གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། འཇམ་དར་ལགས་ཀྱིས་ལོ་ཙཱའི་སྐོར་གླེང་བ།
སྤེལ་དུས།2015-01-22   ཡོང་ཁུངས་།   རྩོམ་པ་པོ། འཇམ་དབྱངས་དར་རྒྱས།

བོད་ཀྱི་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས།

       བོད་ཀྱི་ལོ་ཙཱ་བ་འཇམ་དབྱངས་དར་རྒྱས་ལགས་ཀྱི་བོད་འགྱུར་དཔེ་ཚོགས་ལས་དེབ་དང་པོ་དང་གཉིས་པ། གསུམ་པ་བཅས་ན་ནིང་ལོ་མཇུག་ཏུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དང་། དཔེ་ཚོགས་དེར་ཁྱོན་དཔེ་ཆ་བཞི་ཡོད་པ་ལས་དེབ་དང་པོ་ནིསྲིད་སྐྱོང་མེ་ལོངནང་དུ་འཁོད་པའི་བོད་ཀྱི་འབྲེལ་ཡོད་ལོ་རྒྱུས་ཡིག་ཆ་ཡིན་ཞིང་། དེབ་གཉིས་པ་དང་གསུམ་པ། བཞི་པ་བཅས་ནི་རྒྱ་ནག་གི་ལོ་རྒྱུས་དཔེ་རྒྱུན་བཅུ་ཁ་ཙམ་གྱི་ཁྲོད་ནས་བླངས་པའི་བོད་ཀྱི་ལོ་རྒྱུས་ཁ་འཐོར་དུ་གནས་པ་དག་ཡིན། དེབ་བཞི་པ་དེ༢༠༡༤ ལོར་དཔེ་སྐྲུན་བྱས་པ་རེད།
       ལོ་ཙཱ་བའི་འགྱུར་དེབ་སྔོན་མ་གསུམ་དཔེ་སྐྲུན་བྱས་རྗེས། བོད་ཀྱི་ཤེས་ཡོན་པའི་ཁྲོད་དུ་ཚུར་སྣང་དང་གདེང་འཇོག་ཀྱང་གང་ལེགས་ཐོབ། སྔ་ཕྱིར་བོད་མིའི་རིག་གནས་དྲ་བ་དང་བོད་ལྗོངས་རིག་གནས་དྲ་བ། མཚོ་སྔོན་གསར་འགྱུར་དྲ་བ། མཚོ་སྔོན་པོ་དྲ་བ། མཚོ་སྔོན་པོའི་པོད་ཁུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་རྒྱལ་ནང་གི་བོད་འབྲེལ་དྲ་བ་ཆེ་དྲག་ཁག་ཏུ་བཀོད་གདའ།
      
བོད་ཀྱི་ལོ་རྒྱུས་མཁས་པའམ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་གཙོ་རྒྱལ་མོ་འབྲུག་པ་ལགས་ནས་ཁོང་གི་བོད་འགྱུར་མ་དེརའགྱུར་ཡིག་དེ་མ་ཡིག་དང་མཐུན་ལ། སྐད་བརྡ་སྤུས་དག་ཅིང་ཚིག་གསལ་བ་དང་ཟབ་བརླིང་ལྡན། ཁ་གསལ་ཅིང་གོ་བདེ་བ་དང་བོད་སྐད་ཀྱི་ཉམས་ཀྱིས་ཕྱུག་འདུགཅེས་དང་། གཞནདེབ་གསུམ་པོ་འདི་ནི་རྒན་འཇམ་དབྱངས་དར་རྒྱས་ལགས་ཀྱིས་ཕྱག་ལས་ཀྱི་ཁོམ་ལོང་སྤྱད་ནས། ཁོང་རང་གི་ཤེས་ཡོན་དང་འབད་བརྩོན་ལ་བརྟེན་ཏེ་ཉིན་མཚན་ལྟོས་མེད་དུ་ཡིག་བསྒྱུར་གནང་པའི་གྲུབ་འབྲས་རེད། ལོ་ཙཱ་བ་ཁོང་ནི་བོད་ཀྱི་གཞོན་སྐྱེས་ཚོའི་ནང་ནས་དཔེ་མཚོན་ཅན་གྱི་ཕུགས་འདུན་དང་ཧུར་བརྩོན་མངའ་ལ་འབད་བརྩོན་དང་རྒྱུན་འཁྱོངས་ཕོད་པའི་མིག་དཔེར་འཛིན་ཆོག་པ་ཞིག་རེད་ཟེར་ཆོགཅེས་གདེང་འཇོག་མཐོན་པོ་གནང་།
      
འཇམ་དབྱངས་དར་རྒྱས་ལགས་ནི་དེ་སྔོན་བདག་གི་ལས་རོགས་ཡིན་ཞིང་། ལས་ཀའི་ཁོམ་གསེང་ཁྲོད་ངེད་གཉིས་ནི་ཕན་ཚུན་དབར་ཐུན་མོང་གི་ལབ་གཞི་མང་བའི་གྲོགས་པོ་ཡང་ཡིན། དེ་ཡང་རྩོམ་རིག ལོ་ཙཱ། བོད་སོག་རིག་གནས། ནང་ཆོས་སོགས་ཀྱི་སྐོར་དང་། གཞན་མཉམ་དུ་བརྒྱུད་པའི་ལས་ཀའི་སྐོར། དེ་མིན་མཉམ་དུ་ངོ་ཤེས་པའི་གྲོགས་པོ་བཅས་ནི་ངེད་གཉིས་ཀྱིས་ནམ་ཡང་གླེང་མི་ཚར་བའི་སྐད་ཆའི་འབྱུང་ཁུངས་ཡིན།
      
འཇམ་དབྱངས་དར་རྒྱས་ལགས་ནི་གཤིས་རྒྱུད་ནང་དུ་ཕྱོགས་པའི་གཉོམ་ཆུང་ཞིག་ཡིན། དེར་བརྟེན་ངས་བསམ་ཚེ། གཉོམ་ཆུང་ནི་མི་ཚང་མར་ལྡན་པ་ཞིག་མ་ཡིན། དེ་ཡང་དམིགས་པ་ཅི་ཡང་མེད་པའི་མི་ལག་སྟོང་ཞིག་གི་ཁ་ནས་རང་ཉིད་མི་གཉོམ་ཆུང་ཞིག་ཡིན་པར་བསྙད་ཚེ། དེ་ནི་ཁོང་དགོད་བྱ་ཡུལ་ཉིད་དུ་ཟད་དོ། ། དེ་ནི། གཉོམ་ཆུང་ལ་ངེས་པར་གཉོམ་ཆུང་གི་རྒྱུ་རྐྱེན་ཡོད་དགོས་པས་ཡིན། དཔེར་ན། ཕྱོགས་ག་གེ་མོར་མཁས་རྟགས་ཚང་བའི་གྲུབ་འབྲས་ཡོད་པ་དང་གཞན་གྱིས་ཡིད་སྨོན་འཆོར་བའི་མི་གཞི་བཟང་བ་སོགས་སོ།། འཇམ་དབྱངས་དར་རྒྱས་ལགས་ནི་ཤེས་རྒྱ་ཡངས་ཤིང་། ཞིབ་འཇུག་ཐད་ཟབ་ནན་ཆེ་བ་དང་། རྒྱ་བོད་ལོ་ཙཱའི་ཁྱབ་ཁོངས་སུ་རྒྱ་འགྱུར་བོད་ཡིག་ཡིག་ཚགས་ཀྱི་ལོ་ཙཱའམ་བོད་འགྱུར་རྒྱ་ཡིག་གི་ལོ་རྒྱུས་རིག་པའི་ལོ་ཙཱ། ཡང་ན་རྒྱ་བོད་རྩོམ་རིག་ལོ་ཙཱའི་ཁྱབ་ཁོངས་གང་ཡིན་ཀྱང་། སྤུས་ཚད་ཐད་དགའ་འོས་པའི་གྲུབ་འབྲས་མངོན་ཡོད། དེ་ལྟར་ཁོང་ནི་ཁ་ཁུ་སིམ་པའི་མི་ཞིག་ཡིན་ལ། མགོ་མཐོ་མདོག་དང་ཁེངས་དྲེགས་ཅི་ཡང་མེད་པར་རང་གི་དམིགས་པ་བཅངས་ཤིང་སྡུག་རུས་ཐུབ་པ་ལ་བརྟེན་ནས་སོ་སོའི་ཕུགས་འདུན་ལ་བརྩོན་པ་ཞིག་ཡིན། ཤིང་རྟ་ལོའི་ལོ་གསར་ཚེས་ལ་ཉེ་བའི་གོང་དུ། བདག་གིས་བོད་ཀྱི་ལོ་ཙཱ་བ་དང་ཤེས་ཡོན་ཅན་ཡིན་པའི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་ཞིབ་བཤེར་སྐུ་གཞོན་རྒན་འཇམ་དབྱངས་དར་རྒྱས་ལགས་ལ་ཁ་ཆད་ཀྱིས་ཁོང་དང་ལྷན་དུ་ལོ་ཙཱའི་སྐོར་གྱི་ཁ་བརྡ་བྱས་པ་ཡིན། སྐབས་དེའི་ནང་དོན་ནི་གཤམ་གསལ།
      
