བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་བསྒྱུར།
འཁྲབ་སྟོན་དང་པོ།
ལེའུ་དང་པོ།
ཝེ་རོ་ན་གྲོང་གི་སྲང་ལམ་ཞིག་ན།
ཁ་པུ་ལེཀྲི་ཚང་གི་གཡོག་སམ་སོན་དང་གེ་རོག་གོ་རི་རལ་གྲི་དང་ཕུབ་ལས་སྤྲས་ཏེ་གར་སྟེགས་ཐོག་ཐོན།
སམ་སོན།ཁོ་རེ། གེ་རེག་གོ་རི། རང་གཉིས་པོས་དམའ་ཞན་པའི་ལས་གཏན་ནས་མི་བྱའོ།
གེ་རེག་གོ་རི། འོ། ལོས་མི་བྱའོ། དེ་འདྲ་བྱས་ཚེ་རང་གཉིས་རྡོ་སོལདབོར་མཁན་ལྟ་བུར་འགྱུར་རྒྱུའོ།
སམ་སོན། ང་ཡི་བརྗོད་དོན་དེ་འདྲ་མ་ཡིན། གལ་ཏེ་ངེད་གཉིས་ལ་བསྙད་བརྐོ་མཁན་བྱུང་ཚེ་ལམ་སེང་རལ་གྲི་གཤོམ་རྒྱུ་ཡིན་ཅེས་པའིདོན་ནོ།
གེ་རེག་གོ་རི། འོ། དེ་རིང་ངོ་། རང་གཉིས་གསོན་པོར་གནས་པའི་ཕ་རོལ་ན་སྐེ་གནམ་བཏགས་རྒྱག་སའི་ཐག་ཁུང་ནང་མི་འཇུག་ཐག་ཆོད་དོ① །
སམ་སོན། ང་ནི་སྙད་རྐོ་མཁན་སུ་རུང་དང་འཕྲད་པ་ན་འཕྲལ་མར་རལ་གྲི་གཤོམ་རྒྱུའོ།
གེ་རེག་གོ་རི། འོན་ཀྱང་ཁྱོད་ནི་དེ་འདྲའི་ཁོང་ཁྲོ་ལངས་མི་སླའོ།
སམ་སོན། འོན་ཀྱང་། མོན་ཀྲག་པ་ཁྱི་རྒན་དེ་ཚོ་མདུན་དུ་ལྷགས་སྐབས་ང་ཡི་ལུས་ཡོངས་འདར་བར་བྱེད།
གེ་རེག་གོ་རི། ལུས་འདར་རྒྱུ་ནི་དཔའ་ཞུམ་པའི་རྟགས་ཡིན། དཔའ་བློ་ཁོག་ཡོད་གྱུར་ན་རང་སར་འདུག་ཐུབ་པ་དགོས། ཁྱོད་འདར་བཞིན་འདུག་ན་བྲོས་ལ་གྲབས་པའི་རྟགས་ཡིན།
སམ་སོན། ཁྱིམ་དེའི་ཁྱི་རྒན་གྱི་མདུན་དུ་ང་ཡིས་མ་འཛིང་པར་བསྡད་ནས་ཅི་བྱེད། མོན་ཀྲག་པའི་ཁྱི་རྒན་ཕོ་མོ་སུ་ཞིག་ང་ཡི་མདུན་དུ་འཁོད་པ་ན་ང་ནི་རྩིགས་འགྲམ་དུ་ལངས་རྒྱུར་གདོན་མི་ཟའོ②།
གེ་རེག་གོ་རི། འོ་ན་ཁྱོད་ནི་བླ་འདར་བ་ཞིག་ཡིན་པ་དེ་བས་མངོན་ཆེ། གང་ཡིན་ཅེ་ན་བླ་འདར་བ་ནི་འཛིང་རེས་སྐབས་སྐྱ་འགྲམ་ཁོ་ནར་སླེབས་ཀྱི་ཡོད།
སམ་སོན། དེ་ནི་བདེན་ནོ། འོ་ན་ང་ཡིས་ཁོ་ཚོའི་བུ་མོ་རྣམས་སྟོབས་ཞན་སྟབས་སྐྱ་ལ་བཀར་རྒྱུ་ཡིན་པ་དང་ཁོ་ཚོའི་སྐྱེས་པ་རྣམས་སྐྱ་འགྲམ་ལས་ཚུར་འབུད་རྒྱུ་ཡིན་ནོ།
གེ་རེག་གོ་རི། འཛིང་རེས་ནི་རྗེ་བོ་དང་རྗེ་བོའི་དབར་དང་རང་ཅག་གཡོག་དང་གཡོག་དབར་ཡོངས་ཁྱབ་དུ་གནས།
སམ་སོན། མདོ་གཅིག་རང་མ་ཡིན་ནམ། གང་ལྟར་ང་ནི་སུ་ལའང་ཡ་ང་སྙིང་རྗེ་མེད། ཁོ་ཚོའི་སྐྱེས་པ་རྣམས་ལ་ཕམ་པར་བྱས་རྗེས་དམན་རྣམས་ལ་འཇམ་ཙམ་བྱས་འཐུང་རུང་ཁོ་ཚོའི་སྐེ་ནི་གང་ལྟར་གཡུག་རྒྱུ་རང་ངོ་།
གེ་རེག་གོ་རི། བུད་མེད་ཚོའི་སྐེ་ཡང་གཡུག་རྩིས་སམ།
སམ་སོན། འོ་དེ་རང་ངོ་། བུད་མེད་ཚོའི་སྐེའམ་ཡང་ན་ཁོ་ཚོའི་སྟུ་གསར་གང་རུང་གཡུག་རྒྱུ་ཡིན། ཁྱོད་ཀྱིས་དེ་ལ་གོ་བ་ཇི་ལྟར་བླངས་རུང་འཐུས།
གེ་རོག་གོ་རི། བྱས་ན་ཁྱོད་ཉ་ཞིག་མིན་པ་སྟབས་ལེགས་འདུག ཉ་ཡི་ནང་ནས་ཀྱང་ཐ་ཞིག་ཡིན་པར་གདོན་མི་ཟའོ། གྲི་ཐོན་ཅིག མོན་ཀྲག་པ་གཉིས་མདུན་ནས་ཡོང་འདུག
མོན་ཀྲག་ཚང་གི་གཡོག་ཨབ་ར་ཧམ་གཡོག་གཞན་ཞིག་ལས་འབྲངས་ཏེ་གར་སྟེགས་ཐོག་ཐོན།
སམ་སོན། ང་ཡིས་རལ་གྲི་སྔོ་ལིང་ལིང་དུ་ཤུབས་ལས་བཏོན་ཟིན། འཛིང་རྩིས་བྱོས་ཤིག ང་ནི་ཁྱོད་ཀྱི་རྒྱབ་ཏུ་ལང་རྒྱུ་རང་ངོ་།
གེ་རོག་གོ་རི། འོ། ཁྱོད་བྲོས་བདེའི་ཆེད་ང་ཡི་རྒྱབ་ཏུ་ལང་རྒྱུའམ།
སམ་སོན། ཁྱོད་ང་ལ་བློ་གཡེང་མ་བྱོས་ཤིག
གེ་རེག་གོ་རི། འོན་ཀྱང་མ་རི་ཡ་ཚད་འཛུགས། ང་ནི་ཁྱོད་ལ་བློ་མི་བདེའོ།
སམ་སོན། བདེན་པ་ངེད་གཉིས་ཀྱི་ཕྱོགས་ལ་ཡོད་པ་བྱ་རྒྱུ་ཡིན་ནོ། སྔོན་ལ་ཁོ་ཚོ་རྐྱེན་སློང་དུ་ཆུག་ཅིག
གེ་རོག་གོ་རི། ང་ནི་ཁོ་གཉིས་ལ་མིག་ལོག་ལྟ་བཞིན་བསྐྱོད་རྒྱུའོ། ཚུར་ལན་གང་ཞིག་འདུག་ལྟའོ།
སམ་སོན། མ་ཡིན། དེ་ནི་བློ་ཁོག་ཆུང་སྐྱོན་ནོ། ང་ཡིས་མཐེ་བོང་ལ་སོ་རྒྱག་བཞིན་བསྐྱོད་རྒྱུའོ། གལ་ཏེ་ཁོ་ཚོས་དེ་ལ་ཡ་མ་བྱས་པར་མུ་མཐུད་ལམ་དུ་ཞུགས་ཚེ་དེ་ནི་རྐུབ་ཚིག་པའི་རྟགས་སོ།
ཨབ་ར་ཧམ། ཁྱོད་ཀྱིས་མཐེ་བོང་ལ་སོ་རྒྱག་རྒྱུ་ནི་ང་ཚོར་བརྗོད་པ་ཨེ་ཡིན།
སམ་སོན། ང་རང་གི་མཐེ་བོང་ལ་སོ་རྒྱག་བཞིན་ཡོད། གྲོགས་པོ།
ཨབ་ར་ཧམ། ཁྱོད་ཀྱིས་མཐེ་བོང་ལ་སོ་རྒྱག་རྒྱུ་ནི་ང་ཚོར་སྟོན་བྱེད་དུ་མ་ཡིན་ནམ། གྲོགས་པོ།
སམ་སོན། 「གེ་རེག་གོ་རི་ལ་ལོགས་སུ།」“ཡིན”ཅེས་བརྗོད་ཚེ་བདེན་པ་ཤོར་རྒྱུ་མ་ཡིན་ནམ།
གེ་རེག་གོ་རི། 「སམ་སོན་ལ་ལོགས་སུ།」འོ་ན་“མིན”ཅེས་རྗོད་ཅིག
སམ་སོན། 「ཨབ་ར་ཧམ་ལ།」མིན་གྲོགས་པོ། ང་ཡིས་མཐེ་བོང་ལ་སོ་རྒྱག་རྒྱུ་ནི་ཁྱོད་ལ་བརྗོད་པ་མིན། རང་ཉིད་རྒྱག་འདོད་ཡོད་སྟབས་བརྒྱབ་པ་ཡིན། གྲོགས་པོ།
གེ་རེག་གོ་རི། ཁྱོད་རྒྱག་རེས་བྲོ་ཡི་མི་འདུག་གམ། གྲོགས་པོ།
ཨབ་ར་ཧམ། རྒྱག་རེས་ཨེ་རྗོད། མི་འདུག གྲོགས་པོ།
སམ་སོན། གལ་ཏེ་བྲོ་ཡི་འདུག་ན་ཁྱོད་ཀྱི་ཁ་གཏད་དུ་ང་ཡིས་འདོན་པས་ཆོག ང་ཡིས་ཁྱོད་དང་གང་ཐུབ་ཅི་ཐུབ་འཛིང་པས་ཆོག
ཨབ་ར་ཧམ། ང་ལས་ལེགས་པ་འཛིང་མི་ཐུབ་བམ།
སམ་སོན། བལྟས་པས་ཆོག གྲོགས་པོ།
བྷེན་ཝོ་ལིའོ་གར་སྟེགས་ཐོག་ཐོན།
གེ་རོག་གོ་རི།「ཀྲི་བྷལཀྲི་ཉེ་བར་འཁོད་པ་མཐོང་འཕྲལ་སམ་སོན་ལ།」“ལེགས་པ་འཛིང་ཐུབ”ཅེས་རྗོད་ཅིག–རང་རེའི་རྗེ་བོའི་སྐུ་མཆེད་ཀྱང་འདི་ཕྱོགས་ཕེབས་བཞིན་གདའ།
སམ་སོན། 「ཨབ་ར་ཧམ་ལ།」འོ་ཐུབ། ལེགས་པ་འཛིང་ཐུབ། གྲོགས་པོ།
ཨབ་ར་ཧམ། ཁྱོད་རྫུན་མ་རྗོད།
སམ་སོན། ཁྱོད་ཚོ་ཕོ་ཁྱོ་ཁ་ཡིན་ན་དོན་ཤོག གེ་རེག་གོ་རི། ཁྱོད་ལ་འཕུར་བ་ལྟ་བུའི་རལ་གྲི་གཡུག་རྒྱུ་ཡོད་ཅེས་བཤད་ཅིང་།ད་ནི་གཡུག་པའི་དུས་ལ་སླེབས་སོང་།「འཛིང་རེས་འགོ་ཚུགས། བྷེན་ཝོ་ལིའོ་རལ་གྲི་འདོན་བཞིན་གྲི་འཛིང་ཁ་ཕྲལ་བར་འཁོད།」
བྷེན་ཝོ་ལིའོ། ཚོད་ཟུང་གི་མིན་ནམ་གླེན་པ་ཚོ། གྲི་རྣམས་ཤུབས་སུ་ཆུག་ཅིག ཁྱོད་ཚོ་ལས་གང་ཞིག་ལས་བཞིན་ཡོད་མིན་མི་ཤེས་སམ།
ཀྲི་བྷལ་ཀྲི་གར་སྟེགས་ཐོག་ཐོན།
ཀྲི་བྷལཀྲི། ག་རེ། ཁྱོད་གཡོག་ཐ་ཤལ་འདི་ཚོར་གྲི་འཕྱར་བཞིན་ཡོད་དམ། ཚུར་ཁ་སྐོར་ཅིག བྷེན་ཝོ་ལིའོ། ཁྱོད་སྡུག་སྲོག་ཤོར་རྒྱུར་གཟོན་ཅིག
བྷེན་ཝོ་ལིའོ། ང་ནི་འདི་ན་ཁོ་ཚོ་ཕྲལ་བཞིན་མི་འདུག་གམ། ཁྱོད་ཀྱང་གྲི་བཏོན་ནས་འདི་རུ་ཁ་ཕྲལ་རོགས་སུ་ཤོག་ཅིག
ཀྲི་བྷལཀྲི། ག་རེ། གྲི་དངོ་འཕྱར་བཞིན་ངག་ལས་ཞི་བདེ་སྨྲ་བཞིན་ཡོད་དམ། ང་ནི་གཏམ་འདི་རིགས་དང་མོན་ཀྲག་པ་སྤྱི་དང་བྱེ་བྲག་ཁྱོད་ལ་དམྱལ་བ་ལ་ཁྲོ་བ་ལྟར་ཁྲོས་འདུག སྙིང་མེད་ཁྱོད་དོན་ཤོག ཁོ་གཉིས་འཛིང་རེས་ཐུག་དཔོན་ཞིག་ལས་བྱ་གསུམ་བཞི་ལས་འབྲངས་ཏེ་གར་སྟེགས་ཐོག་ཐོན།
དཔོན། དབྱུག་པ་དང་མདུང་རྣམས་ཁོ་ཚོའི་མགོ་ལ་ཕྱོར་ཞིག ཁ་པུ་ལེཀྲི་པ་རྣམས་རྡུངས་ཤིག མོན་ཀྲག་པ་རྣམས་རྡུངས་ཤིག
ཁ་པུ་ལེཀྲི་རྗེ་བོ་མཚན་མོའི་ཉལ་གོས་གྱོན་མུར་ཁོང་གི་ལྕམ་ལས་འབྲངས་ཏེ་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་རྗེ་བོ། སྐད་ཅོར་འདི་འདྲ་ཅིའམ། ང་ཡི་དཔའ་དམ་འདི་རུ་ཤུགས་དང་། ཝ་ཡེ།
ཁ་པུ་ལེཀྲི་ལྕམ། ཁྱེད་ལ་འཁར་བ་ཞིག་ལས་འོས་པ་མི་འདུག འཁར་བ་ཞིག་ལས་འོས་པ་མི་འདུག དཔའ་དམ་འཕྱར་ནས་གང་ཞིག་གནང་རྒྱུའམ།
ཁ་པུ་ལེཀྲི་རྗེ་བོ། དཔའ་དམ་ཁྱེར་ཤོག་ཅེས་མི་ཟེར་རམ། ཁོ་མོན་ཀྲག་རྒས་པོའང་ཕ་ན་འབྱོར་ཟིན་ནས་དཔའ་དམ་འཕྱར་བཞིན་ང་བསྒུགས་ནས་ཡོད་པ་མི་མཐོང་ངམ།
མོན་ཀྲག་རྗེ་བོ་དང་ཁོང་གི་ལྕམ་གར་སྟེགས་ཐོག་ཐོན།
མོན་ཀྲག་རྗེ་བོ། ཁ་པུ་ལེཀྲི་ཞེས་པའི་མི་ང་ཁྱོད། 「ཁོང་གི་ལྕམ་ལ་」ང་ཐོང་དང་། ང་ཐོང་དང་།
མོན་ཀྲག་ལྕམ། ཁྱེད་དགྲ་བོ་འཚོལ་བར་གོམ་པ་གང་ཐེགས་ན་མི་འགྲིག
རྒྱལ་སྲས་ཨེསི་ཁ་ལུསི་སྐུ་འཁོར་གར་སྟེགས་ཐོག་ཐོན།
རྒྱལ་སྲས། སྒྲིག་ཁྲིམས་སྣུབ་མཁན་གྱི་འབངས་ནི་ཞི་བའི་དགྲ་བོ་ཁོ་ནའོ། ཁོ་ཚོའི་རལ་གྲི་ནི་ཡ་ང་བར་ཁྱིམ་མཚེས་ཀྱི་ཁྲག་རལ་ལས་གང་ནས་གནས། ཝ་ཡེ། ཁྱོད་ཚོ་མི་ཡིན་ནའང་འདྲ། བྱོལ་སོང་ཡིན་ནའང་འདྲ། རྩ་ནང་འཁོར་སྐྱོད་དུ་ཡོད་པའི་དམར་པོའི་ཁྲག་ལས་སྐོམ་སེལ་བར་བྱེད་པོ་སྟེ་སྡུག་བསྔལ་ལ་བརྟེན་ནས་ལག་རྣམས་ཁྲག་ལས་ཚོས་པ་ཁྱོད་ཚོ་མི་གསོད་ཀྱི་གོ་ལག་དག་དོར་ནས་ཁྱོད་ཚོའི་ཡུལ་དཔོན་རྒྱལ་སྲས་ཀྱི་རྩ་ཚིག་འདི་གོ་བར་གྱིས་ཤིགཁ་པུ་ལེཀྲི་དང་མོན་ཀྲག་རྒས་པོའི་ཆོ་མེད་ཚིག་རྩུབ་ལས་འཇམ་པའི་ཁྲོམ་གཞུང་འདི་ནང་ད་བར་སྡོད་བཟོད་མི་བདེ་བ་ཐེངས་གསུམ་ཙམ་བྱུང་གཤིས། ཝེ་རོ་ནའི་སྐྱེ་བོ་ན་རྒས་དག་ཀྱང་མཛེས་པའི་རྒྱུན་གོས་ཕུད་ནས་ལག་ན་རང་གི་ན་དང་མཉམ་པའི་མདུང་རྙིང་སོང་བཙའ་སྐྱེ་དག་ཐོགས་ཏེ་ཁྱོད་ཚོའི་འཁྲུག་རྩོལ་ཕྲལ་བར་མི་བསྐྱོད་མཐུ་མེད་བྱུང་བ་དེ་ལྟར་ལགས། འོན་ཀྱང་ད་ཕྱིན་ཁྲོམ་གཞུང་དུ་སུ་ཞིག་ལས་ཟིང་ཆ་བསླངས་ཚེ་དུས་བདེ་ཞོད་འཇགས་མི་ཉམས་སོར་ཆུད་ཡོང་ཕྱིར་ཁྱེད་གཉིས་ལ་སྲོག་གི་ཆད་པ་གཅོད་རྒྱུ་ལགས་ཤིང་། ད་ཐེངས་འདིར་འདུས་སྐྱེ་བོའི་ཚོགས་རང་གནས་སུ་གྱེས་ཤིགད་ལམ་གྱོད་འདིའི་བཅད་ཁྲ་ཉན་པར་རང་དབང་གྲོང་ཚོ་སྟེ་ཁྲིམས་ཁང་དུ་ཁ་པུ་ལེཀྲི་དོ་བདག་ད་ལྟ་ང་དང་མཉམ་དུ་ཡོང་དགོས་པ་དང་མོན་ཀྲག་དོ་བདག་ཉིན་དགུང་ཙམ་ན་ཡོང་དགོས་རྒྱུར། ང་ཡིས་སླར་བརྗོད་དོན་དུ་མི་གསོད་ཀྱི་འཇིགས་སྐྲག་ལས་མནར་བའི་འདིར་འདུས་མི་ཚོགས་ད་ཆ་རང་གནས་སུ་གྱེས་ཤིག
མོན་ཀྲག་རྗེ་བོ་དང་། མོན་ཀྲག་ལྕམ། བྷེན་ཝོ་ལིའོ་ཕུད་བྱིངས་གར་སྟེགས་ལས་བཤོལ།
མོན་ཀྲག་རྗེ་བོ། སུ་ཞིག་ལས་འཁོན་འཛིང་རྙིང་པ་གསར་པར་བཅོས་སམ། ཚ་བོ་ཁྱོད་ཀྱིས་ཤོད་ཅིག རྒྱག་རེས་འདི་འགོ་ཚུཊ་སྐབས་ཁྱོད་འདི་ན་ཡོད་དམ།
བྷེན་ཝོ་ལིའོ། བདག་འདིར་འབྱོར་སྐབས་ཁྱེད་ཀྱི་དགྲ་བོའི་གཡོག་དང་ཁྱེད་ཀྱི་གཡོག་རྣམས་ལག་འཛིང་བྱེད་བཞིན་གདའ། བདག་གིས་རལ་གྲི་བཤམས་ནས་ཁོ་ཚོ་ཕྲལ་བར་བརྩམས་པ་ན་གཏུམ་དྲག་གི་ཀྲི་བྷལ་ཀྲི་དེར་འབྱོར་ཞིང་ཁོ་ཡིས་ཀྱང་རལ་གྲི་བཤམས་ནས་བདག་ལ་འཛིང་རྒྱུར་བརྡ་སྤྲད།ཁོ་ཡིས་རལ་གྲི་ནམ་མཁར་འཕྱར་ཞིང་རླུང་ཡང་དུམ་བུར་གཏུབས་རུང་དེ་ལས་འུར་སྒྲ་གྲགས་པ་ལས་རླུང་ལ་རྨས་སྐྱོན་ནི་མ་བྱུང་། ངོས་ཚོ་འཛིང་རེས་ཀྱི་དུས་ན་སྐྱེ་བོ་མང་དུ་དེ་རུ་འཁོད་ཅིང་ཚོ་དང་ཚོ་རུ་འཁྲུག དེའི་དུས་ན་ཡུལ་གྱི་རྒྱལ་སྲས་མཆོག་ཞབས་སོར་འཁོད་ཅིང་ཕྱོགས་གཉིས་འཁྲུག་མཚམས་གཅོད་རྒྱུའི་བཀའ་ཕབ།
མོན་ཀྲག་ལྕམ། འོ་ན། རོ་མེའོ་གང་དུ་སོང་ངམ། ཁྱོད་ཀྱིས་ད་ཉིན་ཁོ་མ་མཐོང་ངམ། འཁྲུག་རྩོད་འདི་ནང་ཁོ་མེད་པར་ང་སེམས་རབ་ཏུ་དགྱེས།
བྷེན་ཝོ་ལིའོ། ལྕམ་སྐུ་ཞབས། དྲིན་ཅན་གྱི་ཉི་མའི་འོད་ཟེར་ཤར་ཕྱོགས་ནས་མ་འཚེར་གོང་དུ་ཆུ་ཚོད་གཅིག་ཙམ་ན་བདག་ནི་བློ་སེམས་མི་སྐྱིད་ཅིང་ཕྱི་རོལ་དུ་སྟེས་དབང་དུ་གོམ་འགྲོས་སུ་འཁོད་པ་ན། ཞོགས་པའི་སྔ་ཆ་དེ་ཙམ་ན་གྲོང་ཁྱེར་གྱི་ནུབ་ཉེའི་ནགས་གསེབ་ན་གང་གི་སྲས་ཀྱང་གོམ་སྟབས་སུ་ཡོད་པ་བདག་གིས་རིགས། བདག་གིས་ཁོ་ག་ལ་བ་དེར་ཐལ་བར་ཁོ་ནི་བདག་ལ་གཡོལ་ཐབས་སུ་ནགས་ཀྱི་གསེབ་ཏུ་བརླགས། བདག་གིས་མངོན་པ་ལྟར་ན་ཁོའང་བདག་ལྟར་བློ་སེམས་མི་སྐྱིད་པར་སྣང་སྟབས་རེ་ཞིག་ཁོ་པ་གཅིག་པུར་ལྷོད་དུ་འཇུག་ཆེད་རྗེས་འདེད་མཚམས་འཇོག་གྱིས། དེ་ནི་ཁོ་པར་དགོས་རྒྱུ་ཁོ་ན་ཡིན་འདྲ་བས་ཁོ་པ་བློ་བདེར་གྱུར་ནས་དེ་བས་རིང་སར་བསྐྱོད།
མོན་ཀྲག་རྗེ་བོ། ཁོ་ནི་ཞོགས་པ་ཇི་སྙེད་བསིལ་ལྡན་ཟིལ་པའི་ཁ་སྣོན་དུ་མིག་ཟུང་མཆི་མས་བཀང་ཞིང་བསིལ་ལྡན་སྨག་རུམ་གྱི་ཁ་སྣོན་དུ་དབུགས་རིང་གི་རླངས་པ་སྦྱིན་བཞིན་ཡོད་པར་གྲགས།འོན་ཀྱང་ཤར་ཕྱོགས་རྒྱང་ནས་འཚེར་བའི་ཉི་མའི་འོད་ལས་ཉལ་ཁྲིའི་ཕྱོགས་བཞིའི་ཡོལ་བ་དཀར་གསལ་དུ་བཤུས་པ་ལྟར་ནམ་ཟླ་གསལ་ཞིང་ང་ཡི་ཡིད་རྨོངས་བུའང་དཀར་གསལ་འོད་ལས་དེད་ནས་ཁྱིམ་དུ་ཕྱིར་འཁོད། འོན་ཀྱང་ཁོ་ནི་རང་གི་ཉལ་ཁང་དུ་འཁོད་རྗེས་སླར་སྒེའུ་ཁུང་རྣམས་མུན་ནག་ཏུ་བཀག་ནས་བཅོས་མའི་མཚན་མོ་ཞིག་ཏུ་མལ་ཏུ་འཁོད། ཚུལ་དེ་རིགས་ནི་མི་ལེགས་ཤིང་དེ་ཡི་རྐྱེན་ལ་གྲོས་ཤིག་དགོས་ངེས་སྙམ།
བྷེན་ཝོ་ལིའོ། བདག་གི་དྲིན་ཅན་ཨ་ཁུ་མཆོག ཁྱེད་ཀྱིས་དེ་ཡི་རྒྱུ་རྐྱེན་མཁྱེན་ནམ།
མོན་ཀྲག་རྗེ་བོ། མི་ཤེས་སོ། ཁོ་ཉིད་ཀྱི་ངག་ལས་ཤེས་པ་བྱེད་རྒྱུའང་དཀའོ།
བྷེན་ཝོ་ལིའོ། ཁྱེད་ནས་ད་བར་ཁོ་ཡི་དྲུང་དུ་ཕེབས་ནས་མཁྱེན་ཐབས་ཅི་རིགས་མཛད་ཡོད་དམ་མེད།
མོན་ཀྲག་རྗེ་བོ། ཁོ་བོ་ཙམ་དུ་མ་ཟད་དགའ་ཉེ་ཇི་སྙེད་ལས་ཤེས་པ་ལྟར་ན་ཁོ་ཡི་གསང་བ་སེམས་ནང་བཙན་པར་ཉར་ནས་སུ་ལའང་མི་བརྗོད་པར་ཚོར། ད་བར་དུ་ཤེས་པ་ལྟར་ན་ཁོ་ཡི་གསང་བའི་དམ་དྲག་གི་ཚད་གཞི་ནི་མེ་ཏོག་གི་ཐིའུ་ཞིག་ཕྱི་རོལ་གྱི་ཉི་ལྷག་ནང་བཞད་ཁའང་མ་ཕྱེ་གོང་དེ་ཡི་ཁོག་ནང་ཟ་རྔམ་ཅན་གྱི་འབུ་སྲིན་ཞིག་གནས་པ་ལྟར་ཕྱི་ནས་མི་མངོན་པར་སྣང་། གལ་ཏེ་རང་རེས་ཁོ་པ་ཡིད་རྨོངས་པའི་རྒྱུ་རྐྱེན་ཤེས་ཐུབ་ཙམ་བྱུང་ན་དེ་ལ་ཕན་པའི་ཐབས་ཤིག་ལོས་ཡོད།
རོ་མེའི་གར་སྟེགས་ཐོག་ཐོན།
བྷེན་ཝོ་ལིའོ། གཟིགས་དང་། ཁོ་འདི་ཕྱོགས་ཡོང་བཞིན་གདའ། ཁྱེད་གཉིས་ལ་ཐུགས་སྟབས་མི་བདེ་བ་མེད་ཚེ་རེ་ཞིག་ལོགས་སུ་གཡོལ་ཐབས་ཞུ། ཁོ་ཡིས་མི་བརྗོད་རྒྱུར་ཆོད་སེམས་བཙུགས་མེད་ཚེ་བདག་གིས་ཁོ་པའི་ཡིད་རྨོངས་རྟོགས་མི་ཐུབ་པ་མེད།
མོན་ཀྲག་རྗེ་བོ། ང་ནི་ཁྱོད་འདིར་གནས་ནས་གནས་ཚུལ་དངོས་རྟོགས་པ་བྱ་རྒྱུར་བློ་ཡིད་ཚིམས། ཐེགས་དོ་ལྕམ་ལགས། ངེད་གཉིས་རེ་ཞིག་གཡོལ་བར་བྱ། མོན་ཀྲག་སྟངས་དཔྱལ་གར་སྟེགས་ལས་བཤོལ།
བྷེན་ཝོ་ལིའོ། ཞོགས་པ་བདེ་ལེགས། བརྩེ་བའི་སྤུན་མཆེད།
རོ་མེའོ། ད་ལྟ་ནི་ཞོགས་པ་ག་ལ་ཡིན།
བྷེན་ཝོ་ལིའོ། ད་ལྟ་ཆུ་ཚོད་དགུ་པ་བརྡུངས་འཕྲལ་མ་ཡིན་ནམ།
རོ་མེའོ། ང་ལ་ནི་ཡིད་རྨོངས་པའི་ཆུ་ཚོད་དག་ཀྱང་འགྲོ་འགོར་འདུག མགྱོགས་པར་ཟུར་དུ་བྱོན་མཁན་དེ་ང་ཡི་ཡབ་ཡིན་ནམ།
བྷེན་ཝོ་ལིའོ། ཡིན། རོ་མེའོ་ཡི་ཡིད་རྨོངས་པའི་ཆུ་ཚོད་དག་འགྲོ་འགོར་དུ་རྐྱེན་གང་ཞིག་ལས་གཏོང་གི་འདུག་གམ།
རོ་མེའོ། དགོས་པ་དེ་ལག་ཏུ་ཐེབས་གྱུར་ན་ཆུ་ཚོད་ནི་ལོས་མགྱོགས་སུ་འགྲོ་རྒྱུའོ།
བྷེན་ཝོ་ལིའོ། བརྩེ་དུང་གི་ལྕགས་ཀྱུར་འཁོན་མ་སོང་ངམ།
རེ་མོའི། མ་འཁོན་པ་ཁོ་ནའི་རྐྱེན་ནོ།
བྷེན་ཝོ་ལིའོ། བརྩེ་དུང་ལ་མ་འཁོན་པའི་རྐྱེན་ནམ།
རོ་མེའོ། ང་ཡིས་བརྩེ་བའི་མཛེས་མ་དེའི་ཐུགས་ནང་ང་མེད་པའི་རྐྱེན་ལས་ཡིན།
བྷེན་ཝོ་ལིའོ། ཡ་ང་། བརྩེ་དུང་ཞེས་ནི་ལྟ་སྣང་དུ་འཇམ་ཞིང་མཛེས་ནའང་ཚོར་སྣང་དུ་དྲག་ཅིང་རྩུབ་པར་སྣང་།
རོ་མེའོ། ཡ་ང། བརྩེ་དུང་ཞེས་ནི་རྙོག་པའི་ལས་ཤིག་ཡིན་འདུག དེ་ལ་འདྲེན་བྱེད་ཀྱི་དབང་པོ་མེད་རུང་དེ་ཡིས་འགྲོ་ལམ་གསལ་བར་མཐོང་འདུག རང་ཚོ་གང་དུ་ཟས་ཟ་རྒྱུ་ཡིན་ནམ།---ཨ་ཙེ། འདི་རུ་འཁྲུག་རྩོད་ཅིག་མ་ལངས་སམ། དེ་སྐོར་ང་ཡིས་ཤེས་ཟིན། སླར་བརྗོད་མི་དགོས། འདི་ན་འཁོན་འཛིན་ཤུགས་ཆེ་རུང་བརྩེ་དུང་ནི་དེ་བས་ཤུགས་ཆེ་
འདུག འཁོན་འགྲས་ཀྱི་ཁྲོད་དུ་བརྩེ་དུང་དང་བརྩེ་དུང་གི་ཁྲོད་དུ་འཁོན་འགྲས་གནས་དོན་ཅི་ཕྱིར་རམ། ཨེ་མ། འདི་ཚོ་མཐའ་དག་ནི་མེད་པ་ནས་ཡོད་པར་གྱུར་པའི་འགལ་བ་འབའ་ཞི་སྟེ། ལྕི་ཞིང་ཡང་བ། དྲག་ཅིང་དལ་བ། ཟིང་ཞིང་འཇམ་པ། ཞ་ཉེ་ལྟར་ལྕི་བའི་བྱ་སྤུ། རླུང་ལྟར་དྭངས་བའི་དུ་བ། ཆུ་ལྟར་གྲང་བའི་མེ། ནད་ལས་གང་བའི་བདེ་ཐང་། མིག་གདང་མུར་ཉལ་བའི་གཉིད། རང་གིས་བརྩེ་དུང་ཡིན་ཁུལ་རུང་ཕ་རོལ་པས་བརྩེ་དུང་ལ་མི་སྣང་བ་བཅས་དང་བཅས་ལྟ་བུའོ། ང་ནི་ཁྱོད་ལ་བཞད་གད་སློང་མཁན་ཞིག་ཏུ་མི་མངོན་ནམ།
བྷེན་ཝོ་ལིའོ། མི་མངོན། བརྩེ་བའི་སྤུན་མཆེད། ལྡོག་ཏུ་ང་ངུ་བར་འདོད།
རོ་མེའོ། སེམས་བཟང་། གང་གི་དོན་དུའམ།
བྷེན་ཝོ་ལིའོ། ཁྱོད་ཀྱི་སེམས་བཟང་ལ་སྡུག་བསྔལ་བྱུང་བའི་རྐྱེན་ལས་སོ།
རོ་མེའོ། འོ་ན་དེ་ནི་བརྩེ་དུང་གི་སྐྱོན་ཆ་ཡིན་ཤས་ཆེ། བརྩེ་དུང་གི་ནད་ལས་ང་ཡི་ལུས་པོ་མནར་བཞིན་འདུག ལྷག་པར་ཁྱོད་ཀྱིས་དེ་ལྟར་བརྗོད་ཚེ་ང་ཡི་ལུས་པོ་ལྕི་རུ་འགྲོ་བཞིན་འདུག ཁྱོད་ཀྱི་གདུང་སེམས་ང་ཡི་སྡུག་བསྔལ་ཐོག་མནན་ཚེ་ང་ཡི་སྡུག་བསྔལ་དེ་བས་ལྕི་རུ་འགྲོ་རྒྱུ་ལོས་ཡིན། བརྩེ་དུང་ནི་དབུགས་རིང་གི་རླབས་ལས་གྲུབ་པའི་དུ་བ་ཞིག་ཡིན་ཅིང་། དེ་དག་དྭངས་བའི་དུས་ན་སྙིང་སྡུག་གི་མིག་ལས་འོད་འཚེར་བ་དང་དེ་དག་དུ་ཞག་ཏུ་འཁོར་བའི་དུས་ན་སྙིང་སྡུག་གི་མིག་ལས་མཆི་ལ་ལྷུངས། འོ་ན་དེ་ནི་ཅི་ཞིག་གམ། དེ་ནི་ཤེས་ལྡན་གྱི་གླེན་པ་ཞིག་ཡིན་པ་སྟེ་གདུག་རྩུབ་ཀྱི་དུག་དང་བརྩེ་བའི་སྨན་ཞིག་གོ། མཛའ་བའི་སྤུན་ཉིད་ག་ལེ་བཞུགས།
བྷེན་ཝོ་ལིའོ། སྒུགས་ཤིག ང་ཡང་ཁྱོད་མཉམ་དུ་འགྲོའོ། ཁྱོད་ཀྱིས་ང་བཞག་ནས་ལོགས་སུ་འགྲོ་བསམ་ན་དེ་ནི་ང་ལ་ཤི་མི་ཚ་བའི་རྟགས་ཡིན།
རོ་མེའོ། དེ་འདྲ་ལྟ་ཞོག ང་ནི་རང་གིས་རང་བརླག་པ་ལྟར་དུ་སྣང་། ང་ནི་འདི་ན་མ་གནས་པ་ལྟར་དུ་སྣང་། འདི་ནི་རོ་མེའོ་མ་ཡིན་གྱིས་ཁོ་ཡུལ་གཞན་ཞིག་ན་ཡོད་དོ།
བྷེན་ཝོ་ལིའོ། ཁྱོད་ཀྱིས་ང་ལ་གསོང་པོར་རྗོད་ཅིག ཁྱོད་ཀྱིས་མཛའ་བའི་སྙིང་སྡུག་དེ་དོན་གྱི་དམ་པར་སུའམ།
རོ་མེའོ། ཅི་ཟེར། ང་ཡིས་ངུ་སྐད་འདོན་བཞིན་ཁྱོད་ལ་བརྗོད་དགོས་སམ།
བྷེན་ཝོ་ལིའོ། དེ་འདྲ་མིན། འུ་སྐད་འདོན་མི་དགོས། འོན་ཀྱང་དེ་སུ་ཡིན་ཡིད་རྨོངས་བཞིན་བརྗོས་པས་ཆོག
རོ་མེའོ།
སྐྱེ་བོ་རྨས་མ་འདི་ལ་བརྩེ་བའི་འབེན་ཞིག་ལོས་ཡོད།
ཁྱེད་ཀྱི་དྲི་བ་སྙན་རུང་ཉན་པོ་ནད་ལས་རྨས་ཟིན།
ཨ་ཙ་སྐུ་རྩེད་མ་གཏོགས་བདག་ནི་དམན་ཞིག་ལ་མཛའོ།
བྷེན་ཝོ་ལིའོ། ཁྱོད་བརྩེ་དུང་གི་ལྕགས་ཀྱུར་འཁོན་ནས་ཡོད་པར་ང་ཡིས་དོགས་པ་ནི་ནག་ཐིག་ལ་ཕོག་གྲབས་བྱས་འདུག
རོ་མེའོ། ཁྱོས་ནི་ཚ་ཁ་བ་ཕུལ་བྱུང་ཞིག་ཡིན་འདུག ང་ནི་བུད་མེད་མཛེས་མ་ཞིག་ལ་མཛའ་བཞིན་གདའ།
བྷེན་ཝོ་ལིའོ། མཛེས་པའི་ནག་ཐིག་ལ་ཞུ་མཁན་མེད་པར་ཡུན་རིང་གནས་མི་སྲིད། གཅེས་པའི་སྤུན་མཆེད་མཆོག
རོ་མེའོ།
ཉིད་ཀྱིས་སྨྲས་པའི་གཏམ་ལྟར་འདི་ནི་སླ་བའི་ལས་མིན།
འདོད་ཆགས་ལྷ་མོ་གྲི་ཡ་ནས་མི་ལ་མཐུ་སྟོབས་བསྩལ་སྟབས།
བྱིས་ལྷ་ཁུ་པིགྲི་ཡི་མདའ་མོའང་མོ་ལ་འཕེན་ནས་ཅི་ཕན།
མོ་ཡི་སྲ་བའི་ཁྲབ་ལས་ཕོ་མོའི་འདོད་ཆགས་འགོག་ཐུབ།
བྱིས་ལྷས་མདའ་མོ་འཕེན་རུང་མོ་ཡི་སྙིང་གར་མི་ཕོག
མཛའ་བའི་སྙིང་གཏམ་བརྗོད་རུང་མོ་ལ་གཡོ་འགུལ་མི་ཐུབ།
མཛའ་བའི་མིག་ཟུང་བལྟས་རུང་མོ་ལ་གཡོ་འགུལ་མི་ཐུབ།
རིན་ཆེན་གསེར་ལས་བསླུས་རུང་མོ་ལ་གཡོ་འགུལ་མི་ཐུབ།
ཨེ་མ་ཡིད་དུ་འོང་བའི་མོ་ཡི་མཛེས་སྡུག་དེ་ནི།
འཇིག་རྟེན་འདི་ལས་བྲལ་སྐབས་མཉམ་དུ་བསྣམ་རྒྱུ་མིན་ནམ།
བྷེན་ཝོ་ལིའོ། འོ་ན། མོ་ནི་གཉེན་སྒྲིག་མི་བྱེད་རྒྱུར་དམ་གྱིས་བཅས་པ་མ་ཡིན་ནམ།
