གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། ཕྱི་གླིང་གི་ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་ལ་དཔྱད་པ།
སྤེལ་དུས།2014-09-10   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། གདུགས་དཀར་འབུམ། རིན་ཆེན་གྱིས་བསྒྲིགས།

        དང་པོ། ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་བྱུང་བའི་རྒྱབ་ལྗོངས།
       
དུས་རབས༢༠ལོ་རབས༥༠ནས་བཟུང་། ནུབ་ཕྱོགས་རྒྱལ་ཁབ་ཏུ་ལོ་ཙཱའི་གཞུང་ལུགས་དང་སྐད་ཆའི་རིག་པ་གཉིས་དུས་གཅིག་ཏུ་མཉམ་སྤེལ་བྱུང་ཞིང་། ལོ་རབས་དྲུག་ཅུ་ནས་བདུན་ཅུ་བར་དུ་ཕྱི་གླིང་གི་ལོ་ཙཱའི་ལས་རིགས་སུ་ལོ་ཙཱའི་གཞུང་ལུགས་པ་ཡེ་ཅིན་ནེར་ཏཱའི་ཆ་འདྲ་གཞུང་ལུགས་བེད་སྤྱོད་དང་ཁྱབ་བརྡལ་བྱུང་བ་རེད། ༡༩༦༤ལོར་ནེར་ཏཱས་མ་འགྱུར་གཉིས་ཀྱི་རྣམ་པ་ཆ་འདྲ་ཡིན་དགོས་པའི་ལྟ་བ་བཏོན་པ་ལ། རྗེས་སུ་འགུལ་སྤྱོད་ཀྱི་ཆ་འདྲ་ཞེས་པའང་བཏོན་ཏེ། འགྱུར་མའི་སྙིང་བོ་དང་ལེན་པའི་ཚོར་སྣང་དང་མ་ཕྱི་བཀོལ་སྤྱོད་པས་མ་ཕྱིའི་ནང་དོན་དང་ལེན་བྱེད་པའི་ཚོར་སྣང་གཅིག་འདྲ་ཡིན་དགོས་ཟེར་བའོ། །ལོ་རབས༨༠ནང་དུ་ནེར་ཏཱས་རང་ཉིད་ཀྱི་འགུལ་སྤྱོད་ཆ་འདྲ་སྨྲ་བ་བཟོ་བཅོས་བྱས་ནས་ཕན་ནུས་ཀྱི་ཆ་འདྲ་ཞེས་པ་བཏོན་པའོ། །ཁོང་གིས་ལོ་ཙཱའི་ངོ་བོ་བརྗོད་དུས་འདི་ལྟར་གསུངས་ཤིང་། ལོ་ཙཱ་ནི་འགྱུར་མའི་ཁྲོད་དུ་ཆེས་འོས་ཤིང་འཚམ་པའམ་ཆེས་རང་བྱུང་ཅན་གྱི་ཆ་འདྲ་བའི་སྐད་བཀོལ་ནས་མ་ཕྱིའི་དོན་བསྐྱར་དུ་མཚོན་ཏེ། ཐོག་མར་དོན་གྱི་ཐོག་ནས་ཆ་འདྲ་ཡིན་དགོས། གཉིས་ནས་བརྗོད་སྟངས་ཆ་འདྲ་ཡིན་དགོས་ཞེས་པའོ། །གོང་གི་བརྗོད་པ་ལྟར་དུ་ལོ་ཙཱའི་བྱེད་ཐབས་དེ་ནི་སྤྱི་ཚོགས་སྐད་ཡིག་རིག་པའི་བྱེད་ཐབས་ཡིན་ལ་ལོ་ཙཱ་ནི་སྐད་ཡིག་རིག་པའི་ཁོངས་སུ་གཏོགས་པའང་ཡིན། སྤྱིར་བཏང་དུ་བཤད་ན། ལོ་ཙཱའི་ངོ་བོ་ནི་སྐད་ཡིག་རྐྱང་རྐྱང་ཕན་ཚུན་བརྗེ་རེས་བྱེད་པར་མ་ཟད། གཙོ་བོར་སྐད་ཡིག་གི་རྣམ་པར་བསྟུན་ནས་རིག་གནས་མི་འདྲ་བའི་བར་ལ་འབྲེལ་འདྲིས་བྱུང་བ་དེ་ཡིན་ནོ། །དུས་རབས༢༠ཡི་རྗེས་མའི་དུས་ཡུན་རིང་པོ་ཞིག་ལ་ལོ་ཙཱའི་ལག་ལེན་དང་ཞིབ་འཇུག་གི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་དང་མཉམ་དུ་སྐད་ཡིག་སྨྲ་པ་པོས་ལོ་ཙཱ་ནི་སྐད་ཡིག་གི་ཁོངས་སུ་གཏོགས་པ་དེ་ལ་ཞན་ཆ་ཡོད་པར་ཤེས་འདུག དེ་བཞིན་གྱིས་དུས་རབས༢༠ལོ་རབས༧༠ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ལོ་ཙཱའི་ལས་རིགས་སུ་འགྱུར་མའི་སྐད་ཀྱི་རིག་གནས་ལ་བསྟུན་ནས་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་བྱེད་པའི་ཕྱོགས་སུ་བསྒྱུར་ཏེ། སྲོལ་རྒྱུན་གྱི་ལོ་ཙཱའི་ཞིབ་འཇུག་སྟེ་མ་ཕྱི་དག་དག་གཙོར་འཛིན་པ་དོར་ནས་ལོ་ཙཱ་བས་འགྱུར་ཡིག་དང་འགྱུར་ཡིག་བེད་སྤྱོད་པ་དོ་ཁུར་བྱེད་པར་མ་ཟད། ལྷག་ཏུ་འགྱུར་མའི་རིག་གནས་དང་འགྱུར་མས་སྤྱི་ཚོགས་ལ་ཕན་ནུས་སམ་མཐུན་འདྲིས་ཀྱི་ནུས་ཤུགས་ཐོན་ཡོད་མེད་ལ་དོ་སྣང་བྱེད་པར་འདུག
       