ཧ་སིན། ཐོག་མར་ཁྱེད་རང་གི་བོད་བསྒྱུར་དཔེ་ཚོགས་གསར་དུ་ཐོན་པར་རྟེན་འབྲེལ་ཞུ། ལོ་རྒྱུས་དཔེ་ཆ་བསྒྱུར་བ་ལ་གནའི་རྒྱ་ཡིག་གི་རྨང་གཞི་ལེགས་པོ་ཞིག་དགོས་པས་ཉིད་ཀྱི་གནའི་རྒྱ་ཡིག་གི་ཆུ་ཚད་དེ་ཇི་ལྟར་སྦྱངས་པ་ཡིན།
      
འཇམ་དར། ངའི་གནའི་རྒྱ་ཡིག་གི་རྨང་གཞི་དེ་འདྲའི་ཡག་པོ་མེད། དེ་བཤད་ན་ངོ་གནོང་དགོས་པ་ཞིག་རེད། ང་རང་དམའ་འབྲིང་ལོ་རིམ་གཉིས་པར་གཞི་ནས་རྒྱ་ཡིག་སྦྱོང་མགོ་ཚུགས་པ་ཡིན། དམའ་འབྲིང་ལ་མ་འབྱོར་གོང་དུ་ངས་རང་གི་མིང་ཡང་རྒྱ་ཡིག་གིས་འབྲི་ཤེས་ཀྱི་མེད། དམའ་འབྲིང་ལོ་རིམ་གཉིས་པའི་སྐབས་སུ། རྒྱ་ཡིག་དགེ་རྒན་གྱིས་ང་དང་ངའི་སློབ་གྲོགས་གཅིག་ལ་དམིགས་སུ་སློབ་ཁྲིད་གནང་ནས། ང་གཉིས་ལ་ལོ་རིམ་དང་པོའི་སློབ་ཚན་ཁྲིད་པ་རེད། ཡི་གེ་འགའ་ཞིག་ཤེས་རྗེས། ཧ་གོ་ལ་མ་གོའི་ཚུལ་དུ་ཀློག་བདེ་བ་འགའ་ཞིག་བཀླགས་པ་ཡིན། ལྟ་ཀློག་བརྒྱུད་དེ་དང་ཐོག་ཡི་གེ་མི་ཤེས་པའི་གནད་དོན་དེ་ཐག་ཆོད་སོང་། དམའ་འབྲིང་དང་འབྲིང་རིམ་ཆེད་ཚན་འདོན་པའི་རིང་ལ། ཚང་མ་དྲག་རྩལ་སྒྲུང་གཏམ་ལྟ་ཀློག་བྱེད་པར་དང་དོད་ཆེ། སྐབས་དེ་དུས་སློབ་གྲྭའི་དཔེ་མཛོད་ཁང་དུ་ཡང་དཔེ་དེབ་འདིའི་རིགས་མོད་པོ་ཡོད། ང་ཡང་སློབ་གྲོགས་གཞན་དང་འདྲ་བར། མགོ་ཚོས་ལ་མ་ཚོས་དུ་ཅིན་ཡུང་། ལིའང་ཡུས་ཧྲེང་། ཀུའུ་ལུང་སོགས་དྲག་རྩལ་སྒྲུང་གཏམ་མང་པོ་བལྟས་མྱོང་། སྐབས་དེ་དུས་དཔེ་དེབ་འདི་རིགས་གཡར་ཐུབ་ཚེ། སྐོམ་པ་ཆུ་འདོད་ལ་ཆུ་རྙེད་པ་ནང་བཞིན་རེད་ལ། དཔེ་ཀློག་ལ་མགོ་འཁོར་བ་ནི་ཟས་བརྗེད་གཉིད་བཅག་གི་ཚད་དེར་ཐོན་ཡོད་ཟེར་ན་ཆོག དེ་དག་བཀླགས་པར་བརྟེན་དམའ་འབྲིང་ལོ་རིམ་གསུམ་པ་ནས་འབྲིང་རིམ་ཆེད་ཚན་གྱི་ལོ་རིམ་གཉིས་པའི་བར་གྱི་དུས་ཚོད་ནང་། ངའི་གོ་བ་ལོན་པའི་ནུས་ཚད་དེ་ཡར་ཐོན་བྱུང་། དེའི་རིང་ལ་ད་དུང སུའེ་ཐང་རྒྱལ་རབས་གཉིས་ཀྱི་སྒྲུང ཐང་གི་རྒྱལ་རབས་ཉི་ཤུའི་སྒྲུང ཧུའུ་ཚང་གི་དམག་དཔོན་གྱི་སྒྲུང ཁྲི་པི་མེར་བསྲེགས་པ དབྱང་ཚང་གི་དམག་དཔོན་གྱི་སྒྲུང ཞུའེ་ཏིང་ཧྲན་གྱི་ནུབ་འདུལ་གཏམ་རྒྱུད ཏོའུ་ཨར་ཏུན་གྱི་ལོ་རྒྱུས》《ཐུང་ལིན་གྱི་ལོ་རྒྱུས ཡུའེ་ཧྥེ་ཡི་ལོ་རྒྱུས》《ཡུའེ་ཧྥེ་ཡི་ལོ་རྒྱུས་ཆ་ཚང་བརྗོད་པ》《ཧྲི་གུང་གིས་གྱོད་གཞི་རྩར་བཅད་པའི་གཏམ་རྒྱུདསོགས་ཀྱང་བལྟས་པ་ཡིན། དེབ་འདི་གྲས་ལ་ལ་ཞིག་ནི་ཕལ་སྐད་ཁོ་ན་ཡིན་པ་དང་། འགའ་ཤས་ནི་ཕལ་སྐད་དང་ཡིག་སྐད་འདྲེས་མ་རེད། ཕལ་སྐད་དང་ཡིག་སྐད་འདྲེས་མའི་དཔེ་དེབ་འདི་རིགས་བལྟས་པ་མང་བས། དེས་སློབ་དེབ་ནང་གི་ཡིག་སྐད་ཀྱི་རྩོམ་རིག་སྦྱོང་བར་ཕན་ཐོགས་ཆེན་པོ་བྱུང་ལ། ལྟ་ཀློག་དང་གོ་བ་ལོན་པའི་ཕྱོགས་ལ་ཡང་ལེགས་ཆ་ངེས་ཅན་ཡོད། དེའི་ཐོག་སྐབས་དེའི་དུས་ངའི་དྲན་ཤེས་གསལ་པོ་ཡོད་པའི་དབང་གིས། བོད་ཡིག་དང་རྒྱ་ཡིག་གང་ཞིག་བློ་འཛིན་བྱ་དགོས་ཀྱང་། ང་རང་འཛིན་གྲྭའི་ནང་དུ་བློ་འཛིན་བྱེད་མགྱོགས་ཤོས་ཤིག་ཡིན། ངས་སློབ་དེབ་ནང་གི་ཡིག་སྐད་རྩོམ་ཡིག་དང་གནའ་བོའི་སྙན་ཚིག་ཕལ་ཆེ་བ་ངག་སྐྱོར་བཏང་བ་ནི་འཁོན་ཐོགས་མེད་པ་ཞིག་ཆགས་ཡོད། དེ་ལྟར་ཡིག་སྐད་རྩོམ་ཡིག་ལ་དགའ་ཞེན་ཇེ་ཆེ་ནས་ཇེ་ཆེ་རེད།
      
