〔ནང་དོན་གནད་བསྡུས།〕རྩོམ་ཡིག་འདིའི་ནང་བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་ཁྲི་རལ་བར་གྱི་སྤུ་རྒྱལ་བོད་ཀྱི་སཾ་བོད་ཡིག་སྒྱུར་བྱུང་འཕེལ་ལོ་རྒྱུས་དང་། བོད་རྒྱལ་ཁྲི་ལྡེ་སྲོང་བཙན་དུས་གཏན་ལ་ཕབ་པའི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་《སྒྲ་སྦྱོར་བམ་གཉིས་》ལས་གསུངས་པའི་ཡིག་སྒྱུར་གྱི་ཚད་གཞི་དང་ཐབས་རྩལ་སོགས་ཀྱི་སྐོར་དཔྱད་ཞིབ་བྱས་ཡོད། 〔བརྡ་ཆད་གཙོ་བོ།〕ཡིག་སྒྱུར་ལོ་རྒྱུས། ཡིག་སྒྱུར་གཞུང་ལུགས། སྒྲ་སྦྱོར་བམ་གཉིས། དེ་ཡང་ཡིག་སྒྱུར་ནི་སྐད་རིགས་གཅིག་གི་རྗོད་བྱེད་ཚིག་གིས་བསྟན་པའི་དོན་རྣམས་སྐད་རིགས་གཞན་ཞིག་གིས་མཚོན་པའམ་སྟོན་པའི་ཐབས་ལམ་ཞིག་ཡིན་པས། འདི་ནི་རིག་པའི་གནས་གལ་ཆེན་ཞིག་ཡིན་པ་སྨྲོས་མ་དགོས་ཤིང་། དེས་མིའི་རིགས་ཀྱི་སྔོན་ཐོན་ཤེས་རིག་ཕན་ཚུན་སྤེལ་རེས་དང་། མི་རིགས་ཕན་ཚུན་དབར་བསམ་པ་བརྗེ་རེས་བྱེད་པར་གལ་ཆེའི་ལམ་བུ་བཏོད་ཡོད། ཇི་སྐད་དུ་ལོ་ཙཱ་བ་ཆེན་མོ་ཏད་སྡ་ལོ་﹙戴德罗﹚ཡིས་“མིའི་རིགས་ཀྱི་དཔལ་ཡོན་ནི་འཛམ་གླིང་ཡུལ་གྲུ་ཀུན་གྱི་སྐྱེ་འགྲོ་ཡོངས་ཀྱི་སྤྱི་ནོར་ཡིན་པ་དང་། མིའི་རིགས་བྱུང་འཕེལ་གྱི་དུས་རིམ་ནང་ཡིག་སྒྱུར་གྱིས་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་ལོ་རྒྱུས་ཀྱི་འགན་འཁྲི་ངེས་གཏན་ཞིག་ཁུར་ཡོད་ཅིང་། སྔ་ཕྱི་བར་གསུམ་དུ་སྤྱི་ཚོགས་འཕེལ་རྒྱས་དང་། མིའི་རིགས་ཡར་ཐོན་ཀྱི་གོམ་བགྲོད་དང་སྦྲེལ་བར་གྱུར་ཅིང་བརྒྱུད་རིམ་དེ་དང་བསྟུན་ནས་མཉམ་དུ་འཕེལ་རྒྱས་འགྲོ་བཞིན་པར་བརྟེན། རྣམ་པ་གཞན་ཞིག་ནས་ངོས་འཛིན་ན། མིའི་རིགས་ཀྱི་དཔལ་ཡོན་བྱུང་འཕེལ་གྱི་བརྒྱུད་རིམ་ནི། ཡིག་སྒྱུར་བྱ་གཞག་འཕེལ་རྒྱས་བྱུང་བའི་གསོན་ཉམས་ལྡན་པའི་ལོ་རྒྱུས་ཤིག་ཀྱང་ཡིན་བརྗོད་ཆོག”ཅེས་གསུངས་པ་ལྟར། འཇིག་རྟེན་མི་ཡུལ་འདིར་འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་། མི་རྣམས་འཚོ་གནས་བྱེད་པའི་ཁོར་ཡུག་ཀྱི་ཁྱད་ཆོས་དང་ཡུལ་ལུང་གི་ཉེ་རིང་། རང་རང་སོ་སོའི་ཡུལ་སྲོལ་གོམས་གཤིས་སོགས་དང་བསྟུན་ནས་ཡིག་རིགས་འདྲ་མིན་སྣ་ཚོགས་བྱུང་ཞིང་ཐོན་སྐྱེད་འཕེལ་གྱིས་ཀྱི་དགོས་མཁོར་གཞིགས་ནས་ཡིག་སྒྱུར་བྱ་གཞག་རིམ་བཞིན་ཡར་ཐོན་བྱུང་།
དང་པོ། གནའ་བོའི་ཡིག་སྒྱུར་ལོ་རྒྱུས་མདོར་གླེང་།
དེ་ཡང་ལོ་རྒྱུས་སྨྲ་བ་མཁས་དབང་ཆབ་སྤེལ་ལགས་ཀྱིས། “ཞང་ཞུང་ཚུད་པའི་བོད་ཀྱི་ཤེས་རིག་འབྱུང་ཁུངས་ལ་ད་ཕན་མི་ལོ་༣༩༠༦ལྷག་གི་ལོ་རྒྱུས་དངོས་སུ་བརྩི་རྒྱུ་ཡོད་ཅེས་གཏན་འཁེལ་མཛད་པ་ནི་དོན་ལ་གནས་པར་ངེས་”ཞེས་པ་དང་དེབ་ཐེར་《རྒྱལ་རབས་བོན་གྱི་འབྱུང་གནས་》ལས་“གཉའ་ཁྲི་བཙན་པོའི་རིང་ལ། རྒྱུའི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་དར་ཏེ།……སྲས་མུ་ཁྲི་བཙན་པོའི་རིང་དུ་བསླབ་པའི་དོན་གོ བསྒྲུབ་པའི་དོན་གྲུབ། བསྒོམ་པའི་དོན་རྟོགས་ནས་སྟག་གཟིག་ལ་སོགས་འཛམ་གླིང་གི་ལོ་ཙཱ་བསྒྱུར”ཞེས་དང་། 