གཉིས་པ། ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་ཀྱི་བྱུང་འཕེལ།
       
ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་ནི་དུས་རབས་༢༠ལོ་རབས༧༠ལ་འཇར་མན་གྱི་མཁས་པ་ཁེར་སི་རེ་ན་རོལ་སི་དང་ཧེན་སི་ཧྥེ་མུར། མན་ཐ་ལེ། ནོ་ཏི་སོགས་ཀྱིས་བཏོན་པའི་ལོ་ཙཱའི་གཞུང་ལུགས་ཡིན་ནོ། །དེ་ལ་དུས་རིམ་བཞི་བརྒྱུད་ཡོད་དེ། དུས་རིམ་དང་པོ་ནི་ཁེར་སི་རེ་ན་རོལ་སི་ཡི་ལོ་ཙཱའི་ཚད་གཞིའི་ཕན་ནུས་རིགས་འབྱེད་སྨྲ་བ་ཡིན། ༡༩༧༡ལོར་ཁེར་སི་རེ་ན་རོལ་སི་ཡི་བརྩམས་ཆོས་ལོ་ཙཱའི་མཐའ་དཔྱོད་ཀྱི་སྒྲུབ་ཚད་རང་བཞིན་དང་ཚོད་འཛིན་རང་བཞིན་ཞེས་པ་ལས་ཐེངས་དང་པོར་ལོ་ཙཱའི་ཕན་ནུས་སྨྲ་བ་ཞེས་པ་བཏོན་པ་རེད། ཁོང་གིས་ཕན་ནུས་ཀྱི་རིགས་ཞེས་པའི་ཐ་སྙད་འདི་ལོ་ཙཱའི་གཞུང་ལུགས་ཁྲོད་བཀོལ་ནས་མ་ཕྱི་དང་འགྱུར་མ་གཉིས་ཀྱི་ཕན་ནུས་ནི་ལོ་ཙཱའི་མཐའ་དཔྱོད་ཀྱི་ཚད་གཞི་ཞིག་ཡིན་ཟེར། ཁོང་གིས་བཏོན་པའི་ཡིད་ཚིམ་པའི་ལོ་ཙཱ་ཞེས་པ་སྟེ་མ་ཕྱི་དང་འགྱུར་མ་གཉིས་ལ་ནང་དོན་དང་སྐད་ཡིག་གི་བརྗོད་སྟངས་དང་། མཐུན་འདྲིས་ཀྱི་ཕན་ནུས་བཅས་ཀྱི་རིམ་པ་འགའི་ཐོག་ནས་ཆ་འདྲ་བའི་འབྲེལ་བ་ཡོད་དགོས་ཟེར་རོ། །གོང་གི་ཁོང་གི་བརྩམས་ཆོས་དེས་འཇར་མན་གྱི་ལོ་ཙཱའི་གཞུང་ལུགས་ཀྱི་ཕན་ནུས་སྨྲ་པ་པོ་ཞེས་པའི་རྨང་གཞི་བཙུགས་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཏུ་ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་ཁྱབ་བརྡལ་བྱུང་བའང་ཡིན་ནོ། །གོ་རིམ་གཉིས་པ་ནི་ཧེན་སི་ཧྥེ་མུར་ཡི་ལོ་ཙཱའི་དམིགས་ཡུལ་སྨྲ་བ་ཡིན། ཧེན་སི་ཧྥེ་མུར་ཡིས་ཆ་འདྲའི་གཞུང་ལུགས་ཀྱི་བཀག་རྒྱ་ལས་བརྒལ་ཏེ་མ་ཕྱི་ལྟེ་གནས་སུ་འཛིན་པའི་ཆ་འདྲ་སྨྲ་བ་དོར་ནས་མ་ཡིག་དང་འགྱུར་ཡིག་གཉིས་ཀྱི་དམིགས་ཡུལ་ནི་ལོ་ཙཱའི་བྱ་བའི་ངེས་ལུགས་དང་པོ་ཡིན་ཞེས་པ་བཏོན། དེ་ནས་ཕན་ནུས་སྨྲ་པ་པོའི་གཞུང་ལུགས་ཀྱི་རྨང་གཞི་ལ་དམིགས་ཡུལ་སྨྲ་བ་ཞེས་བཙུགས་པ་རེད། དམིགས་ཡུལ་སྨྲ་བའི་སྙིང་བོ་ནི་ལོ་ཙཱའི་བྱེད་ཐབས་དང་ལོ་ཙཱའི་ཇུས་འགོད་སོགས་ལ་འགྱུར་མའི་དམིགས་ཡུལ་དང་ཡང་ན་ཕན་ནུས་ཀྱིས་ཁག་ཐེག་བྱེད་དགོས་ཟེར། ཁོང་གིས་བཤད་རྒྱུ་ལ་ལོ་ཙཱ་ནི་མིའི་རིགས་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་བྱ་སྤྱོད་ཐམས་ཅད་ལ་དམིགས་ཡུལ་ཡང་ཡོད་ལ། དེའི་ལྟར་གྱིས་ལོ་ཙཱ་ནི་དམིགས་ཡུལ་གྱི་རང་བཞིན་ལྡན་པའི་བྱ་སྤྱོད་ཅིག་ཡིན་པ་དང་། ལོ་ཙཱའི་དམིགས་ཡུལ་ལ(འགྱུར་མ)སྐད་རིགས་ཀྱི་རྣམ་པའི་སྟེང་ནས་དམིགས་ཡུལ་ག་གེ་མོ་དང་ཡང་ན་དམིགས་ཡུལ་མཚོན་པའི་གང་ཟག་གི་ཆེད་དུ་ཐོན་པའི་བརྩམས་ཆོས་ཡིན་པ་ཟེར་རོ། །གོ་རིམ་གསུམ་པ་སྟེ། མན་ཐ་ལེ་ཡི