ཕྱིས་སུ་མཐོ་རིམ་ཆེད་ཚན་དང་ཤེས་རམས་པའི་བསླབ་ཚན་སློབ་སྦྱོང་བྱས་པ་བརྒྱུད། མུ་མཐུད་གནའ་རབས་རྒྱ་ཡིག་སློབ་ཚན་སོགས་ལ་ནན་ཏན་གྱིས་སྦྱངས་པ་ཡིན། གནའི་རྒྱ་ཡིག་ལ་གོ་བ་ལོན་པའི་ནུས་པའང་དེར་བསྟུན་གྱིས་ཡར་ཐོན་ཕྱིན་སོང་། མདོར་ན། མ་གཞི་ངའི་རྒྱ་ཡིག་གི་ཆུ་ཚད་མཐོ་པོ་དེ་འདྲ་མིན་ཀྱང་། འོན་ཏེ་ལོ་གྲངས་དང་ཤེས་ཚད་ཀྱི་ཁ་སྣོན་བྱུང་བ་དང་། ལོ་མང་པོར་གནའ་བོའི་རྒྱ་ཡིག་གི་ལོ་རྒྱུས་ཁོངས་ནས་ལོ་རྒྱུས་དཔྱད་གཞི་ལ་སློབ་སྦྱོང་དང་གསོག་ཉར། གོ་བ་ལོན་པ་དང་ཡིག་བསྒྱུར་བྱེད་པ་བརྒྱུད། སྤྱིའི་ཆ་ནས་དཀའ་ཁག་ཆེན་པོ་མིན་འདུག་ཅེས་བཤད་ཆོག
      
ཧ་སིན། ལོ་རྒྱུས་དཔེ་དེབ་ཡིག་བསྒྱུར་བྱེད་པ་ལ་དཔྱད་གཞི་མང་པོ་ཞིག་ཐོད་གཏུགས་དགོས་པ་རེད། ཁྱེད་རང་གིས་ལོ་རྒྱུས་རིག་པ་ལ་དགའ་ཞེན་ངེས་ཅན་ཞིག་ཡོད་པ་ལ་བརྟེན་ནས་ད་གཟོད་དཀའ་ཚེགས་ཆེ་ཞིང་སྤྲོ་སྣང་བྲལ་བའི་བརྒྱུད་རིམ་དེ་ལས་རྒྱལ་བ་ཡིན་ནམ།
      
འཇམ་དར། དེ་འདྲ་རང་རེད། གནའ་བོའི་རྒྱ་ཡིག་གིས་བྲིས་པའི་ལོ་རྒྱུས་ཡིག་རིགས་བསྒྱུར་རྒྱུ་དང་། མ་ཟད་དེའི་ཁྲོད་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་དཔྱད་ཡིག་དེ་ཚོ་བསྒྱུར་དགོས་ཚེ། བོད་ཀྱི་ལོ་རྒྱུས་དང་ཀྲུང་ཡོན་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་གཉིས་ཀ་ལ་ཆ་རྒྱུས་ངེས་ཅན་ཡོད་ན་མ་གཏོགས་མི་འགྲིག དེ་བས་མ་ཡིག་གི་ནང་དོན་ལ་གོ་བ་ཡང་དག་ལོན་དགོས་པ་དང་མ་ཡིག་གི་ནང་དོན་ལ་གདེང་ཚོད་ངེས་ཅན་ཡོད་པ་གཞིར་བྱས། ལོ་རྒྱུས་མི་བུའི་དབར་གྱི་འབྲེལ་བ་དང་དོན་དག་གི་མགོ་རྔ་ཚང་བ་དང་། སྐབས་དེའི་དམག་སྲིད་དང་དཔོན་པོའི་ལས་གནས་ཀྱི་ལམ་ལུགས། མངའ་ཁོངས་དང་རྒྱལ་ས། སྤྱི་ཚོགས་ཀྱི་སེམས་ཁམས་དང་ཡུལ་སྲོལ་གོམས་གཤིས། གནའ་དེང་གཉིས་ཀྱི་ཡི་གེའི་སྒྲ་འདོན་ཚུལ་སོགས་དེ་དག་ཚང་མར་ཆ་རྒྱུས་ཟབ་མོ་ཡོད་དགོས། དེ་དག་ཧ་མ་གོ་བར་མགོ་ཚོས་ལ་མ་ཚོད་དུ་ཨུ་ཚུགས་ཀྱིས་བསྒྱུར་བའི་དབང་དུ་བཏང་ན། མི་གཞན་ཁོང་དགོད་འཆོར་བའི་གནད་དོན་འབྱུང་ངེས་རེད།
      
ངས་བསྒྱུར་བའི་བོད་ཀྱི་ལོ་རྒྱུས་དཔྱད་གཞི་དེ་དག་ནི་རྒྱ་ནག་གི་དཔེ་དེབཧན་རྒྱལ་རབས་ཀྱི་ལོ་རྒྱུས》《ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས ཅིན་རྒྱལ་རབས་ཀྱི་ལོ་རྒྱུས སུང་རྒྱལ་རབས་ཀྱི་ལོ་རྒྱུས ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས ལིའང་རྒྱལ་རབས་ཀྱི་ལོ་རྒྱུས ཝེ་རྒྱལ་རབས་ཀྱི་ལོ་རྒྱུས ཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུས སུའེ་རྒྱལ་རབས་ཀྱི་ལོ་རྒྱུས རྒྱལ་རབས་བྱང་མའི་ལོ་རྒྱུས ཐུང་ཏེན ཐང་གི་ལམ་སྲོལ་གནད་བསྡུས ཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྙིང་མ ཐང་རྒྱལ་རབས་ཀྱི་ལོ་རྒྱུས་གསར་མ རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ སུང་རྒྱལ་རབས་ཀྱི་ལོ་རྒྱུས ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས》《ཅིན་རྒྱལ་རབས་ཀྱི་ལོ་རྒྱུས》《སྲིད་སྐྱོང་མེ་ལོང སོགས་རྒྱ་ཡིག་གི་ལོ་རྒྱུས་གནའ་དཔེ་དེ་དག་ཡིན། དེར་བརྟེན་ནང་དོན་ཡང་བོད་ཀྱི་ལོ་རྒྱུས་དང་བོད་དང་འབྲེལ་ཡོད་ཀྱི་རྒྱལ་ཕྲན་དང་ཚོ་པ་ཁག་གི་ལོ་རྒྱུས་ཀྱི་དཔྱད་གཞི་ཡིན། དེ་དག་ལསསྲིད་སྐྱོང་མེ་ལོངནང་དུ་འཁོད་པའི་བོད་ཀྱི་ལོ་རྒྱུས་དཔྱད་གཞི་ནི། ཕལ་ཆེ་བ་སྤུར་རྒྱལ་བཙན་པོའི་དུས་ཀྱི་ལོ་རྒྱུས་དོན་རྐྱེན་དང་། ནང་དོན་དེའི་གྲས་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་དཔེ་དེབ་ནང་དུ་ཡང་མི་ཉུང་བ་ཞིག་ཡོད། དེའི་ཁྲོད་དུ་རྒྱ་བོད་ལོ་རྒྱུས་དཔྱད་གཞིའི་དབར་ཐོད་ཐུག་ས་མང་པོ་འདུག་པས་ཕན་ཚུན་དཔྱད་སྡུར་བྱེད་ཆོག འོན་ཏེ་རྒྱ་ཡིག་གི་དཔེ་ཆ་གཞན་གྱི་ནང་དུ་འཁོད་པའི་བོད་འབྲེལ་ལོ་རྒྱུས་དཔྱད་གཞི་དེ་དག་ནི་བོད་ཡིག་གི་ལོ་རྒྱུས་དཔེ་དེབ་ནང་ཧ་ལམ་དེ་དང་ཐོད་ཐུག་ས་མེད་ཚོད་དུ་སྣང་ངོ་།། དེར་བརྟེན་ལོ་རྒྱུས་ཡིག་ཚགས་འདི་ཚོ་བསྒྱུར་བ་ལ། རང་སེམས་རྣལ་དུ་ཕབ་ནས། རང་གི་ཤེས་ཚོད་ཀྱི་ད་ཡོད་ལོ་རྒྱུས་དཔྱད་གཞི་ཕོན་ཆེན་ལྟ་ཀློག་བྱ་དགོས་པ་རེད། ད་ལོ་དཔེ་སྐྲུན་བྱས་པའི་ལོ་རྒྱུས་བོད་འགྱུར་མ་གསུམ་པོ་འདི་ཚོ་ཡིག་བསྒྱུར་བྱེད་པ་ལ་མང་ཡང་ལོ་གཉིས་ལྷག་ཙམ་ཡན་ལས་འགོར་མེད།(ལོ་རྒྱུས་དཔེ་ཚོགས་འདི ༢༠༠༧ ལོར་བསྒྱུར་མགོ་ཚུགས་པ་དང ༢༠༡༠ ལོར་སྤྱིའི་ཆ་ནས་བསྒྱུར་ཚར) དེ་འཕྲོས་ཀྱི་དུས་ཚོད་ཚང་མ་དཔྱད་གཞི་ལྟ་ཀློག་དང་ཐོད་གཏུགས་པ། མཆན་འགྲེལ་འགོད་པ་སོགས་ལ་སྤྱད། ང་རང་ཆུང་དུས་ནས་ལོ་རྒྱུས་ལ་དགའ་ཞེན་ཡོད་པའི་དབང་གིས་བྱ་བ་འདི་སྤྲོ་སྣང་བྲལ་བ་ཡང་ཚོར་མ་མྱོང་།
      
