ཁྱད་ཧ་ལམ་མེད་ཀྱང་རྫོད་བྱེད་ཚིག་གི་ཆ་ནས་སྣོན་འཕྲི་བྱས་པ་ཅུང་མང་སྟེ། འགྱུར་གདན། སྐྲ་ནྀ་མཐོན་ཏིང་གཡསུ་འཁྱིལ།། དམྱིག་ནྀ་ཨུད་དཔལ་ལ།། མཐའ་ཞུས། སྐྲ་ནྀ་མཐོ་འདྀང་དམྱིག་ནི་ཨུད་དཔལ་ལ།། ﹙དངོས་དཔེ་དང་པོར་འགྱུར་རྐང་གཉིས་ཡོད་པ་ལས་རྗེས་མའི་འབྲུ་གྲངས་མ་ཚང་བས་མཐའ་ཞུས་ཀྱིས་ཚིག་རྐང་གཅིག་ཏུ་ཟླ་སྒྲིལ་བཏང་བ།﹚འགྱུར་གདན། ལུས་ནི་ཡན་ལག་ཡོངས་སུ་ཚང་།། མཐའ་ཞུས། ལུས་ནི་རྣམ་པར་ཡན་ལག་ཡེ་ནས་མཉན།། འགྱུར་གདན། གཡར་ནས་ཨུད་དཔལ་ལ་འི་ངན་ཀྱང་རྒྱུན་དུ་ལྡང་།། འདི་ནི་གང་དུ་མཛུམ་ཞིང་དགོད་པ་འྀ་དུས་དེ་ན།། རོལ་མོ་སྒྲ་སྙན་དག་ནི་འབྱུང་བར་འགྱུར།། མཐའ་ཞུས། གཡར་ནས་ཨུད་དཔལ་ལ་འི་ངད་ཀྱང་ལྡང་།། འདི་ནི་གང་ཚེ་མཛུམ་ཞིང་དགོད་པའྀ་དུས་དེ་ན།། རོལ་མོ་སྒྲ་སྙན་དེ་ནས་འབྱུང་བར་འགྱུར།། འགྱུར་གདན། ཡོན་ཐན་སྣ་ཚོགས་ལྡན་བ་འྀ་སྒྲ།། མཐའ་ཞུས། ཡོན་ཏན་སྣ་ཚོགས་ལྡན་བའི་སྐུ།། འགྱུར་གདན། རྒྱན་དང་བཆས་ཤིང་ཡིད་དུ་འོང་།། རིན་ཆེན་དར་བས་ཀླུབས་པ་འདི་བཞེས་ཆེས།། བསྟོད་ར་གཆིག་དང་བཆས་སུ་པུལ་བ་དང་།། མཐའ་ཞུས། རྒྱན་དང་ཆས་ཤིང་ཤིན་ཏུ་ཡྀད་དུ་འོང་།། རྀན་ཅེན་དར་བས་ཀླུབས་པ་འདི་བཞེས་ཤིག། ཅེས་བསྟོད་ཚིག་དང་བཆས་པར་པུལ་བ་དང་།། ཞེས་པ་ལྟ་བུའོ།། ང་ཚོས་ཚིགས་བཅད་འདི་ལྟ་བུ་གཅིག་པ་ལས་སྔོན་བྱོན་ལོ་པཎ་རྣམས་ཀྱིས་འགྱུར་གྱི་ཐད་ཇི་ལྟར་ནན་ཏན་དང་བཞི་ཚགས་གནང་གི་ཡོད་པ་རྟོགས་ཐུབ་ལ། གོང་དུ་དྲངས་པའི་སྙན་རྩོམ་ནི་བོད་ཀྱི་སྙན་ངག་གི་འགྱུར་ལས་ཆེས་ཕུལ་དུ་བྱུང་བའི་འགྱུར་རྩོམ་གྱི་གྲས་ཤིག་ཡིན། དངོས་དཔེ་གཉིས་པ། ﹙༡﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》དེབ་གསུམ་པ། ཤོག་ངོས་༣༩༨ལས། ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང་།། ཁུར་ལ་མི་བརྩི་ས་ཡི་འཇིག་རྟེན་འདེགས་པ་གང་ཡིན་ཏེ།། རང་དོན་འགལ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ།། དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ།། ﹙༢﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གསུམ་པ། ཤོག་ངོས་༣༩༩ལས། གང་ཞིག་སྣང་བར་བྱེད་ཅིང་འཁོར་བ་ཉི་མ་དལ་མེད་མགྱོགས་འགྲོ་ཅན།། རྟག་ཏུ་འཇིག་རྟེན་འདེགས་ལ་གང་གིས་ཁུར་དུ་མི་བརྩེ་དབྱིག་ལྡན་མ།། དེ་ནི་རང་དོན་འགའ་ཞིག་མིན་གྱི་འདི་ཙམ་ཆེན་པོ་རྣམས་ཀྱི་གཤིས།། གང་གིས་འཇིག་རྟེན་ཕན་བདེའི་རོ་ནི་མཐའ་གཅིག་མྱོང་བ་དེ་དག་ཡིན།། ﹙༣﹚《པདྨ་བཀའ་ཐང་》ལས། རང་དོན་འགའ་མེད་ཆེན་པོའི་རྣམ་ཐར་ཏེ།། ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བར་བྱེད།། ཁུར་ལ་མི་རྩེགས་ས་ཡིས་འཇིག་རྟེན་འདེགས།། གོང་གསལ་གྱི་དངོས་དཔེ་﹙༡﹚ནི་《སློབ་སྤྲིངས་》ཀྱི་འགྱུར་ཡིན་པ་དང་། དངོས་དཔེ་﹙༢﹚ནི་དགེ་ཆོས་ཀྱི་འགྱུར་ཡིན། དེའི་ཐད་ཁོང་གིས་“དེས་ན་སློབ་སྤྲིངས་ཀྱང་སྔོན་གྱི་འགྱུར་དོན་ཐོབ་གཙོ་བོར་མཛད་པ་དེའི་རིགས་ཡིན་ལ། ཚིག་འདི་འདྲ་ལ་ཕྱིས་ཀྱི་སྲོལ་བཞིན་འབྲུ་དོན་རེ་རེ་ནས་བསྒྱུར་ཏེ་གོ་རིམ་ཅུང་བསྣོལ་ཡང་གོ་ཐུབ་ཙམ་ཞིག་འོང་མཆི་སྟེ”ཞེས་གོ་ཐོབ་གཙོ་བོ་བྱེད་པའི་སྔ་འགྱུར་ལ་བསྔགས་བརྗོད་བྱེད་ཆེད་གོང་འོག་བསྣོལ་ནས་ཚིག་ཟིན་དུ་བསྒྱུར་ཏེ་མ་ཡིག་དང་ཡིག་འབྲུ་གཅིག་ལ་གཅིག་གཏུགས་བྱས་པར་“འདི་ལྟར་བྱས་ཚེ་འབྲུ་རེ་རེ་སྦྱོར་ཐུབ་ཅིང་།། སྙན་དངགས་བཟང་དུ་སོང་བ་འདྲ་བ་ཞིག་བྱུང་ཡང་། དོན་ལ་གོ་དཀའ་རུ་བཏང་བ་ལགས་”ཞེས་ཡིག་སྒྱུར་བྱེད་སྐབས་གཙོ་བོ་གོ་བདེ་བ་གཙིགས་སུ་འཛིན་དགོས་པའི་གཞེན་བསྐུལ་གནང་ཡོད། དངོས་དཔེ་﹙༣﹚ནི་《པདྨ་བཀའ་ཐང་》ལས་བྱུང་ཞིང་འགྱུར་དེ་ནི་མདོ་དྲིལ་ལ་གོ་བདེ་བས་དགེ་ཆོས་ཀྱིས་“ཚིགས་བཅད་འདི་སྔར་ལས་ཀྱང་གོ་བདེ་”ཞེས་མངོན་པར་བསྟོད་རྗེས། མུ་མཐུད་དུ་“དེས་ན་རྙིང་མའི་མཁས་པ་འགའ་ཞིག་གི་གསུང་ལས། སྔོན་དུས་ཀྱི་སྤྲུལ་པའི་ལོ་ཆེན་དེ་ཀུན་རྩ་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས། ཚིག་འཇམ་ལ་དོན་གསལ། ཕྱིས་ཀྱི་ལོ་ཙཱ་བ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་བ་སྐད་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་ཞེས་བཤད་པ་ཡང་། རྣམ་པ་གཅིག་ཏུ་ན་ཐུགས་མད་པ་ཡིན་སྙམ་”ཞེས་འགྱུར་དཔྱད་མཛད་ཡོད། དངོས་དཔེ་གསུམ་པ། ﹙༡﹚《གུང་ཐང་གསུང་འབུམ་》﹙ཅ་པ།﹚﹙བསྟོད་པ་བརྒྱ་ལྔ་བཅུ་པ་﹚ཤོག་ངོས་༡༦༠ལས། ཁྱོད་ཀྱི་སློབ་མ་བཟང་པོའི་ཤིང་།། དགེ་བའི་མེ་ཏོག་གིས་བརྒྱན་པ།། དཔྱིད་ཀྱི་ཤིང་ནི་མེ་ཏོག་གིས།། བརྒྱན་པ་ལྟ་བུར་མཛེས་པ་ལགས།། ﹙༢﹚སློབ་མ་དགེ་བའི་མེ་ཏོག་གིས།། བཟང་པོའི་ཤིང་ཁྱོད་བརྒྱན་གྱུར་བ།། དཔྱིད་ཀྱི་ཤིང་ནི་མེ་ཏོག་གིས།། བརྒྱན་པ་ལྟ་བུར་མཛེས་གྱུར་བ།། གོང་གསལ་དངོས་དཔེ་ཚིགས་བཅད་དེ་གཉིས་ནི་གཅིག་ལས་གཅིག་ལྷག་གིས་རྣ་བར་སྙན་པ་ཞིག་ཡོད་ཀྱང་། གུང་ཐང་རིན་པོ་ཆེས་ཚིགས་བཅད་སྔ་མ་ནི་“ཚིག་རིས་ལྟར་བྱས་ན་སློབ་མ་དེ་ཉིད་ཡོན་ཏན་གྱི་རྒྱན་གྱིས་མཛེས་པའི་དོན་ལྟ་བུར་འགྲོ་ཡང་། འདི་ནི་སློབ་མ་བླ་མའི་རྒྱན་དུ་སོང་ནས་ཆེ་བ་འདོན་ཚུལ་ཡིན་པས།”ཚིགས་བཅད་ཕྱི་མ་ལྟར་“བྱས་ན་ཤིང་ལས་སྐྱེས་པའི་མེ་ཏོག་གིས་ཤིང་བརྒྱན་པ་བཞིན་བླ་མའི་གསུང་ལས་སྐྱེས་པའི་སློབ་མས་བླ་མ་བརྒྱན་པའི་དཔེ་དོན་གཉིས་ཤིན་ཏུ་འབྲེལ་ལོ།།”ཞེས་ཕྱི་མ་དེ་གོ་ཐོབ་ལྟར་ན་སྔ་མ་ལས་ཚིག་དོན་གཉིས་ཀྱི་ཆ་ནས་བཟང་བར་བསྟན་ཡོད། དངོས་དཔེ་བཞི་པ། ﹙༡﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གསུམ་པ། ཤོག་ངོས་༣༩༦《སློབ་སྤྲིངས་》ཤོག་ངོས་༢༠༣ལས། ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང་།། སྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པ།། རི་རྩེའི་ནགས་ཀྱི་མཐོང་དེར་ཆགས་པ་མེད་པར་ནི།། རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཏུགས་སྐལ་པ་ཆེ།། ﹙༢﹚《སློབ་སྤྲིངས་རྣམ་བཤད་སྙིང་གི་ཐུར་མ་》ཤོག་ངོས་༢༠༣ལས། ཉེ་འཁོར་དུ་རི་བོང་ཅན་གྱི་དཀྱིལ་འཁོར་རྒྱགས་པས་བརྒྱན་པ། ཆུ་ཡིས་ལྕི་བའི་ཆུ་སྟེར་གྱི་སྐེ་ཆིངས་ངལ་བསོ་བ། འདུ་འཛི་བྲལ་བའི་རི་བོའི་རྭ་སྟེང་། ནགས་ཀྱི་མཐོངས་ན། རླུང་གི་གཡོ་བའི་ངང་ཚུལ་ཅན་གྱི་ཚེ་འཁྲིད་པ་ནི་ཕྱུག་པོའོ།། དངོས་དཔེ་ཕྱི་མ་ནི་དགེ་ཆོས་ཀྱིས་འགྱུར་རྙིང་ཚིགས་བཅད་ཅུང་གོ་དཀའ་བར་མཐོང་ནས་ཚིག་ལྷུག་ཏུ་འགྱུར་བ་གོ་ཇེ་བདེར་སོང་ཞིང་སྔུན་འགྱུར་ལ་སྐྱོན་བརྒྱབ་མེད་དོ། དངོས་དཔེ་ལྔ་པ། ﹙༡﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གསུམ་པ། ཤོག་ངོས་༤༢༡ལས། བདེ་བའི་རྒྱུ་ནི་རེས་འགའ་ཞིག། སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་།། སྡུག་བསྔལ་མེད་པར་ངེས་འབྱུང་མེད།། དེ་བས་སེམས་ཁྱོད་བརྟན་པར་བྱོས།། ﹙༢﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གསུམ་པ། ཤོག་ངོས་༤༢༡ལས། བདེ་བ་ཅི་ཞིག་ལྟར་རེ་འཐོབ།། སྡུག་བསྔལ་འབད་པ་མེད་པར་གནས།། སྡུག་བསྔལ་ཉིད་གྱིས་ངེས་འབྱུང་ཉིད།། དེས་ན་སེམས་ནི་བརྟན་པར་གྱིས།། དངོས་དཔེ་འདི་གཉིས་ལས་འགྱུར་སྔ་མ་ཤིན་ཏུ་གོ་བདེ་ནའང་མ་ཡིག་དང་ཧེ་བག་ཅུང་ཆེ་བས་དགེ་ཆོས་ཀྱིས་མ་ཡིག་གི་རང་ཞལ་གཅེར་མཐོང་བྱེད་ཆེད་ཐད་བསྒྱུར་གྱི་ཚུལ་དུ་རང་ཅག་ལ་དཔྱད་གཞི་རྩ་ཆེན་པོ་ཞིག་ཕུལ་ཡོད་དོ། སྐད་སྒྱུར་བྱེད་སྐབས་གོ་བདེ་གཙོར་འཛིན་གྱིས་དོན་སྒྱུར་བྱེད་ཆོག་ཀྱང་ཧ་ཅང་ཐལ་ན་མ་ཡིག་གི་དྲི་མ་དེ་འགྱུར་ཡིག་ནང་མྱོང་མི་ཐུབ་པས་སྐྱོན་དུ་འགྱུར་རོ། དཔེར་ན་དངོས་དཔེ་གོང་མ་ལས་“སྡུག་བསྔལ་འབད་པ་མེད་པར་གནས་”ཞེས་པའི་རྒྱ་གར་གྱི་བྲོ་བ་དེ་ཚོར་མི་ཐུབ་པར་དེའི་ཚབ་ཏུ་རང་ཅག་གི་བན་རྒན་དག་གི་ངག་ལ་ཟློ་བཞིན་པའི་“སྡུག་བསྔལ་རྒྱུ་ནི་ཤིན་ཏུ་མང་”ཞེས་པའི་ཚིག་ཟད་པོ་ཞིག་བསྐྱར་ལྡན་བྱེད་དགོས་པ་བཞིན་ནོ། དངོས་དཔེ་དྲུག་པ། ﹙༡﹚《ཚངས་སྲས་བཞད་པའི་སྒྲ་དབྱངས་》ཤོག་ངོས་༣༥༠ལས། བདུད་རྩིའི་བདག་གཉིད་པད་མ་ལ།། སྡང་ཞིང་སྣུམ་པའི་སྐར་འབྲས་ཅན།། ཁྱོད་གདོང་ཟླ་བ་འདི་ཡོད་བཞིན།། ཟླ་བ་གཞན་གྱིས་ཅིག་ཞིག་བྱ།། ﹙༢﹚《ས་པཎ་གསུང་འབུམ་》དང་པོ། ཤོག་ངོས་༤༢༤ལས། བདུད་རྩིའི་བདག་ཉིད་པདྨོ་རྣམས།། སྡང་སྐྱེ་སྣུམ་པའི་དཀར་འབྲས་ཅན།། ཁྱོད་གདོང་ཟླ་བ་ཡོད་བཞིན་དུ།། གཞན་གྱི་ཟླ་བས་ཅི་ཞིག་བྱ།། ﹙༣﹚《ཚངས་སྲས་བཞད་པའི་སྒྲ་དབྱངས་》ཤོག་ངོས་༣༥༠ལས། བདུད་རྩིའི་བདག་ཉིད་པད་མ་ལ།། སྡང་ཞིང་སྣུམ་པའི་ཏཱ་ར་ཀཱ། ཁྱོད་གདོང་ཟླ་བ་འདི་ཡོད་བཞིན།། ཟླ་བ་གཞན་གྱིས་ཅི་ཞིག་བྱ།།