་ལོ་ཙཱའི་སྤྱོད་པའི་གཞུང་ལུགས་ཡིན། མན་ཐ་ལེ་ཡིས་ཧེན་སི་ཧྥེ་མུར་གྱི་དམིགས་ཡུལ་སྨྲ་བའི་གཞུང་ལུགས་དར་སྤེལ་དུ་བཏང་ནས་བསྟན་དོན། ལོ་ཙཱ་ནི་ཁྱད་འཕགས་ཀྱི་དམིགས་ཡུལ་བསྒྲུབ་པའམ་རྙོག་འཛིང་གི་བྱ་སྤྱོད་ཡིན་ཟེར། མན་ཐ་ལེ་ཡི་ལོ་ཙཱའི་གཞུང་ལུགས་ལ་རིག་གནས་ལས་བརྒལ་བའི་བརྗེ་རེས་ཀྱི་བྱེད་སྟངས་ཡོངས་རྫོགས་འདུས་ཏེ། ལོ་ཙཱ་ཞེས་པའི་ཐ་སྙད་འདིའི་ནང་དོན་སྲོལ་རྒྱུན་གྱི་བརྗོད་སྟངས་ལས་བརྒལ་ནས་ལོ་ཙཱ་དང་ལོ་ཙཱའི་བྱ་སྤྱོད་ཅེས་པ་གཉིས་སུ་བགོས་ཤིང་། ཁོང་གིས་བཏོན་པའི་ལོ་ཙཱའི་བྱ་སྤྱོད་ནི་རིག་གནས་ལས་བརྒལ་བའམ་སྐད་དང་སྐད་ཡིག་བརྒལ་ནས་བརྗེ་རེས་བྱེད་པའི་ཆ་འཕྲིན་ལ་སོགས་སྤྲོད་སྤེལ་བྱེད་པའི་གོ་རིམ་ཞིག་ཡིན་ཟེར། དེ་ཡང་ལོ་ཙཱ་ནི་འགྱུར་མའི་རྣམ་པའི་སྟེང་གི་རིག་གནས་ལས་བརྒལ་བའི་བརྗེ་རེས་བྱེད་པའི་བྱ་འགུལ་ཞིག་ཡིན་ལ། དེས་ལོ་ཙཱའི་བྱ་སྤྱོད་བྱེ་བྲག་གིས་ལག་ལེན་བྱེད་པ་སྟོན་པའོ། །ཁོང་གིས་ད་དུང་ནན་གྱིས་བཤད་རྒྱུར། ལོ་ཙཱའི་གོ་རིམ་ཁྲོད་ཀྱི་སྤྱོད་པ་དང་། ནང་ཞུགས་པའི་འགན་ཁུར། ལོ་ཙཱའི་གོ་རིམ་གྱི་བརྗོད་སྟངས་བཅས་ལ་ལོ་ཙཱའི་ལག་ལེན་ཁྲོད་དུ་ཕན་ནུས་གལ་ཆེན་ཡོད་ཟེར། སྐབས་འདི་ནས་བཟུང་ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་སུ་ལྟ་བ་གསར་བ་ཞིག་སྤེལ་ནས་ལོ་ཙཱའི་བྱ་བ་གསལ་བྱེད་བྱས་ཏེ་མ་ཕྱི་ནི་ཞིབ་འཇུག་གི་ལྟེ་གནས་ཡིན་པ་དོར་ནས་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་ལ་སྲོལ་བཟང་བ་ཞིག་གསར་གཏོད་བྱས་པ་རེད། གོ་རིམ་བཞི་བ་སྟེ། ནོ་ཏི་ཡི་ཕན་ནུས་དང་རྣམ་དག་གི་གཞུང་ལུགས་ལ་ཟེར། ཁོང་གིས་ད་དུང་དམིགས་ཡུལ་སྨྲ་པ་པོའི་གཞུང་ལུགས་དར་སྤེལ་ཏུ་བཏང་སྟེ་དམིགས་ཡུལ་སྨྲ་པ་པོའི་མི་རབས་གཉིས་པ་ཡིན་ཟེར། ཕན་ནུས་སྨྲ་པ་པོའི་གཞུང་ལུགས་ཀྱི་བཤད་པ་སྣ་ཚོགས་ཆ་ཚང་ངམ་མ་ལག་ལྡན་པའི་སྒོ་ནས་ལེགས་སྒྲིག་དང་གཅིག་བསྡུས་བྱས་ནས་ཕན་ནུས་སྨྲ་པ་པོའི་གཞུང་ལུགས་བཙུགས་པ་ནས་གཞན་གྱིས་དགག་རྒྱག་སྣ་ཚོགས་ངོ་སྤྲོད་དང་དེ་དག་ལ་ལན་བཏབ་པ་རེད། ཁོང་གིས་ཕན་ནུས་སྨྲ་པ་པོའི་གཞུང་ལུགས་དར་སྤེལ་དང་ཁ་སྣོན་བྱས་ཏེ་ཕན་ནུས་དང་རྣམ་དག་ཅེས་པའི་རྩ་དོན་བཏོན་པ་རེད། ཁོང་གིས་གསུངས་པའི་ཕན་ནུས་དང་རྣམ་དག་གི་གོ་དོན་ཏེ། ཕན་ནུས་ནི་འགྱུར་མ་ལ་སྔོན་གྱི་འཆར་བཀོད་ལྟར་བྱེད་ཐབས་སྤྱད་དེ་འགྱུར་མས་དམིགས་པའི་ཕན་ནུས་ཆེད་དུ་འགྱུར་མ་ལེགས་སྒྲིག་དང་ཡང་ན་བསྐྱར་འབྲི་དང་སུབ་འཕྲི་བྱེད་པ་ལ་ཟེར། རྣམ་དག་ཅེས་པ་ནི་ལོ་ཙཱ་བ་དང་རྩོམ་པ་པོ། ཡང་ན་འགྱུར་མའི་བེད་སྤྱོད་པ་དང་ལོ་ཙཱའི་རྩ་འཛུགས་པ་བཅས་ཀྱི་བར་གྱི་ཁེ་ཕན་དང་འབྲེལ་བ་མཐུན་སྦྱོར་འབྱུང་བ་ལ་ཟེར།
       