སྟབས་ལེགས་པར་ང་ཆུང་དུས་ནས་ལོ་རྒྱུས་སྒྲུང་གཏམ་ཀློག་རྒྱུར་དགའ་པོ་ཡོད། གོ་བདེ་བའི་ལོ་རྒྱུས་དཔེ་རྒྱུན་དེ་དག་གི་མངོན་མེད་ནུས་པས་བདག་ལ་ཕན་ཐོགས་བྱུང་ལ། དེས་ང་རང་ལོ་རྒྱུས་ལ་དགའ་བ་ཇེ་ཆེར་ཕྱིན་སོང་། ང་རང་ཤེས་རམས་ཞིབ་འཇུག་ལ་སློབ་སྦྱོང་བྱེད་དུས་བྲིས་པའི་དཔྱད་རྩོམ་ལ་ལ་ནི་ཚད་མི་འདྲ་བའི་སྒོ་ནས་བོད་ཀྱི་གནའ་རབས་ལོ་རྒྱུས་དང་འབྲེལ་བ་ཡོད། མ་གཞི་ངས་ཆེད་དུ་ལོ་རྒྱུས་རིག་པར་མགོ་རྔ་ཚང་བའི་སློབ་སྦྱོང་དང་སྦྱོང་བརྡར་བྱེད་མ་མྱོང་མོད། འོན་ཏེ་ངས་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་དཔེ་ཆ་གཙོ་ཆེན་པོ་མི་ཉུང་བ་ཞིག་བལྟས་མྱོང་ལ། དེ་དག་ལས་ཀྱང་བོད་ཀྱི་ལོ་རྒྱུས་དང་འབྲེལ་ཡོད་ཀྱི་དཔེ་ཆ་ཡིན། ངས་བསམ་ཚེ། རྙོག་འཛིང་ཆེ་ལ་སྤྲོ་སྣང་བྲལ་བའི་བྱ་བ་གང་ཞིག་ཡིན་རུང་། དགའ་ཞེན་ཡོད་ན། དེ་ནི་རྒྱུན་འཁྱོངས་ཐུབ་པ་དང་དེའི་ཁྲོད་ནས་དགའ་སྤྲོ་མྱོང་ཐུབ།
      
ཧ་སིན། རྙོག་འཛིང་ཆེ་ལ་སྤྲོ་སྣང་བྲལ་བའི་བྱ་བ་གང་ཞིག་ཡིན་རུང་། དགའ་ཞེན་ཡོད་ན། དེ་ནི་རྒྱུན་འཁྱོངས་ཐུབ་པ་དང་དེའི་ཁྲོད་ནས་དགའ་སྤྲོ་མྱོང་ཐུབགཏམ་འདི་ཧ་ཅང་ཡག དེས་ན་ཁྱེད་རང་གིས་ལོ་རྒྱུས་གནའ་དཔེ་བསྒྱུར་སྐབས་རྩ་དོན་གང་འདྲ་ཞིག་ཚད་གཞིར་བཟུང་བ་ཡིན།
      
འཇམ་དར། ཐོག་མར་མ་ཡིག་དང་བསྟུན་པ་དེ་རེད། རྒྱ་ནག་རིག་གནས་ཀྱི་ཡིག་འབྲིའི་སྲོལ་རྒྱུན་དེ་ལོ་སྟོང་ཕྲག་འགའ་ཞིག་ལ་རྒྱུན་འཛིན་བྱས་པ་དང་། ཕྱིས་སུ་རིགས་དབྱེ་ནས་རུའུ་ལུགས་ཀྱི་གསུང་རབ། ལོ་རྒྱུས་དེབ་ཐེར། རིག་གཞུང་གྲུབ་མཐའ་ཁག་གི་གསུང་རྩོམ། རྩོམ་ཡིག་ཕྱོགས་བསྒྲིགས་བཅས་ཆ་ཤས་བཞི་བྱུང་། ངས་ཡིག་བསྒྱུར་བྱས་པའི་ལོ་རྒྱུས་དཔྱད་གཞི་འདི་དག་ནིལོ་རྒྱུསཀྱི་ཁོངས་སུ་གཏོགས་པ་ཡིན། དེབ་འདི་ཚོ་ལོ་བརྒྱ་ཕྲག་འགའི་ཡར་སྔོན་གྱི་ཡིན་པ་དང་གཞན་ལོ་སྟོང་ཕྲག་གཅིག་གཉིས་གོང་གི་གནའ་རབས་ལོ་རྒྱུས་རེད། འདི་ཚོ་བསྒྱུར་དུས། མ་ཡིག་གི་ནང་དོན་དང་མཐུན་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། མ་ཡིག་གི་ནང་དོན་གང་ཐུབ་ཅི་ཐུབ་ཀྱིས་སྔར་མ་ཡིག་གི་གོ་དོན་ལྟར་ཡང་དག་པའི་སྒོ་ནས་བོད་ཡིག་ཏུ་བསྒྱུར་དགོས་པ་ལས། རང་གི་བསམ་ཕྱོགས་ལྟར་འགྱུར་བཟོ་བྱེད་པའམ་དེང་གི་བསམ་བློའི་གཏོང་ཕྱོགས་སམ་རིན་ཐང་གི་ལྟ་ཚུལ་ཁྱེར་ནས་འགྲེལ་པ་འཁྱོག་པོ་དང་བསྒྱུར་སྐྱོན་འབྱུང་མི་ཉན་པ་རེད། གཞན་ཁྲལ་སེལ་སླ་བཅོས་ཀྱིས་བསྒྲུབ་མི་རུང་། དེ་སྔ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བའི་ལོ་རྒྱུས་དཔྱད་གཞིའི་འགྱུར་མ་ཁག་ཅིག་ལ་གོང་གི་སྐྱོན་མཁྲེགས་པོ་དེ་དག་ལས་མི་ཉུང་བ་ཞིག་ཐོན་ཡོད་ཅིང་། འདིའི་ཐད་གཟབ་ནན་བྱེད་དགོས་པའི་ཆ་ཧ་ཅང་མང་པོ་ཡོད་དེ། མ་ཡིག་དང་བསྟུན་པ་ལ། ང་ཚོས་རུའུ་ལུགས་ཀྱི་གཙོ་བོར་བྱས་པའི་རྒྱའི་རིག་གནས་ལ་ཆ་རྒྱུས་ངེས་ཅན་ཡོད་དགོས་ལ། དཔེར་ན། གནའ་བོའི་ཀྲུང་གོ་བའིསྣོད་བཅུད་མཉམ་གནས” “གནམ་འོག” “ཕྱོགས་བཞིའི་མཐའ་འཁོབ་མི་རིགས” “བསླབ་འདོམས” “ཀྲུང་གོསོགས་ཀྱི་འདོད་ཚུལ་དང་། འདི་དག་ལས་མཆེད་པའི་ཆོ་ག ལོ་རྒྱུས་མཁན་གྱི་སྐད་ཆ་དང་བྱ་སྤྱོད་སོགས་སོ།། འདིར་དཔེར་ན། མི་ཤི་བ་ལ་མཚོན་ན། གནའ་བོའི་རྒྱ་རིགས་ཀྱི་སྤྱི་ཚོགས་ནང་གྲལ་རིམ་མི་གཅིག་པ་དང་གོ་ས་མི་གཅིག་པའི་མི་དག་ལ་འབོད་ཚུལ་ཡང་མི་འདྲ་བ་ཡིན། དེ་ཡང་བོད་ཡིག་ནང་དུ། གཤེགས་དང་འདས། གྲོངས། ཤི་སོགས་དང་འདྲ་བར་འབོད་སྟངས་མི་གཅིག་པ་ཡོད། ཁོ་ཚོས་ཡི་གེ་འདི་དག་གི་སྤྱོད་དུས་དོ་གལ་ཆེན་པོ་བྱེད་པ་ཡིན་པས། ང་ཚོས་དེའི་སྒྲིག་སྲོལ་ལས་འགལ་ནས་གང་འདོད་དུ་བསྒྱུར་ན་མི་འགྲིག་ལ། ཡི་གེ་འདི་རིགས་བསྒྱུར་བའི་ཚེ། འགྱུར་ཡིག་གི་ནང་དུ་ཡང་ཁྱད་པར་གསལ་པོ་ཕྱེ་དགོས་པ་ལས། ཚང་མ་ཞེ་ཚིག་གཅིག་གིས་ཚབ་མཚོན་བྱེད་མི་རུང་བ་འདི་ཡང་གལ་ཆེན་ཡིན།
      