《རྣམ་འབྱེད་འཕྲུལ་ལྡེ་》ལས་“རྗེ་གཉའ་ཁྲི་བཙན་པོ་མན་ཆད་ནས། གནམ་རི་སྲོང་བཙན་ཡང་ཆད་དུ། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། ཐར་ལམ་འབྲེལ་བའི་སྐུ་གཤེན་རེ། སྐད་ཡིག་བསྒྱུར་བའི་ལོ་པཎ་རེ། བྱ་ཐབས་གསུང་རབ་རེ་རེ་བཞག་”ཅེས་དང་དེ་བཞིན་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས་“མཁས་པའི་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ། རྫུ་འཕྲུལ་གྱི་ཞབས་དང་ལྡན་པ། སྟག་གཟིགས་གི་ལོ་ཙཱ་བ་དམུ་ཙ་ཏྲ་ཧེར་པེ། ཞང་ཞུང་ལ་ཁྲི་ཐོག་སྤ་ཙ། སུམ་པ་ལ་གུ་ཧུ་ལི་སྤར་ལེགས། རྒྱ་གར་ལ་ལྷ་བདག་སྔགས་དྲོ། རྒྱ་ནག་ལ་ལེགས་ཏང་སྨང་པོ། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་དྲུག་གོ་”ཞེས་དང་དེ་མིན། བོན་གྱི་དཔེ་རྙིང་གཞན་དག་ལས་གཉའ་ཁྲི་བཙན་པོའི་དུས་ནས་བོད་ལ་ཡིག་སྒྱུར་གྱིས་སྲོལ་དར་ཟིན་པ་སོགས་གསལ་བར་བསྟན་ཡོད། འོན་ཏེ་ཁོ་བོའི་ཚོད་དཔག་ལྟར་ན་གཉའ་ཁྲི་བཙན་པོ་མན་ཆོད་ནས་སྲོང་བཙན་སྒམ་པོ་ཡན་ཆོད་དུ་རང་ཅག་སྤུ་རྒྱལ་བོད་ཀྱི་ཡུལ་འདིར་ས་གནས་རང་སྒེར་འཛིན་པའི་རྒྱལ་ཕྲན་སིལ་མ་མང་ཞིང་སྟོབས་ཤུགས་དྲག་ཞན་དབང་གིས། སྤྱི་སྒེར་ཀུན་གྱིས་བཀོལ་བའི་གཅིག་གྱུར་གྱི་ཡིག་རིགས་དང་ཀུན་གྱིས་དད་པ་བྱེད་པའི་ཆོས་ལུགས་ཤིག་མེད་པ་དང་། དེས་མ་ཟད་རྒྱལ་ཕྲན་ཕན་ཚུན་དབར་འཁྲུག་འཛིང་བྱུང་རྐྱེན། རང་རང་གི་རིག་གནས་འཐོར་ཤིག་ཏུ་སོང་ནས་སྐབས་དེ་དུས་ཀྱི་བོད་ཀྱི་ཡིག་སྒྱུར་བྱ་གཞག་གི་རྣམ་པ་དོན་དངོས་ཇི་འདྲ་ཡིན་མིན་མོག་མོག་པོར་གྱུར་ཅིང་དཔྱད་གཞིའི་ཡིག་ཆ་ནི་དེ་བས་དཀོན། དེར་བརྟེན་ཕྱིས་ཀྱི་ལོ་རྒྱུས་དང་ཆོས་འབྱུང་དེབ་ཐེར་ཁག་དེ་བཞིན་དེའི་སྐོར་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་མང་ཆེ་བས་སྤུ་རྒྱལ་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བོད་ལ་ཆོས་གཞུང་གི་གླེགས་བམ་བྱུང་བ་དང་། སྤུ་རྒྱལ་རྒྱལ་རབས་སོ་གཉིས་པ་སྲོང་བཙན་སྒམ་པོའི་དུས་ད་གཟོད་དོན་ལ་གནས་པའི་ཡིག་སྒྱུར་བྱ་གཞག་གི་སྲོལ་ངོ་མ་བཏོད་པར་བཞེད་དོ། ལོ་རྒྱུས་སྨྲ་བ་འགོས་ལོ་ཙཱ་བ་གཞོན་ནུས་དཔལ་གྱི་《དེབ་སྔོན་》དུ་“ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས་པ་ནི། ཆོས་ཀྱི་གླེགས་བམ་ཙམ་བྱུང་བ་ཡིན་གྱི། བྲི་བ་དང་བཀླགས་པ་དང་འཆད་པ་སོགས་ནི་མེད་དོ་”ཞེས་གསུངས་པ་ལྟར་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་སུ་གངས་ཅན་ལྗོངས་ལ་རྒྱ་གར་གྱི་པཎྚི་ཏ་ལི་ཐི་སེ་དང་། ལོ་ཙཱ་བ་བློ་སེམས་འཚོ་རྣམ་གཉིས་ཀྱིས་བསྣམས་པའི་《དཔང་སྐོང་ཕྱག་རྒྱ་》དང་《མདོ་སྡེ་ཟ་མ་ཏོག་》《མ་ཎི་ཡིག་དྲུག་གི་གཟུངས་》སོགས་ཆོས་ཀྱི་གཞུང་བྱུང་ཡང་། དེ་དོན་བོད་མི་ཀུན་གྱིས་རྟོགས་ཆེད་ཕབ་བསྒྱུར་བྱེད་པའི་ཡིག་རིགས་ཞིག་མེད་པ་ཤུགས་སུ་གོ་ནུས་པ་ནི་《བཀའ་ཆེམས་ཀ་ཁོལ་མ་》ལས་“དེ་རྒྱལ་པོས་ཁ་ཕྱེ་ནས་གཟིགས་པས་ཆོས་དང་བོན་གང་ཡིན་མ་ཤེས་ཀྱང་། དེ་ངོ་མཚར་ཆེ་བ་ཅིག་འདུག་ནས། དེའི་མིང་ནི་གཉན་པོ་གསང་བ་བྱ་བར་བཏགས་སོ་”ཞེས་པ་ལས་རྟོགས་ཐུབ་པ་དང་། དེས་ད་དུང་དེབ་ཐེར་གཞན་དུ་སྐབས་དེ་དུས་དེ་དོན་རྟོགས་པའི་སྐྱེ་བོ་གཅིག་ཀྱང་མ་བྱུང་བའི་སྐོར་འཁོད་པའི་དོན་ཡང་གསལ་བར་རྟོགས་ཐུབ། དེར་བརྟེན་བོད་རྒྱལ་སོ་གཉིས་པ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་མཛངས་བློན་ཐོན་མི་སམྦྷོ་ཊས། སྔོན་གྱི་ཞང་ཞུང་གི་ཡི་གེ་ལ་སོགས་པའི་ཡིག་རིགས་དེ་དག་གི་རྨང་གཞིའི་ཐོག་སྣོན་འཕྲི་བཅོས་སྒྱུར་ལེགས་པར་མཛད་ནས་གངས་ཅན་སྐྱེ་འགྲོ་ཀུན་གྱི་བཀོལ་ཐུབ་པའི་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་བོད་ཡིག་ཚད་ལྡན་འདི་ཉིད་གསར་བཟོ་མཛད་པ་དང་ཆབས་ཅིག《བུ་སྟོན་ཆོས་འབྱུང་》དུ་གསུངས་པ་ལྟར་“མདོ་ཟ་མ་ཏོག་བཀོད་པ་དང་། དཔང་སྐོང་། མདོ་སྡེ་དཀོན་མཆོག་སྤྲིན་ལ་སོགས་པ་བསྒྱུར་”བ་དང་། དེ་བཞིན་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “རྒྱ་བལ་མཁས་པ་དུ་མ་སྤྱན་དྲངས་ཏེ། གསུང་རབ་དུ་མ་བསྒྱུར་ཅིང་དར་བར་མཛད། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་བྲམ་ཟེ་ཤང་ཀ་ར་དང་། ཁ་ཆེ་ཏ་ནུ་དང་། བལ་པོ་ཤཱི་ལ་མཉྫུ་དང་། རྒྱ་ནག་ཧ་ཤང་མ་ཧ་དེ་ཝ་ཆེ་རྣམས་བྱོན། ལོ་ཙཱ་བ་ཐོན་མི་སམྦྷོ་ཊ་དང་། དེའི་མཆན་བུ་དྷ་རྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་བར་གྲགས་”ཞེས་ཐོན་མི་སམྦྷོ་ཊས་ཐོག་མར་བོད་གངས་ཅན་ལྗོངས་ལ་ཡིག་སྒྱུར་སྲོལ་གཏོད་པར་མཛད། དེའི་རྗེས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ། རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་དང་ཨོ་རྒྱན་ཡུལ་ནས་སློབ་དཔོན་པདྨ་འབྱུང་གནས་བོད་ལ་གདན་དྲངས་ཏེ། བོད་ཀྱི་ལོ་ཙཱ་བ་བེེ་རོ་ཙཱ་ན་དང་ཀ་ཅོག་ཞང་གསུམ་སོགས་དང་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ། སངས་རྒྱས་གསང་བ་བི་ཤུངྔྷྲ་སིདྷ་ལ་སོགས་རྒྱ་ནག་གི་ལོ་ཙཱ་བ་བྲན་ཀ་ལེགས་ཀོང་དང་ལྷ་ལུང་ཀླུ་གོང་། འོག་གོམ་དབུས་གོང་སོགས་དང་མཉམ་དུ་ཕར་ཕྱིན་དང་དབུ་མ། འདུལ་བའི་སྐོར། གསང་སྔགས་ཀྱི་སྐོར། མངོན་པ་སོགས་ཆོས་གཞུང་ཇི་སྙེད་ཅིག་བསྒྱུར་གནང་མཛད་ཅིང་། དེའི་རྗེས་བཙན་པོ་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་ཡབ་སྲས་གཉིས་ཀྱིས་མེས་པོའི་མཛད་འཕྲིན་མུ་མཐུད་བསྐྱངས་ནས་རྒྱ་གར། བལ་པོ། ཁ་ཆེ་སོགས་ཀྱི་ལོ་པཎ་དུ་མ་གདན་དྲངས་ནས་ཆོས་དང་སྨན་རྩིས་ཀྱི་གཞུང་མང་དག་ཅིག་བསྒྱུར་བ་དང་དུས་མཚུངས་སུ་སྔོན་གྱི་བསྒྱུར་ནོར་ཞིང་འཁྲུལ་བ་རྣམས་ལ་ལོ་པཎ་དུ་མ་ཚོགས་པའི་ཁྲོད་དུ་དག་ཐེར་ཞིབ་པར་མཛད་ཅིང་བཀས་བཅད་ཀྱིས་གཏན་ལ་ཕབ་ནས་གཞུང་ཚད་བམ་པོ་གྲངས་ངེས་ཐོག་མདོ་རྒྱུད་ཀྱི་གཞུང་དག་ཇི་ལྟར་བསྒྱུར་དགོས་པའི་ཚུལ་སྒྲ་གཞུང་དང་བོད་སྐད་གཉིས་ཀར་མཐུན་ཞིང་གོ་བདེའི་ཆེད་དུ་ཡིག་སྒྱུར་གྱི་གཞུང་ལུགས་ཆེས་སྔ་བ་《སྒྲ་སྦྱོར་བམ་གཉིས་》མཛད་པ་དང་། སྔར་འགྱུར་མདོ་རྒྱུད་ཀྱི་གཞུང་ཆེན་ཁག་ནང་གི་ཐ་སྙད་དག་རྒྱ་གར་སྐད་ནས་བོད་སྐད་དུ་ཕབ་པ་རྣམས་དཀྱུས་གཅིག་ཏུ་བསྒྲིགས་པའི་ཚིག་མཛོད་སཾ་བོད་ཤན་སྦྱར་མ་《སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ་》གཏན་ལ་ཕབ་ཐོག་དཀར་ཆག་ཏུ་བསྒྲིགས་པར་མཛད་པས། བོད་ཀྱི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་སྒོ་ཀུན་ནས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཤུགས་ཆེན་གཏོང་ཕྱོགས་ལ་བསུབ་ཏུ་མེད་པའི་ཕྱག་རྗེས་བཞག་གནང་ཡོད།
གཉིས་པ། ཡིག་སྒྱུར་གཞུང་ལུགས་ཀྱི་སྐོར།