གསུམ་པ། ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་ཀྱི་བཤད་པ་གཙོ་བོ།
       
༡.ལོ་ཙཱའི་ངོ་བོ།
       
ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གོ་དོན་ཏེ། ལོ་ཙཱ་ནི་ཕན་ནུས་ག་གེ་མོ་འདོན་སྤེལ་བྱེད་པ་ལ་གསར་དུ་བྲིས་པའི་འགྱུར་མའི་བརྩམས་ཆོས་ཡིན་ཞིང་། འགྱུར་མའི་ཕན་ནུས་ལ་འགྱུར་མས་དམིགས་པའམ་བླང་བྱ་ལྟར་བྱེ་བྲག་ཏུ་མཚོན་ཏེ་མ་ཕྱི་དང་འགྱུར་མའི་བར་གྱི་འབྲེལ་བ་ཁག་ཐེག་བྱེད་པ་དང་། ཡང་ན་ཕྱི་རོལ་ཡུལ་དུ་ཡོད་པའི་སྐད་དང་ཡི་གེ་རིག་གནས་བར་ཕན་ཚུན་མཐུན་འདྲིས་བྱེད་དཀའ་བའི་གནས་ཚུལ་དེ་ལ་ལོ་ཙཱ་སྤྱད་ནས་བདེ་བླག་ཏུ་འགྲུབ་པ་རེད་ཅེས་པའོ། །གོ་དོན་འདིར་དོན་གསུམ་འདུས་ཡོད་ལ། གཅིག་ནི་འགྱུར་མ་ལ་ཕན་ནུས་ངེས་ཅན་ཞིག་ཡོད། གཉིས་ནི་མ་ཕྱི་དང་འགྱུར་མའི་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་དགོས། འོན་ཀྱང་འབྲེལ་བ་ཅི་འདྲ་ཞིག་མཚོན་པ་དེ་ལ་འགྱུར་མའི་ཕན་ནུས་སམ་དམིགས་ཡུལ་ལ་རག་ལས་ཡོད། གསུམ་ནི་དངོས་ཡོད་ཀྱི་སྐད་དང་ཡི་གེ་རིག་གནས་བཅས་ཀྱི་མཐུན་འདྲིས་བར་གྱི་བཀག་འགོག་དེ་ངེས་པར་དུ་ལོ་ཙཱས་སེལ་དགོས་སོ། །གོང་གི་བརྗོད་པ་ནི་ཕན་ནུས་སྨྲ་བ་པོའི་གཞུང་ལུགས་ཀྱིས་ལོ་ཙཱའི་ངོ་བོར་ངེས་འཛིན་བྱས་པ་ཡིན་ནོ། །
       