དེ་ནས་བོད་ཡིག་གི་མཚོན་ཐབས་སུ་ཚིག་སྦྱོར་བདེ་མོ་ཞིག་དང་ཁ་གསལ་པོ་ཞིག་དགོས་པའི་གནད་དོན་ཡིན། ངས་ཡིག་བསྒྱུར་བྱེད་པའི་དམིགས་ཡུལ་ནི་བོད་ཀྱི་ལོ་རྒྱུས་དཔྱད་གཞི་ཁ་གསབ་དང་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་བོད་ཡིག་གི་ཐོག་ནས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་དང་ཡང་ཐད་ཀར་རྒྱ་ཡིག་གི་གནའ་དཔེ་ལ་ལྟ་ཀློག་མི་ཐུབ་པའི་བོད་ཀྱི་ཤེས་ལྡན་པ་ཚོ་དང་། གཞན་བོད་ཀྱི་ལོ་རྒྱུས་ལ་དགའ་ཞེན་ཡོད་པའི་ཀློག་པོ་ཚོར་དཔྱད་གཞིར་ཕུལ་བ་ཡིན། དེར་བརྟེན། ཡིག་བསྒྱུར་ནི་མ་ཡིག་དང་མཐུན་དགོས་པ་གལ་ཆེ་བ་དང་མ་རྩོམ་གྱིས་དོན་བརྗོད་དང་རྩོམ་ཉམས་ལ་བསམ་གཞིགས་བྱེད་པ་དང་སྦྲགས། སྐད་ཆའི་ཐད་ནས་བོད་ཡིག་གི་བརྡ་སྤྲོད་རྒྱུན་ཤེས་དང་འཚམ་དགོས་ལ། ཡིག་ཟོར་ཡང་ཞིང་གོ་བདེ་བ། ཚིག་སྦྱོར་བདེ་མོ་ཞིག་དགོས།
      
ཧ་སིན། ངས་ཤེས་གསལ་ལ། ཁྱེད་རང་གི་རྩོམ་རིག་ལོ་ཙཱ་གནང་བ་ཡང་ལེགས་པས། རྩོམ་རིག་ལོ་ཙཱ་དང་ལོ་རྒྱུས་ལོ་ཙཱ་གཉིས་ལས་ཁྱེད་རང་ཕྱོགས་གང་ལ་དགའ་པོ་ཡོད་པ་རྒྱུ་མཚན་དང་བཅས་གསུངས་རོགས།
      
འཇམ་དར། ང་རང་རྩོམ་རིག་ལོ་ཙཱ་ལ་དགའ་པོ་ཡོད། དེ་ཡང་ལས་ཀའི་བར་གླགས་ནས་སྐབས་རེར་བསྒྱུར་བ་ལས་རྣམ་ཀུན་རྒྱུན་མཐུད་ཀྱིས་སྒྱུར་གྱིན་མེད། དེའི་ཕྱོགས་ལ་དམིགས་ཡུལ་དང་འཆར་གཞི་ཡང་དེ་ཙམ་མེད། དེ་ནི་ལས་ཀའི་རྙོག་འཛིང་གི་ཧྲག་བར་ནས་དོ་སྙོམས་བྱ་ཐབས་ཤིག་གམ་རང་ཉིད་བྱིས་དུས་ནས་རྩོམ་རིག་ལ་དགའ་བའི་རྒྱུན་འཁྱོངས་ཤིག་ལ་ངོས་འཛིན་ཆོག ད་ཆ་རྩོམ་རིག་བརྩམས་ཆོས་ལྟ་རྒྱུ་ཧ་ཅང་ཉུང་བ་དང་རྩོམ་རིག་ལོ་ཙཱ་བྱས་པ་མང་པོ་མིན་ཡང་། ངས་བསམ་ན། རྩོམ་རིག་ལོ་ཙཱ་བྱེད་དུས་ཀྱི་རྩོམ་པ་པོ་དང་ལྟ་ཚུལ་གཅིག་ཏུ་ལངས་ནས་སྒྲོག་པ་དང་བརྩེ་བ་དང་སྣང་བརྙན་ལ་ཞིབ་ལྟ་བྱས་པ་ལས་རྙེད་པའི་སྤྲོ་བ་དེ་དམིགས་གསལ་བ་ཞིག་རེད། དེས་མི་ལ་དགའ་སྣང་ཆེན་པོ་སྟེར་གྱིན་འདུག
      
ལོ་རྒྱུས་ལོ་ཙཱ་བྱེད་པ་ལ་ང་རང་དགའ་པོ་ཡོད་པས་མ་ཚད། དེ་ནི་རང་ཉིད་ཀྱི་དོན་དག་ཅིག་དང་འགན་འཁྲི་ཞིག་ཏུ་འཛིན་ནས་སྒྲུབ་ཀྱིན་ཡོད། གནའ་བོའི་རྒྱ་དཔེའི་ནང་གི་བོད་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དཔྱད་གཞི་མང་པོ་ཞིག་ཡོད་པ་ནི་ཁྱེད་རང་གིས་མཁྱེན་གསལ་རེད། ལོ་རྒྱུས་དཔྱད་གཞི་འདི་དག་ཡིག་བསྒྱུར་བྱས་པ་བརྒྱུད། བོད་ཀྱི་ལོ་རྒྱུས་རྒྱུ་ཆ་དང་དཔྱད་གཞིར་ཁ་གསབ་པ་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་ལ་དོན་སྙིང་ཆེན་པོ་ཡོད་རེད། འོན་ཏེ་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་ནང་། སྐུ་ཞབས་དོན་གྲུབ་རྒྱལ་ལགས་དང་སྐུ་ཞབས་ཁྲིན་ཆིན་དབྱིན་གཉིས་ནས ཐང་ཡིགགསར་རྙིང་གཉིས་ནང་གིསྤུར་རྒྱལ་བཙན་པོའི་སྐོརདེ་བསྒྱུར་བའི་རྗེས་སུ། བྱ་བ་འདིའི་རྒྱུན་སྐྱོང་མཁན་མེད་པར་གྱུར་ཡོད། སྟབས་ལེགས་པར་ང་རང་ཡིག་བསྒྱུར་ཅུད་ནས་ཕུལ་བྱུང་ལོ་ཙཱ་བ་ཁྱེད་རྣམས་དང་མཉམ་དུ་བྱ་བ་སྒྲུབ་རྒྱུ་བྱུང་ནས། ཆེད་ལས་ལོ་ཙཱ་བ་ཞིག་ཏུ་གྱུར། ལོ་མང་པོའི་རིང་གཟབ་ནན་ངང་ཡིག་བསྒྱུར་སྦྱོང་བརྡར་དང་ལག་ལེན་བྱས་པས། ད་ཆ་རང་ཉིད་ལ་ལོ་རྒྱུས་དཔྱད་གཞི་འདི་དག་བསྒྱུར་རྒྱུའི་མཐུན་རྐྱེན་འཛོམས་ཡོད་ལ་འགན་འཁྲི་དེ་ཡང་ཡོད་སྙམ། མ་གཞི་གཞན་སུ་ཞིག་གིས་ང་ལ་བྱ་བ་འདི་བཀོད་སྒྲིག་བྱས་པ་མ་ཡིན་ནའང་། ང་རང་གི་བསམ་པར་བྱ་བ་འདི་ངས་སྒྲུབ་དགོས་པ་ཞིག་རེད་འདོད་ཡོད། དེ་ནི་ངའི་ཚེ་སྲོག་གིས་ང་ལ་བཀོད་སྒྲིག་བྱས་པའི་འགན་འཁྲི་ཞིག་རེད། ཚད་གཞི་ཇི་འདྲ་ཞིག་ཏུ་བསྒྲུབ་ཐུབ་མིན་དང་རྒྱུན་རིང་ཐུང་གང་འདྲ་ཞིག་ལ་བསྐྱོད་ཐུབ་མིན་ནི་ང་རང་གིས་འདང་རྒྱག་དགོས་པ་ཞིག་མ་རེད། དེར་བརྟེན། ངའི་ངོས་ནས་ལོ་རྒྱུས་ཡིག་བསྒྱུར་བྱེད་པ་ནི་དགའ་ཞེན་དང་འགན་འཁྲི་ཟུང་དུ་འབྲེལ་བའི་བྱེད་ནུས་ཀྱིས་སྒྲུབ་བཞིན་པའི་བྱ་བ་ཞིག་ཡིན།
      