བཙན་པོ་སྲོང་བཙན་སྒམ་པོ་ནས་ཁྲི་ལྡེ་སྲོང་བཙན་མ་བྱོན་བར་དུ་རང་ཅག་སཾ་བོད་རྒྱ་གསུམ་གྱི་ཡིག་སྒྱུར་བྱ་གཞག་འཕེལ་རྒྱས་ཤུགས་ཆེར་སོང་ཞིང་སྒྱུར་རྩོམ་ཡང་རྒྱུ་སྐར་གྱི་གྲངས་ལས་འདས་པ་ཞིག་ཐོན་ཡང་། ཁ་གསལ་གོ་བདེ་ཞིང་རྒྱས་བསྡུས་འཚམས་པའི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་ཆ་ཚང་བ་ཞིག་གྲུབ་མེད། བཙན་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་ད་གཟོད་བཀས་བཅད་གཉིས་པ་མཛད་དེ། བཙན་པོའི་བཀས་བསྐུལ་ནས་ལོ་པཎ་རྣམས་ཀྱིས་《སྒྲ་སྦྱོར་བམ་གཉིས་》རྩོམ་སྒྲིག་གནང་། དེ་ནི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཆེས་སྔ་བ་ཞིག་ཡིན་པ་མ་ཟད། བོད་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ། ཕོ་བྲང་འོན་ཅང་དོ་ན་རྒྱལ་བློན་ལོ་པཎ་དུ་མ་གདན་འཛོམས་པའི་གྲར་ཉི་འོག་གི་མཁན་པོ་ཨཙཱརྱ་ཛི་ན་མི་ཏྲ་དང་། སུ་རིཎྡྲ་བོ་དྷི་སོགས་དང་བོད་ཀྱི་མཁན་པོ་རཏྣ་ར་ཀྵི་ཏ་﹙རིན་ཆེན་སྲུང་﹚དང། དྷརྨ་ཏཱ་ཤཱི་ལ་﹙ཆོས་ཀྱི་ངང་ཚུལ་﹚དང་ལོ་ཙཱ་བ་མཁས་པ་ཛྙཱ་ན་སེ་ན་﹙ཡེ་ཤེས་དབང་པོ་﹚དང་། ཛ་ཡ་ར་ཀྵི་ཏ་﹙རྒྱལ་བའི་སྲུང་﹚མཉྫུ་ཤཱི་ཝ་རྨ་﹙འཇམ་དཔལ་གོ་ཆ་﹚དང་། རེནྟྲ་ཤཱི་ལ་﹙ཚུལ་ཁྲིམས་རིན་ཆེན་དབང་པོ་﹚ལ་སོགས་པས་ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀས་བཅད་པའི་ཡིག་ཆ་ཞིག་ཀྱང་ཡིན་ལ། དེ་ནི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་ཡན་ཆད་ནས་སྲོང་བཙན་སྒམ་པོ་མན་ཆད་བར་ལ། ལོ་ཙཱ་བ་ཐོན་མི་ནས་བེེ་རོ་ཙ་ནའི་བར་གྱི་ལོ་ཙཱ་བས་བསྒྱུར་བའི་ལུང་སྡེ་བཞི་དང་། ཕལ་མོ་ཆེ། དཀོན་ཅོག་བརྩེགས་སོགས་དང་། ཤེར་ཕྱིན་མདོ་ཁ་ཅིག་སོགས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་བཀས་བཅད་དང་པོའི་འཕྲོས་ཆོས་གཞུང་དར་སྤེལ་ཁྱབ་གདལ་དུ་གཏོང་བའི་དགོས་མཁོ་ལྟར་ཡང་བསྐྱར་བཀས་བཅད་པའི་རིམ་པ་ཞིག་ཡིན་པར་སེམས། གཤམ་དུ་ཁོ་བོས་གཞུང་དེའི་བསྟན་དོན་གཙོ་བོ་ཆོས་བསྒྱུར་བའི་རྩ་དོན་དང་ཚད་གཞི། བསྒྱུར་བའི་ཐབས་རྩལ་བཅས་སུ་དབྱེ་ནས་འཆད་པར་འདོད་དེ། གཅིག བསྒྱུར་བའི་རྩ་དོན་དང་ཚད་གཞི། ༡ བསྒྱུར་བའི་རྩ་དོན། 《སྒྲ་སྦྱོར་བམ་གཉིས་》ལས་“གནའི་མཁན་པོ་ཆེན་པོ་ནཱ་ག་རྫུ་ན་དང་། བ་སུ་བནྟཱུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱཱ་ཀ་ར་ཎའི་ལུགས་ལས་ཇི་ལྟར་འདྲེན་པ་དང་ཡང་བསྟུན།”ཞེས་བསྟན་པ་ལཏྲ། དམ་པའི་ཆོས་སྒྱུར་བའི་སྐབས་མཉམ་མེད་སྟོན་པ་ཤཱཀྱའི་རིང་ལུགས་ཀྱི་དགོངས་དོན་རྣལ་མ་དཔྱིས་ཕྱིན་པར་གསུངས་པར་མཛད་མཁན་གྱི་ཤིང་རྟའི་སྲོལ་བྱེད་སློབ་དཔོན་མགོན་པོ་ཀླུ་སྒྲུབ་དང་སློབ་དཔོན་དབྱིག་གཉེན་ལ་སོགས་ཀྱིས་མཛད་པའི་གཞུང་ཆེན་མོ་དེ་དག་གི་དགོངས་པ་མཐར་ཐུག་དང་ཡོངས་སུ་མཐུན་དགོས་པ་མ་ཟད། བོད་རང་གི་སུམ་རྟགས་དག་གསུམ་སོགས་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་རིགས་ལམ་དང་བསྟུན་དགོས་པའི་རྩ་དོན་གཉིས་གསལ་བར་བསྟན་ཡོད། ༢ བསྒྱུར་བའི་ཚད་གཞི། རྩ་བའི་གཞུང་ལས། “དོན་དང་ཡང་མི་འགལ་ལ་བོད་སྐད་ལ་ཡང་གར་བདེ་བར་གྱིས་ཤིག”ཅེས་ཡིག་སྒྱུར་གྱི་ལག་ལེན་དངོས་ནང་བསྒྱུར་བྱ་མ་ཡིག་གི་ཆ་ནས་དོན་དང་མི་འགལ་བ་གཙོ་ཆེ་བར་བཟུང་བ་དང་སྒྱུར་བྱེད་བུ་ཡིག་གི་ཆ་ནས་བོད་སྐད་ལ་གོ་བདེ་བར་བྱེད་པའི་ཕྱོགས་གཉིས་ཀྱི་ཚད་གཞི་བཏོན་ཡོད། དེ་ནི་ཡིག་སྒྱུར་བྱ་བའི་སྲོག་ཤིང་དང་དཀའ་གནད་ཀྱི་རྩ་བ་ཡིན་པ་དང་། ཕྱིས་རྗེས་ས་པཎ་གྱི་“ལོ་ཙཱ་བ་ནེ་ཙོ་ལྟ་བུ་”ཞེས་པ་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