རོ་མེའོ།
འོ་ཡིན། དེ་འདྲའི་རིང་དུ་དུས་ཚོད་ཆུད་ཟོས་ཚད་མེད།
ཁོ་མོ་རྐྱང་བའི་མཛེས་སྡུག་ཆུད་ཟོས་འགྲོ་རྒྱུས་མི་ཚད།
མི་རབས་རྗེས་ནས་སྤྱོད་པའི་མཛེས་སྡུག་དེའང་ཆུད་ཟོས།
མཛེས་སྡུག་ཡོན་ཏན་གཉིས་ལྡན་མཛེས་མ་འདི་ཡི་དགེ་མཚན།
མཐའ་མར་ལྷ་ཡུལ་འདྲེན་རྒྱུར་དེ་ནི་བདག་གི་སྡུག་བསྔལ།
མོ་ཡིས་བརྩེ་དུང་སྤང་རྒྱུའི་དམ་དུ་བཅས་པའི་མདུན་ན།
ཤི་མིན་རོ་མིན་བདག་འདྲ་འཚོ་དོན་གཏམ་འདིའི་ཆེ་ད་དུའོ།
བྷེན་ཝོ་ལིའོ། ང་ཡི་ཁ་ལ་ཉོན་ཅིག མོ་གཏིང་བརྗེད་བྱས་ན་ལེགས།
རོ་མེའོ། ཁྱོད་ཀྱིས་ང་ལ་གཏིང་བརྗེད་བྱ་ཐབས་ཤིག་སློབས་དང་།
བྷེན་ཝོ་ལིའོ། རང་ཉིད་བཅིངས་པ་ལས་བཀྲོལ་ཏེ་མིག་ཟུང་མཛེས་ལྡན་གཞན་གྱིས་ཕྱོགས་སུ་ལྟོས་དང་།
རོ་མེའོ།
དེ་ནི་བདེན་པའི་གཏམ་རུང་སྔ་མ་ཡིད་ལས་མི་ཡལ།
ཉེས་པའི་འབག་ལས་བཀབ་པའི་མཛེས་མར་མཆུ་སྒྲོས་སྦྱར་རུང་།
འོག་གི་དཀར་གསལ་བཞིན་རས་མཇལ་བའི་ལས་འགྲོ་མ་མཆིས།
འདྲེན་བྱེད་དབང་པོ་དོར་བའི་ལོང་བའི་ཚོགས་ལ་བལྟས་ཀྱང་།
དཀར་གསལ་འོད་སྣང་དྲན་པ་ནམ་ཡང་ཡིད་ལས་མི་འབྲལ།
སེམས་བཟང་ཁྱེད་ཀྱིས་བདག་ལ་མཛེས་པའི་བཞིན་ཞིག་བསྩལ་རུང་།
དེ་ནི་གླེགས་བམ་ནང་གི་མཆན་འགྲེལ་དག་དང་མཚུངས་འདྲ།
ཡང་ཡང་ཀློག་རྒྱུ་ཙམ་ལས་བདག་ཡིད་མགུ་བའི་མཐུ་མེད།
ཁྱེད་ཉིད་ག་ལེ་བཞུགས་ཤིག་མཛེས་མ་གཞན་ལ་མི་སྨོན།
བྷེན་ཝོ་ལིའོ། ང་ཡིས་བརྗོད་པའི་གཏམ་ནི་བདེན་པ་རང་ཡིན། སྲོག་དང་བྲལ་ཞེས་མནའ་སྐྱལ་ལོ།
གར་སྟེགས་ལས་བཤོལ།
ལེའུ་གཉིས་པ།
གར་སྟེགས་ཡུལ་ལྗོངས་གོང་མཚུངས།
ཁ་པུ་ལེཀྲི་རྗེ་བོ་དང་། པ་རིསི། བྱང་ཆུང་བ། ཁ་པུ་ལེཀྲི་རྗེ་བོའི་གཡོག་བཅས་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་རྗེ་བོ། མོན་ཀྲག་ལའང་ངེད་དང་དོ་མཉམ་པའི་ཁྲིམས་ཀྱི་ཆད་པ་ཕོག་ཟིན། ད་ནི་ཕྱོགས་གཉིས་ལོ་ནར་གཏུགས་སྟབས་འཁྲུག་རྩོད་མི་ཡོང་བ་བྱ་རྒྱུར་དཀའ་བ་དེ་ཙམ་མི་ལྡན།
པ་རི་སི།ཕྱོགས་གཉིས་ད་ཆ་ཞི་འཇམ་དུ་དུ་འཁོད་ཐུབ་པ་ལེགས་སོ།ད་བར་རིང་མོར་དགྲ་ཟླར་གནས་པ་ནི་བློ་ཕམ་པར་བྱེད་པའི་རྒྱུ་ཞིག་ཡིན། རྗེ་བོ་མཆོག་ལ་ཞུ་རྒྱུར་ད་ནི་བདག་གི་མདུན་ཐབས་ཐད་ལ་དགོངས་པ་གང་ཞིག་ཡོད་དམ།
ཁ་པུ་ལེཀྲི་རྗེ་བོ། བདག་གིས་སྔར་ཞུས་ཟིན་པ་སླར་དུ་ཞུས་ན། བདག་གི་བུ་མོ་འདི་པ་ད་ལྟ་ལོ་ན་ཕྲ་ཞིང་འཚོ་བར་ཉམས་སུ་བླངས་ནས་ལང་ཚོའི་བགྲང་བྱ་བཅུ་བཞི་ཙམ་ལས་མ་འདས། ཁོ་མོ་ནར་སོན་གྱི་བག་མ་ཞིག་ཏུ་འགྱུར་དགོས་ན་སླར་དབྱར་ལོ་གཉིས་ཙམ་སྒུག་དགོས་རྒྱུ་སྨོས་ཅིའོ།
པ་རིསི། འོན་ཏེ་ཁོ་མོ་ཅག་ལས་སྐུ་ན་ཕྲ་བ་དག་ཀྱང་ད་ཆ་བྱིས་པའི་མ་ལ་གྱུར་ཟིན་གདའ།
ཁ་པུ་ལེཀྲི་རྗེ་བོ། གཉེན་སྒྲིག་སྔ་ན་ལུས་ལ་གནོད་པ་ཆེ། བདག་གི་བྱིས་པའི་ཁྲོད་ལས་བུ་མོ་འདི་པ་ཕུད་བྱིངས་ཚེ་མ་ཟིན་སྟབས་ད་ཆ་མོ་ནི་ཡིད་ཀྱི་རྟེན་གཅིག་པོར་གྱུར་ཏོ། འོན་ཏེ་རྗེ་པ་རིསི་མཆོག་ནས་ཁོ་མོ་བློ་འགུག་ཐབས་མུ་མཐུད་མཛད་པས་ཆོག བདག་གིས་ཡིད་རངས་ཞུ་རྒྱུ་ནི་བྱེ་བྲག་གི་རྐྱེན་ཙམ་ལས་མི་མངོན་ཅིང་གཙོ་བོ་ནི་མོ་ཉིད་ལ་རག་ལས་སྟབས་མོ་ཡིས་དགའ་མགུ་ཞུ་མཚམས་ན་བདག་ནི་དེ་དང་བསྟུན་ནས་བཞེད་པ་གཅིག་མཐུན་ཞུ་རྒྱུའོ། དོ་ནུབ་བདག་ཚོའི་ཁྱིམ་དུ་སྔར་སྲོལ་གྱི་སྟོན་མོ་ཞིག་གཤོམ་རྒྱུར་དགའ་ཉེ་ཇི་སྙེད་གདན་དུ་འདྲེན་རྒྱུར། མཆོག་ཉིད་ནི་མགྲོན་གྱི་གཙོ་བོར་སྨོས་ཅི་དེ་དོན་ཕུལ་བྱུང་གི་ཁ་སྣོན་གཅིག་ཏུ་ཞབས་སོར་ཅི་ནས་འཁོད་གནང་ཞུ།
གཞན་ཡང་གཞོན་ནུ་མ་ཇི་སྙེད་མཁའ་འགྲོའི་ཚོགས་ལྟར་དུས་མཚུངས་འཁོད་རྒྱུར་དོ་ནུབ་ཀྱི་མཚན་མོའི་མུན་པའང་ལྷ་ཡི་དགའ་ཚལ་གྱི་འོད་སྣང་ལྟར་མངོན་རྒྱུར། དེའི་ཚེ་བརྩེ་དུང་ལས་མྱོས་པའི་ཕོ་གཞོན་དག་ལ་དགུན་གྱི་གྲང་ངར་དོར་ཟིན་ནས་དཔྱིད་ཀྱི་དཔལ་ཡོན་གསར་དུ་བཞད་པ་ལྟ་བུའི་སྤྲོ་སྣང་འཕེལ་རྒྱུ་མ་ཟད་གཞོན་ནུ་མ་དག་ཀྱང་མེ་ཏོག་གི་ཐིའུའི་མཛེས་སྡུག་ཇི་བཞིན་དུ་བདག་ཚོའི་ཉམ་ཆུང་གི་ཁྱིམ་འདིའི་མཛེས་རྒྱན་དུ་འགྱུར་རྒྱུར་གོར་མ་ཆགས། གང་གི་སྙན་དུ་གསན་པ་དང་སྤྱན་ལམ་དུ་འཆར་བ་ཙམ་ལས་མཁྱེན་རྒྱུར་བདག་གི་བུ་མོ་ལྟ་ཅི་མཛེས་མའི་ཁྱུ་ལས་གང་གི་ཐུགས་ཡིད་ལ་མགུ་བ་དག་ཅི་དགར་གདམ་ག་མཛད་པས་འཐུས།
ངེད་གཉིས་འདི་ལས་ཐེགས་དོ། 「བྱང་ཆུབ་བར་ཤོག་བུ་ཞིག་བསྩལ། 」ཁོ་རེ། ཁྱོད་མཛེས་པའི་ཝེ་རོ་ནའི་ལམ་གསེང་དུ་བསྐྱོད་ནས་མཚན་ཐོ་འདི་ནང་འཁོད་པའི་སྐུ་མགྲོན་དག་ལ་མགྲོན་བརྡ་འབུལ་བར་ཐོན་ཅིག རང་ཅག་གི་ཁྱིམ་ནི་སྤྲོ་བ་བཏེག་བཞིན་ཁོང་རྣམས་ཞབས་སོར་འཁོད་རྒྱུར་ངང་སྒུག་ཏུ་གནས་འདུག་ཅེས་ངག་ལས་གསོལ་ཞིག
ཁ་པུ་ལེ་ཀྲི་རྗེ་བོ་དང་པ་རི་སི་གར་སྟེགས་ལའ་བཤོལ།
བྱབ་ཆུང་བ། ཤོག་ལྷེ་འདི་ནང་འཁོད་པའི་མི་མིང་རྣམས་ང་ཡིས་ཇི་ལྟར་ཤེས་ཐུབ། ཡིག་རིགས་གཞན་ནང་ལྷམ་བཟོ་བས་ལྷམ་བཟོ་སྐབས་འདོམ་ལ་འཇལ་གྱི་ཡོད་པ་དང་། འཚེམ་བཟོ་བས་གོས་འཚེམ་སྐབས་ཐོ་བར་བརྟེན་གྱི་ཡོད་པ། ཉ་པས་ཉ་རྡུང་སྐབས་སྨྱུག་གུས་འཛིན་གྱི་ཡོད་པ། ཚོན་པ་བས་ཚོན་གཏོང་སྐབས་དྲ་བར་བརྟེན་གྱི་ཡོད་ཅེས་འཁོད་ཡོད་པ་མ་ཡིན་ནམ།
འོན་ཀྱང་ང་ནི་ཤོག་བུ་འདི་ནང་འཁོད་པའི་མིང་རྣམས་སུ་དང་སུ་ཡིན་ཤེས་པ་བྱ་རྒྱུ་ཡིན་སྟབས་ཡི་གེ་འབྲི་གློག་ཤེས་མཁན་ཞིག་ལ་མ་བརྟེན་ཐབས་མེད་དུ་གནས་སོ། 「ཁོ་ཡིས་བྷེན་ཝོ་ལིའོ་དང་རོ་མེའོ་མདུན་ནས་འོང་བ་མཐོང་།」དུས་ཐོག་ཏུ་ཏག་ཏག་འཁེལ་སོང་།
བྷེན་ཝོ་ལིའོ་དང་རོ་མེའོ་གར་སྟེགས་ཐོག་ཐོན།
བྷེན་ཝོ་ལིའོ། ག་ཡིན་འདི་ཡིན། གྲོགས་པོ། མེ་གསར་པས་མེ་རྙིང་པ་གསོད་ཐུབ། ནད་གསར་པས་ནད་རྙིང་བ་གསོད་ཐུབ། མགོ་བོ་འཁྱིར་བའི་དུས་ན་ལྡོག་ཕྱོགས་སུ་སྐོར་བ་བསྐོར་ན་དྲག་ཐུབ། སེམས་ནད་གཅིག་སེམས་ནད་གཞན་ལས་གསོད་ཐུབ། དེར་བརྟེན་ཁྱོད་ཀྱིས་ཕྱོགས་གཞན་ཞིག་ཏུ་ལྟ་ཐུབ་ན་དུག་ཅན་གྱི་ཕྱོགས་སྔོན་མ་དེ་གསོད་ཐུབ།
རོ་མེའོ། ཁྱོད་ཀྱི་སྨན་དེ་ཤིན་ཏུ་ལེགས་འདུག
བྷེན་ཝོ་ལིའོ། ཇི་ལྟར་ལེགས་འདུག ཁྱོད་ཀྱིས་རྗོད་དང་།
རོ་མེའོ། དེ་ཡིས་ཁྱོད་ཀྱི་རྐང་པ་རྨས་མ་དེ་བཅོས་ཐུབ།
བྷེན་ཝོ་ལིའོ། ཅི་ཟེར། རོ་མེའོ། ཁྱོད་སྨྱོ་འདུག་གམ།
རོ་མེའོ། སྨྱོ་མེད། འོན་ཀྱང་སྨྱོན་པ་ལས་ཀྱང་ལོད། ང་ནི་བཙོན་ཁང་ཞིག་ནང་ཟས་ལས་བྲལ་ཏེ་རྟ་ལྕག་གི་རྡུང་འོག་ཏུ་གནས་པ་ལྟར་སྣང་། གཞན་ཡང---དགོང་དྲོ་བདེ་ལེགས། གྲོགས་མཆོག་དམ་པ།
བྱབ་ཆུང་པ། དགོང་དྲོ་བདེ་ལེགས་འདི་ནི་བདག་ལ་གནམ་བདག་གིས་བསྩལ་འདུག ཐུགས་རྗེ་གཟིགས་སུ་གསོལ་སྐུ་ཞབས། རྣམ་གཉིས་ཀྱིས་ཡི་གེ་མཁྱེན་གྱི་ཡོད་དམ།
རོ་མེའོ། ལགས་ཡོད། འོན་ཀྱང་ཡི་གེ་ནི་བདག་ལ་ཁ་མི་དྲོ།
བྱབ་ཆུང་བ། ཕལ་ཆེར་ཁྱེད་ཀྱིས་སློབ་དེབ་མེད་པར་གང་བྱུང་དུ་སློབ་སྦྱོང་མཛད་པ་ཡིན་ཤས་ཆེ། འོན་ཀྱང་བདག་གིས་ཞུ་བ་འབུལ་རྒྱུར། རྣམ་གཉིས་ཀྱིས་ཡི་གེར་གཟིགས་བཞིན་ཀློག་གནང་ཐུབ་བམ།
རོ་མེའོ། ང་ཡིས་ཡི་གེ་དེ་རྣམས་ངོ་ཤེས་ཚེ་ཀློག་ཐུབ།
བྱབ་ཆུང་བ། ཕལ་ཆེར་མི་ཐུབ་པར་ངེས་འདུག འོ་ན་རྣམ་གཉིས་ག་ལེ་བཞུགས། 「ཁོ་འགྲོ་བར་བརྩམས།」
རོ་མེའོ། ཝ་ཡེ། གྲོགས་པོ། མ་འགྲོ་ཞིག ང་ཡིས་ཀློག་ཐུབ། 「ཁོ་ཡིས་གདན་ཞུའི་མཚན་ཐོ་བཀླགས།」
མི་རྗེ་མར་ཀྲི་ནོ་སྟངས་དཔྱལ་དང་སྲས་མོ་རྣམ་པ།
ལྷ་སྲས་ཨན་སེལ་མེ་དང་ཁོང་གི་སྐུ་མཆེད་ཡིད་འོང་སྲས་མོ་རྣམ་པ།
ཝིཀྲི་རུ་ཝིའོ་འདས་པོའི་ལྕམ།
མི་རྗེ་པ་ལ་སེན་ཀྲིའོ་དང་ཁོང་གི་ཡིད་འོང་ཚ་མོ་རྣམ་པ།
མེར་ཁུ་ཀྲིའོ་མཆོག་དང་ཁོང་གི་སྐུ་མཆེད་ཝ་ལེན་ཀྲིན།
ང་ཡི་ཞང་པ་ཁ་པུ་ལེཀྲི་སྟངས་དཔྱལ་དང་སྲས་མོ་རྣམ་པ།
ང་ཡི་ཡིད་འོང་ཚ་མོ་རོ་ས་ལིན་དང་ལི་ཝི་ཡ།
མི་རྗེ་ཝ་ལེན་ཀྲིའོ་དང་ཁོང་གི་སྐུ་མཆེད་ཀྲི་བྷལཀྲི།
ལུ་སིའོ་དང་ཡིད་འོང་ཧེ་ལེན་ན།
བཀུར་བར་འོས་པའི་ཁྱུ་ཅིག་གོ། ཁོ་ཚོ་གང་དུ་གདན་ཞུར་འཁོད་རྒྱུ་ཡིན་ནམ།
བྱབ་ཆུང་བ། ལགས། ---
རོ་མེའོ། གང་དུ་གདན་ཞུ་བྱ་རྒྱུའམ། དགོང་དྲོའི་གསོལ་སྟོན་ནམ།
བྱབ་ཆུང་བ། བདག་ཚོའི་གཟིམ་ཤག་ཏུ།
རོ་མེའོ། བདག་ཚོ་སུ་ཡི་གཟིམ་ཤག་ཏུ།
བྱབ་ཆུང་བ། བདག་གི་རྗེ་བོའི་གཟིམ་ཤག་ཏུ།
རོ་མེའོ། ཁྱོད་ཀྱི་རྗེ་བོ་ལོས་ཡིན། དེ་སུའམ་ང་ཡིས་སྔོན་ལ་འདྲི་རྒྱུ་ལུས་འདུག
བྱབ་ཆུང་བ། འོ་ན་གང་གིས་སླར་བཀའ་འདྲི་མ་མཛད་གོང་བདག་གིས་ཞུ་རྒྱུའོ། བདག་གི་རྗེ་བོ་ནི་དཔལ་དང་འབྱོར་པ་ལྡན་པའི་ཁ་པུ་ལེཀྲི་ཚང་ཡིན། རྣམ་གཉིས་ཀྱང་མོན་ཀྲག་ཚང་གི་མིན་ཕྱིན་བཞེས་རག་མཉེས་དག་སྐྱོན་པར་ཕེབས་ནའང་དགའ་བསུ་ཐོབ་རྒྱུའོ། །ག་ལེ་བཞུགས། གར་སྟེགས་ལས་བཤོལ།
བྷེན་ཝོ་ལིའོ། ཁ་པུ་ལེཀྲི་ཚང་གི་སྔར་སྲོལ་གྱི་གསོལ་སྟོན་འདི་ཐོག་ཀྱིས་མཛའ་བའི་རོ་ས་ལིན་ཡང་ཝེ་རོ་ནའི་ཡིད་འོང་མ་གཞན་དང་ལྷན་དུ་མགྲོན་དུ་འཁོད་རྒྱུར་ངེས་འདུག
འུ་གཉིས་དེ་རུ་ཆས་འགྲོ། ང་ཡིས་ཁྱོད་ཀྱི་ཕྲ་བའི་མིག་ལམ་དུ་མཛེས་མ་གཞན་རྣམས་འདྲེན་རྒྱུར་དེ་རྣམས་ཕན་ཚུན་བསྡུར་བའི་ཚེ་ང་ཡིས་ཁྱོད་ཀྱི་ད་ལྟའི་མཛེས་མ་ངང་དཀར་ལྟ་བུ་དེ་མདོག་ཉེས་ཕོ་རོག་ལྟ་བུར་མངོན་པ་བཟོ་ཐུབ།