ཧ་སིན། བོད་ཀྱི་ཕུལ་བྱུང་ཤེས་ཡོན་ཅན་ཅིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་ཤེས་རིག་ཞིབ་འཇུག་དང་ལོ་ཙཱ་གནང་བ། སློབ་ཁྲིད་བྱེད་པ་དང་རྩོམ་རིག་ལ་དགའ་ཞེན་ཡོད་པ། བོད་རྒྱ་སྐད་གཉིས་ལ་ཐོགས་པ་མེད་པས། ཁྱེད་རང་གིས་འཚར་ལོངས་གི་མྱོང་བ་གླེང་ན་གང་འདྲ་འདུག ཁྱེད་ཀྱི་འཚར་ལོངས་ཀྱི་དུས་རིམ་ནང་ཤུགས་རྐྱེན་ཟབ་པའི་བྱ་བ་དང་སྐྱེ་བོ་གང་དག་ཡོད། ཡང་ན་དེ་འབྲེལ་གྱི་ཁྱེད་རང་གིས་བསམ་ན་དགོད་བྲོ་བའི་དོན་དག་ཅི་འདྲ་ཡོད་པ་གསུངས་དང་།
      
འཇམ་དར། ཁྱེད་ཀྱིས་བསྟོད་པ་ཅུང་ཐལ་སོང་། ཕུལ་བྱུང་ལ་མི་དོ། ང་རང་མཚོ་སྔོན་མཚོ་ལྷོ་ཁུལ་འབལ་རྫོང(ཐུན་ཏེ)གི་འབའ་ལུང་ཞང་སྐལ་མོ་ཆེ་གྲོང་ཚོར ༡༩༧༡ ལོར་སྐྱེས། ༡༩༨༣ ལོར་རྫོང་མི་རིགས་སློབ་འབྲིང་དུ་རྒྱུགས་འཕྲོད། དེ་དང་དུས་མཚུངས་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་ཡང་རྒྱུགས་འཕྲོད། ཁྱིམ་མིས་གྲོས་བསྡུར་བ་ལྟར། ང་རང་ཁུལ་མི་རིགས་དགེ་ཐོན་སློབ་གྲྭར་བསྐྱལ་ནས་དམའ་འབྲིང་དང་འབྲིང་རིམ་ཆེད་ཚན་སློབ་སྦྱོང་བྱས། དེའི་གོང་དུ་ངས་རྒྱ་ཡིག་སྦྱངས་མ་མྱོང་བའི་དབང་གིས། སློབ་ཁྲིད་སྐབས་རྒྱ་ཡིག་དགེ་རྒན་གྱིས་ཅི་ཞིག་བཤད་ཀྱིན་ཡོད་པའང་མ་གོ དམའ་འབྲིང་ལོ་རིམ་དང་པོའི་དུས་ཚོད་དེ་དེ་ལྟར་ལྐུགས་ཚོད་ཚོད་དུ་འདས་སོང་། ལོ་དེའི་སློབ་མཇུག་ཡིག་ཚད་ལ་ང་རང་རྒྱ་ཡིག་ཡིག་རྒྱུགས་ལ་ཞུགས་མེད། དམའ་འབྲིང་ལོ་རིམ་གཉིས་པའི་སྐབས་སུ། བོད་རིགས་དགེ་རྒན་བུ་མོ་ཞིག་གིས་ང་ཚོའི་རྒྱ་ཡིག་དགེ་རྒན་གནང་པ་རེད། ཁོ་མོས་ང་ཚོར་ལོ་གཅིག་རིང་རྒྱ་ཡིག་སློབ་ཁྲིད་བྱས་པ་དང་དེའི་རིང་ལ་ཁོ་མོས་དགོང་ཚོགས་ཀྱི་རང་སྦྱོང་གི་དུས་ཚོད་སྤྱད་ནས། རྒྱ་ཡིག་སློབ་དཔྱོད་ཁང་གི་གཞུང་ལས་ཁང་ནང་དུ་ང་དང་ངའི་སློབ་གྲོགས་གཅིག(ང་དང་ཡུལ་གཅིག་པ་ཡིན)ལ་དམིགས་སུ་རྒྱ་ཡིག་གི་གསལ་བྱེད་དང་ཡི་གེ་ཁྲིད་ཀྱིན་ཡོད། དེ་ལྟར། སློབ་ཆུང་ལོ་རིམ་དང་པོའི་བསླབ་གཞི་སྦྱངས་ཟིན། འོན་ཏེ་ཡུན་རིང་མ་སོང་བར། ལོ་གཉིས་པར་རྒྱ་ཡིག་དགེ་རྒན་བརྗེས་འདུག ཡིན་ཀྱང་ལོ་དེའི་རིང་ངས་རྒྱ་ཡིག་གི་གསལ་བྱེད་སྦྱངས་ཚར་ཚོད་དུ་སླེབས། རྒྱ་ཡིག་ཀྱང་མི་ཉུང་བ་ཞིག་ཤེས་ནས། ཕྱིས་སུ་རྒྱ་ཡིག་གི་ཆུ་ཚད་ཀྱང་རིམ་བཞིན་ཇེ་ཡག་ཏུ་ཕྱིན་སོང་། ངས་དྲན་གསལ་ལ། འབྲིང་རིམ་ཆེད་ཚན་གྱི་ལོ་རིམ་གསུམ་པའི་སྐབས་སུ། བདག་གིས་སོག་པོའི་སྙན་ངག་པ། རྩོམ་པ་པོ་ལྗང་བུ་ལགས་ཀྱིས་བོད་ཡིག་ནས་བྲིས་པའི་སྒྲུང་གཏམསོག་རུས་ལས་མཆེད་པའི་རྣམ་ཤེསཞེས་པ་དེ་རྒྱ་ཡིག་ཏུ་བསྒྱུར་བ་ཡིན། དེ་ནི་ངས་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བའི་རྩོམ་ཐོག་མ་དེ་ཡིན། སྔར་གྱི་འགྱུར་མ་དེ་ངས་ད་དུང་ཉར་ཡོད། ༡༩༨༩ ལོར་འབྲིང་རིམ་ཆེད་ཚན་མཐར་ཕྱིན་ནས་བྱ་བ་བགོས། བྱ་བ་བགོ་ཡུལ་ནི་འབའ་རྫོང་སློབ་གསོ་ཅུད་ཀྱི་སློབ་དཔྱོད་ཁང་རེད། ༡༩༩༠ ལོར་མཚོ་སྔོན་སློབ་གསོ་སློབ་གླིང་གི་མི་རིགས་པུའུ་ཧན་ཧྲོའོ་འཛིན་གྲྭར་རྒྱུགས་འཕྲོད། དེའི་དབྱར་གནང་དང་དགུན་གནང་གི་སྐབས་སུ་ཟི་ལིང་དུ་བོད་ཡིག་མཐོ་རིམ་ཆེད་ཚན་གྱི་བསླབ་གཞི་སློབ་སྦྱོང་བྱས། མཐར་ཕྱིན་པ་དང་འབའ་རྫོང་མི་རིགས་སློབ་འབྲིང་དུ་བོད་ཡིག་དགེ་རྒན་གྱི་བྱ་བ་བསྒྲུབས། དེའི་རིང་དམའ་འབྲིང་དང་མཐོ་འབྲིང་གི་བོད་ཡིག་དགེ་རྒན་བྱས། སྐབས་རེར་རྒྱའི་ལོ་རྒྱུས་སློབ་ཚན་དང་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་བྱས། འདིའི་རིང་ལ་ངས་བོད་ཡིག་གི་སྙན་རྩོམ་འགའ་ཞིག་བྲིས་པ་དག སྦྲང་ཆར དང བོད་ཀྱི་རྩོམ་རིག་སྒྱུ་རྩལ སོགས་བོད་ཁུལ་གྱི་བོད་ཡིག་དུས་དེབ་ཐོག་ཏུ་སྤེལ། ༢༠༠༠ ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སྡེ་ཁག་ཏུ་ཤེས་རམས་ཞིབ་འཇུག་འཛིན་གྲྭར་རྒྱུགས་འཕྲོད། སློབ་མཐར་ཕྱིན་རྗེས་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད་དུ་ལས་གནས་སྤར་བས། ཆེད་དུ་ཡིག་བསྒྱུར་བྱ་བ་གཉེར། ༢༠༡༢ ལོར་ལས་གནས་སྤོ་བསྒྱུར་ཀྱིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་གི་བྱ་བ་སྒྲུབ།
      