་མཆོག་གི་“ཚིག་གསལ་ལ་གོ་བདེ་བ་དོན་དང་ཡང་མི་འགལ་བར་བྱས་ཏེ་”ཞེས་པའི་བོད་ཕྱི་རབས་པའི་སྒྱུར་གྱི་ཚད་གཞི་དག་གི་རྨང་གཞིར་གྱུར་ཅིང་ཉེ་རབས་ཀྱི་རྒྱའི་ལོ་ཆེན་ཡན་ཧྥུའུ་ཡི་“མ་ཡིག་གི་ནང་དོན་འཕྱུག་པ་མེད་པར་ཕབ་སྒྱུར་བྱ་དགོས་པ་དང་གཅིག་བརྗོད་བདེ་རྟོགས་སླ་ཡོང་བ་བྱ་རྒྱུ་དང་གཉིས། སྙན་འཇེབས་ཉམས་འགྱུར་ལྡན་དགོས་པ་དང་གསུམ”ཞེས་དང་དེང་སྙན་གྲགས་ཆེ་བའི་ཨ་མི་རི་ཁའི་ལོ་ཆེན་ནེ་ཏཱ་ཡི་“ལོ་ཙཱ་བའི་འོས་འགན་གཙོ་བོ་ནི་བསྒྱུར་བྱ་མ་ཡིག་ལས་བྱུང་བའི་དོན་རྣམས་སྒྱུར་བྱེད་བུ་ཡིག་ཁྲོད་དུ་ནུས་མཚུངས་ཀྱི་དོ་མཉམ་པའི་སྐད་བརྡ་ཞིག་འཚོལ་ཞིབ་བྱས་ནས་ཕབ་བསྒྱུར་བྱ་རྒྱུ་དེ་ཡིན་”ཞེས་པའི་ནུས་པ་མཉམ་པའམ་ནུས་མཚུངས་ཀྱི་ལྟ་བ་སོགས་ཕྱི་ནང་ཡིག་སྒྱུར་བ་གྲགས་ཅན་ཀུན་གྱི་ཡིག་སྒྱུར་གྱི་ཚད་གཞི་དང་མཐུན་པ་གོར་མ་ཆག གཉིས། བསྒྱུར་བའི་ཐབས་རྩལ་བྱེ་བྲག་ཏུ་བསྟན་པ་ལ་བརྒྱད་ལས། ༡ རང་སོར་འཇོག་པ། རྒྱ་ནག་གི་སྡེ་སྣོད་འཛིན་པའི་ལོ་ཆེན་ཐང་སན་བླ་མས་ཆོས་གཞུང་སྒྱུར་སྐབས་རྒྱ་གར་སྐད་རང་སོར་འཇོག་དགོས་ཚུལ་གླེང་སྐབས། བསྒྱུར་དུ་མི་རུང་བ་རྣམ་པ་ལྔ་﹙五不翻﹚བསྟན་པ་དང་ཀུན་ནས་མཚུངས་པར། གཞུང་འདི་ཉིད་ལས་རྒྱ་གར་གྱི་སྐད་རང་སོར་འཇོག་དགོས་ཚུལ་གླེང་སྐབས། མིང་གཅིག་དོན་མང་ལ་འཇུག་པ་རྣམས་ཐ་སྙད་གཅིག་གི་ནང་དུ་བརྗོད་བྱའི་དོན་ཐམས་ཅད་འདུ་བར་བྱེད་མི་རུང་བས་དོན་གཅིག་ཁོ་ན་ལ་བསམ་ནས་མི་བསྒྱུར་བར་རྒྱ་གར་སྐད་རང་སོར་བཞག་པ་དང་། དེ་མིན་སྤྱིར་གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་པས། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་མི་རུང་ལ་གལ་ཏེ་དེ་དག་བོད་ལ་བསྒྱུར་ཅིང་བསྟན་ན་ཕྱིན་ཅི་ལོག་ཏུ་སྤྲོད་པའི་མིང་ཡང་འབྱུང་སྲིད་པས་མི་བསྒྱུར་བར་རྒྱ་གར་སྐད་རང་སོར་འཇོག་དགོས་པ་སོགས་གསུངས་ཡོད། ༢ ཐད་སྒྱུར། ཐད་སྒྱུར་ནི་ལེགས་སྦྱར་སྐད་ཀྱི་བརྗོད་བྱའི་ནང་དོན་ལ་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་ལེགས་སྦྱར་སྐད་ཀྱི་ཚིག་སྦྱོར་གྲུབ་སྟངས་ཀྱི་རྣམ་པ་ལའང་སྒོ་བསྟུན་ནས་མིང་དང་ཐ་སྙད་སོགས་ཀྱང་ཧ་ལམ་རེ་རེ་བཞིན་བོད་ཡིག་ལ་ཐད་ཀར་བསྒྱུར་བ་ལ་བྱ་སྟེ། རིན་པོ་ཆེ་ཨིནྡྲ་ནཱི་དབང་པོ་དང་ནཱི་ལ་ནི་སྔོན་པོ་ཡིན་པས་དབང་སྔོན་དུ་བསྒྱུར་བ་དང་། ཨརྱ་དེ་བ་ཞེས་པ་ཨརྱ་ནི་འཕགས་པ་དང་དེ་བ་ནི་ལྷ་ཡིན་པས་འཕགས་པ་ལྷ་རུ་བསྒྱུར་བ་སོགས་མཐའ་ཡས་པ་དང་། ཡང་གཞུང་དེ་ཉིད་ལས། སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བར་རིགས་པ་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས་ཞེས་གསུངས་པ་བཞིན་སྐད་རྐྱང་པ་བཤད་མི་འཚལ་བ་འདོད་རྒྱལ་གྱི་མིང་སྟེ། ཉི་མ། ཟླ་བ་དང་། ས། ཆུ། མེ། རླུང་ལ་སོགས་པ་རྣམས་ནི་མིང་དེ་ལྟར་འདོགས་པའི་རྒྱུ་མཚན་བཤད་དུ་མེད་པས་སོ་སོའི་སྐད་ཀྱི་ཁྱད་ཆོས་བཞིན་བསྒྱུར་དགོས་པར་བསྟན། ༣ དོན་སྒྱུར། ལེགས་སྦྱར་གྱི་སྐད་ཀྱི་དོན་དང་མི་འགལ་ཞིང་བོད་ལའང་གོ་བདེ་བའི་རྨང་གཞིའི་སྟེང་རང་མི་རིགས་ཀྱི་སྐད་དང་ཡི་གེའི་བརྗོད་སྲོལ་གཙོ་བོར་བཞག་ནས་བསྒྱུར་བའི་ཐབས་ཤིག་སྟེ། གཞུང་དེ་རང་ལས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པར་རིག་པ་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ཞེས་བསྟན་པ་ལས། པཱ་ར་མི་ཏ་ལ་ཕ་རོལ་དུ་ཕྱིན་པ་ཞེས་བསྒྱུར་བ་ལྟ་བུ་ཕ་རོལ་དུ་ཕྱིན་པའི་དོན་ནི་དཔེར་ན་ཆུ་ཀླུང་ཆེན་པོའི་ཚུར་རོལ་ནས་ཕ་རོལ་དུ་བརྒལ་བའི་དོན་དང་ཡོ་ག་ལ་རྣལ་འབྱོར་དུ་བསྒྱུར་བའི་རྣལ་མ་སྟེ་ཡང་དག་པའི་དམིགས་ཡུལ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པའམ་འབྱོར་བའི་དོན་དང་མཐུན་པར་བསྒྱུར་བ་སོགས་བགྲང་གིས་མི་མང་ངོ་། ༤ བསྣོར་སྒྱུར་རམ་ཐད་ཐོག་ཏུ་བསྒྱུར་བ། བསྣོར་སྒྱུར་རམ་ཐད་ལོག་ཏུ་བསྒྱུར་བ་ནི་རྒྱ་གར་སྐད་ཀྱི་གོ་རིམ་ལྟར་ཐད་ཀར་བསྒྱུར་ན་བརྗོད་བྱའི་དོན་མི་གསལ་བའམ་ཡང་ན་གོ་ལོག་ཐེབས་པ་རྣམས་བོད་སྐད་ལ་གོ་བདེར་མཚོན་ཕྱིར་ཚིག་དང་ཡི་གེ་སྔ་ཕྱིའི་གོ་རིམ་བརྗེས་ནས་བོད་རང་ལ་གོ་བདེ་བར་བསྒྱུར་བ་ལ་བྱ་ཞིང་། དེ་ལ་ཡང་གཞུང་དེ་ཉིད་ལས། དེ་མིན་རྒྱ་གར་གྱི་ཡུལ་དང་སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པ་བོད་ལ་མེད་པ་རྣམས་ལ། འགོ་ལ་ཡུལ་ཞེས་པའམ་མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་སྔ་ཐབས་སུ་བསྣན་ནས་རྒྱ་གར་སྐད་རང་སོར་འཇོག་པ་དང་དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་ཀྱི་གོ་རིམ་ལས་མི་བསྣོར་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་བསྣོར་བར་སྒྱུར་ཅིག བསྣོར་ན་བདེ་ཞིང་གོ་བ་བསྐྱེད་པ་ཞིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་པའམ་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་ན་གང་བདེ་བ་བསྣོར་ཞིང་སྒྱུར་ཅིག རྐྱང་པ་ལ་ནི་དོན་གང་བསྐྱེད་པ་ཡན་ཆད་ཀྱི་ཚིག་དོན་གཉི་ག་ལ་གར་བདེ་བར་བསྣོར་ཞིང་སྒྱུར་ཅིག ཅེས་བསྒྱུར་བྱེད་ཀྱི་ཚིག་དོན་ལ་འབྲེལ་ཆགས་པའམ་བརྗོད་བདེ་བའི་ཆེད་དུ་བསྒྱུར་བྱའི་ཚིག་དང་ཡི་གེའི་གོ་རིམ་རྣམས་ཅི་བདེར་བསྣོར་ཞིང་བསྒྱུར་ཆོག་པར་བསྟན་པ་ནི། ན་མོ་གུ་རུ་མཉྫུགྷོཥཱ་ནི་ཡ་ཞེས་བྱ་བའི་ན་མོ་ནི་ཕྱག་འཚལ་བ། གུ་རུ་ནི་བླ་མ་དང་མཉྫུགྷོཥཱ་ནི་འཇམ་དཔལ་དབྱངས། ཡ་ནི་ལ་ཞེས་པའི་དོན་ཡིན་པས་ཐད་ཀར་བསྒྱུར་ན། ཕྱག་འཚལ་བླ་མ་འཇམ་དཔལ་དབྱངས་ལ་ཞེས་བརྗོད་མི་བདེ་བས་དེ་དག་གི་གོ་རིམ་བསྣོར་ནས་བླ་མ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ཞེས་བསྒྱུར། དེ་བཞིན་པྲ་ཛྙ་ཞེས་པ་པྲ་ནི་རབ་དང་མཆོག་གི་དོན་དང་ཛྷ་ནི་ཤེས་པ་དང་མཁྱེན་པའི་དོན་ཏེ་བོད་སྐད་དུ་རབ་ཤེས་ཞེས་པ་གོ་མི་བདེ་ཞིང་བརྗོད་དཀའ་བས་གོ་རིམ་བསྣོར་ཏེ་ཤེས་རབ་ཏུ་བསྒྱུར། དེ་བཞིན་ཚིགས་བཅད་སོགས་ཀྱི་གོ་རིམ་བསྣོར་ནས་བསྒྱུར་བའམ་ཤིན་ཏུ་མང་སྟེ་ཞིབ་པ་སཾ་བོད་ཤན་སྦྱར་དང་《བྱེ་བྲག་རྟོགས་བྱེད་ཆེན་མོ་》སོགས་སུ་གཟིགས་པར་འཚལ། ༥ མིང་གཅིག་དོན་མང་ལ་འཇུག་པའི་སྐོར། གཞུང་དེ་ཉིད་ལས། སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྷག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག་ཅེས་སྐབས་དོན་དང་འཚམས་པར་བསྒྱུར་དགོས་པ་དང་། གར་ཡང་དྲངས་སུ་རུང་བའི་ཚིག་བྱུང་ན་ཕྱོགས་གཅིག་ཏུ་འཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག་ཅེས་ཕྱོགས་གཉིས་སམ་དུ་མ་འཇུག་པ་ཡོད་ན་དེ་དང་མཐུན་པར་ཕྱོགས་ཀུན་ལ་