གོང་གསལ་དངོས་དཔེ་དེ་གསུམ་ལས་སྔོན་མ་གཉིས་སྟེས་དབང་ཉིས་འགྱུར་ཡིན་དགོས་ཀྱང་གཉིས་ཀས་མ་གྲོས་གཅིག་མཐུན་དུ་“སྐར་འབྲས”སུ་བསྒྱུར་བ་དང་། བོད་ཡིག་ཏུ་དོན་འགྱུར་བྱས་པའི་“དཀར་འབྲས་”ཞེས་པའི་ཐ་སྙད་དེ་རྒྱུ་སྐར་གྱི་མངོན་བརྗོད་ལའང་འཇུག་པས་དེ་དང་ནོར་ཉེན་ཆེ་སྙམ་ནས་ཕྱིས་འགྱུར་གྱིས་“ཏཱ་ར་ཀཱ་”ཞེས་ཁ་གསབ་ཏུ་སྒྲ་འགྱུར་བྱས་ཡོད། དངོས་དཔེ་བདུན་པ། ﹙༡﹚《ས་པཎ་གསུང་འབུམ་》དེབ་དང་པོ། ཤོག་ངོས་༤༡༧ལས། འཕྲོག་བྱེད་རྐང་རྩེ་ལ་རེག་པའི།། ཛཧྣུའི་བུ་མོའི་ཆུ་ཡི་དར།། ལྷ་མིན་ལས་རྒྱལ་ཐེ་ཚོམ་མེད།། ལྷ་དགའི་དགའ་སྟོན་རྒྱལ་ཉན།། ﹙༢﹚《ཚངས་སྲས་བཞད་པའི་སྒྲ་དབྱངས་》ཤོག་ངོས་༢༣༧ལས། འཕྲོག་བྱེད་རྐང་པ་ཛཧྣུའི།། བུ་མོའི་ཆུ་གོས་རྩེ་ལ་བཏགས།། ལྷ་མིན་དོགས་མེད་ལྷ་དགའ་བའི།། དགའ་སྟོན་རྒྱལ་མཚན་རྒྱལ་གྱུར་ཅིག། ﹙༣﹚《ཚངས་སྲས་བཞད་པའི་སྒྲ་དབྱངས་》ཤོག་ངོས་༢༣༧ལས། ཛཧྣུའི་བུ་མོ་ཆུ་གོས་ནི།། འཕྲོག་བྱེད་རྐང་པའི་རྩེར་ལྡན་པ།། ལྷ་མིན་དོགས་མེད་ལྷ་དགའ་བའི།། དགའ་སྟོན་རྒྱལ་མཚན་རྒྱལ་གྱུར་ཅིག། དངོས་དཔེ་འདི་གསུམ་པོ་ལས་དང་པོ་དང་གཉིས་པ་ནི་སྟེས་དབང་ཉིས་འགྱུར་དང་། གསུམ་པ་ནི་གཉིས་པ་ཁ་ཇེ་གསལ་དུ་གཏོང་ཆེད་ཐོན་པའི་གསབ་བཅོས་ཉིས་འགྱུར་ཡིན། དངོས་དཔེ་བརྒྱད་པ། ﹙༡﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གཉིས་པ། ཤོག་ངོས་༤༣༤ལས། ཕྲག་པའི་ཡུལ་དུ་ཕྲ་མོའི་མདུད་པ་བཅས།། ནུ་མའི་འབུར་གྱིས་མཐོ་བའི་ཤིང་ཤུན་འདིས།། ལོ་མ་སེར་སྐྱས་གཡོགས་པའི་མེ་ཏོག་བཞིན།། གཞོན་ལུས་འདི་ལ་ལང་ཚོ་སྤེལ་མ་བྱས།། ﹙ཚིག་ལྷུག﹚རྣམ་པ་གཅིག་ཏུ་ན་ཤིང་ཤུན་འདི་འདིའི་ཚེ་དང་མི་མཐུན་དུ་ཆུག་ཀྱང་ཅིའི་ཕྱིར་འདི་ལ་རྒྱན་གྱི་བྱ་བ་དག་ཀྱང་མ་བྱས། འདམ་བུའི་ཚལ་ན་མཚོ་སྐྱེས་མཛེས་པ་སྟེ།། ར་རིས་བརྒྱན་པའི་ཟླ་བ་ཡིད་འོང་ཉིད།། ཤིང་ཤུན་གྱོན་ཡང་ཕྲ་ལ་ལྡེམ་པའི་ལུས།། མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གང་།། ﹙༢﹚《དོན་གྲུབ་རྒྱལ་གྱི་གསུང་འབུམ་》པོད་བཞི་པ། ཤོག་ངོས་༡༣ལས། ཞིབ་ཅིང་ཚགས་པའི་སྒྲོག་གུ་ཕྲག་པར་བསྟར།། ཤིང་ཤུན་གོས་ཀྱིས་བྲང་གི་མྱོས་བུམ་བསྒྲིབས།། ལོ་མ་སེར་པོས་མེ་ཏོག་འགེབས་པ་བཞིན།། སྐེད་མེད་མ་འདིས་ལང་ཚོའི་མཛེས་པ་བསྒྲིབས།། ཤིང་ཤུན་གོས་འདི་ཁོ་མོའི་ལང་ཚོ་ཡི།། མཛེས་པའི་དོ་ཟླར་ནམ་ཡང་མི་རུང་མོད།། སྒེག་གཟུགས་ལུས་ཕྲའི་རྒྱན་གྱི་བྱེ་བྲག་གི། རྣམ་པ་ཙམ་དུ་གཞར་ཡང་མཛེས་པ་ཉིད།། འདམ་བུའི་ཚལ་ན་ཆུ་སྐྱེས་མཛེས་པ་སྟེ།། ར་རིས་ལྡན་ཡང་ཟླ་བ་ཡིད་འོང་ཉིད།། ཤིན་ཤུན་གྱོན་ཡང་ཕྲ་ལ་སྡེམ་པའི་གཟུགས།། མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གང་།། འགྱུར་འདི་གཉིས་ཀྱི་རྩ་བའི་འགྱུར་ཁུངས་ལེགས་སྦྱར་གྱི་སྐད་ཡིན་རུང་། འགྱུར་རྗེས་མ་ནི་ཡང་འགྱུར་ཏེ་ལེགས་སྦྱར་གྱི་སྐད་རྒྱ་ཡིག་ཏུ་བསྒྱུར་བ་ལས་སླར་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་སྟབས་འགྱུར་ཁྱད་ཀྱང་མང་པོ་འབྱུང་སྲིད་པ་ཀུན་གྱིས་ཤེས་གསལ་རེད། འོན་ཀྱང་རྒྱ་ཡིག་ནས་བསྒྱུར་བའི་འགྱུར་གསར་འདིས་སྔོན་གྱི་འགྱུར་རྙིང་ལ་ཟུར་ལྟ་བྱས་ཡོད་པ་སྟེ། དཔེར་ན་འགྱུར་རྙིང་ནང་གི་“འདམ་བུའི་ཚལ་ན་ཆུ་སྐྱེས་﹙མཚོ་སྐྱེས﹚མཛེས་པ་སྟེ།། ར་རིས་ལྡན་ཡང་﹙བརྒྱན་པའི་﹚ཟླ་བ་ཡིད་འོང་ཉིད།། ཤིང་ཤུན་གྱོན་ཡང་ཕྲ་ལ་ལྡེམ་པའི་གཟུགས། ﹙ལུས་﹚མཛེས་སྡུག་ཅན་ལ་རྒྱན་དུ་མི་འགྱུར་གང་།། ཞེས་ཚིགས་བཅད་དེར་འགྱུར་བཅོས་དང་འགྱུར་དཔྱད་ཀྱིས་ལེགས་ཉེས་ཀྱི་བརྗོད་གླེང་གང་ཡང་མ་བྱས་པར་རང་གི་འགྱུར་གསེབ་ཏུ་བཅུག་ཡོད་པས་འདི་ཉིད་གསབ་འགྱུར་གྱི་ཁོངས་སུ་འཇོག་འོས། འགྱུར་རྐང་གཤིབ་བསྡུར་བྱས་ན་ཚིག་སྦྱོར་ལ་མི་འདྲ་ས་མང་དུ་ཡོད་ཀྱང་ནང་དོན་ཐད་གཞི་གཅིག་ཏུ་འབབ་པ་དཔེར་ན། “ཕྲག་པའི་ཡུལ་དུ་ཕྲ་མོའི་མདུད་པ་བཅས།།﹙ཞིབ་ཅིང་ཚགས་པའི་སྒྲོག་གུ་ཕྲག་པར་བསྟར།།﹚ནུ་མའི་འབུར་གྱིས་མཐོ་བའི་ཤིང་ཤུན་འདིས།།﹙ཤིང་ཤུན་གོས་ཀྱིས་བྲང་གི་མྱོས་བུམ་བསྒྲིབས།﹚ལོ་མ་སེར་སྐྱས་གཡོགས་པའི་མེ་ཏོག་བཞིན།།﹙ལོ་མ་སེར་པོས་མེ་ཏོག་འགེབས་པ་བཞིན།།﹚གཞོན་ལུས་འདི་ལ་ལང་ཚོ་སྤེལ་མ་བྱས།།﹙སྐེད་མེད་མ་འདིས་ལང་ཚོའི་མཛེས་པ་བསྒྲིབས།།﹚”ཞེས་པ་ལྟ་བུའོ། དངོས་དཔེ་དགུ་པ། ﹙༡﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་གཉིས་པ། ཤོག་ངོས་༤༣༦ལས། གང་དང་གང་དུ་བུང་བ་ལྡིང་འཁོར་བ།། དེ་དང་དེ་རུ་རྣམ་པར་གཡོ་བའི་མིག། དེ་རིང་གློ་བུར་འཇིགས་པའི་བྲེད་ཤ་འདིས།། མི་འདོད་མཛེས་མའི་རྣམ་འགྱུར་ཁྱོད་ལ་བརླབ།།……རྣམ་པར་འཕྲུལ་པའི་བལྟ་བ་དང་བཅས་བསྐྱོད་ཅིང་བསྐྱོད་པའི་ལུས་ཅན་ལུས་ལ་རེག་བྱེད་ཅིང་།། ཉེ་བར་འཁོར་ནས་རྣ་བའི་དྲུང་དུ་གསང་བའི་གཏམ་བཞིན་འཇམ་པའི་དབྱངས་དག་བླངས་བྱས་ཏེ།། ཀུན་ནས་མྱོས་བྱེད་དམར་བའི་མཆུ་སྒྲོས་མ་ལུས་ཆང་གི་ཉིང་ཁུ་ལ་ནི་འཐུང་བྱེད་པ། ཀྭ་ཡེ་རེ་འབྲས་རྫོགས་པའི་བུང་བ་དོན་དམ་བསམ་ན་ཁྱོད་ཀྱིས་ཁོ་བོ་བསད་པ་ཉིད།། ﹙༢﹚《དོན་གྲུབ་རྒྱལ་གྱི་གསུང་འབུམ་》པོད་བཞི་པ། ཤོག་ངོས་༡༨ལས། གང་དང་གང་དུ་བུང་བ་ལྡིང་འཁོར་བ།། དེ་དང་དེ་རུ་རྣམ་པར་གཡོ་བའི་མིག། དེ་རིང་གློ་བུར་འཇིགས་པའི་བྲེད་ཤ་འདིས།། མི་འདོད་མཛེས་མའི་རྣམ་འགྱུར་ཁྱོད་ལ་བརླབ།། བུང་བ་ཁྱོད་ཀྱི་ཕྲག་དོག་ཀུན་སློང་གིས།། མཛེས་མའི་གདོང་གི་དཀྱུས་རིང་སྨིན་མའི་འོག། རྣམ་པར་གཡོ་བའི་མིག་གི་ཟེའུ་འབྲུ་ལ།། གཤོག་པའི་རྩེ་མོས་རེག་དོན་ཅི་ལ་ཡོད།། ཁོ་མོའི་ཐོས་འཛིན་ལམ་གྱི་ཁང་བཟང་དུ།། བུང་བ་ཁྱོད་ནི་བདེ་བར་ཉལ་བྱས་ཏེ།། མི་འདོད་ཆགས་པའི་གཏམ་གྱི་གླུ་སྙན་དག། ཡང་ཡང་ལེན་པའི་གསང་དབང་སུ་ཡིས་གནང་།། དེས་ནི་མི་འདོད་ལག་པའི་རྔ་ཡབ་ཀྱིས།། ཁྱོད་ཀྱི་ངག་གི་ཉེས་རྡུལ་སྤྲུགས་བྱས་ཀྱང་། ཁྱོད་ནི་མི་བཟད་དུག་ཆུས་མྱོས་པ་ལྟར།། མཆུ་སྒྲོས་སྦྲང་རྩི་བཏུང་འདི་ཞེ་རེ་ནོངས།། བདག་ནི་མཛེས་མའི་ལྗོན་དབང་རིགས་རུས་ཀྱི།། རྩ་བ་གར་ཟུག་འཚོལ་ལ་ངལ་བའི་ཚེ།། བུང་བ་ཁྱོད་ལ་འཛེམ་བག་ཡེ་མེད་པར།། དགའ་བའི་དགའ་སྟོན་མྱོང་འདི་རིགས་སམ་གྱི།། གོང་གི་དངོས་དཔེ་རྗེས་མའི་ནང་དུ་དངོས་དཔེ་སྔོན་མའི་“གང་དང་གང་དུ་བུང་བ་ལྡིང་འཁོར་བ།། དེ་དང་དེ་རུ་རྣམ་པར་གཡོ་བའི་མིག། དེ་རིང་གློ་བུར་འཇིགས་པའི་བྲེད་ཤ་འདིས།། མི་འདོད་མཛེས་མའི་རྣམ་འགྱུར་ཁྱོད་ལ་བརླབ།།”ཅེས་པའི་རྐང་པ་བཞི་པོ་ཐད་ཀར་སྤྱད་ཡོད་པས་འགྱུར་སྔ་མར་འགྱུར་དཔྱད་སོགས་གང་ཡང་བྱས་མེད་པར་དེའི་ལེགས་ཆ་བླངས་ཡོད་པས་དེ་ཡང་གསབ་བཅོས་ཉིས་འགྱུར་གྱི་ཁོངས་སུ་འཇོག་འོས།། དངོས་དཔེ་བཅུ་པ། ﹙༡﹚《ཡན་ལག་བརྒྱད་པའི་ཉིང་པོ་བསྡུས་པ་》ཤོག་ངོས་༣༢༤ལས། ཆང་ནི་རྣོ་སྩོགས་ཡོན་ཏན་གྱི།། མདངས་ཀྱི་ཡོན་ཏན་རྟུལ་ལ་སྩོགས།། བཅུ་པོ་བཅུ་ཡིས་འཁྲུགས་བྱས་ནས།། སེམས་ནི་སྒྱུར་བར་བྱེད་པ་ཡིན།། ར་རོ་དང་པོ་གཉིས་པ་ནི།། བག་མེད་པ་ཡི་གནས་ལ་གནས།། རྣམ་རྟོག་ངན་བཅོམ་རྨོངས་པ་རྣམས།། བདེ་བ་ཡིན་སྙམས་སེམས་པར་འགྱུར།། འབྲིང་དང་ཆེན་པོ་བར་གྱི་ཚེ།། རྡུལ་དང་མིན་པའི་རང་བཞིན་ཅན།། གླང་ཆེན་ལྕགས་ཀྱི་མེད་པར་ལྟར། རྨོངས་པས་མི་བྱ་ཅི་ཡང་མེད།། འདི་ནི་ཁ་ན་མ་ཐོའི་གནས།། འདི་ནི་ཚུལ་ཁྲིམས་འཆལ་པའི་གཞི།། འདི་ནི་ཁ་ན་མ་ཐོའི་གནས།། འདི་ནི་ཚུལ་ཁྲིམས་འཆལ་པའི་གཞི།། འདི་གཅིག་ངན་འགྲོར་འགྲོ་བའི་ལམ།། མང་པོ་སྟོན་པར་བྱེད་པ་ཡིན།། ར་རོ་གསུམ་པའི་ཚེ་ན་ནི།། སེམས་མེད་པར་ནི་རོ་ལྟར་ཉལ།། ཉེས་པའི་བདག་ཉིད་ཤི་བ་ལས།། ཤིན་ཏུ་མ་རུངས་གནས་སྐབས་འཐོབ།། ཆོས་དང་ཆོས་མིན་བདེ་དང་སྡུག། དོན་དང་དོན་མིན་ཕན་དང་གནོད།། གང་ལ་ཆགས་པ་མི་ཤེས་པ།། དེ་ལ་མཁས་པས་ཇི་ལྟར་བསྟེན།། ﹙༢﹚《བཤད་རྒྱུད་》དུ་ར་རོ་གསུམ་གྱི་ངང་ཚུལ་བརྗོད་སྐབས། ར་རོ་དང་པོ་བག་མེད་གནས་ལ་གནས།། རྣམ་རྟོག་ངན་བཅོམ་བདེ་བ་ཡིན་སྙམ་སེམས།། ར་རོ་གཉིས་པ་གླང་ཆེན་སྨྱོན་པ་བཞིན།། ཁ་ན་མ་ཐོ་ཚུལ་ཁྲིམས་འཆལ་བའི་གནས།། ར་རོ་ཐ་མ་སེམས་མེད་རོ་ལྟར་ཉལ།། གང་ཡང་མི་ཤེས་མཐུན་པའི་གནས་སུ་འགྱུར།། དེ་ལྟར་དངོས་དཔེ་གོང་མ་རུ་ར་རོ་དང་པོ་ལ་རྐང་པ་བཞི་དང་། ར་རོ་གཉིས་པར་རྐང་པ་བརྒྱད། ར་རོ་གསུམ་པར་རྐང་པ་བརྒྱད་ཀྱི་སྒོ་ནས་སྐབས་དོན་རྫོགས་པར་བྱས་ཤིང་ཚིག་སྦྱོར་ཐད་“འབྲིང་དང་ཆེན་པོ་བར་གྱི་ཚེ།། རྡུལ་དང་མིན་པའི་རང་བཞིན་ཅན།། གླང་ཆེན་ལྕགས་ཀྱུ་མེད་པ་ལྟར།། རྨོངས་པས་མི་བྱ་ཅི་ཡང་མེད།།……མང་པོ་སྟོན་པར་བྱེད་པ་ཡིན།།”ཞེས་དང་“ར་རོ་གསུམ་པའི་ཚེ་ན་ནི།། སེམས་མེད་པར་ནི་རོ་ལྟར་ཉལ།། ཉེས་པའི་བདག་ཉིད་ཤི་བ་ལས།། ཤིན་ཏུ་མ་རུངས་གནས་སྐབས་འཐོབ།།”ཅེས་ཐོན་ཡོད་པས་ར་རོ་དང་པོ་དང་གཉིས་པའི་དབྱེ་མཚམས་གསལ་པོ་བྱུང་ཐུབ་མེད། དེ་ལས་ལྡོག་སྟེ། ཕྱིས་འགྱུར་དངོས་དཔེ་རྗེས་མས་དོན་འགྱུར་གཙོ་བོར་བྱས་ཏེ་སྣོན་འཕྲི་བྱེད་པའི་ཐབས་ཤེས་སྤྱད་ནས་ཟོར་ཡང་ཚགས་དམ་དུ་བསྒྱུར་འབྲི་བྱས་ཏེ་ཨ་རག་འཐུང་རྗེས་བྱུང་བའི་སྣང་ཚུལ་གསུམ་པོ་གསོན་ཉམས་ལྡན་ལ་ཆ་ཚང་བར་ངོ་སྤྲོད་བྱས་ཡོད་སྟབས་དེ་ནི་གསབ་བཅོས་ཉིས་འགྱུར་ཀྱི་དངོས་དཔེ་ཡང་རྩེར་སོན་པ་ཞིག་ཡིན་ནོ། དེ་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་《དག་ཡིག་མཁས་པའི་འབྱུང་གནས་》ནང་“ཡང་འགའ་ཞིག་བོད་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་ཧོར་ཡིག་ཚིག་ལྷག་ཧ་ཅང་མང་བས་དོན་གྱི་ཆ་བསྒྲིབས་པ་ལྟ་བུ་ཡང་མང་དུ་ཡོད་པས། དེ་ལ་ནི་དོན་ལ་མི་གནོད་པར་བྱས་ཏེ་ཚིག་ལྷག་རྣམས་དོར་བས་ཆོག་ལ། སྐབས་འགའ་ཞིག་ཏུ་ཚིག་ཟུར་ཅུང་ཟད་རེ་མ་བསྣན་ན་དོན་གྱི་ནུས་པ་མི་རྫོགས་པ་ལྟ་བུ་ཡང་ཡོད་པས། དེ་ལ་ནི་དོན་གསལ་བ་ལ་ཕན་ཞིང་ཚིག་རོར་མ་སོང་བའི་སྐད་ཟུར་བསྣན་ནས་བསྒྱུར་བར་བྱའོ།”ཞེས་བསྟན་པ་བཞིན་དངོས་དཔེ་གོང་མ་ལྟར་ལེགས་སྦྱར་གྱི་སྐད་ཇི་ལྟ་བ་བཞིན་བསྒྱུར་ན་བོད་ཡིག་ཏུ་ཚིག་ལྷག་ཧ་ཅང་མང་དུ་འགྲོ་བས་དོན་གྱི་སྙིང་པོ་ལོ་མས་བསྒྲིབས་ནས་ཚིག་དོན་གོ་བ་ལེན་རྒྱུར་གནོད་པར་འགྱུར་བ་ལྟ་བུའོ།
གསུམ་པ། མཇུག་བསྡུ་བ།
དེ་ལྟར་གོང་དུ་དྲངས་པའི་《ཏུན་ཧོང་ར་མ་ན་》ལྟ་བུའི་རྩོམ་གདན་གྱི་ཚིགས་བཅད་གཅིག་པུ་དེ་ལ་འགྱུར་ཞུས་ཀྱི་ལྷན་པ་ལྔ་ཙམ་བཏབ་རྗེས་བཏབ་རྗེས་གཞི་ནས་ལང་ཚོའི་ཁོ་ལག་རྫོགས་ཏེ་བོད་ཀྱི་སྙན་ངག་འགྱུར་རྩོམ་གྱི་འཛུམ་ཞལ་ཅིག་ཅར་དུ་གྲོལ་ཏེ་སྐལ་བཟང་བྱེ་བའི་ཡིད་ཀྱི་རེ་བ་ཡོངས་སུ་བསྐང་། གལ་ཏེ་ཕྱིས་བཅོས་ཀྱི་ལྷན་པ་ལྔ་པོ་འདི་ཞིབ་མོ་བློ་ཡིས་ཡང་ཡང་དཔྱད་ནས་བཏབ་མེད་པ་ཡིན་ན་སྙན་ངག་གི་སྡུག་གུ་མ་འདིའི་ཟླ་ཞལ་ལ་ནག་ནོག་གི་དྲི་མ་ཧྲལ་ཧྲིལ་ཞིག་འགོས་ཏེ་ཀློག་པ་པོའི་བློ་ངོར་ཕངས་འགྱོད་ཀྱི་སྐུད་པ་བྲེང་བྲེང་ཞིག་ཆད་མེད་བྲན་ཡོང། ཡང་དཔེར་ན། “ཉི་མ་རླབས་ཆེན་”ཞེས་པའི་སྙན་ངག་སྡུག་གུ་མ་དེ་ནི་གཞི་གཅིག་ནས་སྤྲུལ་བའི་བུ་མོ་གསུམ་དང་འདྲ་བར་རང་རང་གི་མཆོར་སྒེག་གཡེར་གསུམ་གྱིས་ཡིད་ཀྱི་དད་སྐོམ་གསོད་པར་བྱེད་པས་རང་ཅག་ལ་རིག་པའི་ལོངས་སྤྱོད་ཀྱི་གདམ་གའི་བགོ་སྐལ་སྤོམ་ཆེ་ཞིག་ཐོབ་པར་བྱས་ཡོད། མདོར་ན་གསབ་བཅོས་ཉིས་འགྱུར་ནི་གངས་རིའི་མགུལ་དུ་བཞད་པའི་གངས་ལྷ་མེ་ཏོག་མཚེ་མ་དང་འདྲ་བས་གོང་གི་དངོས་དཔེ་ལས་“སློབ་མ་དགེ་བའི་མེ་ཏོག་གིས།། བཟང་པོའི་ཤིང་ཁྱོད་བརྒྱན་གྱུར་བ།། དཔྱིད་ཀྱི་ཤིང་ནི་མེ་ཏོག་གིས།། བརྒྱན་པ་ལྟ་བུར་མཛེས་གྱུར་བ།།”ཞེས་པ་ལྟར་རང་ཅག་རྗེས་རབས་པ་ཚོས་སྔོན་གྱི་མེས་པོ་བཟང་པོའི་དཔག་བསམ་ཤིང་གི་ལྗོན་པ་སྣུམ་པོ་དེ་དག་བརྒྱན་ནས་མཛེས་པར་བྱེད་ཆེད། ཐོག་མར་ཁོང་རྣམ་པའི་འཁོར་མཐའ་མ་མཆིས་པའི་བཀའ་དྲིན་དེ་ཡང་ཡང་ཡིད་ལ་དྲན་པར་བྱ་ཞིང་ཁོང་རྣམ་པའི་མཛད་རྗེས་འདི་ཡང་ཡང་སྨོན་མཇལ་བྱེད་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེ་བས། ཁོ་བོས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་གོང་དུ་ཚིགས་བཅད་སྐོར་གྱི་དངོས་དཔེ་རྩ་ཆེན་འགའ་ཞིག་དྲངས་ནས་ལོ་ཙཱ་བ་སོ་སོའི་ཐུན་མོང་མ་ཡིན་པའི་འགྱུར་རྩལ་དང་སྲེག་བཅད་བརྡར་གསུམ་བརྒྱུད་པའི་འགྱུར་ཡིག་སོ་སོའི་ཡིད་དུ་འོང་བའི་སྒེག་ཉམས་མིག་གི་བདུད་རྩིར་བཤམས་པ་ཡིན། དེ་ཡང་མཁས་མཆོག་ལྕང་སྐྱ་རོལ་པའི་རྡོ་རྗེས་《དག་ཡིག་མཁས་པའི་འབྱུང་གནས་》ལས། “བསྒྱུར་བྱེད་ལོ་ཙཱ་རྣམས་ཀྱིས་ཀྱང་འདི་ཉིད་འཇིག་རྟེན་དུ་ཡུན་རིང་དུ་གནས་ན་ཅི་མ་རུང་སྙམ་པའི་བསམ་པས་ཐུབ་བསྟན་གཅེས་པར་འཛིན་པ་འབའ་ཞིག་ཡིད་ལ་བརྣགས་ཏེ། ཁེ་འདོད་དང་གྲགས་འདོད་ཕྱོགས་སུ་ལྷུང་བའི་ཡིད་སྤངས། གཟུ་བོའི་བློས་ཚིག་དང་དོན་གྱི་ཆ་ལ་ལེགས་པར་དཔྱད། རང་གིས་ཇི་ལྟ་བ་བཞིན་མ་ཤེས་པ་རྣམས་མཁས་པར་གྲགས་པ་མཆོག་དམན་སུ་ལ་ཡང་རུང་སྟེ་ལེགས་པར་དྲིས་ཤིང་ཐེ་ཚོམ་བཤད་ནས། ཚིག་གསལ་ཤིང་གོ་བདེ་བ་དོན་དང་མི་འགལ་བར་བྱས་ཏེ་ལེགས་པར་བསྒྱུར་ན། རང་གཞན་གྱི་རྒྱུད་ལ་ལེགས་ཚོགས་དུ་མ་སྤེལ་བར་ནུས་ཞིང་། རྒྱལ་བའི་བསྟན་པ་ལ་བྱ་བ་བྱས་པར་འགྱུར་བས་བསོད་ནམས་ཀྱི་ཕུང་པོ་གཞལ་དུ་མེད་པ་འཐོབ་པར་འགྱུར་གྱི།”ཞེས་གསུངས་པ་ལྟར་རང་ཅག་གི་མེས་པོ་བཀའ་དྲིན་ཅན་དག་ནི་དད་ཞེན་དཀར་པོས་བོད་ཀྱི་རིག་གནས་ལ་གཅེས་སྐྱོང་དང་། རྒྱུན་འཛིན། མ་ཉམས་གོང་སྤེལ་གཏོང་མཁན་ཤ་སྟག་ཡིན་པས་དེང་སང་འཇིག་རྟེན་ལ་ངོམ་ཆོག་པའི་བོད་རིག་པ་འདིའི་རྩ་བ་ཚུགས་ནས་ལོ་འདབ་རྒྱས་བཞིན་ཡོད་ན་ཕྱི་རབས་པ་ཚོས་དེ་དག་འཛིན་སྐྱོང་སྤེལ་གསུམ་གྱི་འགན་འཁྲི་ཕྲག་པར་ངེས་པར་དུ་འཁུར་དགོས།། |