༢.ལོ་ཙཱའི་བྱ་བར་ཞུགས་མཁན་དང་དེ་དག་གི་འགན་ཁུར།
       
སྤྱིར་བཏང་གི་ལོ་ཙཱའི་གཞུང་ལུགས་ཁྲོད་དུ་ལོ་ཙཱ་ཞུགས་མཁན་ཕྱོགས་གསུམ་དུ་བགོས་ཡོད་དེ། མ་ཕྱིའི་རྩོམ་མཁན་དང་། ལོ་ཙཱ་བ་དང་། འགྱུར་མའི་བཀོལ་སྤྱོད་པ་བཅས་སོ། །གོང་ནས་བརྗོད་པ་ལྟར་དུ་ལོ་ཙཱ་ནི་དམིགས་ཡུལ་གྱི་རང་བཞིན་ལྡན་པའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། དེ་ནི་སྤྱི་ཚོགས་ཀྱི་རང་བཞིན་ལྡན་པའི་བྱ་སྤྱོད་ཅིག་ཀྱང་ཡིན་ཞིང་། ལོ་ཙཱར་ཞུགས་མཁན་སོ་སོར་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་ནས་ཕན་ཚུན་བར་དུ་འགུལ་སྐྱོད་བྱུང་བའི་མ་ལག་གཅིག་ཏུ་གྱུར་པ་ཡིན་ནོ། །ཕན་ནུས་སྨྲ་པ་པོས་ལོ་ཙཱར་ཞུགས་མཁན་རིགས་ལྔར་བགོས་ཡོད་ལ། ལོ་ཙཱའི་རྩ་འཛུགས་པ་ཡང་ན་འགན་འཆོལ་མཁན་ཟེར་བ་དེ་དང་། ལོ་ཙཱ་བ་དང་། མ་ཕྱིའི་རྩོམ་པ་པོ་དང་། འགྱུར་མའི་དང་ལེན་པ་དང་། འགྱུར་མའི་བཀོལ་སྤྱོད་པ་བཅས་སོ། །དེ་དག་གི་ནང་གི་ལོ་ཙཱ་བ་ནི་ལོ་ཙཱའི་བྱ་འགུལ་ཁྲོད་ཀྱི་གནད་འགག་ཡིན། ལོ་ཙཱ་བས་ལོ་ཙཱའི་འགན་འཆོལ་མཁན་གྱི་རེ་འདོད་ལྟར་འགྱུར་མའི་དམིགས་ཡུལ་བསྐངས་ནས་ལོ་ཙཱའི་འགན་ལེན་པའོ། །ཞུགས་མཁན་རིགས་ལྔ་དེ་ནི་ལྟོས་བཅས་ཀྱིས་བགོས་པ་ཡིན་ལ། དངོས་ཡོད་ཀྱི་བྱ་འགུལ་དུ་ལོ་ཙཱ་ཞུགས་མཁན་གཅིག་གིས་འགན་འགའ་ཁུར་འདུག་གོ། ཞུགས་མཁན་རིགས་ལྔ་ཁྲོད་ཀྱི་འགྱུར་མའི་དང་ལེན་པ་ནི་འགྱུར་མ་ཅི་འདྲ་ཞིག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། དེས་ལོ་ཙཱ་བར་མ་ཕྱི་ཞིབ་དཔྱོད་དང་ལོ་ཙཱའི་དམིགས་ཡུལ་བསྒྲུབ་པ་ལ་ཤུགས་རྐྱེན་ཐེབས་པས་དེ་ནི་ལོ་ཙཱའི་བླང་བྱའི་གྲུབ་ཆ་ཞིག་ཡིན་ནོ། །ལོ་ཙཱའི་གཞུང་ལུགས་པ་ནོ་ཏི་ཡིས་འགྱུར་མའི་དང་ལེན་པ་ཞེས་པ་རིགས་གཉིས་སུ་བགོས་ཡོད་ལ། དེ་ནི་སྔོན་དཔག་གི་དང་ལེན་པ་དང་དང་ལེན་པ་དངོས་ཅན་གཉིས་སོ། །འགྱུར་མའི་དང་ལེན་པ་དངོས་ཅན་དེ་ལ་ལོ་ཙཱ་བས་སྔོན་དཔག་གི་འགྱུར་མའི་བླང་བྱ་ལྟར་དུ་འགྱུར་མའི་དམིགས་ཡུལ་ལམ་ཕན་ནུས་མངོན་པར་མཚོན་པ་ཡིན་ནོ། །
       