གོ་རུང་བའི་སྦྱར་ཚིག་ཅན་དུ་བསྒྱུར་དགོས་པ་དང་། ཡང་གོ་ཏ་མ་ལྟ་བུ་གོ་སྒྲ་ལས་ཚིག་དང་ཕྱོགས་དང་། ས་དང་འོད་དང་རྡོ་རྗེ་དང་བ་ལང་དང་མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀོོ་ཤི་ཀ་ལྟ་བུ་རྩྭ་ཀུ་ཤ་ཐོགས་པ་དང་། མཁས་པ་དང་། པད་མ་ལ་དགའ་བ། འུག་པ་དང་། མཛོད་ལྡན་ལ་སོགས་པའི་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་སྣ་གྲངས་མང་པོ་ཞིག་ཏུ་སྙེགས་ལ་བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་སྣ་གྲངས་དེ་ཀུན་འདུ་བར་ཡང་མི་བཏུབ་སྟེ། གཅིག་ཏུ་འཆད་པར་བྱར་ཡང་གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་སྐད་སོ་ན་ཞོག་ཅིག ཅེས་མིང་གཅིག་དོན་གྱི་རྣམ་གྲངས་མང་པོ་ལ་སྦྱར་བར་འཇུག་པ་དང་། སྒྱུར་བྱེད་ཚིག་གཅིག་གི་ནང་དུ་རྣམ་གྲངས་དེ་ཀུན་བསྡུ་མི་ཐུབ་པ་རྣམས་བསྒྱུར་བྱའི་སྐད་རང་སོར་འཇོག་དགོས་པ་དང་བཅས་བསྒྱུར་ཐབས་གསུམ་ཙམ་བསྟན་ཡོད་དོ། ༦ གྲངས་ཀྱི་སྒྱུར་ཚུལ། གྲངས་ཀྱི་སྒྱུར་ཚུལ་ནི་སྐད་རིགས་སོ་སོའི་གྲངས་ཀ་འདྲེན་ལུགས་ཁྱད་པར་ཤིན་ཏུ་ཆེ་སྟེ། གཞུང་དེ་ལས། རྒྱ་གར་གྱི་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི་སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་བར་བོད་ཀྱི་སྐད་ཀྱི་ལུགས་བཞིན་དུ་བསྒྱུར་ན། དོན་དང་ཡང་མི་འགལ་ལ་བོད་ཀྱི་སྐད་ལའང་བདེ་བས་གྲངས་བསྡོམ་དུ་རུང་བ་རྣམས་བོད་སྐད་ཀྱི་ལུགས་སུ་ཐོགས་ཤིག་ཅེས། བརྒྱ་ཕྲག་ཕྱེད་དང་བཅུ་གསུམ། ཀཱ་ལི་ཕྱེད་དང་བརྒྱད་སྡེ་སོགས་རྒྱ་གར་གྱི་བརྗོད་སྲོལ་དབང་དུ་སོང་ཕྱིན་བོན་ཀྱི་སྲོལ་ལུགས་བཞིན་ཆིག་སྟོང་ཉིས་བརྒྱ་ལྔ་བཅུ་དང་། ཀཱ་ལི་སྡེ་པ་བདུན་དང་ཕྱེད་ཀ་སོགས་སུ་བསྒྱུར་ན་རང་མི་རིགས་ཀྱི་སྐད་ལུགས་ལྟར་གང་བདེ་བའི་ཡིག་སྒྱུར་ཚད་གཞི་དང་ཡང་མཐུན་ནོ་ཞེས་བསྟན་ཡོད། ༧ བསྣན་པའི་ཚུལ་དུ་ཚིག་གྲོགས་སུ་སྦྱོར་བ། གཞུང་དེ་ཉིད་ལས། “པ་རི་དང་སམ་དང་ཨུ་པ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་དང་མཐུན་ཞིང་འབྱོར་པ་རྣམས་ནི། ཡོངས་སུ་ཞེའམ། ཡང་དག་པ་ཞེའམ། ཉེ་བ་ཞེས་སྒྲ་བཞིན་དུ་སྒྱུར་ཅིག དོན་ལྷག་པར་སྙེགས་པ་མེད་པ་རྣམས་ནི། ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱིས་དོན་བཞིན་དུ་ཐོགས་ཤིག་”ཅེས་ལེགས་སྦྱར་སྐད་ཀྱི་ཉེར་བསྒྱུར་གྱི་ཚིག་པ་རི་ལ་ཡོངས་སུ་དང་སམ་ལ་ཡང་དག་པར། ཨུ་པར་ཉེ་བར་སོགས་ཚིག་གི་ཕྲད་དང་རྒྱན་ལྟ་བུར་སྦྱར། དཔེར་ན། རྣམ་པར་གནས། ཉེ་བར་བསྒྱུར། ཡོངས་སུ་རྫོགས་སོགས་ཀྱི་ཚིག་སྦྱོར་ལྟ་བུ་དང་། གཞན་ཡང་ཤིན་ཏུ། རབ་ཏུ། ཀུན་ཏུ། ཡང་དག རྣམ་པར། ཉེ་བར། ཡོངས་སུ་སོགས་སྙན་ངག་གི་སྐབས་སུ་བཅུག་ནས་བསྒྱུར་ན་ཚིག་ཁ་སྐོང་དང་རྒྱན་ཚིག་གཉིས་ཀར་འགྲོ་བས་སོ། ༨ ཡུལ་ལ་དམིགས་ནས་ཞེ་སའི་ཚིག་ཏུ་བསྒྱུར་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་སོགས་པ་ལ་ཞེ་ས་དང་ཀོ་ལོང་གི་ཚིག་གི་རིམ་པ་ནི་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དབང་གིས་རིམ་པ་བཞིན་སངས་རྒྱས་ཀྱིས་གཞན་ལ་སྨྲས་པར་གུས་འདུད་མཚོན་ཕྱིར་ཞེ་སའི་ཚིག་གིས་བཀའ་བསྩལ་ཞེས་དང་། གཞན་གྱིས་སངས་རྒྱས་ལ་བཤད་པར་ཞུས་པའམ་གསོལ་བ་དང་། མཆོག་དམན་འདྲ་མཉམ་ཕན་ཚུན་འདྲི་བ་ལ་སྨྲས་པ་ཞེས་བྱ་བར་བསྒྱུར་བ་སོགས་འཇིག་རྟེན་སྐྱེ་བོ་མཆོག་དམན་ཀུན་ལའང་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚིག་བཟང་ངན་གོ་རིམ་བཞིན་སྤྱད་དེ་བསྒྱུར་ཏོ། ཞར་བྱུང་ཐ་སྙད་གཅིག་གྱུར་བྱ་ཚུལ་སྐོར། གཞུང་དེ་ཉིད་ལས། སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲ་སོ་སོ་ན་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ནའང་། སོ་སོའི་གྲ་གྲར་མིང་འཆད་པར་མི་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལ་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱོད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་མདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲར་ཕུལ་ལ་སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། ཞེས་དང་། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་བསྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས། སྔགས་ཀྱི་རྒྱུད་དང་སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་དུ་མི་གནང་ངོ་ཞེས་ལོ་ཙཱ་བ་སོ་སོས་རང་འདོས་ཀྱིས་བསྒྱུར་ཅིང་ཐ་སྙད་གང་བྱུང་དུ་གསར་དུ་གདགས་མི་ཆོག་པ་དང་བསྒྱུར་རུང་བའི་མདོ་ཕྱོགས་ཀྱི་མིང་དང་ཐ་སྙད་གོང་ནས་བཀའ་བསྩལ་པ་མ་གཏོགས་བསྒྱུར་དུ་མི་རུང་བ། གསང་སྔགས་ཀྱི་རྒྱུད། མིང་གསར་འདོགས་པའི་རིམ་པ་སོགས་ཕྲ་ཞིབ་འཐུས་ཚང་དུ་བཀས་བཅད་དེ་བོད་ཡོངས་ལ་ཐ་སྙད་གཅིག་གྱུར་བྱེད་པའི་སྲོལ་བཏོད།
མཇུག་བསྡུ་བ།
མདོར་ན། སྡེ་བཞིའི་ཕུན་ཚོགས་དཔལ་གྱིས་རབ་ཕྱུག་ཅིང་། བདེ་ཞིང་སྐྱིད་པའི་ཡུལ་གྲུ་ཁ་བའི་ལྗོངས་འདིར་སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་གཙོས་པའི་མངའ་བདག་གཟིགས་རྒྱང་རིང་བ་དག་གི་དྲིན་ལས་ཐོན་མི་སཾ་བྷོ་ཊ་དང་ཀ་ཅོག་ཞང་གསུམ་སོགས་མཚན་ལྡན་འཇིག་རྟེན་མིག་དག་གིས་དཀའ་བ་བརྒྱ་ཕྲག་སྤྱད་དེ་བསྒྱུར་ཅིང་ཞུས་པའི་བཅུ་ཕྲག་རིག་པའི་བསྟན་བཅོས་ས་འཛིན་འཕང་ལ་ཅོ་འདྲི་བ་འདི་དག་གིས་དེང་འཛམ་གླིང་ཁྱོན་ཀུན་ལ་བོད་རིག་པ་ཞེས་པའི་སྙན་པའི་བ་དན་ཕྱོགས་བཅུར་གཡོ་བར་མཐུན་རྐྱེན་གང་ལེགས་བསྐྲུན་ཅིང་། ཆོས་བསྒྱུར་བའི་རྩ་དོན་དང་། ཚད་གཞི། ཐབས་རྩལ། ཡིད་འཇོག་བྱེད་དགོས་པའི་གནད་དོན་སོགས་གསལ་བར་བསྟན་པའི་ཡིག་སྒྱུར་གྱི་རིགས་པའི་གཞུང་ལུགས་ཐོག་མ་《སྒྲ་སྦྱོར་བམ་གཉིས་》ཀྱིས་བོད་ཀྱི་སྒྲ་སྒྱུར་རིགས་ལམ་གྱི་སྒོ་འཕར་ཡངས་པར་ཕྱེ་ཞིང་། ཕྱི་རབས་ལོ་ཙཱ་བ་རྣམས་ལ་གཞི་འཛིན་ས་དང་ཁུངས་གཏུགས་སའི་གཞུང་ལུགས་ཤིག་བྱུང་ཡོད་པ་མ་ཟད། ཡིག་སྒྱུར་ཚན་པ་དང་ལོ་ཙཱ་བ་ཀུན་གྱིས་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟར་བཀུར་འོས་པའི་ཡིག་སྒྱུར་ཚད་གཞི་དོན་ལ་གནས་པ་ཞིག་བྱུང་སྟེ། བསྒྱུར་གཞུང་གི་སྤུས་ཚད་ཇེ་ལེགས་དང་གྲངས་འབོར་ཇེ་མང་དུ་འགྲོ་བར་བགྲོད་ལམ་གསར་པ་ཞིག་བཏོད་པ་དང་ཆབས་ཅིག་འབྱུང་འགྱུར་བོད་ཀྱི་ཡིག་སྒྱུར་བྱ་གཞག་ཚད་ལྡན་ཅན་གྱི་ལམ་བུར་བསྐྱོད་རྒྱུར་སྐུལ་འདེད་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མིང་ཚིག་གསར་བཟོ་དང་། སྤྱི་སྐད་རྒྱུན་འཁྱོངས་ཡོང་རྒྱུར་དམིགས་བསལ་གྱི་ནུས་པ་ཐོན་ཡོད་པ་ལགས། |