རོ་མེའོ། ང་ཡིས་མིག་ནི་དེ་འདྲའི་རྫུ་ལ་འཕྲུལ་སྲིད་ན་དེ་གཉིས་ཀྱི་བརླན་པའི་མིག་ཆུ་རྣམས་འབར་བའི་མེ་ལ་བསྒྱུར་ནས་རྫུ་དེ་ཡི་ཉིས་ལན་དུ་དེ་གཉིས་འཕྲལ་དུ་མེར་སྲེག་གཏོང་རྒྱུའོ།
ཉིད་ཀྱིས་ང་ཡི་མཛེས་མ་ལས་ཀྱང་ལྷག་པའི་མཛེས་མ་ཡོད་ཅེས་བརྗོད་པ་མ་ཡིན་ནམ། འགྲོ་བ་ཀུན་ལ་ཁྱབ་པའི་རྟ་བདུན་དབང་པོས་ཀྱང་སྐལ་པ་ཆགས་པ་ནས་བཟུང་ད་བར་མོ་ལ་འགྲན་ཟླ་ཐུབ་པའི་དམན་ཞིག་རིག་མྱོང་མེད།
བྷེན་ཝོ་ལིའོ། ག་ཡིན་འདི་ཡིན། ཁྱེད་ཀྱིས་ཁོ་མོ་མཛེས་པར་མངོན་དོན་ནི་ཁྱེད་ཀྱི་མདུན་ན་བུད་མེད་གཞན་སུ་ཞིག་མེད་སྟབས་ཁྱེད་ཀྱི་མིག་ལམ་དུ་ཁོ་མོའི་སྣང་བརྙན་ལས་གཞན་སུ་ཡང་མེད་པས་ལན།
འོན་ཀྱང་ཉིད་ཀྱི་ཆུ་ཤེལ་ལྟར་དྭངས་པའི་འདྲེན་བྱེད་འདི་ནང་ད་ལམ་གྱི་གསོལ་སྟོན་འདི་ཐོག་འོད་དུ་འཚེར་བའི་བུད་མེད་གཞན་ཞིག་གསར་དུ་བཅུག་ན་ད་ལྟ་མཛེས་པར་མངོན་པ་ནི་སླར་དེ་ལྟར་མི་མངོན་རྒྱུའོ།
རོ་མེའོ། འོ་ན་འུ་གཉིས་དེ་རུ་བལྟ་བར་ཆས་འགྲོ། འོན་ཀྱང་ཉིད་ཀྱིས་བརྗོད་པ་ལྟ་བུའི་འོད་ནི་དེ་ན་མེད་ངེས་ལགས་ཤིང་། དེ་བས་ན་ང་ནི་རང་གི་ཐོག་མའི་འོད་དེ་རང་ལ་བལྟས་ནས་སྡོད་རྒྱུ་རང་མ་ཡིན་ནམ།
གར་སྟེགས་ལས་བཤོལ།
ལེའུ་གསུམ་པ།
ཁ་པུ་ལེཀྲི་ཚང་དུ་གཟིམ་ཆུང་གཅིག་ནང་།
ཁ་པུ་ལེཀྲི་ལྕམ་དང་མ་མ་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་ལྕམ། མ་མ། ང་ཡི་བུ་མོ་ག་ན་འདུག མོ་འདི་རུ་ཤོག་ཅེས་འབོད་པར་སོང་ཞིག
མ་མ། ཀ་ཡེ། ང་ཡི་སྲས་མོ་དགུང་གྲངས་བཅུ་གཉིས་ལས་མ་སོན་པ་ལྟ་བུ་ཁྱེད། འདིར་ཕེབས་དང་ཞེས་མི་ཟེར་རམ། ཀ་ཡེ། ལུག་ཕྲུག ཀ་ཡེ། བྱིའུ་ཆུང་། གནམ་བདག་ཚད་འཛུགས། ཁོང་གང་དུ་ཕེབས་པ་ཡིན་ནམ། ཀ་ཡེ། ཇུ་ལིཀྲི།
ཇུ་ལིཀྲི་གར་སྟེགས་ཐོག་ཐོན།
ཇུ་ལིཀྲི། གང་འདུག ང་སུ་ཡིས་ཤོག་ཅེས་ཟེར་འདུག་གམ།
མ་མ། ཁྱེད་ཀྱིས་ཡུམ་ནས།
ཇུ་ལིཀྲི། བདག་གི་མ་གཅིག བདག་འདི་ནའོ། ཁྱེད་ཀྱིས་བདག་ལ་གསུང་གནང་དོན་ཅི་ལགས།
ཁ་པུ་ལེཀྲི་ལྕམ། ཁྱོད་འབོད་དོན་འདི་ལྟར་ལགས། མ་མ། རེ་ཞིག་གཡོལ་ཙམ་གྱིས་དང་། ང་ཡིས་བུ་མོར་ལོགས་སུ་གཏམ་ཞིག་བརྗོད་རྒྱུའོ། 「མ་མ་སྒོ་ཕྱིར་འགྲོ་བར་བརྩམས།」 མ་མ། འོ་ན་འགྲོ་ཐལ་མི་དགོས། ང་ཡིས་བསམས་ན་འུ་གཉིས་དབར་གྱི་འཕྲོས་མོལ་ལ་ཁྱོད་ནས་ཀྱང་ཉན་པའི་དགོས་པ་འདུག་སྙམ། ཁྱོད་ཀྱིས་ཤེས་གསལ་ལྟར་ང་ཡི་བུ་མོ་ད་ནི་ལོ་ན་མི་ཆུང་།
མ་མ། སྲོག་བྲལ། ཁོ་མོ་ཅག་སྐུ་ན་ཇི་ཕེབས་བདག་གིས་ཆུ་ཚོད་རེ་རེ་བཞིན་དུ་བརྗོད་ཐུབ།
ཁ་པུ་ལེཀྲི་ལྕམ། ད་ལྟ་བཅུ་བཞིའང་མ་ཟིན།
མ་མ། ཁོང་ནི་དགུང་གྲངས་བཅུ་བཞིར་སླེབས་ཉེར་ཡོད་ཅེས་བདག་གིས་ཁ་ནང་ལས་སོ་བཅུ་བཞི་རེ་རེ་བཞིན་འབུད་བཞིན་དུ་ཁས་ལེན་ཐུབ། འོན་ཀྱང་བློ་ཕམ་དུ་བདག་ལ་ད་ལྟ་ཁ་ནང་སོ་བཞི་ལས་མ་ལྷག ལོ་ཏོག་གི་དུས་ཆེན་བར་ད་དུང་དུས་ཇི་ཙམ་འདུག་གམ།
ཁ་པུ་ལེཀྲི་ལྕམ། ད་དུང་གཟའ་འཁོར་གཉིས་དང་ཉིན་འགའ་ཡོད་འདུག
མ་མ། ཉིན་འགའ་རུང་མ་འགའ་རུང་གང་ལྟར་ལོ་འཁོར་མོ་ཡུག་གི་ཉིན་གྲངས་ཡོངས་རེ་རེ་བཞིན་དུ་གྲངས་སུ་བགྲང་ནའང་ཁོང་ནི་ལོ་ཏོག་དུས་ཆེན་གྱི་སྔ་ནུབ་ཏུ་དགུང་ན་བཅུ་བཞིར་སོན་རྒྱུར་འགྱུར་བ་མེད་ངེས་ལགས། ཡེ་ཤུའི་ཆོས་ལུགས་ལ་དད་མཁན་གྱི་རྣམ་ཤེས་འདས་པོ་ཀུན་དང་མཉན་དུ་གནས་པའི་བདག་གི་བུ་མོ་སུ་སན་ནི་ཁོང་དང་དགུང་ཟླའོ། སུ་སན་ནི་ད་ལྟ་གནམ་བདག་གི་སྐུ་གམ་ན་ཡོད་ཅིང་མོ་བདག་ལ་ཤིན་ཏུ་བརྩེ།
དེར་བརྟེན་གོང་དུ་བརྗོད་དོན་ལྟར་ཇུ་ལིཀྲི་ནི་ལོ་ཏོག་དུས་ཆེན་གྱི་སྔ་ནུབ་ཏུ་བཅུ་བཞིར་སོན་རྒྱུར་ལོ་གྲངས་འདི་ནི་བདག་གིས་ཤེས་པ་ལྟར་ན་འགྲོ་སྟངས་ལ་འཇུག་པའི་ལོ་ཚད་ཡིན། དེ་ནི་ས་ཡོམ་རྒྱག་པའི་ལོ་དེ་ཡིན་གཤིས་ད་བར་བགྲང་བྱ་བཅུ་གཅིག་འདས་ཟིན། སྐབས་དེ་ནི་ཁོང་འོ་མ་གཅོད་པའི་ཉིན་དེའང་ཡིན། དེར་བརྟེན་ལོ་འཁོར་མོར་ཉིན་གྲངས་མེད་རུང་ཉིན་དམིགས་བསལ་དེ་ནི་བདག་གིས་ནམ་ཡང་བརྗེད་པར་དཀའ་བ་སྟེ། དེ་ཉིན་བདག་གི་ནུ་མར་རོ་སྐྱུར་བའི་ཤིང་སྣུམ་བྱུགས་ནས་ཕུག་རོན་འཇུག་ཁང་གི་སྐྱ་འགྲམ་ན་ཉི་མ་སྲོ་ཞིང་བསྡད།
འུ་ཅག་གི་རྗེ་བོ་དང་ཁྱེད་གཉིས་དེའི་དུས་མན་ཀྲུཨ་གྲོང་ན་མ་ཡོད་དམ། བདག་ནི་དྲན་པ་གསལ་པོ་ཇི་འདྲ་མི་འདུག་གམ། འོན་ཀྱང་བདག་གིས་གོང་དུ་བརྗོད་པ་ལྟར་ཇུ་ལིཀྲི་ཆུང་ངུས་བདག་གི་ནུ་མར་བྱུགས་པའི་རོ་སྐྱུར་བའི་ཤིང་སྣུམ་ལ་རོ་བ་མྱངས་པ་ཙམ་ལས་ཁྲོ་ཞིང་ངུས་ནས་ཁ་ཕྱིར་བསྐོར། ཕུག་རོན་འཇུག་ཁང་ས་ཡོམ་ལས་དཀྲུགས།
འོན་ཀྱང་བདག་གིས་དེ་རུ་ཉེན་མེད་པར་མངོན་ཏེ་ཕྱིར་མ་བྲོས། དུས་དེ་ནས་བཟུང་ད་བར་ལོ་ངོ་བཅུ་གཅིག་འདས་ཟིན་ཅིང་དེའི་རིང་ཁོང་རང་སྐྱ་འཕེར་བར་གོམ་པར་འཇུག་ཐུབ་སྟབས། ཀུ་རུ་ཀ་ཚད་འཛུགས། ཁོང་གིས་གང་སར་རྒྱུགས་ནས་དཔྲལ་བར་རྨ་བཟོས།
དེའི་ཚེ་ང་ཡི་ཁྱོ་བོ་འདས་པོ་ད་ལྟ་གནམ་་བདག་གི་ཞིང་ཁམས་སུ་ཡོད་པ་ནི་བསྟན་ཤིག་ཚ་ཞིང་། ཁོ་ཡིས་ཤ་ཚ་བའི་སྲས་མོ་ཆུང་ཆུང་ཡར་སློང་བཞིན། “ཨ་ཙི། ད་ལན་ཁྱེད་མདུན་དུ་ཁ་སྦུབ་ཏུ་དབུ་ཐོད་བརྡབས་པ་ཡིན་མོད། འོན་ཀྱང་རྗེས་སུ་ཁྱེད་སྤྱང་དུ་འགྲོ་སྐབས་རྒྱབ་ཤིག་ཏུ་གན་རྐྱལ་དུ་དབུ་ཐོད་བརྡབ་ཐུབ་པ་བྱེད་དགོས། མ་རེད་དམ་ཇ་ལི།” ཞེས་སེམས་གསོ་བྱས་པར། མ་རི་ཡ་ཚད་འཛུགས། ཤ་ཚ་བའི་ཆུང་ཆུང་དེས། “འོ།”ཞེས་བརྗོད་བཞིན་ངུ་མཚམས་བཞག
ད་ལྟ་དེ་ཚོར་བསམ་མནོ་གཏོང་སྐབས་བསྟན་བཤིག་རང་ཡིན་འདུག བདག་ལོ་ན་སྟོང་བར་བསྡད་ནའང་ཚུལ་འདི་རྣམས་གཏན་ནས་བརྗེད་པ་མི་འདུག “ཁྱེད་ཀྱིས་བྱས་ན་འདི་འདྲ་ཡིན་ནམ། ཇུ་ལི།”ཞེས་བརྗོད་ནས་ངུ་མཚམས་བཞག
ཁ་པུ་ལེཀྲི་ལྕམ། ད་འགྲིག་སོང་། སྐུ་མཁྱེན་ད་རེ་ཞིག་ཁ་རོག་འདུག་རོགས།
མ་མ། ལགས། ལགས་སོ། ལྕམ་སྐུ་ཞབས། འོན་ཀྱང་ཁོང་བཤུམ་བཞིན། “འོ།” ཞེས་གསུངས་པ་དྲན་སྐབས་དངོས་འབྲེལ་གད་མོ་དབང་མེད་དུ་ཤོར་བཞིན་འདུག ལྷག་པར་ཁོང་གི་དབུ་དཔྲལ་སྟེང་དེ་པོའི་རླིག་རིལ་གྱི་ཆེ་ཆུང་ཙམ་སྐྲང་སྦོས་ཡོང་སྐབས་ཁོང་གིས་སྐད་ཆེན་དུ་བཤུམ་པ་དང་། བདག་གི་བཟའ་ཕས། “ཨ་ཙི། ཁྱེད་ཁ་སྦུབ་དུ་བརྡབས་བྱུང་ངམ། ཁྱེད་དགུང་ནར་སོན་སྐབས་གན་རྐྱལ་དུ་བརྡབས་ཐབས་གནང་དགོས། དེ་འདྲ་མ་ཡིན་ནམ། ཇུ་ལི།” ཞེས་བརྗོད་སྐབས་སྲས་མོ་ཆུང་ངུས། “འོ།”ཞེས་བརྗོད་ནས་སླར་ངུ་མཚམས་བཞག
ཇུ་ལིཀྲི། མ་མ་ཉིད་ཀྱང་ད་ལྟ། “འོ།” ཞེས་བརྗོད་ནས་ངུ་མཚམས་བཞག་ན་ཅི་མ་རུང་།
མ་མ། ད་གསུང་མི་དགོས། བདག་ནི་ཁ་རོག་སྡོད་རྒྱུའོ། ཁྱེད་ལ་གནམ་བདག་གི་སྐྱབས་གནས་ཡོད་རྐྱེན་ཁྱེད་ནི་བདག་གིས་མ་མ་བྱས་པའི་ཨ་ཝའི་ནང་གི་སྙིང་རྗེ་ཤོས་དེ་ཡིན། ཁྱེད་ཀྱི་གཉེན་སྒྲིག་མ་གྲུབ་བར་བདག་མ་ཤི་བ་ཤོག
ཁ་པུ་ལེཀྲི་ལྕམ། མ་རི་ཡ་མཁྱེན། ང་ད་ལྟ་འདིར་ཡོང་དོན་ནི་“གཉེན་སྒྲིག་”ཅེས་པའི་ཐ་སྙད་དེ་བརྗོད་པར་ཡིན། ང་ཡི་བུ་མོ་ཇུ་ལིཀྲི། དེ་སྐོར་ཁྱོད་ཀྱི་བསམ་ཚུལ་ཇི་ལྟར་རམ།
ཇུལིཀྲི། དེ་ནི་བདག་གི་རྨི་ལམ་དུའང་མ་འཆར་བའི་བརྗིད་ཆེའི་དོན་ཞིག་གོ།
མ་མ། དེ་ནི་བརྗིད་ཆེའི་དོན་ཞིག་ལོས་ཡིན། གལ་ཏེ་ཁྱེད་ལ་བདག་ལྟ་བུའི་མ་མ་ཞིག་མེད་གྱུར་ན་ཁྱེད་ཀྱི་ཤེས་བྱ་ཡོན་ཏན་ཐམས་ཅད་ནི་ནུ་ཞོ་ཁོ་ན་ལས་བྱུང་བ་ཡིན་ཅེས་བརྗོད་ཀྱང་ཆོག
ཁ་པུ་ལེཀྲི་ལྕམ། ད་ནི་འགྲོ་སྟངས་སྐོར་གླེང་བར་བྱས་ཏེ། ཝེ་རོ་ནའི་གྲགས་ཅན་སྲས་མོ་ཇི་སྙེད་ཉིད་ལས་ན་ཆུང་ནའང་བྱིས་པའི་མ་ལ་གྱུར་ཟིན་འདུག ཁོ་བོའང་ན་ཚོད་འདི་ཙམ་ན་ཁྱེད་ཀྱི་མ་ལ་གྱུར་ཟིན། ཁྱོད་ནི་ད་ཆ་དམན་ཤར་ཞིག་ཏུ་གྱུར་ཟིན་འདུག་ཅིང་། འདིར་བརྗོད་དོན་གྱི་སྙིང་པོ་ནི་པ་རིསི་བྱ་བའི་ཕུལ་བྱུང་གི་སྐྱེ་བོ་འདི་པ་ནི་ཁྱོད་ལ་ཐུགས་བརྩེ་ཆེ་བཞིན་འདུག
མ་མ། ཕོ་རབ་ཅིག་གོ་སྲས་མོའི་སྐུ་ཞབས། འཛམ་གླིང་དུའང་གཉིས་སུ་མ་མཆིས་པའི་མི་ཞིག་གོ་སྲས་མོའི་སྐུ་ཞབས། ཁོང་ནི་བཞེངས་པའི་ལྷ་ལྟར་མཚར་བའི་མི་ཞིག་གོ།
ཁ་པུ་ལེཀྲི་ལྕམ། ཝེ་རོ་ན་ཡི་དབྱར་ཁས་ཀྱང་མཚར་སྡུག་གི་མེ་ཏོག་ཁོང་འདྲ་བ་ཞིག་བཞད་མི་ཐུབ།
མ་མ། ག་ལ་བཞད་ཞུབ། ཁོང་ནི་མེ་ཏོག་ཅིག་ཡིན་པ་མ་ཟད་མེ་ཏོག་ནང་གིའང་མེ་ཏོག་ཡིན་ཅེས་བདག་གིས་ཁས་ལེན་ཐུབ།
ཁ་པུ་ལེཀྲི་ལྕམ། ཁྱོད་ཀྱི་བསམ་འདུན་ཇི་ལྟར་རམ། ཁྱོད་ཀྱིས་མི་དྲག་འདི་པར་མཛའ་ཐུབ་བམ། དོ་ནུབ་ཀྱི་སྟོན་མོའི་ཐོག་ཁྱོད་ཀྱིས་ཁོང་ལ་དཔྱད་པ་བྱོས་ཤིག ཁོང་གི་བཞིན་སྟེང་དུ་མཛེས་པའི་པིར་ལས་སྙན་པའི་གཏམ་གང་ཞིག་བྲིས་འདུག་གམ་ཀློག་པར་གྱིས། ཡིག་ཕྲེང་རེ་རེ་བཞིན་དུ་བཀླགས་ནས་མཛེས་པའི་རི་མོ་ཇི་འདྲ་ཞིག་གྲུབ་འདུག་གམ་དཔྱད་པ་བྱོས་ཤིག གལ་ཏེ་གླེགས་བམ་དེ་ནང་མ་འཁོད་པ་གང་ཞིག་འདུག་ན་ཁོང་གི་སྤྱན་ཟུར་གྱི་མཆན་འགྲེལ་ལ་བལྟས་པ་ཙམ་ལས་ཤེས་ཐུབ། རིན་ཐང་གཞལ་དུ་མེད་པའི་བརྩེ་དུང་གི་གླེགས་བམ་འདི་ནི་ད་ལྟ་འདེམས་ཐག་མེད་པར་ལྷུག་མར་གནས་གཤིས། གལ་ཏེ་དེ་དག་མཛེས་པའི་གླེགས་བམ་ཞིག་ཏུ་བཅོས་དགོས་ན་དེ་ལ་རྒྱབ་ཤ་ཞིག་ཁ་སྣོན་དུ་དགོས་པ་ལས་གཞན་གང་ཡང་མི་ཆད། ཉ་མོ་ནི་མཚོ་མོའི་གཏིང་དུ་གནས། འོན་ཀྱང་མཚོ་སྟེང་གི་མཛེས་སྡུག་ཅིག་དེ་ཡི་གྲོགས་སུ་འགྱུར་ཐུབ་ན་དེ་ནི་སྤོབས་པར་འོས་པའི་རྒྱུ་ཞིག་ཡིན། གླེགས་བམ་འདི་ཡི་ཉམས་བཟང་ལ་འདྲེན་བྱེད་དབང་པོ་ཇི་སྙེད་ལས་གཡོ་མེད་དུ་སྡིག་མོ་བྱེད་ཅིང་ཡོད། གལ་ཏེ་གསེར་གྱི་གླེགས་ཐག་ཅིག་ལས་གླེགས་བམ་འདི་ཉིད་བམ་པོར་འཆིང་ཐུབ་ན་དེ་ནི་གསེར་སྒྲུང་ཞིག་ཏུ་འགྱུར་རྒྱུའོ། དེར་བརྟེན་ཁོང་ལ་བདག་པ་མཐའ་དག་ཁྱོད་ཀྱིས་བདག་གིར་བཟུང་ཐུབ་ན་ཁྱོད་ནི་གླེགས་བམ་དེ་ཡི་བདག་པོ་ཁོ་ན་ལས་གཞན་ཅི།