༣.ལོ་ཙཱའི་རྩ་དོན།
       
ཕན་ནུས་སྨྲ་པ་པོས་ལོ་ཙཱའི་རྩ་དོན་ལ་རིགས་གཉིས་སུ་བགོས་ཡོད་ཅིང་། དེ་ནི་ལོ་ཙཱའི་གོ་རིམ་ཐམས་ཅད་ལ་བཀོལ་ཆོག་པའི་སྤྱིར་བཏང་གི་རྩ་དོན་དང་། དམིགས་བསལ་གྱི་གནས་ཚུལ་དུ་བཀོལ་པའི་དམིགས་བསལ་གྱི་རྩ་དོན་བཅས་སོ། །
       
(༡)དམིགས་ཡུལ་གྱི་ངེས་ལུགས་སམ་རྩ་དོན་གྱི་སྙིང་བོ་སྟེ། ཧེན་སི་ཧྥེ་མུར་གྱི་དམིགས་ཡུལ་སྨྲ་བ་ནི་ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་ཀྱི་ཆེས་གལ་ཆེ་བའི་གཞུང་ལུགས་ཤིག་ཡིན། དམིགས་ཡུལ་སྨྲ་བའི་དོན་ལྟར་ན། ལོ་ཙཱའི་བྱ་བ་ཐམས་ཅད་ལ་ལག་བསྟར་བྱེད་དགོས་པའི་རྩ་དོན་དང་པོ་ནི་དམིགས་ཡུལ་གྱི་རྩ་དོན་ཡིན་ཞིང་། ལོ་ཙཱའི་བྱ་བའི་དམིགས་ཡུལ་གྱིས་ལོ་ཙཱའི་བྱ་བའི་གོ་རིམ་ཡོངས་རྫོགས་ཁག་ཐེག་བྱས་པ་ཡིན་ལ། དེ་ནི་འབྲས་བུ་ཡིས་བྱེད་ཐབས་ཁག་ཐེག་བྱས་པ་རེད། དམིགས་ཡུལ་ཞེས་པར་བཤད་པ་གསུམ་ཡོད་དེ། དང་པོ་ལོ་ཙཱ་བའི་དམིགས་ཡུལ(དཔེར་ན། སྒོར་མོའི་ཆེད་དུ)ཡིན། གཉིས་པ་འགྱུར་མའི་མཐུན་འདྲིས་ཀྱི་དམིགས་ཡུལ(དཔེར་ན། ཀློག་པ་པོའི་བློ་སྒོ་འབྱེད་པའི་ཆེད་དུ)ཡིན། གསུམ་པ་དམིགས་བསལ་གྱི་ལོ་ཙཱའི་བྱེད་ཐབས་ཤིག་བཀོལ་ནས་དམིགས་ཡུལ་བསྐངས་པ(དཔེར་ན། མ་ཕྱིའི་དམིགས་བསལ་གྱི་བརྡ་སྤྲོད་ཀྱི་གྲུབ་ཚུལ་གསལ་བཤད་ཆེད་དུ་ལོ་ཙཱའི་སྐབས་སུ་བརྡ་སྤྲོད་དེ་དག་ཐད་སྒྱུར་བྱས་པའི་ཐབས་བཀོལ་པ)ཡིན་ནོ། །འདི་ནས་གླེང་བའི་དམིགས་ཡུལ་ནི་སྤྱིར་བཏང་གི་འགྱུར་མའི་མཐུན་འདྲིས་ཀྱི་དམིགས་ཡུལ་ལ་ཟེར་རོ། །དམིགས་ཡུལ་སྨྲ་བའི་གཞུང་ལུགས་ལ་དམིགས་ཡུལ་གྱི་རྩ་དོན་མ་གཏོགས། ད་དུང་རྒྱུན་མཐུད་རང་བཞིན་གྱི་རྩ་དོན་དང་མི་འགལ་བའི་རང་བཞིན་གྱི་རྩ་དོན་བཅས་ཡོད་ཅིང་། རྒྱུན་མཐུད་རང་བཞིན་གྱི་རྩ་དོན་ཞེས་པ་ནི་འགྱུར་མའི་སྐད་ཡིག་བར་ལ་རྒྱུན་མཐུད་བྱུང་བའམ་ཚིག་བདེ་བ། འགྱུར་མ་བེད་སྤྱོད་པས་འགྱུར་མའི་གོ་བ་ལེན་ཐུབ་པ་དང་། འགྱུར་མའི་སྐད་རིགས་སྤྱོད་པའི་རིག་གནས་ཀྱི་ཁོར་ཡུག་ཁྲོད་དུ་དེ་ལ་དོན་སྙིང་ལྡན་དགོས་སོ། །མི་འགལ་བའི་རང་བཞིན་གྱི་རྩ་དོན་ཞེས་པ་ནི་འགྱུར་མ་དང་མ་ཕྱིའི་སྐད་གཉིས་ཀྱི་བར་དུ་རྒྱུན་མཐུད་བྱུང་སྟེ་མ་ཕྱིའི་དོན་དང་མི་འགལ་བའོ། །འོན་ཀྱང་མ་ཕྱི་དང་འགལ་ཡོད་མེད་ལ་འགྱུར་མའི་དམིགས་ཡུལ་གྱིས་ཁག་ཐེག་བྱས་པ་རེད། དེའི་རྐྱེན་གྱིས་རྒྱུན་མཐུད་རང་བཞིན་གྱི་རྩ་དོན་དང་མི་འགལ་བའི་རང་བཞིན་གྱི་རྩ་དོན་གཉིས་ཀྱིས་དམིགས་ཡུལ་གྱི་རྩ་དོན་དེ་ལྟེ་གནས་སུ་འཛིན་པ་ཡིན་ནོ། །དཔེར་ན། གལ་ཏེ་ལོ་ཙཱའི་དམིགས་ཡུལ་ནི་འགྱུར་མའི་ཚིག་སྦྱོར་རྒྱུན་མཐུད་དམ་བདེ་མོ་ཡིན་པ་དེ་ལ་སྒྱུར་པ་པོས་འགྱུར་མའི་ཚིག་བདེ་བ་དེ་དམིགས་ཡུལ་གཙོ་བོར་བཟུང་ནས་ལོ་ཙཱའི་བྱ་འགུལ་སྤེལ་པས། རྒྱུན་མཐུད་རང་བཞིན་གྱི་རྩ་དོན་སྐབས་འདི་ནས་ལོ་ཙཱའི་དམིགས་ཡུལ་ལ་མཐུན་པས་རྩ་དོན་གཞན་དག་ཕལ་བ་ཡིན། དེ་ལ་རིགས་བསྒྲེས་པ་ན། གལ་ཏེ་ལོ་ཙཱའི་དམིགས་ཡུལ་ལ་འགྱུར་མའི་ཚིག་བདེ་བ་གཙོར་མི་འཛིན་པས་འགྱུར་མར་རྒྱུན་མཐུད་རང་བཞིན་གྱི་རྩ་དོན་མི་བཀོལ་ལོ། །གལ་ཏེ་ལོ་ཙཱའི་དམིགས་ཡུལ་ལ་མ་ཕྱིའི་ཁྱད་ཆོས་འགྱུར་མས་མངོན་སུམ་དུ་མཚོན་དགོས་ན་མི་འགལ་བའི་རྩ་དོན་དེ་དམིགས་ཡུལ་གཙོ་བོ་ཡིན་ནོ། །གལ་ཏེ་འགྱུར་མའི་དམིགས་ཡུལ་ལ་འགྱུར་མ་དང་མ་ཕྱི་བར་དུ་ཕན་ནུས་འགའ་ཁྱད་པར་ཡོད་དགོས་ན་མི་འགལ་བའི་རྩ་དོན་སྐབས་འདི་ལ་མི་བཀོལ་ལོ། །གོང་གི་དཔེ་བརྗོད་ལྟར་ན། དམིགས་ཡུལ་གྱི་རྩ་དོན་ནི་སྤྱིར་བཏང་དུ་བཀོལ་པའི་རྩ་དོན་ཞིག་ཡིན་ཞིང་། རྒྱུན་མཐུད་རང་བཞིན་གྱི་རྩ་དོན་དང་མི་འགལ་བའི་རང་བཞིན་གྱི་རྩ་དོན་ནི་དམིགས་བསལ་གྱི་རྩ་དོན་ཡིན་ནོ། །
       