གལ་ཏེ་ངའི་འཚར་ལོངས་ཀྱི་བརྒྱུད་རིམ་ནང་ཤུགས་རྐྱེན་ཟབ་པའི་མི་སུ་ཡིན་ཟེར་ན། ཆེས་ཐོག་མ་ནི་ངའི་ཨ་ཕ་རེད། ཨ་ཕ་སློབ་གྲྭ་འགྲིམ་མ་མྱོང་ནའང། ཁོང་གི་བོད་ཡིག་གི་ཆུ་ཚད་ཡག་པོ་ཡོད། ཕྱིས་སུ་ཁོང་བྱ་བར་ཞུགས་པ་དང་། རྫོང་ཏང་གི་སློབ་གྲྭར་རྒྱ་ཡིག་སྦྱངས་པ་རེད། ༢༠༠༧ ལོར་ངའི་ཕ་མ་གཉིས་པོ་པེ་ཅིང་དུ་ཡོང་ནས་ངའི་ཁྱིམ་དུ་ལོ་གཅིག་བཞུགས། དེའི་རིང་ལ་ཨ་ཕས་ད་དུངཔོ་ཏ་ལདུས་དེབ་ཀྱི་རྩོམ་ཡིག་བཞི་ལྔ་ཞིག་ཡིག་བསྒྱུར་གནང་བ་དང་བསྒྱུར་ཡོན་ཡང་མི་ཉུང་བ་ཞིག་ཐོབ་པ་རེད།
      
ཨ་ཕ་ནི་དཔེ་ཆ་ཀློག་རྒྱུར་མཉེས་པོ་ཡོད། ལོ་རབས་བརྒྱད་ཅུ་པའི་ནང་དུ་བོད་ཡིག་དཔེ་དེབ་གསར་པ་མང་པོ་ཞིག་དཔར་སྐྲུན་བྱས་པ་ལས། ཨ་ཕས་དེ་དག་རེ་རེ་བཞིན་ཉོས་ཡོང་བ་རེད། ད་ལྟ་བསམ་ཚེ། སྐབས་དེ་དུས་ཁོང་གི་གླ་ཕོགས་མང་པོ་དེ་ཙམ་མེད་ཀྱང་། སྐབས་རེ་དཔེ་ཆ་གང་ཞིག་ཉོ་མ་ཐུབ་ཚེ། ཁོང་གིས་མི་གཞན་པའི་ས་ནས་དཔེ་ཆ་དེ་གཡར་ནས་ཆ་ཚང་གྲལ་སྒྲིག་པར་བཤུ་བ་རེད། དེ་དག་ཚང་མ་ནི་ངའི་བློ་སྒོ་འབྱེད་པའི་ཀློག་དེབ་ཏུ་གྱུར། ཨ་ཕའི་ཤུགས་རྐྱེན་འོག་ཏུ། ངས་སློབ་ཆུང་གི་སྐབས་སུ གླིང་སྒྲུངཚན་པ་བཅུ་ཁ་ལོངས་ཙམ་དང་བོད་ཀྱི་དམངས་ཁྲོད་སྒྲུང་གཏམ་གཅེས་བསྡུས་ཀྱི་དཔེ་ཆ་འགའ་ཞིག གཞན་ལྷ་མོའི་འཁྲབ་གཞུང་བརྒྱད་ནང་གི་ཁ་ཤས། དག་ཡིག་དང་བརྡ་སྤྲོད་སྐོར་གྱི་དཔེ་ཆ་ཁ་ཤས་བཅས་བལྟས་མྱོང་། ད་དུང་ཁྱེད་ཚོ་སོག་པོའི་དམངས་ཁྲོད་སྒྲུང་གཏམདཔལ་ལྷ་ཀུན་བཟང་གི་གཏམ་རྒྱུདབོད་འགྱུར་མ་དངཆུ་ངོགས་གཏམ་རྒྱུདསོགས་བལྟས་མྱོང་། ངས་སློབ་ཆུང་སྐབས་སུ་བཀླགས་པའི་ལོ་རྒྱུས་དཔེ་ཆ་སྔ་ཤོས་ནི རྒྱལ་རབས་གསལ་བའི་མེ་ལོང རེད། དཔེ་ཆ་འདི་དག་གིས་ང་ལ་བག་ཆགས་ཟབ་མོ་བཞག་མྱོང་།
      
ཨ་ཕ་ཕུད། ད་དུང་མི་མང་པོ་ཞིག་གིས་བདག་ལ་ཤུགས་རྐྱེན་ཐེབས་མྱོང་། གོང་དུ་བཤད་པའི་བོད་རིགས་དགེ་རྒན་བུ་མོ་ཁོང་གཅིག་རེད། ཁོ་མོའི་མིང་ལ་ཀླུ་མཚོ་ཟེར། ཁོ་མོ་ལྟ་ན་སྡུག་ཅིང་ངང་རྒྱུད་ཤིན་ཏུ་བཟང་། ད་ཆ་རྒན་ཡོལ་གནང་ནས་ཁྱིམ་དུ་ཞུགས། ཁོང་གིས་སྔར་ངལ་གསོའི་དུས་ཚོད་སྤྱད་ནས་ང་ལ་རྒྱ་ཡིག་བསླབ་པ་དང་དམིགས་སུ་བཀར་ནས་སློབ་ཁྲིད་གནང་བས། ང་རང་ད་ཆ་ཡིག་བསྒྱུར་ལ་ཐོགས་པ་དེ་ཙམ་མེད་པ་ཞིག་ཏུ་གྱུར་བ་ཡིན། དེར་བརྟེན་ཁོ་མོ་ནི་ང་ལ་དྲིན་ཆེ་བ་ཡིན་པས། ངས་བྱ་བར་ཞུགས་རྗེས་དུས་ཆེན་ཚེས་སྐབས་སུ་ཁོང་ལ་ཕྱག་རྟགས་ཕུལ་བར་འགྲོ་མྱོང་། ལོ་འགའི་ཡར་སྔོན་དུ་ང་རང་ཁོང་ལ་ལྟ་བར་ཕྱིན་པ་ཡིན།
      
ཧ་སིན། ཁྱེད་རང་གི་མ་འོངས་པའི་འདུན་པ་དང་འཆར་གཞི་གང་འདྲ་ཡིན་གསུངས་རོགས།
      
འཇམ་དར། ད་ཆ་དཔེ་སྐྲུན་རྩོམ་སྒྲིག་པ་ཞིག་ཡིན་པའི་ཆ་ནས། ང་ལ འདོད་རྔམགཞན་གང་ཡང་མེད། ང་རང་གི་རྩོམ་སྒྲིག་གི་བྱ་བ་འདི་རང་ནུས་ཅི་ལྕོགས་ཀྱིས་སྒྲུབ་ནས། ནུས་ཤུགས་གང་ཡོད་ཀྱིས་བོད་ཀྱི་ཤེས་ཡོན་པ་དང་ཀློག་པོ་ཚོར་ཞབས་ཞུ་བྱེད་འདོད་ལ་བོད་ཀྱི་ཀློག་པོ་ཚོར་དཔེ་ཆ་ཅ་དག་དེ་ལས་མང་བ་འབུལ་རྒྱུ་བྱུང་ན་སྙམ་གྱི་འདུག ངའི་སེམས་སུ་མི་རིགས་རིག་གནས་ཀྱི་འཕེལ་རྒྱས་ཆེད་དུ་ནུས་ཤུགས་ཅུང་ཟད་འདོན་པ་དང་བྱ་བ་གང་ཞིག་ལས་རྒྱུ་བྱུང་ན། དེ་ནི་དངོས་གནས་དགེ་བ་དཔག་ཏུ་མེད་པའི་བྱ་བ་ཞིག་རེད་བསམ་བཞིན་ཡོད། མུ་མཐུད་ནས་བོད་ཀྱི་ལོ་རྒྱུས་དཔྱད་གཞི་བསྒྱུར་ཏེ། སྔར་བས་ཆ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། བོད་ཀྱི་ལོ་རྒྱུས་རིག་པ་བ་ཚོར་དཔྱད་གཞི་མཁོ་འདོན་བྱེད་འདོད་ལ། དེ་དང་མཉམ་གཅིག་ཏུ་རང་ཉིད་ནས་དེའི་སྐོར་ལ་ཞིབ་འཇུག་ཅུང་ཙམ་བྱ་འཆར་ཡོད། དེ་མིན། ངས་བོད་དང་འབྲེལ་ཡོད་ཀྱི་གནའ་བོའི་སྙན་ཚིག་ཁག་ཅིག་བསྒྱུར་རྩིས་ཡོད། དཔེར་ནཐང་རྒྱལ་རབས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགསདངཐང་རྒྱལ་རབས་ཀྱི་སྙན་ངག་ཕྱོགས་བསྒྲིགསཁྲོད་དུ་རྩོམ་དེ་རིགས་མང་པོ་འདུག གལ་ཏེ་མཐུན་རྐྱེན་ཚང་ན། ལོ་ཙཱ་བ་སྒྲིག་འཛུགས་ཀྱིས་ཀྲུང་གོའི་ལོ་རྒྱུས་དང་ཀྲུང་གོའི་མི་རིགས་ཀྱི་ལོ་རྒྱུས། འཛམ་གླིང་ལོ་རྒྱུས(གླིང་ཆེན་ཁག་གི་ལོ་རྒྱུས་ཚུད)འཛམ་གླིང་དཔལ་ཡོན་གྱི་ལོ་རྒྱུས་སོགས་བོད་ཡིག་ཏུ་བསྒྱུར་འཆར་ཡོད། དེ་ཡང་བོད་རིགས་ཀློག་པ་པོས་ལྟ་ཀློག་བྱ་རྒྱུའི་དཔེ་ཆ་འདིའི་རིགས་ཉུང་ངུ་ལས་མི་འདུག
      
ཧ་སིན། ཚང་མ་རེ་ལྟོས་ཆོག་པའི་འཆར་གཞི་རེད་འདུག ཁྱེད་ཀྱིས་ཁོ་བོའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ། ཁྱེད་ཀྱི་བསམ་དོན་ལྷུན་གྱིས་གྲུབ་པ་དང་དགེ་བ་གང་མང་འཕེལ་བར་སྨོན། བཀྲ་ཤིས་བདེ་ལེགས།
      
འཇམ་དར། ཁྱེད་ནས་བཅར་འདྲི་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
      
གསར་འགོད་པས་ཁ་པར་ནས་རྒན་འཇམ་དབྱངས་དར་རྒྱས་ལགས་ལ་བཅར་འདྲི་ཞུས་པར་ཁོང་གིས་ཕྱག་ལས་ཀྱི་བྲེལ་གསེང་ནས་ལན་ཚེགས་མེད་དུ་གནང་བར་ཐུགས་རྗེ་ཆེ།
      
རྒན་འཇམ་དབྱངས་དར་རྒྱས་ལགས་ནས་གཟིགས་མྱོང་བའི་རྒྱའི་གནའ་དཔེའི་མིང་རྒྱ་བོད་གཤིབ་མ་དང་ཁོང་གིས་གསར་འགོད་པར་གསུང་པའི་གསལ་བཤད། འདིའི་ནང་སུང་རྒྱལ་རབས་དང་ཅིན་རྒྱལ་རབས་གཉིས་རྒྱ་ཡིག་ཏུ་ཡི་གེ་མི་འདྲ་ཡང་། བོད་ཡིག་ཏུ་སྒྱུར་དུས་སྒྲ་འདྲ་བར་བསྒྱུར་ཡོད་ཅིང་། གཤམ་གྱི་མཆན་འགྲེལ་དུ་གསལ་བཤད་བྱས་ཡོད། དེ་ལས་གཞན་པའི་མིང་དེ་དག་ལས་མང་ཆེ་ཤོས་ནི་རྒྱའི་སྔོན་དུས་ཀྱི་སྒྲུང་གཏམ་དང་། གཏམ་བརྗོད་སྒྲུང་གཏམ་སོགས་རྩོམ་རིག་བརྩམས་ཆོས་སུ་གཏོགས་པ་ལས་ལོ་རྒྱུས་ཀྱི་བསྟན་བཅོས་མིན། འོན་ཀྱང་ཚང་མའི་བརྗོད་བྱ་ལོ་རྒྱུས་དང་ལོ་རྒྱུས་མི་སྣར་འབྲེལ་བ་ཡོད་པ་ཡིན། མིང་དེ་དག་སྔོན་ཆད་བོད་ཡིག་ཏུ་འགྱུར་མེད། དེ་དག་ང་རང་ལོ་ན་ཆུང་དུས་སུ་བཀླགས་མྱོང་ཞེས་པ་ཙམ་ཡིན། ཐ་མ་གཉིས་ནི་རྒྱའི་གཞུང་ཕྱོགས་ནས་བསྒྲིགས་པའི་དཔེ་ཚོགས་བམ་པོ་ཧ་ཅང་མང་པོ་ཅན་གཉིས་ཡིནགསུངས།
      
资治通鉴——སྲིད་སྐྱོང་མེ་ལོང་།
      
汉书——ཧན་རྒྱལ་རབས་ཀྱི་ལོ་རྒྱུས།
      
后汉书——ཧན་རྒྱལ་རབས་ཤར་མའི་ལོ་རྒྱུས།
      
晋书——ཅིན་རྒྱལ་རབས་ཀྱི་ལོ་རྒྱུས།
      
宋书——སུང་རྒྱལ་རབས་ཀྱི་ལོ་རྒྱུས།
      
南齐书——ཆི་རྒྱལ་རབས་ལྷོ་མའི་ལོ་རྒྱུས།
      
梁书——ལིའང་རྒྱལ་རབས་ཀྱི་ལོ་རྒྱུས།
      
魏书——ཝེ་རྒྱལ་རབས་ཀྱི་ལོ་རྒྱུས།
      
周书——ཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུས།
      
隋书——སུའེ་རྒྱལ་རབས་ཀྱི་ལོ་རྒྱུས།
      
北史——རྒྱལ་རབས་བྱང་མའི་ལོ་རྒྱུས།
      
通典——ཐུང་ཏེན།
      
唐会要——ཐང་གི་ལམ་སྲོལ་གནད་བསྡུས།
      
旧唐书——ཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྙིང་མ།
      
新唐书 ——ཐང་རྒྱལ་རབས་ཀྱི་ལོ་རྒྱུས་གསར་མ།
      
旧五代史——རྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མ།
      
新五代史——རྒྱལ་རབས་ལྔའི་ལོ་རྒྱུས་གསར་མ།
      
宋史——སུང་རྒྱལ་རབས་ཀྱི་ལོ་རྒྱུས།
      
辽史——ལིའོ་རྒྱལ་རབས་ཀྱི་ལོ་རྒྱུས།
      
金史——ཅིན་རྒྱལ་རབས་ཀྱི་ལོ་རྒྱུས།
      
隋唐演义——སུའེ་ཐང་རྒྱལ་རབས་གཉིས་ཀྱི་སྒྲུང་།
      
唐宫二十朝演义——ཐང་གི་རྒྱལ་རབས་ཉི་ཤུའི་སྒྲུང་།
      
呼家将——ཧུའུ་ཚང་གི་དམག་དཔོན་གྱི་སྒྲུང་།
      
火烧赤壁——ཁྲི་པི་མེར་བསྲེགས་པ།
      
杨家将——དབྱང་ཚང་གི་དམག་དཔོན་གྱི་སྒྲུང་།
      
薛丁山征西——ཞུའེ་ཏིང་ཧྲན་གྱི་ནུབ་འདུལ་གཏམ་རྒྱུད།
      
窦尔敦传——ཏོའུ་ཨར་ཏུན་གྱི་ལོ་རྒྱུས། 
      
童林传——ཐུང་ལིན་གྱི་ལོ་རྒྱུས།
      
岳飞传——ཡུའེ་ཧྥེ་ཡི་ལོ་རྒྱུས། 
      
说岳全传——ཡུའེ་ཧྥེ་ཡི་ལོ་རྒྱུས་རྒྱས་པ། 
      
施公案——ཧྲི་གུང་གིས་གྱོད་གཞི་རྩར་བཅད་པའི་གཏམ་རྒྱུད།
      
全唐文 ——ཐང་རྒྱལ་རབས་ཀྱི་རྩོམ་ཡིག་ཕྱོགས་བསྒྲིགས།
      
全唐诗——ཐང་རྒྱལ་རབས་ཀྱི་སྙན་ངག་ཕྱོགས་བསྒྲིགས།

རིན་ཆེན་གྱིས་བསྒྲིགས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005