མ་མ། དེ་ལས་ལྷག་པ་ལས་ཆད་པ་མེད། བུད་མེད་ནི་སྐྱེས་པར་བརྟེན་རྒྱུ་ཁོ་ན་མ་ཡིན་ནམ།
ཁ་པུ་ལེཀྲི་ལྕམ། གསོང་པོར་བརྗོད་ཅིག པ་རིསི་ཡི་ཐུགས་བརྩེར་ཁྱོད་ཀྱིས་དང་བ་སྟོན་ཐུབ་བམ།
ཇུ་ལེཀྲི། གལ་ཏེ་བལྟས་པ་ཙམ་ལས་བརྩེ་དུང་འཕེལ་གྱུར་ན་བདག་གིས་བརྩེ་དུང་ཁོ་ན་འཕེལ་ཕྱིར་གང་ཐུབ་བལྟས་པས་ཆོག འོན་ཀྱང་གང་གི་བཀའ་ལྟར་འཕུར་བ་ལྟ་བུའི་མིག་མདའ་ནི་བདག་གིས་འཕེན་པར་མི་སྤོབས།
བྱབ་ཆུང་བ་གར་སྟེགས་ཐོག་ཐོན།
བྱབ་ཆུང་བ། ལྕམ་སྐུ་ཞབས། སྐུ་མགྲོན་རྣམས་ཕེབས་འབྱོར་ཟིན་ནོ། གསོལ་སྟོན་གཤོམ་བཞིན་འདུག ཁོང་རྣམ་པས་ལྕམ་སྐུ་ཞབས་མཇལ་འདོད་གནང་འདུག་པ་དང་སྲས་མོའི་སྐུ་ཞབས་ག་ན་འདུག་ཅེས་བཀའ་འདྲི་མཛད་བཞིན་འདུག གྲབས་གཤོམ་ཡོངས་དུས་གཅིག་ཏུ་ཚར་དགོས་སྟབས་མ་མར་ཞལ་དཀར་ཁང་དུ་ཚང་མས་ད་དུང་ཡང་མི་ཡོང་བ་ཅི་ཡིན་ཅེས་འཁང་ར་བྱེད་ཅིང་འདུག བདག་ནི་ད་ལྟ་ལས་བྲེལ་ཚ་བས་ལམ་སེང་བསྐྱོད་རྒྱུའོ། ཐུགས་རྗེས་གཟིགས་ནས་ཁྱེད་རྣམས་འཕྲལ་དུ་ཕེབས་རོགས་མཛོད།
ཁ་པུ་ལེཀྲི་ལྕམ། ལམ་སེང་སླེབས་སོང་། མི་རྗེ་པ་རིསི་ནི་ཉིད་བསྒུགས་ནས་བཞུགས་ཡོད་། ཇུ་ལེཀྲི།
མ་མ། སྲས་མོ་འཕྲལ་དུ་ཐེགས་ཤིག མཚན་སྐྱིད་ལ་ཉིན་སྐྱིད་པར་རོལ་བར་ཐེགས་ཤིག གར་སྟེགས་ལས་བཤོལ།
ལེའུ་བཞི་པ།
ཁ་པ་ལེཀྲི་ཚང་གི་གཞུང་སྒོའི་ཕྱི་རིལ་ན།
རོ་མེའོ་དང་། མེར་ཁུ་ཀྲིའོ། བྷེན་ཝོ་ལིའོ་བཅས་འབག་གྱོན་པའི་སྐྱེ་བོ་ལྔ་དྲུག་ལས་འབྲངས་ཏེ་དཔལ་འབར་འཁྱེར་བ་འགའ་ཡི་རྗེས་སུ་གར་སྟེགས་ཐོག་ཐོན།
རོ་མོའི། ཝ་ཡེ། རང་ཚོ་ནི་མགྲོན་བརྡ་མེད་པར་རང་དགར་འདི་རུ་འཁོད་ཅེས་ཁོ་ཚོར་འགྲེལ་བཤད་བྱེད་དམ་ནང་དུ་འདི་མུར་ཅི་དགར་སྐྱོད་དམ།
བྷེན་ཝོ་ལིའོ། འགྲེལ་བཤད་བྱེད་པར་ད་ནི་དུས་ལ་གཏུགས་ཟིན། ལར་ནས་རང་ཚོས་བྱིས་ལྷ་ཁུ་པིགྲི་ཡི་གོས་ལས་སྤྲས། མིག་ཟུང་རས་ལས་བཀབ། ལག་ཏུ་ཀྲར་ཀྲར་མདའ་པའི་གཞུ་ཡི་ཚབ་ཏུ་དབྱུག་པ་ཐོགས་ཏེ་ཞིང་ནང་བྱ་བྱིའུ་སྲུང་བྱེད་དུ་བཙུགས་པའི་སོབ་ལྟར་བཟོས་ནས་འཇིགས་སྐྲག་ཏུ་གསོལ་སྟོན་གཤོམ་ཡུལ་དུ་སྐྱོད་པ་ནི་མ་ཡིན། རང་ཚོས་གསོལ་སྟོན་གཤོམ་ཡུལ་གྱི་སྒོ་མོར་འཇུག་སྐབས་སྔར་སྲོལ་ལྟར་སྔོན་འགྲོའི་བཤད་པ་ནི་བྱས་མེད། གཡུག་ཞོགས། དེ་ལས་ཁོ་ཚོ་གང་བསམས་ནའང་བསམ་དུ་བཅུག་ནས་རང་ཚོ་ནི་རང་དགར་སྤྲོ་སྐྱིད་ལ་རོལ་རྗེས་རང་གནས་སུ་ཆས་རྒྱུའོ།
རོ་མེའོ། འོ་ན་ང་ལའང་དཔལ་འབར་གཅིག་སྤྲོད་དང་། ང་ནི་སྤྲོ་སྐྱིད་ཀྱི་ཆེད་དུ་འདིར་མ་འཁོད། ཡིད་རྨོངས་སུ་དཔལ་འབར་དེ་དག་ལག་ཏུ་བཟུང་ནས་ཁུག་ཅིག་ཏུ་ཁུ་སིམ་དུ་སྡོད་རྒྱུའོ།
མེར་ཁུ་ཀྲིའོ། དེ་ལྟར་མི་འགྲིག་སྟེ་གཅེས་པའི་རོ་མེའོ། ང་ཚོས་ཁྱོད་ཞབས་བྲོར་སྐུལ་རྒྱུའོ།
རོ་མེའོ། ང་ནི་དངོས་འབྲེལ་ཞབས་བྲོར་མི་འཇུག་རྒྱུའོ། ཁྱེད་ཚོ་ནི་ཞབས་བྲོའི་ལྷམ་ལས་བཀླུབས་ནས་ཡོད་སྟབས་རྐང་མཐིལ་གྱི་འགུལ་སྐྱོད་བདེ་མོད། འོན་ཀྱང་ང་ཡི་བློ་སེམས་ནི་ད་ལྟ་ནི་ཞ་ཉེ་ལྟར་ལྕི་ཞིང་ལུས་པོ་ས་ལས་འགུལ་མི་ཐུབ་པ་ལྟར་སྣང་།
མེར་ཁུ་ཀྲིའོ། ཁྱོད་ནི་བརྩེ་དུང་ལས་མྱོས་ནས་ཡོད་སྟབས་བྱིས་ལྷ་ཁུ་པིགྲི་ཡི་གཤོག་རྩལ་གཡར་ནས་ཁོ་ཚོ་དང་མཉམ་དུ་འཕུར་བཞིན་སྐྱོད་ཅིག
རོ་མེའོ། ང་ནི་བྱིས་ལྷའི་མདའ་མོས་རྨས་སྟབས་རང་སར་གནས་རྒྱུ་ལས་དེ་ཡི་ཡང་བའི་བྱ་སྒྲོ་མཉམ་དུ་འཕུར་ཐབས་བྲལ། དེར་བརྟེན་ང་ནི་ཡིད་རྨོངས་ཀྱི་གནས་འདི་ལས་ཏིལ་ཙམ་ཡང་གོང་དུ་སྐྱོད་ཐབས་བྲལ་བས་ལྕི་བས་སེམས་གཅོང་འདི་ལས་ཏིལ་ཙམ་ཡང་གོང་དུ་སྐྱོད་ཐབས་བྲལ་བས་ལྕི་བའི་སེམས་གཅོང་འདི་འོག་དམའ་སར་གནས་རྒྱུའོ།
མེར་ཁུ་ཀྲིའོ། ཁྱོད་ནི་བརྩེ་དུང་གི་འཆིང་རྒྱར་ཚུད་སྟབས་དེ་ལ་ལྗིད་ཅིག་ཡོད་མོད། འོན་ཀྱང་ད་ཐེངས་ཀྱི་ལྗིད་ནི་ཨ་རེ་ཆེ་བྱུང་།
རོ་མེའོ། བརྩེ་དུང་བྱ་བ་ནི་བྱང་སེམས་ཅན་ཞིག་མ་ཡིན་ནམ། འོན་ཀྱང་དེ་ནི་ཧ་ཅང་རྩུབ་ཅིང་། མ་རབས་ཚ་ཞིང་། དྲག་པར་སྣང་། དེ་ནི་ཚེར་མ་ལྟར་ལུས་ལ་ཟུག་བཞིན་འདུག
མེར་ཁུ་ཀྲིའོ། བརྩེ་དུང་གིས་ཁྱོད་ལ་རྩུབ་འདུག་ན་ཁྱོད་ཀྱིས་ཀྱང་བརྩེ་དུང་ལ་རྩུབ་དགོས། བརྩེ་དུང་གིས་ཁྱོད་ལ་ཟུག་འདུག་ན་ཁྱོད་ཀྱིས་ཀྱང་བརྩེ་དུང་ལ་ཟུག་དགོས། དེ་ལྟར་བྱས་ཚེ་བརྩེ་དུང་གི་མནར་གཅོད་ལས་རྒྱལ་ཐུབ། ང་ཡི་ངོ་འགེབས་བྱེད་ལ་འབག་ཅིག་ཤུགས་དང་། ང་ཡི་མདོག་ཉེས་པའི་ངོ་སྟེང་ལ་དེ་བས་མདོག་ཉེས་པའི་འབག་ཅིག་གྱོན་རྒྱུའོ། ཡ་མཚན་པའི་མིག་གང་ཞིག་ལས་དེ་འདྲའི་མདོག་ཉེས་པ་ལ་ཨང་ཞེས་བཞད་གད་བྱེད་འདུག་ན་དེ་ལ་ང་ནི་ངོ་ཚ་དོན་མེད། དེའང་ཅི་ཞེ་ན་ང་ཡི་འབག་ལ་འབུར་དུ་ཐོན་པའི་མིག་སྤུ་དམར་པོ་གཉིས་ཡོད་པ་འདི་གཉིས་ཀྱིས་ང་ཡི་ངོ་དམར་གྱི་ཚབ་བྱེད་ཐུབ། 〔ཁོ་ཡིས་ངོ་ལ་འབག་གྱོན།〕
བྷེན་ཝོ་ལིའོ། ད་ང་ཚོ་སྒོ་བརྡུངས་ནས་ནང་དུ་འགྲོའོ། ང་ཚོ་ནང་དུ་འཛུལ་ན་ནང་དུ་སླེབས་པ་མ་ཡིན་ནམ། འོན་ཀྱང་ཚང་མ་ཞབས་བྲོར་རྐང་པ་སྒུལ་རྒྱུ་ཡིན་ནོ།
རོ་མེའོ། ང་ནི་དཔལ་འབར་ལག་ཏུ་ཐོགས་ནས་སྡོད་རྐྱང་ངོ་། སྤྲོ་བ་བཏེག་པའི་སྐྱེ་བོ་རྣམས་སེམས་མེད་ལོ་མའི་སྟེང་དུ་རྟིང་རྩེགས་རྒྱག་པར་ལྟའོ། ང་ནི་མེས་པོའི་ལེགས་བཤད་དུ། “ལྟད་མོ་ལེགས་ཤོས་སྒྲོན་མེ་བཟུང་མིས་མཐོང་། ”ཞེས་ལྟར་བགྱིའོ། སྤྲོ་སྣང་གི་རྩེ་མོར་སོན་སྐབས་ང་ནི་སྡུག་བསྔལ་གྱི་གཏིང་མཐར་གནས་རྒྱུའོ།
མེར་ཁུ་ཀྲིའོ། ཆོ་མེད་ཀྱི་གཏམ་མ་རྗོད་ཅིག ཁྱོད་ཉིད་འཁོར་བའི་འདམ་དུ་གནས་པ་ལས་ང་ཚོས་འདོན་རྒྱུ་ཡིན། ཕེབས་ཤིག འོད་སྣང་འདི་འདྲའི་ཁྲོད་དུ་སླར་དཔལ་འབར་གྱི་དགོས་པ་མ་མཆིས།
རོ་མེའོ། མ་ཡིན། དེ་འདྲ་མ་ཡིན།
མེར་ཁུ་ཀྲིའོ། ང་ཡི་བརྗོད་དོན་ནི། གྲོགས་པོ། དུས་ཀྱི་ཕྲེང་བ་ནི་ཉིན་ཁ་དཀར་ངོ་དཀར་ནང་དཔལ་འབར་འཁྱེར་བ་ཇི་བཞིན་དགོས་མེད་དུ་འཕྲོ་བརླག་འགྲོ་འདུག ང་ཚོའི་སེམས་བཟང་ནི་ལུས་ཀྱི་དབང་པོ་ལྔ་ལས་དོན་རེ་བརྗོད་པ་ལྟར་མཚུངས་ཤིང་དེ་ལ་ཁྱོད་ནས་བསམ་བཞིགས་ནན་པོ་བྱེད་དགོས།
རོ་མེའོ། རང་ཚོ་སྟོན་མོ་འདི་ནང་ཞུགས་རྒྱུར་བསམ་ངན་གང་ཡང་མེད་རུང་ང་ནི་གང་ལྟར་ནའང་བློ་སེམས་རྣལ་དུ་མི་ཕེབས།
མེར་ཁུ་ཀྲིའོ། གང་ཡིན་ནམ་ཞེས་ང་ཡིས་དྲིས་ན་ཆོག་གམ།
རོ་མེའོ། མདང་ནུབ་ང་ལ་རྨི་ལམ་ཞིག་རྨིས་བྱུང་།
མེར་ཁུ་ཀྲིའོ། ང་ལའང་རྨི་ལམ་ཞིག་བྱུང་།
རོ་མེའོ། ཨ་ཙི། ཁྱོད་ལ་གང་ཞིག་རྨིས་བྱུང་ངམ།
མེར་ཁུ་ཀྲིའོ། རྨི་ལམ་པ་དག་ནི་རྒྱུན་པར་རྫུ་སྨྲ་བར་དགའོ།
རོ་མེའོ། འོན་ཀྱང་རྨི་ལམ་དངོས་སུ་བདེན་པའང་ཧ་ཅང་མང་།
མེར་ཁུ་ཀྲིའོ། འོ་ན་ཁྱོད་བཙུན་མོ་མབ་དང་མཉམ་དུ་ཡོད་ངེས་ལགས།
བྷེན་ཝོ་ལིའོ། བཙུན་མོ་མབ་བྱ་བ་སུ་ཞིག་གམ།
མེར་ཁུ་ཀྲིའོ། མོ་ནི་“འཆར་ཡན་ལྷ་ཕྲུག་”གི་བྱིས་པའི་སྐྱེ་གཡོག་ཏུ་གྲགས་ཤིང་། ལུས་ཀྱི་བོང་ཚད་རིན་ཆེན་གཟི་ལས་མི་ཆེ་ཞིང་། མི་ཡི་མཛུབ་མོའི་རྩེ་མོར་འབབ་སྲོལ་དང་མོ་ཡི་ཤིང་རྟ་འཁོར་ལོ་སྲོག་ཆག་ཆུང་ངུ་ཕྲ་རབ་ལྟ་བུས་འཐེན་བཞིན་མི་རྣམས་གཉིད་ལ་དུབ་པའི་སྐབས་ན་ཁོ་ཚོའི་སྣ་འགྲམ་ལས་སྐྱོད་སྲོལ་དུ་གྲགས།
མོ་ཡི་ཤིང་རྟ་འཁོར་ལོའི་རྩིབས་མ་ནི་སྲོག་ཆགས་འདོམ་གྱི་སུག་ལག་ལས་གྲུབ་པ་དང་། འཁོར་ལོའི་ཁེབས་ནི་འབུ་ཆ་ག་པའི་གཤོག་པ་ཡིན་པ། འཁོར་ལོའི་འཐེན་ཐག་རྣམས་འདོམ་ཐག་ཡིན་པ། གོས་ཀྱི་གོང་བ་ནི་ཆུ་བསིལ་ཟླ་འོད་ལས་བརྒྱན་པ། རྟ་ལྕག་གི་ཡུ་བ་འབུ་ཆ་ག་པའི་རུས་པ་ཡིན་པ། རྟ་ལྕག་གི་རྩེ་མོ་དར་སྐུལ་ཕྲ་མོ་ཡིན་པ། འཁོར་ལོའི་ཁ་ལོ་བ་ནི་ཤིག་ལྟ་བུའི་འབུ་སྲིན་གྱི་ཕྱེད་ཙམ་ལས་མི་ཆེས་ཞེས་བཤད།
མོ་ཡི་འཁོར་ལོའི་སྒྲོམ་ནི་འབུ་སྲིན་ལས་ནང་བཅུད་སྟོང་པར་བཟས་ཟིན་པའི་སྟར་ཁའི་པགས་པ་ཡིན་པ་སྟེ། འབུ་སྲིན་དེ་རྣམས་ནི་གནའ་བོའི་དུས་ནས་“འཆར་ཡན་ལྷ་ཕྲུག་”གི་འཁོར་སྒྲོམ་བཟོ་་མཁན་དུ་གྲགས།
དེ་ལྟར་མཚན་ནས་མཚན་དུ་མོ་ཡིས་ཤིང་རྟ་འཁོར་ལོ་བསྐྱོད་ཅིང་། སྐབས་འགར་བརྩེ་དུང་ལས་མནར་བའི་ཕོ་མོའི་སེམས་ནང་འཚང་ནས་ཁོ་ཚོ་མཛའ་བའི་རྨི་ལམ་རྨིས་སུ་འཇུག་པ། སྐབས་འགར་དཔོན་རིགས་ཀྱི་པུས་མོར་བབས་ནས་ཁོ་ཚོ་ཟ་ཧམ་གྱི་རྨི་ལམ་རྨིས་སུ་འཇུག་པ། སྐབས་འགར་ཁྲིམས་དཔོན་གྱི་མཛུབ་མོར་འཁྱུད་ནས་ཁོ་ཚོ་དངུལ་ལ་བརྩེ་བའི་རྨི་ལམ་རྨིས་སུ་འཇུག་པ། སྐབས་འགར་བུད་མེད་ཀྱི་མཆུ་ལ་འཁོར་ནས་ཁོ་ཚོ་མཆུ་སྦྱོར་བའི་རྨི་ལམ་རྨིས་སུ་འཇུག་པ་བཅས་བྱེད་ཅིང་། བཙུན་མོ་མབ་ཀྱིས་དེ་ཚོའི་དབུགས་ལས་ཕྱི་ཚུལ་དུ་འདྲ་ཆགས་པའི་དྲི་ཞིམ་འབྱིན་པ་དང་དེ་ཚོའི་མཆུ་ལས་ཕྱི་ཚུལ་དུ་འདྲ་ཆགས་པའི་ཆུ་ཡི་ཟིལ་པ་འབྱིན་པར་ཁོང་ཁྲོ་བྱེད།
སྐབས་འགར་མོ་ཡིས་སྲིད་གཞུང་གི་དཔོན་རིགས་ཀྱི་སྣ་འགྲམ་དུ་འཁོར་ལོ་བཏང་ནས་འབུལ་མཚན་འབུལ་མིའི་ཚོགས་ཁོ་ཡི་གམ་དུ་བཅར་བའི་རྨི་ལམ་རྨིས་སུ་འཇུག་པ། སྐབས་འགར་མོ་ཡིས་ལག་ཏུ་ཕག་པའི་མཇུག་མ་ཐོགས་ནས་ཆོས་དཔོན་གྱི་སྣ་ལ་ཟ་ཕྲུག་བསླངས་ནས་ཁོ་པ་ཕག་ཕྲུག་གི་དཔྱ་ཁྲལ་བསྡུ་བའི་རྨི་ལམ་རྨིས་སུ་འཇུག་པ།
སྐབས་འགར་མོ་ཡིས་དྲག་དཔོན་གྱི་མཇིང་སྟེང་དུ་འཁོར་ལོ་བཏང་ནས་ཁོ་པ་ཕ་རོལ་པའི་སྐེ་གཅོད་པ། ཕ་རོལ་པར་གདོང་མཆོང་བྱེད་པ། ཕ་རོལ་པ་མཐའ་བསྐོར་བ་། ཕ་རོལ་པར་རལ་གྲི་འཕྱར་བའམ།
ཡང་ན་ཆང་རག་ལས་མྱོང་བའི་རྨི་ལམ་རྨིས་སུ་འཇུག་པ་དང་། སླར་དེ་འཕྲལ་ཁོ་ཡི་རྣ་འགྲམ་དུ་རྔ་བརྡུངས་ནས་ཁོ་པ་གཉིད་ལས་སྒྲོག་པ་བྱེད་ཅིང་། དེའི་ཚེ་ཁོ་ནི་འཇིགས་ཤིང་སྐྲག་ནས་སྨོན་ལམ་ཚིག་ཤས་བསྟོད་རྗེས་སླར་གཉིད་ལ་རང་འཇགས་ཡུར་སྲོལ།
གཞན་ཡང་མོ་ཡིས་མཚན་མོ་རྟ་ཡི་ཟེ་ལ་ལྷས་མ་སླ་བ་དང་། སྤྱོད་པ་ཞན་པའི་“འཆར་ཡན་ལྷ་ཕྲུག”གི་སྐྲ་ཡི་ལྷས་མ་འཛིང་ནས་ཡོད་པ་རྣམས་བར་ཆད་ལས་གཡོལ་ཆེད་དུ་འཛིང་སྲོང་བ་བཅས་བྱེད། མོ་ཡིས་ད་དུང་དམན་ཤར་རྣམས་གཉིད་ལས་ཁུག་པའི་དྲུང་དུ་བསྐྱོད་ནས་ཁོ་ཚོ་ནི་ཕྲུ་གུ་བཙས་ཐུབ་མཁན་གྱི་མ་བཟང་པོར་འགྱུར་ཆེད་ཁོ་ཚོའི་ལུས་སྟེང་བཞོན་ནས་བྱིས་པ་བཅས་ཐབས་ལ་ནང་སྦྱོང་སྤྲོད་པ་བཅས་བྱེད། བཙུན་མོ་མབ་བྱ་བ་ནི་དེ་ལྟ་བུའི་བུད་མེད་ཅིག་གོ།
རོ་མེའོ། ཁ་ཚུམས། ཁ་ཚུམས། མེར་ཁུ་ཀྲིའོ། ཁ་ཚུམས། ཁྱོད་ཀྱི་གཏམ་ལ་དོན་གང་ཡང་མི་ལྡན།
མེར་ཁུ་ཀྲིའོ། ཁྱོད་ཀྱིས་བརྗོད་པ་བདེན་ནོ། ང་ནི་རྨི་ལམ་ཁོ་ནའི་སྐོར་བརྗོད་བཞིན་ཡོད། རྨི་ལམ་ལ་སྙིང་པོ་མེད་རུང་བྱིས་པ་བསམ་མེད་འགའ་ནི་དེ་རང་རྨི་བཞིན་སྡོད་འདུག
རྨི་ལམ་བྱ་བ་ནི་འབྱུང་བ་རླུང་ལྟར་སྲབ་པའི་འཆར་སྣང་ཞིག་གོ། དེ་ནི་ལྷཊ་པ་ལས་ཀྱང་མི་བརྟག་པ་ཚ། ལྷཊ་པས་ནི་ཐོག་མར་བྱང་ཕྱོགས་ལ་འཕུར་བཞིན་བསྐྱོད། འོན་ཀྱང་བྱང་ཕྱོགས་ནི་གྲང་ཞིང་བཏུམས་པ་ཚོར་སྐབས་དེ་ཡིས་ཆུ་ཟིལ་ལྡན་པའི་ལྷོ་ཕྱོགས་ལ་ཁ་ཕྱོགས་ཀྱི་ཡོད།
བྷེན་ཝོ་ལིའོ། རང་ཚོའི་ལྷཊ་པས་རང་ཚོའི་དོན་ཡོངས་འཁྱེར་བཞིན་འདུག གསོན་སྟོན་ནི་ཚར་སོང་། རང་ཚོའི་སྦུག་ཏུ་བསྐྱོད་ཚེ་ཕྱི་དྲག་མེད་དམ།
རོ་མེའོ། ང་ནི་ད་དུང་ཡང་སྔ་དྲག་རྒྱུར་གཟོན་བཞིན་པའོ། དེའང་རྒྱུ་ཅི་ཞེ་ན་ང་ནི་དོ་ནུབ་ཀྱི་སྤྲོ་སྐྱིད་ལས་ཆག་སྒོ་ཆེན་པོ་ཞིག་ལྷག་མི་ཡོང་ངམ་སྙམ་ཞིང་བློ་གཡེང་དུ་གནས། དཔེར་ན། རང་གི་ནུས་མེད་ཀྱི་ལུས་ཀྱི་ཕུང་བོ་འདི་བཞིན་ཤི་མ་རན་གོང་ཤི་མི་ཡོང་ངམ་སྙམ་པར་འཇིགས་ཤིང་གནས་པ་ལྟ་བུའོ། འོན་ཏང་གནམ་བདག་ལས་ང་ཡི་གྲུ་གཟིངས་ལ་ཕྱོགས་སྟོན་ཡོད་པར་མཛོད། ད་འགྲོའོ། འདོད་ཆགས་ལས་མྱོས་པའི་སྐྱེས་པ་ཚོ།
བྷེན་ཝོ་ལིའོ། རྔ་རྡུངས་ཤིག
གར་སྟེགས་ལས་བཤོལ།
ལེའུ་ལྔ་བ།
ཁ་པུ་ལེཀྲི་ཚང་གི་ཚོགས་ཆེན་ནང་།
རོ་མེའོ་དང་ལས་རོགས་འབག་གྱོན་པ་རྣམས་ཚོམས་ཆེན་གྱི་ཟུར་ཞིག་ཏུ་འཁོད།
གཡོག་གཉིས་གར་སྟེགས་ཐོག་ཐོན།
གཡོག་ཀ་བ། ཁོ། པོཀྲི་པན་གོང་དུ་སོང་ངམ། ཁོ་ནི་ཞལ་དཀར་རྣམས་བསྡུ་བར་མི་ཡོང་བ་ཅི་ཡིན། ཁོ་ནི་ཞལ་དཀར་དང་ཛར་ཛོར་རྣམས་བསྡུ་གསོག་རྒྱག་རྒྱུར་གཡོལ་བཞིན་ཁོ་ནའོ།
གཡོག་ཁ་པ། ལས་ཡོངས་རྫོགས་མི་གཅིག་གཉིས་ཀྱི་མགོ་ཐོག་ཏུ་ལྷག་ཅིང་ཁོ་ཚོར་ལག་འཁྲུ་བའི་ཁོམ་པའང་མེད་པ་ནི་ཧ་ཅང་ཆ་མ་སྙོམས།
གཡོག་ཀ་བ། རྐུབ་སྟེགས་འདི་ཚོ་ཕར་ཁྱེར་ཅིག བང་ཁྲི་འདི་ཚོ་ཕར་ཁྱེར་ཅིག་དངུལ་སྡེར་འདི་ཚོ་ཕར་སྡུས་ཤིག ཁོ་རེ། བག་ལེབ་འདི་ཚོ་ང་ལ་ཁུག་ཅིག་ཏུ་ཞོག་ཅིག ཁྱོད་ཀྱིས་ང་ལ་རོགས་བགྱི་བསམས་ན་ཙག་ཙིག་ལས་མི་སུ་སན་དང་ནེལ་གཉིས་འབོད་པར་རྒྱུགས་ཤིག 〔ཁོ་ཡིས་འབོད་པ། 〕ཝ་ཡེ། ཨན་ཀྲོ་ནི། པོཀྲི་པན།
གཡོག་ཨན་ཀྲོ་ནི་དང་པོ་པོཀྲི་པན་གར་སྟེགས་ཐོག་ཐོན།
ཨན་ཀྲོ་ནི། ཡོང་བཞིན་པའོ། གྲོགས་པོ།
གཡོག་ཀ་བ། ཁྱོད་ཚོམས་ཆེན་འདི་ནང་ཇི་ཙམ་བཙལ་རུང་། ཇི་ཙམ་བོས་རུང་། རྙེད་རྒྱུ་ནི་དཀོན།
པོཀྲི་པན། ང་ཚོ་ག་ས་ག་ལ་དུས་གཅིག་ཏུ་སླེབས་ནི་མི་ཐུབ། ལས་སྣང་བ་སྐྱིད་པོར་བྱོས་ཤིག གནས་སྐབས་རིང་ཧུར་ཙམ་བྱོས་ཤིག ཕུགས་ནས་སུ་ཚེ་རང་ནའང་ལས་རྒྱུ་ཡོངས་དེ་ལ་འཇོག་རྒྱུའོ།
གཡོག་རྣམས་གར་སྟེགས་ལས་བཤོལ།
ཁ་པུ་ལེཀྲི་སྟངས་དཔྱད། ཇུ་ལིཀྲི། ཀྲི་བྷལཀྲི། མ་མ། མགྲོན་རྣམས། རོལ་ཆ་བ་བཅས་འབག་གྱོན་པ་རྣམས་ཀྱི་ཕ་རོལ་གྱི་གཞོགས་སུ་ཐོན།
ཁ་པུ་ལེཀྲི་རྗེ་བོ། མི་དྲག་རྣམས་ལ་ཕྱག་ཕེབས་གནང་བྱུང་ཞེས་ཞུ་རྒྱུའོ། སྐུ་སྐྱེས་མ་
རྣམས་ཀྱི་ཞབས་ལ་ཆུ་འབུར་ཐོན་མེད་ན་ཁྱོད་ཚོ་དང་ལྷན་དུ་ཞབས་གཞས་ལ་ཆིབས་བསྒྱུར་གནང་རྒྱུའོ། ཨ་ཧ། ང་ཡི་སྲས་མོ་རྣམ་པར་ཞུ་རྒྱུར། སུ་ཞིག་ཞབས་གཞས་ལ་མི་མཉེས་སམ། སུ་ཞིག་དེ་ལ་མི་མཉེས་ན་དེ་ཡི་ཞབས་མཐིལ་ལ་ཆུ་འབུར་ཐོན་ཡོད་པའི་རྟགས་ཡིན་ཅེས་ང་ཡིས་མནའ་བསྐྱལ་ནས་ཞུ་ཐུབ། ང་ཡི་ཚོད་དཔག་དེ་བདེན་འདུག་གམ། མི་དྲག་རྣམས་ལ་ཡང་བསྐྱར་ཕྱག་ཕེབས་གནང་བྱུང་ཞེས་ཞུ་རྒྱུ་ཡིན། ང་ཡང་དུས་ཤིག་ན་ངོ་འབག་ལས་བཀབ་སྟེ་ཞབས་བྲོར་བསྐྱོད་མྱོང་ཡོད་པ་མ་ཟད་མཚར་བའི་བུད་མེད་ཀྱི་སྙན་ལ་ཤོབ་ཤོབ་ཀྱང་རྡུང་མྱོང་ཡོད། འོན་ཀྱང་དུས་དེ་ནི་འདས་ཟིན། འདས་ཟིན། འདས་ཟིན།
མི་དྲག་རྣམ་པར་དགའ་བསུ་ཞུ། རོལ་ཆ་བ་རྣམ་པས་རོལ་དབྱངས་འགོ་འཛུགས་གནང་རོགས་གནང་། 〔རོལ་དབྱངས་འགོ་ཚུགས། མགྲོན་རྣམས་ཞབས་གཞས་ལ་འཁོད།〕གུ་མ་ཁོག་ཅིག གུ་མ་ཁོག་ཅིག གུ་དོག་པོ་མ་བྱོས་ཤིག སྲས་མོ་ཚོ། ཁྱེད་ཚོ་ཞབས་གཞས་ལ་ཕེབས་ཤིག 〔གཡོག་རྣམས་ལ།〕སྒྲོན་མེ་འཕར་མ་སྤོར་ཅིག་ལྐུག་པ་ཚོ། རྒྱ་ལྕོག་མཁོ་མེད་དག་ཕར་སྡུས་ཤིག ལྕགས་ཐབ་ཀྱི་མེ་ཆུང་དུ་ཐོང་ཞིག
འདི་ནང་དྲོད་ཆེ་འདུག 〔རང་ལ། 〕ཨ། ཁོ་རེ། ཞལ་མི་ཚོར་བའི་གྲོགས་འདི་རྣམས་འདི་རུ་ཕེབས་པའང་ལེགས་འདུག〔ཁོང་གི་སྐུ་མཆེད་ལ།〕ང་ཡི་སྤུན་མཆེད་ཁ་པུ་ལེཀྲི་མཆོག ངེད་གཉིས་ནི་ཞབས་བྲོའི་དུས་ལས་འདས་ཟིན། ངེད་གཉིས་དེ་སྔ་འབག་གྱོན་ཐེངས་རྗེས་མ་ནས་བཟུང་ད་བར་དུས་ཇི་ཙམ་འདས་འདུག་གམ།
སྐུ་མཆེད། མ་རི་ཡ་ཚད་འཛུགས། ལོ་ངོ་སུམ་ཅུ་ཙམ་ཕྱིན་འདུག
ཁ་པུ་ལེཀྲི་རྗེ་བོ། ཅི་གསུང་ངམ། དེ་འདྲ་ཕྱིན་མེད། དེ་འདྲ་ཕྱིན་མེད། དེ་ནི་ལུ་སེན་ཀྲིའོ་ཡི་ཆང་ས་ནས་བཟུང་མ་ཡིན་ནམ། དེ་ནི་ཨེསི་ཀྲི་དུས་ཆེན་རྗེས་ཀྱི་རེས་གཟའ་ཉི་མ་བདུན་པ་ལྟར་གང་བྱུང་དུ་ཡོང་རྒྱུ་ག་ལ་ཡོད། ངེད་གཉིས་འབག་གྱོན་ནས་སྐྱོད་ཐེངས་དེ་ལས་ད་བར་བགྲང་བྱ་ཉི་ཤུ་རྩ་ལྔ་ཙམ་ཕྱིན་འདུག
སྐུ་མཆེད། མི་ཚད། མི་ཚད། ཁོང་གི་བུ་ཡི་ལོ་གྲངས་ཀྱང་དེས་མི་ཚད། ཁོང་གི་བུ་ད་ལྟ་ལོ་སུམ་ཅུ་ཟིན།
ཁ་པུ་ལེཀྲི་རྗེ་བོ། ལྗགས་གྲངས་སྐྱོན་དང་། ཁོང་གི་བུ་དེའི་སྔོན་ལོ་གཉིས་གོང་ད་དུང་སྐྱེས་རྒྱུ་ཡིན། 〔ཞབས་བྲོ་བར་གཟིགས་བཞིན།〕གཞོན་ནུ་རྣམས་འཁྲུག་འདུག གཞོན་ནུའི་དུས་ནི་སྐྱིད་པའི་དུས་ཤིག་ཡིན།
རོ་མེའོ། 〔འཁོར་གཡོག་ཅིག་ལ།〕དཔའ་རྒོད་ཕ་གིའི་ཕྱག་ལས་འཛིན་མཁན་གྱི་བུད་མེད་དེ་ལ་སུ་ཞིག་བྱའོ།
འཁོར་གཡོག བདག་གིས་ཞལ་མི་ཚོར་རྗེ་བོ་མཆོག
རོ་མེའོ། 〔རང་ལ་སྨྲས་པ།〕
མཛེས་མ་འདི་ཡི་འོད་མདངས་འབར་བའི་དཔལ་འབར་ལས་བཀྲ།
ཨེ་ཐིའོ་མཛེས་མའི་རྣ་ལ་སྐྱེས་པ་ལྟ་བུའི་རྣ་རྒྱན།
མུན་གྱི་མཚན་མོའི་རྣ་སྟེང་དེ་ཡི་མདངས་ཀྱང་རབ་བཀྲ།
འཇིག་རྟེན་འདི་ན་དཀོན་འདུག་སྤྱོད་པར་རིན་ཐང་བྲལ་འདུག
ཕོ་རོག་ཁྱུ་ཡི་དཀྱིལ་དུ་ལྷ་བྱ་གོང་མོ་ཕེབས་འདྲ།
མཛེས་མ་འདི་ཡིས་ཉམས་འགྱུར་མང་པོའི་ཁྲོད་དུ་རྡོག་ཐོན།
ཞབས་བྲོ་འདི་ཉིད་ཚར་འཕྲལ་གང་དུ་ཕེབས་མིན་ལྟའོ།
ཁོང་གི་ཕྱག་ལ་རེག་ཙམ་ལས་ཕྱིན་རླབས་བསམ་གྱིས་མི་ཁྱབ།
ང་ཡི་ལུས་ངག་ཡིད་གསུམ་ལྟ་ཐེངས་གཅིག་ལ་མགུ་སོང་།
དོ་ནུབ་མཚན་མོའི་ཕ་རོལ་ཡིད་འོང་འདི་འདྲ་མ་རིགས།
ཀྲི་བྷལཀྲི། འདི་ཡི་སྐད་ངོར་བརྟག་ན་མོན་ཀྲག་པ་ཡིན་འདྲ་འདུག ཁོ་རེ། ང་ཡི་རལ་གྲི་ལེན་པར་རྒྱུགས་ཤིག 〔གཡོག་ཕྲུག་ཕྱིར་ཐོན།〕སྤྲང་པོ་ཁ་ནག་འདི་པ་ཉེས་པའི་འབག་ལས་ངོ་བཀབ་སྟེ་ཇི་ལྟར་འདི་རུ་ཡོང་ཕོད་པ་ཡིན་ནམ། ཁོ་ནི་ང་ཚོའི་སྟོན་མོར་འཕྱ་སྨོད་བྱེད་པར་ཡོང་བ་མ་ཡིན་ནམ། ང་ཚོའི་ཚང་གི་མཚན་སྙན་མི་བརྫད་ཆེད་ང་ཡིས་ཁོ་གསོད་པར་བྱ་སྟེ། དེ་ནི་ང་ཡིས་སྡིག་པར་མི་མངོན།
ཁ་པུ་ལེཀྲི་རྗེ་བོ། གང་ཞིག་སྨྲ་བཞིན་ཡོད། བུ། སུ་ལ་ཁྲོ་བོ་སྟོན་བཞིན་ཡོད།
ཀྲི་བྷལཀྲི། ཨ་ཁུ་མཆོག འདི་ནི་རང་རེའི་དགྲ་སྟེ་མོན་ཀྲག་པ་ཞིག་ཡིན་འདུག མི་ངན་འདི་པ་དོ་ནུབ་འདིར་ཡོང་དོན་ནི་རང་རེའི་སྟོན་མོར་འཕྱ་སྨོད་དམ་བསམ་ངན་བྱེད་པར་མ་ཡིན་ནམ།
ཁ་པུ་ལེཀྲི་རྗེ་བོ། ཁོ་ནི་ན་གཞོན་རོ་མེའོ་མ་ཡིན་ནམ།
ཀྲི་བྷལཀྲི། འོ། ཁོ་འོ། མི་ངན་རོ་མེའོ་ཁོ་འོ།
ཁ་པུ་ལེཀྲི་རྗེ་བོ། བློ་སེམས་རྣལ་དུ་འཁོད་ཅིག་གཅེས་པའི་ཚ་བོ། ཁོ་རང་དགར་ཞོག་
ཅིག ཚུལ་ལ་བརྟག་ན་ཁོའང་ཚུལ་མཐུན་ཞིག་ཡིན་པ་སྟེ་དྲང་པོར་བརྗོད་ན་ཝེ་རོ་ན་གྲོང་གིས་ཀྱང་ཁོ་ནི་ཡ་རབས་ཚུལ་ལྡན་གྱི་གཞོན་ནུ་ཞིག་ཏུ་མངོན།
ཝེ་རོ་ན་གྲོང་གི་ཆེད་དུ་ང་ཡི་ཁྱིམ་ནང་ཁོ་ལ་གནོད་པ་བྱ་རྒྱུ་མིན། དེར་བརྟེན་ཁྱོད་བློ་ལྷོད་དུ་འཁོད་ནས་ཁོའི་སྟེང་བསམ་པ་མ་ཞོག་ཅིག ཁྱོད་ཀྱིས་ང་ཡི་འདུན་པར་བརྩི་བཀུར་ཡོད་གྱུར་ན་ཁྱོད་ཀྱི་ངོ་ནག་བསྐྱུར་ནས་སྟོན་མོ་འདི་ཐོག་བཀྲ་མ་ཤིས་པའི་གནས་ཚུལ་མི་ལྷག་པར་བརྩོན་ཅིག
ཀྲི་བྷལཀྲི། བདག་གིས་བརྗོད་པ་ནི་གནས་ཚུལ་དངོས་དང་མཐུན་འདུག མི་ངན་འདི་ལྟ་བ་རང་ཚོའི་མགྲོན་ལ་ལྷགས་དགོས་ན་བདག་ནི་དེ་ལ་བཟོད་ཐབས་བྲལ།
ཁ་པུ་ལེཀྲི་རྗེ་བོ། བཟོད་པ་སྒོམ་ཐབས་བྲལ་རུང་སྒོམ་རྒྱུའོ། ཁྱོད་སྐྱེ་མེད་སྡུག་ཟད་མ་བྱོས་ཤིག ང་ཡི་བརྗོད་དོན་ནི་ཁོ་ལ་བཟོད་སྒོམ་ཅིས་ཀྱང་བྱ་རྒྱུ་དེའོ། ཁ་ཚུམས་ཤིག འདི་ནང་གི་སྦྱིན་བདག་ནི་ངའམ་ཁྱོད། ཁ་ཚུམས་ཤིག ང་ནི་གནམ་བདག་གི་ཐུགས་མདུན་ལྟར་བྱའོ། ང་ཡི་སྐུ་མགྲོན་གྱི་མདུན་དུ་ཟིང་སློང་མི་ཆོག རང་སེམས་རང་གིས་མནན་ནས་ཁྱིམ་འདིའི་མི་ལྟར་བགྱི་རྒྱུའོ།
ཀྲི་བྷལ་ཀྲི། ཨ་ཁུ་མཆོག འདི་འདྲ་ཞབས་འདྲེན་མ་ཡིན་ནམ།
ཁ་པུ་ལེཀྲི་རྗེ་བོ། ཁ་ཚུམས། ཁ་ཚུམས། ཁྱོད་ངོ་ཚ་རྒྱུ་མེད་པ་ཞིག་འདུག འདི་ལ་
ཞབས་འདྲེན་ཞེས་ཟེར་རམ། ཁྱོད་ཀྱིས་ང་ཡི་བསམ་པ་དང་ཡོངས་སུ་རྒྱབ་འགལ་དུ་བྱེད་འདུག---ཨ། མ་རི་ཡ་ཚད་འཛུགས། ད་ནི་གྲོལ་གྲབས་འདུག 〔ཞབས་བྲོ་བར།〕ཞུགས་རྗེ་ཆེ། ང་ཡི་གྲོགས་པོ་རྣམ་པ་ཚོ། 〔ཀྲི་བྷལཀྲི་ལ།〕ངོ་ཚ་རྒྱུ་མེད་པ་ཁྱོད། སྡུག་ཚོད་ཟིན་ན་ཟིན་པ་རང་ཡིན། དེ་མིན་ན་ང་ཡིས་--〔གཡོག་རྣམས་ལ།〕གཟིམ་བཞུ་འཐོལ་པ་སྤོར་དང་། གཟིམ་བཞུ་འཐོལ་པ་སྤོར་དང་། གྲ་མ་འགྲིག་པ་བཟོ་ཨང་། 〔ཀྲི་བྷལཀྲི་ལ།〕ང་ཡིས་ཁྱོད་ལ་བཀོད་པ་ཤོད་རྒྱུ་ཡིན། 〔ཞབས་བྲོ་བར།〕ཞབས་གཞས་ཧ་ཅང་ལེགས་འདུག ང་ཡི་གྲོགས་པོ་རྣམ་པ་ཚོ།
ཁོང་ཀྲི་བྷལཀྲི་ཡི་གམ་ནས་སྐུ་མགྲོན་གྱི་ཚོགས་ནང་བསྐྱོད།
ཀྲི་བྷལཀྲི། 〔རང་ལ།〕རང་བཞིན་མ་ཡིན་པའི་བཟོད་སྒོམ་ནི་རང་བཞིན་གྱི་ཁོང་ཁྲོ་དང་ཡོངས་སུ་ལྡོག བདུན་ཟུར་དུ་གྱུར་པའི་གནས་ཚུལ་འདི་འདྲའི་ནང་ནི་བྱ་ཐབས་དབེན་ཞིང་ལུས་ཡོངས་འདར་བཞིན་འདུག དེ་ལས་ང་ནི་འདི་ལས་གྱེས་ནས་འགྲོའོ། འོན་ཀྱང་མི་འདི་ཚོས་རང་མཚམས་སུ་ང་ཚོའི་མགྲོན་པོར་རྫུ་རྒྱུ་འདི་ནི་ད་ལྟ་དགའ་བསུར་མངོན་ཁུལ་རུང་རྗེས་སུ་གཏིང་ནད་དུ་འགྱུར་རྒྱུར་སྨོས་ཅི། གར་སྟེགས་ལས་བཤོལ།
རོ་མེའོ། 〔ཇུ་ལིཀྲི་ཡི་ལག་ནས་བཟུང་ཞིང་།〕
བདག་གི་རྩུབ་པའི་ལག་འདི་ལྷ་ཁང་འདི་ལ་རེག་ན།
དེ་ཡི་སྡིག་པའི་འབྲས་བུར་ཡོང་རྒྱུ་གཤམ་ལས་གཞན་ཅི།
ཆོས་མཇལ་ཞུ་མི་འུ་གཉིས་ངོ་ཚའི་དམར་མདངས་འཕྱུར་བཞིན།
རྩུབ་པའི་ལག་འདིའི་ཚབ་ཏུ་འཇམ་པའི་མཆུ་སྒྲོས་འབུལ་ལོ།
ཇུ་ལིཀྲི། ཁྱེད་ཀྱི་ཕྱག་ལ་ཁག་མེད་ཆོས་མཇལ་ཞུ་མི་གསན་དང་།
རང་བཞིན་འཇམ་པའི་རེག་བྱར་ཉེས་དམིགས་ག་ལ་ཡོད་སྲིད།
དམ་པའི་ལྷ་ཡི་ཕྱག་ལའང་ཆོས་མཇལ་ཞུ་མིས་རེག་སྲིད།
ཕྱག་དང་ཕྱག་དབང་ཕྱག་སྦྱོར་ཆོས་མཇལ་ཞུ་མི་མཆུ་སྦྱོར།
རོ་མེའོ། བེད་སྤྱོད་མེད་པའི་མཆུ་འདི་སྐྱེ་དོན་གང་གི་ཆེད་དུའམ།
ཇུ་ལིཀྲི། ཆོས་མཇལ་ཞུ་མི་གསན་དང་མཆུ་ནི་གཏམ་གྱི་ཆེད་དུའོ།
རོ་མེའོ། ཨེ་མ་ལྷ་མོ་གསན་དང་མཆུ་ཡང་ལག་ལྟར་སྤྱོད་མཛོད།
ཁ་སྟོང་གཏམ་ཐོག་སྤྱད་རུང་སྙིང་པོ་དེ་ཐོག་སླེབ་རྒྱུའོ།
ཇུ་ལིཀྲི། ལྷ་མོས་འགུལ་མེད་བསྡད་ཆོག་མཆུ་ཡི་སྦྱོར་བ་ཕེབས་མཛོད།
རོ་མེའོ། འོ་ན་འགུལ་མེད་བཞུགས་ཤིག་མཆུ་ཡི་སྦྱོར་བ་སླེབ་རྒྱུའོ།
མཆུ་ཡི་སྦྱོར་བའི་ཉེས་དམིགས་ཁྱེད་ལ་མ་གཏོགས་སུ་ལའོ།
ཁོང་གིས་སྲས་མོར་མཆུ་སྦྱར།
ཇུ་ལིཀྲི། བདག་གི་མཆུ་སྒྲོས་སྣོམས་ཤིག་ཉེས་དམིགས་བདག་རས་རང་འཁུར།
རོ་མེའོ། བདག་གི་མཆུ་ཡི་ཉེས་དམིགས་ཁྱེད་ནས་སྣོམ་གྱི་གསུངས་ན།
དེ་ལ་རྩོད་གླེང་མི་ཞུ་བདག་རས་རང་འཁུར་ཞུས་ཆོག
ཁོང་གིས་སྲས་མོ་སླར་མཆུ་སྦྱར།
ཇུ་ལིཀྲི། ཁྱེད་ཀྱི་ཞལ་སྦྱོར་མཛད་སྟངས་གླེགས་བམ་ནང་གསལ་ལྟར་འདུག
མ་མ་གར་སྟེགས་ཀྱི་ཟུར་དུ་ཇུ་ལིཀྲི་འཚོལ་བར་འཁོད།
མ་མ། སྲས་མོའི་སྐུ་ཞབས། ཡུམ་གྱིས་ཁྱེད་ལ་བཀའ་མོལ་གནང་རྒྱུ་ཡོད་ཅེས་གསུང་འདུག
ཇུ་ལིཀྲི་གར་སྟེགས་ཟུར་དུ་ཡུམ་གྱི་དྲུང་དུ་འཁོད།
རོ་མེའོ། སུ་ནི་ཁོང་གི་ཡུམ་མམ།
མ་མ། ཀྱེ། སྲས་སྐུ་ཞབས། ཁོང་གི་ཡུམ་ནི་ཁྱིམ་འདིའི་ལྕམ་ཡིན། མཁྱེན་ལྡན་ཡངས་ཤིང་ཐུགས་སེམས་བཟང་བ་ཞིག་གོ། ད་ལྟ་ཁྱེད་དང་ལྷན་དུ་ཡོད་པ་ནི་ཁོང་གི་སྲས་མོ་ཡིན་གཤིས་བདག་ནི་སྲས་མོའི་མ་མའོ། བདག་གིས་ནང་གནས་ཞུ་ན་སུ་ཞིག་སྲས་མོ་འདི་པའི་བདག་པོར་གྱུར་པ་ན་དེ་ནི་སིང་སྒྲའི་བདག་པོར་འགྱུར་རྒྱུའོ།
རོ་མེའོ། ཁོ་མོ་ཅག་ནི་ཁ་པུ་ལེཀྲི་པ་ཞིག་གམ། ཨ། འོ་ན་དེ་ཡི་སིང་སྒྲ་ནི་ལྷག་པར་ཆེ་བྱུང་། ང་ཡི་སྲོག་འདི་དགྲ་བོའི་གཏའ་མར་ཚུད་པ་མ་ཡིན་ནམ།
བྷེན་ཝོ་ལིའོ། ང་ཚོ་འགྲོའོ། ཞབས་བྲོ་འཁྲུག་བཞིན་པའི་སྐབས་འདི་ན་རང་ཚོ་འགྲོ་ན་འཚམས་ཤོས་སོ།
རོ་མེའོ། འོ་ཡག ང་ཡང་འཇིགས་ཤིང་འདུག་ཅིང་བློ་མི་བདེ།
ཁ་པུ་ལེཀྲི་རྗེ་བོ། མི་དྲག་རྣམས། ཐེགས་རྩིས་མ་མཛོད་ཅིག ད་ལྟ་སྟབས་བདེའི་ཟས་ཤིག་གཤོམ་གྲབས་སུ་ཡོད་དོ།
འབག་གྱོན་མི་རྣམས་ཀྱིས་ལོགས་སུ་ཁོང་ལ་དགོངས་ཞུ་བྱས།
འོ། དེ་འདྲ་ཡིན་ན་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། ཐུགས་རྗེ་ཆེ་ཞུ། སྐུ་ཞབས་ཁྱེད་རྣམས་གཟིམ་འཇགས་གནང་དགོས། 〔གཡོག་རྣམས་ལ།〕འདི་རུ་དཔལ་འབར་འགའ་འཁྱེར་ཤོག་དང་། ཕེབས་ཤིག ད་འོ་ན་ཁྱེད་རྣམས་གཟིམ་མལ་དུ་ག་ལེ་ཕེབས།
དཔལ་འབར་མཁྱེར་མིས་འབག་གྱོན་པ་རྣམས་ལ་ལམ་དྲངས།
〔རང་ལ།〕ཨ། ཁོ་རེ། ད་ནི་དུས་མི་སྔ། ང་ཡང་མལ་དུ་འགྲོའོ།
ཇི་ལིཀྲི་དང་མ་མ་ཕུད་བྱིངས་གར་སྟེགས་ལས་བཤོལ།
ཇི་ལིཀྲི། འདིར་ཤོག་དང་མ་མ། ཕ་རོལ་གྱི་མི་དྲག་ཕ་གི་སུའམ།
མ་མ། ཀྲི་བྷེ་རིའོ་བགྲེས་པོའི་སྲས་བགྲེས་ཤོས་དེའོ།
ཇུ་ལིཀྲི། ད་ལྟ་སྒོ་འགྲམ་ལ་ཁ་ཕྱོགས་པོ་ཕ་གི་སུའམ།
མ་མ། མ་རི་ཡ་ཚད་འཛུགས། དེ་ནི་ན་གཞོན་པེཀྲི་རུ་ཅིའོ་ཕལ་ཆེར་ཡིན་བཟོ་གདའ།
ཇུ་ལིཀྲི། འོ་ན་ཁོང་གི་སྐུ་འགྲམ་ན་བཞུགས་པ་ཞབས་བྲོ་མི་སྐྱོན་མཁན་དེ་སུའམ།
མ་མ། བདག་གིས་ཞལ་མི་ཚོར།
ཇུ་ལིཀྲི། ཉིད་ཁོང་གི་མཚན་འདྲི་བར་རྒྱུགས་དང་། 〔མ་མ་ཕྱིར་ཐོན།〕ཁོང་གཉེན་སྒྲིག་ཚར་ཡོད་ཚེ་ང་ཡི་སྤུར་སྒམ་ནི་ང་ཡི་གཉེན་སྒྲིག་གི་ཉལ་ཁྲིར་སྤྱོད་རྒྱུའོ།
མ་མ། 〔ཕྱིར་འཁོད།〕ཁོང་གི་མཚན་ལ་རོ་མེའོ་ཞེས་བརྗོད་འདུག མོན་ཀྲག་པ་ཞིག་ཡིན་འདུག ཁོ་ནི་རང་ཚོའི་དགྲ་བོ་ཉག་ཅིག་དེའི་བུ་གཅིག་ཤོས་དེ་ཡིན་འདུག
ཇུ་ལེཀྲི། 〔རང་ལ།〕
ང་ཡི་བརྩེ་དུང་གཅིག་པུའང་དགྲ་ཟླ་གཅིག་པུའི་ཁྱིམ་ལས་ཐོན།
མ་མཐོང་མ་ཤེས་རབ་རུང་ཤེས་སྐབས་ཐབས་དང་ལོས་བྲལ།
མ་ཤིས་དགྲ་བོའི་མི་ཚེ་ང་ལ་མཚོན་ན་ཐུགས་བརྩེ།
ང་ལ་དགྲ་ཟླའི་སྙིང་སྡུག་ལས་ལ་བཀོད་དོན་ཅི་ལགས།
མ་མ། ཁྱེད་གང་ཞིག་གསུང་བཞིན་ཡོད། ཁྱེད་གང་ཞིག་གསུང་བཞིན་ཡོད།
ཇུ་ལིཀྲི། འདི་ནི་ཚིག་བཅད་ཤོ་ལོ་ཀ་གཅིག་གོ། དོན་ནུབ་ཞབས་བྲོ་རྒྱག་རོགས་གཅིག་གི་དྲུང་ནས་ཤེས་བྱུང་།
ཡུམ་གྱིས་གཟིམ་ཆུང་གཞན་ཞིག་ལས་ཇུ་ལིཀྲི་འབོད་གནང་མཛད་པ།
མ་མ། ལམ་སེང་ཕེབས་དོ། ལམ་སེང་ཕེབས་དོ། མགྲོན་ཡོངས་ཐེགས་ཚར་འདུག
གར་སྟེགས་ལས་བཤོལ།
འཁྲབ་སྟོན་གཉིས་པ།
སྒོ་དབྱེའི་བཤད་པ།
བརྩེ་དུང་རྙིང་པ་དོར་ཟིན་སྤུར་སྒམ་ནང་དུ་བསྐྱུར་ཟིན།
བརྩེ་དུང་གསར་པའི་ཤུགས་ལས་ཁོ་ཡི་ཡིད་དབང་འཕྲོག་སོང་།
བརྩེ་དུང་རྙིང་པའི་དོན་དུ་ལུས་སྲོག་གཏོང་བར་ཕོད་པོ།
ཡིད་འོང་ཇུ་ལིཀྲི་མཐོང་སྐབས་སྔོན་མ་ཕལ་པར་གྱུར་སོང་།
མོ་ནི་རོ་མེའོར་བརྩེ་ཞིང་ཁོ་ཡང་མོ་ལ་བརྩེ་འོ།
དེ་གཉིས་གཅིག་ལས་གཅིག་བརྩེ་ཕན་ཚུན་ལྟ་བས་མི་ངོམ།
དགྲ་བོའི་ཚུལ་གྱི་མཛེས་མ་དེ་བས་འབྲལ་བར་མི་ཕོད།
ཇུ་ལིས་མཛའ་བའི་བཅུད་རྫས་ལྕགས་ཀྱུའི་རྩེ་ལས་འཕྲོག་སོང་།
དགྲ་ཟླར་གྱུར་པའི་བྱམས་པ་མཐོང་བ་ཉི་མའི་སྐར་མ།
ཕུགས་སུ་འཕེར་བའི་དམ་བཅའང་འཇོག་པའི་ལས་འགྲོ་མི་རྙེད།
མཛེས་མའི་ལུས་ངག་ཡིད་གསུམ་ཁོ་ཡི་ཕྱོགས་ལ་ཤོར་སོང་།
དེ་གཉིས་མཇལ་བའི་ལས་འགྲོ་ཉིན་མོའི་སྐར་ལས་དཀོན་འདུག
འོན་ཀྱང་མཛའ་བརྩེའི་སྟོབས་ཤུགས་གང་གིས་འགོག་ཐབས་བྲལ་བས།
འགོག་རྐྱེན་མཐའ་དག་སེལ་ནས་འཕྲད་པའི་དུས་གཅིག་ཤར་སོང་།
འཁྲབ་སྟོན་གཉིས་པ།
ལེའུ་དང་པོ།
ཁྲོམ་གཞུང་དུ་ཁ་པུ་ལེཀྲི་ཚང་གི་སྐྱེད་མོས་ཚལ་གྱི་སྐྱ་འགྲམ་ན།
རོ་མེའི་ཁ་པུ་ལེཀྲི་ཚང་ལས་བྲལ་ཏེ་གོམ་བགྲོད་དུ་འཁོད་པ།
རོ་མེའོ། ང་ཡི་སྙིང་འདི་རུ་བཞག་ནས་ལུས་པོ་གཞན་ལ་ཇི་ལྟར་འགྲོ་ཐུབ་བམ། ལུས་ལྐུག་པ་ཁོ་རེ། ཁྱོད་རྒྱབ་ཏུ་བསྒྱུར་ནས་དམིགས་སའི་འབེན་ག་ལ་བ་དེར་འགྲོའོ།
ཁོ་ཡིས་སྐྱ་ལས་སྐྱེད་མོས་ཚལ་གྱི་ནང་དུ་མཆོངས། མེར་ཁུ་ཀྲིའོ་དང་བྷེན་ཝོ་ལིའོ་ཁྲོམ་གཞུང་དུ་ཐོན། རོ་མེའོ་ཡིས་སྐྱེད་མོས་ཚལ་གྱི་ནང་ལས་ཉན་པ་བྱས།
བྷེན་ཝོ་ལིའོ། ཝ་ཡེ། རོ་མེའོ། ང་ཡི་སྤུན་མཆེད་རོ་མེའོ། རོ་མེའོ།
མེར་ཁུ་ཀྲིའོ། སྲོག་བྲལ། ཁོ་ནི་རིག་པ་སྤྱང་སྟབས་ཁྱིམ་དུ་ཉལ་བར་ལོག་ཟིན་པར་ལགས།
བྷེན་ཝོ་ལིའོ། ཁོ་འདི་ཕྱོགས་སུ་བང་དུ་སྐྱེད་མོས་ཚལ་འདི་ནང་སྐྱ་ལས་མཆོང་བ་ང་ཡིས་རིག མུ་མཐུད་བོས་ཤིག བརྩེ་བའི་མེར་ཁུ་ཀྲིའོ།