(༢)རྣམ་དག་གི་རྩ་དོན།
       
ནོ་ཏི་ཡི་རྣམ་དག་གི་རྩ་དོན་དེ་ནི་ཕན་ནུས་སྨྲ་པ་པོའི་གཞུང་ལུགས་ཀྱི་བཤད་པ་སྣ་ཚོགས་ཆ་ཚང་ངམ་མ་ལག་ལྡན་པའི་སྒོ་ནས་ལེགས་སྒྲིག་དང་གཅིག་བསྡུས་ཀྱིས་ཞིབ་བཤེར་བྱས་ཏེ་བཏོན་པ་ཡིན། ཁོང་གིས་དམིགས་ཡུལ་སྨྲ་བའི་གཞུང་ལུགས་ལ་ཞིབ་དཔྱོད་བྱས་ནས་སྐྱོན་ཆ་གཉིས་ཡོད་པར་བསྟན་དོན། གཅིག་ནི་རིག་གནས་སོ་སོར་དམིགས་བསལ་གྱི་ལོ་ཙཱའི་སྒྱུར་སྟངས་ཤིག་ཡོད་པའི་སྐྱོན་ཏེ། འགྱུར་མའི་བེད་སྤྱོད་པར་རང་ཉིད་ཀྱི་རིག་གནས་ལྟར་དུ་མ་ཕྱི་ཇི་བཞིན་གྱིས་མཚོན་པའི་རེ་འདོད་ཡོད་ཀྱང་སྒྱུར་པ་པོས་དེ་ལྟར་སྒྱུར་མ་ཐུབ་ན་འགྱུར་མའི་བེད་སྤྱོད་པར་གསལ་བྱེད་བྱ་དགོས། གཉིས་ནི་སྒྱུར་པ་པོ་དང་མ་ཕྱིའི་རྩོམ་པ་པོ་བར་གྱི་འབྲེལ་བའི་སྐྱོན་ཏེ། ལོ་ཙཱའི་བྱ་འགུལ་ཁྲོད་དུ་མི་འགལ་བའི་རྩ་དོན་ཡོད་ཀྱང་དེ་ནི་དམིགས་ཡུལ་གྱི་རྩ་དོན་གྱི་ཁོངས་སུ་གཏོགས་པས། གོང་གི་དམིགས་ཡུལ་སྨྲ་བའི་རྩ་དོན་གསུམ་ལྟར། གལ་ཏེ་དམིགས་ཡུལ་གྱི་རྩ་དོན་གཙོར་བཟུང་ནས་དམིགས་ཡུལ་ཞིག་གི་ཆེད་དུ་གང་འདོད་ཀྱིས་མ་ཕྱི་དང་འགྱུར་མ་བར་གྱི་འབྲེལ་བ་དང་འགལ་ན་སྒྱུར་པ་པོས་རང་འདོད་ཀྱིས་བསྒྱུར་པའི་སྐྱོན་ཡོད། དེའི་རྐྱེན་གྱིས་མ་ཕྱིའི་ནང་དོན་དང་འགལ་བ་ལ་ཚད་གཞི་ཞིག་ཡོད་དགོས། ཚད་ཞིག་མེད་ན་དམིགས་ཡུལ་སྨྲ་བའི་ལོ་ཙཱའི་གཞུང་ལུགས་ལ་དོན་སྙིང་མེད་ཟེར། ནོ་ཏིས་བཏོན་པའི་སྐྱོན་འདི་གཉིས་སེལ་བའི་ཆེད་དུ་རྣམ་དག་གི་རྩ་དོན་འདོན་སྤེལ་བྱས་ཏེ་དམིགས་ཡུལ་སྨྲ་བའི་གཞུང་ལུགས་ཇེ་ཚང་དུ་གཏོང་ངེས་སོ། །ཁོང་གིས་བཏོན་པའི་རྣམ་དག་ཅེས་པ་ནི་སྒྱུར་པ་པོ་དང་རྩོམ་པ་པོ། ཡང་ན་འགྱུར་མའི་བེད་སྤྱོད་པ་དང་ལོ་ཙཱའི་རྩ་འཛུགས་པ་བཅས་ཀྱི་བར་གྱི་ཁེ་ཕན་དང་འབྲེལ་བ་མཐུན་སྦྱོར་འབྱུང་བའོ། །མདོར་བསྡུས་ན་རྣམ་དག་གི་རྩ་དོན་གྱིས་འགྱུར་མའི་རྩ་འཛུགས་པ་དང་། འགྱུར་མའི་བེད་སྤྱོད་པ་དང་། མ་ཕྱིའི་རྩོམ་མཁན་བཅས་ཕྱོགས་གསུམ་གྱི་ཁེ་ཕན་སྲུང་བ་ཡིན་ལ། སྒྱུར་པ་པོས་གང་འདོད་ཀྱིས་བསྒྱུར་པ་བཀག་འགོག་བྱས་པའང་རེད་དོ། །
       
མདོར་ན་ཕྱི་གླིང་གི་ཕན་ནུས་སྨྲ་པ་པོའི་ལོ་ཙཱའི་གཞུང་ལུགས་ནི་དམིགས་ཡུལ་གྱི་རྩ་དོན་གཙོར་འཛིན་པའི་ལོ་ཙཱའི་ཚད་གཞི་སྣ་མང་ཅན་གྱི་གཞུང་ལུགས་ཆ་ཚང་བ་ཞིག་ཡིན་ཞིང་། དེའི་ནང་སྙིང་ནི་ལོ་ཙཱའི་དམིགས་ཡུལ་དང་འགྱུར་མའི་ཕན་ནུས་ཡིན་ནོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005