མེར་ཁུ་ཀྲིའོ། འོ་ན་དེ་འདྲ་མ་ཡིན་ཏེ། ང་ཡིས་མན་ངག་བགྲངས་ནས་ཁོ་ཚུར་འགུག་ཐབས་བྱའོ། ཝ་ཡེ། རོ་མེའོ་ཁོ་རེ། ཡིད་རྨོངས་པ་ཁོ་རེ། སྨྱོན་པ་ཁོ་རེ། འདོད་ཆགས་པ་ཁོ་རེ། སེམས་གཅོང་པ་ཁེ་རེ། ཁྱོད་ཀྱིས་ང་ཡི་འདོད་བློ་སྐོང་བྱེད་དུ་དབུགས་རིང་འབྱིན་བཞིན་སྙན་ངག་ཤོ་ལོ་ཀ་གཅིག་འདོན་པར་ཕྱི་རུ་དོན་ཤོག་དང་། ཁྱོད་ཕྱི་རོལ་དུ་དོན་ནས། “ང་འདི་ན་ཡོད།”ཅེས་སམ། “ང་བརྩེ་དུང་ལས་རྨས་ནས་ཡོད།”ཅེས་བརྗོད་པར་ཤོག་ཅིག ཡང་མིན་ན་བརྩེ་དུང་ལྷ་མོ་ཝེ་ནུསི་ལ་སྙིང་གཏམ་ཚིག་ཤས་བརྗོད་པར་དོན་ཤོག་གཅིག ཡང་ན་ལྷ་མོ་དེའི་བུ་ལོང་བ་དེ་ལ་མིང་འདོགས་རྒྱག་པར་དོན་ཤོག ཡང་ན་བྱིས་ལྷ་ཁུ་པིགྲི་ཡིས་གཏོང་བའི་རྒྱལ་པོ་ཁོ་ཕེ་ཀྲུཨ་ཡིས་སྤྲང་མོ་ཞིག་ལ་མཛའ་བའི་གླུ་དེ་གཏོང་བར་དོན་ཤོག
ཝ་ཡེ། རོ་མོའོ། ཁྱོད་ཀྱིས་ཐོས་བྱུང་ངམ། འབོད་སྒྲ་འདི་དག་གིས་ཁྱོད་ཀྱི་སེམས་ཁུག་སོང་ངམ། ཁྱོད་ཀྱི་ལུས་ཁུག་སོང་ངམ།---སྤྲེལ་རྒན་ནི་ཤི་རྫུ་འདེབས་པར་མཁས། ང་ཡིས་མུ་མཐུད་མན་ངག་བགྲངས་ནས་ད་དུང་ཁོ་འགུག་ཐབས་བྱའོ། ཝ་ཡེ། རོ་མེའོ། རོ་ས་ལིན་གྱི་བཀྲ་བའི་སྤྱན། མཐོ་བའི་དཔྲལ་བ། དམར་བའི་མཆུ། འདྲོང་བའི་ཞབས། འདར་བའི་བརླ་དང་བརླ་ཡི་ཁོ་ར་ཁོར་ཡུག་ཡིད་ལ་འཆར་ནས་ཁྱོད་ཀྱི་གཟུགས་བརྙན་ང་གཉིས་ཀྱི་མདུན་དུ་ཁུག་ཤོད་ཅིག
བྷེན་ཝོ་ལིའོ། ད་འབོད་ལོས་མེད་འདུག ཉིད་ཀྱི་འབོད་སྒྲ་ཁོ་ཡིས་ཐོས་ཡོད་ནའང་ལྡོག་ཏུ་དེ་ལ་ཁོ་ཁྲོ་རྒྱུའོ།
མེར་ཁུ་ཀྲིའོ། རྐྱེན་འདི་འདྲ་ཞིག་ལ་ཁོ་ཁྲོ་མི་སྲིད། གལ་ཏེ་ང་ཡིས་རྣམ་ཤེས་གཞན་ཞིག་ཁོ་ཡི་དགའ་མའི་དྲུང་དུ་མངགས་ནས་མོ་ལ་རྫུ་འཕྲུལ་འདྲ་མིན་བསྟན་ནས་མོ་ལ་འཇིགས་སྐྲག་སྐུལ་དུ་བཅུག་ཚེ་དེ་ནི་བསམ་ངན་རང་ཡིན་མོད། འོན་ཀྱང་ང་ཡིས་ཁོ་ཡི་དགའ་མའི་མཚན་ལས་བོས་ནས་ཁོ་ཚུར་འགུག་ཐབས་བྱེད་པ་ནི་སེམས་བཟང་མ་ཡིན་ནམ།
བྷེན་ཝོ་ལིའོ། ཤོག་ཅིག ཁོ་ནི་སྐྱེད་མོས་ཚལ་གྱི་ཚང་ཚིང་དུ་མཚན་མོའི་མུན་པར་མིག་འདྲིས་ཡོང་ཕྱིར་ཡིབས་ནས་ཡོད། ཁོ་ཡི་བརྩེ་དུང་ནི་ལོང་བ་ཡིན་སྟབས་མཚན་མོའི་མུན་པར་ཤིན་ཏུ་འཕྲོས།
མེར་ཁུ་ཀྲིའོ། འོ་ན་ཁོ་ཡི་བརྩེ་དུང་ལོང་བ་དེས་འབེན་མ་རྙེད་པར་བསྡད་ཡོད་པར་ངེས། ད་བྱས་ན་ཁོ་ནི་ལྗོན་ཤིང་ཞིག་གི་འོག་ཏུ་རང་གི་མཛེས་མ་དེ་ཡི་འབྲས་བུར་རྨིས་ནས་བསྡད་ཡོད་པ་ཐག་གིས་ཆོད། འབངས་མོ་ཚོས་མཛའ་པ་དེ་ཚོར་གླིང་སྲུང་བ་ཞེས་འབོད་ཅིང་བཞད་གད་བྱེད། ཨེ་མ། རོ་མེའོ། ཁོ་མོ་ཅག་ནི་འབྲས་བུ་དེ་ཡིན་ན་ཅི་མ་རུང་། འོ་ན་ཁོ་མོ་ཅག་ནི་ཤིང་དེ་དང་ཁྱོད་ནི་འབྲས་བུ་དེ་ཡིན་ན་ཅི་རུང་། རོ་མེའོ། མཚན་མོ་བདེ་ལེགས། ང་ནི་རང་གི་ཉལ་ཁྲིའི་སྟེང་དུ་ཉལ་བར་འགྲོའོ། ཐང་སྡེར་གྱི་ཉལ་ཁྲི་འདི་ནི་ང་ལ་ཨ་རེ་གྲང་འདུག ཤོག་ཅིག འུ་གཉིས་འགྲོའོ།
བྷེན་ཝོ་ལིའོ། འོ་ན་འགྲོའོ། ཁོ་འདི་ན་རྙེད་རྒྱུ་མེད་ན་སླར་བཙལ་ནས་ཆོ་ཅི་ཡོད།
མེར་ཁུ་ཀྲིའོ་དང་བྷེན་བློ་ལིའོ་གར་སྟེགས་ལས་བཤོལ།
རོ་མེའོ། 〔སྐྱེད་མོས་ཚལ་གྱིས་ནང་ལས།〕ཁོ་ནི་རང་ཉིད་བརྩེ་དུང་ལས་རྨས་མྱོང་མེད་ནའང་རྨ་ཁའི་སྐོར་ལ་བཞད་གད་མང་དུ་བྱེད་བཞིན་གདའ། 〔ཁོང་གིས་ཇུ་ལིཀྲི་མཐོང་བ།〕ཁུ་སིམ། ཕྲ་མ་ཕ་ནས་འོད་ཅིག་འཚེར་བཞིན་འདུག་ཅིང་དེ་ནི་ཅི་ཞིག་གམ།
ཨེ་མ། དེ་ནི་ཤར་ཕྱོགས་ཡིན་འདུག་པ་དང་ཇུ་ལིཀྲི་ནི་དེ་ཡི་ཉི་མ་དེའོ། ཤར་ཅིག མཛེས་ལྡན་གྱི་ཉི་མ་ཁྱོད། ཕྲག་དོག་ཅན་གྱི་ཟླ་བ་ནི་ཉམས་སྨད་དེ་ནད་པ་ལྟར་ཐལ་མདོག་དུ་གྱུར་ཟིན་འདུག་ཅིང་དེ་ཡི་འོད་ཁྱོད་ཀྱིས་སྣུབས་ཤིག ཁྱེད་ནི་ཟླ་བའི་ལྷ་མོའི་སྲས་མོ་ཡིན་པ་སྟེ་ཟླ་བ་ཉིད་ལས་ཀྱང་མཚར། འོན་ཀྱང་ཟླ་བས་ནི་ཁྱེད་ལ་ཕྲག་དོག་བྱ་རྒྱུར་ཁྱེད་ཀྱིས་དེ་ཡི་སྲས་མོ་མ་མཛོད་ཅིག དེ་ཡི་ན་བཟའ་ནི་ལྗང་མདོག་ནད་རོ་ལྟ་བུ་ཡིན་སྟབས་གླེན་པ་དག་ལས་གཞན་གྱིས་ནི་མི་གྱོན་ཅིང་། དེ་དག་ཕར་ལ་སྐྱུར་ཅིག--
ཨེ་མ། དེ་ནི་ང་ཡི་བུད་མེད་ཡིན་འདུག དེ་ནི་ང་ཡི་དགའ་མ་ཡིན་འདུག ཁོང་ནི་ང་ཡི་དགའ་མ་ཡིན་པ་ཁོང་ཉིད་ནས་ཚོར་ན་ཅི་མ་རུང་། ཁོང་ནི་གསུང་སྒྲོས་གནང་བཞིན་འདུག་རུང་ང་ཡིས་ནི་ཚིག་གཅིག་ཀྱང་མི་ཐོས། གང་ཞིག་གསུང་བཞིན་ཡོད་དམ། ཁོང་གི་སྤྱན་འཛུམ་ལ་བརྟག་ཅིང་དཔྱད་ན་ང་ཡིས་དེ་ལན་འཇལ་ཐུབ་སྙམ། ཁྱོད་སྤྲང་ཤད་དེ་འདྲ་མ་བྱོས་ཤིག ཁོང་གི་གསུང་སྒྲོས་ནི་ཁྱོད་ལ་གསུང་བ་མ་ཡིན་གྱིས། ནམ་མཁའི་སྐར་ཚོགས་ཁྲོད་ལས་ལྷག་པར་བཀྲ་བའི་སྐར་གཉིས་ཁོང་གི་སྤྱན་རེ་ཞིག་ནམ་མཁར་དམིགས་བསལ་དགོས་དབང་གིས་འོད་དུ་འཚེར་རོགས་སུ་གདན་ཞུར་འཁོད་འདུག་ཅིང་དེ་ལ་ཁོང་གསུང་སྒྲོས་གནང་བཞིན་གདའ།ཁོང་གི་སྤྱན་ཟུང་ནམ་མཁར་འཕོ་བ་དང་ནམ་མཁའི་སྐར་གཉིས་ཚབ་ཏུ་ཁོང་གི་བཞིན་སྟེང་དུ་འཁོད་ཚེ་ངང་ཚུལ་ཇི་ལྟར་ཆགས་ཞེ་ན། ཁོང་གི་བཞིན་གྱི་འོད་མདངས་ཁོ་ན་ལས་ཉིན་མོའི་འོད་ཀྱིས་སྒྲོན་མེ་གསོད་པ་ཇི་བཞིན་སྐར་གཉིས་ཀྱི་འོད་གསོད་རྒྱུ་དང་། ནམ་མཁར་འཚེར་བའི་སྤྱན་མིག་གཉིས་ལས་འོད་འབྱིན་སྐབས་ཐ་ན་འབྱུང་བའི་བྱའང་མཚན་མོ་ཉིད་ཉིན་མོར་མངོན་ཏེ་གླུ་དབྱངས་རོལ་རྒྱུའོ།ལྟོས་དང་། ཁོང་གི་བཞིན་བཟང་ནི་ཇི་ལྟར་ཁོང་གི་ཕྱག་ནང་གནས་མི་འདུག་གམ། ཨེ་མ། ང་ནི་ཁོང་གི་ཕྱག་ཤུབས་ཡིན་ན་ཅི་མ་རུང་། དེའི་ཚེ་ང་ལའང་ཁོང་གི་བཞིན་ལ་རེག་པའི་གོ་སྐབས་ཐོབ་ཐུབ།
ཇུ་ལིཀྲི། ང་ཅི་དྲག
རོ་མེའོ། ཁོང་གསུང་སྒྲོས་གནང་བཞིན་གདའ། ཨེ་མ། མུ་མཐུད་གསུངས་ཤིག བདག་གི་མགོ་ཐོད་ན་ཡོད་པའི་ཡིད་འོང་མཁའ་འགྲོ། ཁྱེད་ནི་མཚན་འདིའི་ཉམས་འགྱུར་ཏེ་ལྷའི་དགའ་ཚལ་གྱི་གཤོག་ཅན་ཕོ་ཉ་ལྟར་སྤྲིན་ལ་ཆིབས་ནས་མཁའ་དབྱིངས་སུ་དལ་གྱིས་བསྐྱོད་པར་སྣོད་འདིའི་བཅུད་ཀྱིས་མིག་ལྤགས་གྱེན་དུ་གཟེངས་བཞིན་ལྟ་བར་བྱ།
ཇུལིཀྲི། ཨེ་མ། རོ་མེའོ། རོ་མེའོ། ཁྱེད་རོ་མེའོ་ཞིག་ཡིན་དོན་ཅི་ལགས། ཁྱེད་ཀྱིས་ཁྱེད་ཀྱི་ཡབ་མི་དགོས་པ་དང་ཁྱེད་ཀྱི་མཚན་མི་དགོས་པ་མཛོད་ཅིག གལ་ཏེ་ཁྱེད་ཀྱི་དེ་ལྟར་མི་མཛད་ན། མི་ཚེ་མཐའ་འཁྱོལ་ཡོང་བའི་དམ་བཅའ་མཛོད་དང་བདག་གིས་ཁ་པུ་ལེཀྲི་པ་ཞིག་མི་བྱའོ།
རོ་མེའོ། 〔ལོགས་སུ། 〕 ང་ཡིས་མུ་མཐུད་མང་ཙམ་ཉན་ནམ། ང་ཡིས་དེ་ལ་གཏམ་ལན་སྨྲའམ།
ཇུ་ལིཀྲི། བདག་གི་དགྲ་བོ་ནི་གང་གི་མཚན་ཙམ་ཉིད་དོ། ཁྱེད་ནི་མོན་ཀྲག་པ་ཞིག་མིན་པའི་དབང་དུ་བཏང་ནའང་ཁྱེད་ནི་ཁྱེད་རང་ངོ་། “མོན་ཀྲག་པ་”བྱ་བ་ནི་འོ་ན་ཅིའམ། དེ་ནི་སྐྱེ་བོ་ཞིག་གི་ལག་ནི་མ་ཡིན། རྐང་པ་ནི་མ་ཡིན། ལག་ངར་ནི་མ་ཡིན། ངོ་ནི་མ་ཡིན། ཐ་ན་ལུས་ཀྱི་དཔྱ་གང་ཡང་མ་ཡིན།
ཨེ་མ། ཁྱེད་ལ་མཚན་གཞན་ཞིག་ཡོད་ན་ཅི་མ་རུང་། འོན་ཀྱང་མིང་ལ་ཁྱད་ཅི་ཡོད། གལ་ཏེ་མེ་ཏོག་རྒྱ་སེ་བ་ལ་མིང་གཞན་ཞིག་བཏགས་ནའང་དེ་ཡི་དྲི་ཞིམ་ནི་མི་འགྱུར་རོ། དེ་བས་ན་རོ་མེའོ་ལའང་རོ་མེའོ་ཞེས་མཚན་དུ་མ་གསོལ་ནའང་ཁོང་གི་མཚར་སྡུག་ནི་དེ་རང་ལ་གནས་རྒྱུའོ། རོ་མེའོ། ཁྱེད་ཀྱི་མཚན་དེ་དོར་དང་། ཁྱེད་ཀྱི་མཚན་དེ་ནི་ཁྱེད་ཀྱི་སྐུ་ལུས་ཀྱི་དཔྱ་གང་ཡང་མ་ཡིན་གྱིས་དེ་ཡི་བདག་རྐྱེན་དུ་བདག་ཡོངས་ཁྱེད་ལ་འབུལ་བར་བྱའོ།
རོ་མེའོ། 〔ཇུ་ལིཀྲི་ལ། 〕གང་གིས་ཇི་ལྟར་བཀའ་བསྩལ་བ་དེ་དག་ཐམས་ཅད་བདག་གིས་བགྱི། བདག་ལ་“སྙིང་སྡུག”ཅེས་མིང་དུ་བསྩལ་གྱུར་ན་བདག་ལ་དེ་ནི་མིང་འདོགས་པའི་འཁྲུད་གསོལ་བསྩལ་བ་དང་གཉིས་སུ་མ་མཆིས། དེ་ནས་བཟུང་བདག་ནི་རོ་མེའོ་ཞིག་ནམ་ཡང་མ་ཡིན་ནོ།
ཇུ་ལིཀྲི། མཚན་མོའི་མུན་པ་འདི་ནང་ང་ཡི་གཏམ་ལ་ལྐོག་ཉན་བྱེད་པོ་ནི་སུ་ཞིག་གོ།
རོ་མེའོ། མིང་ལས་དྲངས་ན་བདག་ནི་སུ་ཡིན་གང་ལ་ཞུ་ནུས་ཡོངས་སུ་དབེན། བདག་གི་མིང་ནི་མཁའ་འགྲོ་མ་མཆོག་ལ་ཞུས་ན་གང་གི་དགྲ་བོར་གྱུར་སྟབས་བདག་ཀྱང་དེ་ལ་མི་ཞེན་ནོ། གལ་ཏེ་མིང་དེ་དག་ཤོག་ལྷེ་ཞིག་སྟེང་འཁོད་པའི་མིང་སྟོང་ཙམ་ཡིན་ཚེ་བདག་གིས་དེ་དག་དབྲལ་རྒྱུར་གདོན་མི་ཟ།
ཇུ་ལིཀྲི། བདག་གི་རྣ་བས་གང་གི་གསུང་ཐོས་པ་ཚིག་བརྒྱའང་མ་མདས། འོན་ཀྱང་དོན་གྱི་སྙིང་པོ་ལེགས་པར་རྟོགས་ཟིན་པ་སྟེ་ཁྱོད་ནི་རོ་མའོའམ་མོན་ཀྲག་པ་ཞིག་མ་ཡིན་ཅེས་བརྗོད་ན་རུང་ངམ།
རོ་མེའོ། གཉིས་ཀ་མ་ཡིན་ཡིད་འོང་བཞིན་བཟང་མ། དེ་ཡི་རྒྱུ་ནི་གཉིས་ཀས་གང་གི་ཐུགས་མི་དགྱེས་པར་བྱེད་པའི་རྐྱེན་ལས་སོ།
ཇུ་ལིཀྲི། ཁྱེད་འདི་རུ་ཇི་ལྟར་ཕེབས་སམ། བདག་ལ་གསུང་མཛོད། ཕེབས་དོན་ཅིའམ། སྐྱེད་མོས་ཚལ་འདིའི་ར་བ་མཐོ་ཞིང་འཛེག་ན་དཀའ། གལ་ཏེ་འདི་གའི་སྐྱེ་བོ་སུ་ཞིག་ལས་ཁྱེད་འདི་ན་ཡོད་པ་རིགས་གྱུར་ན་གནས་འདི་ནི་གང་གི་སྐུ་སྲོག་ལ་ཉེན་ཆེས་ཆེ་ས་ཞིག་གོ།
རོ་མེའོ། བརྩེ་དུང་གི་ཡང་བའི་གཤོག་པར་བརྟེན་ནས་ལྕགས་རི་འདི་ཚོའི་སྟེང་དུ་བདག་གིས་འཕུར་ནས་ཡོང་། རྒྱུ་མཚན་ནི་རྡོ་ཡི་བཀག་རྒྱས་བརྩེ་དུང་འགོག་མི་ཐུབ་པས་སོ། དེ་བས་ན་བརྩེ་དུང་ཞེས་པས་རང་གིས་བྱེད་ཐུབ་སྙམ་པའི་ལས་དེ་ལག་ལེན་དུ་ཕོད་སྟབས་གང་གི་སྐྱེ་བོ་རྣམས་ཀྱིས་ཀྱང་བདག་འགོག་པར་མི་ཐུབ།
ཇུ་ལིཀྲི། འོན་ཀྱང་ཁོ་ཚོས་ཁྱེད་འདི་ན་ཡོད་པ་རིག་ཚེ་ཁྱེད་ཀྱི་སྐུ་སྲོག་ལ་གནོད་པ་བྱ་རྒྱུར་གདོན་མི་ཟའོ།
རོ་མེའོ། འོན་ཀྱང་གང་གི་སྤྱན་ཟུང་ལས་འཚེར་བའི་འཇིགས་སྣང་ནི་ཁོ་ཚོས་བདག་རལ་གྲི་ཉི་ཤུ་ལས་བསྐོར་བའི་འཇིགས་པ་ལས་ཀྱང་ཛ་དྲག་པར་སྣང་། གལ་ཏེ་བདག་ལ་གང་གི་ཐུགས་བརྩེས་བསྐྱངས་གྱུར་ན་ཁོ་ཚོའི་དགྲར་འཛིན་བདག་གིས་བཟོད་པར་ཐུབ།
ཇུ་ལིཀྲི། བདག་གིས་ཁྱེད་འདི་ན་ཡོད་པ་ཁོ་ཚོས་ཚོར་དུ་གཏན་ནས་མི་འཇུག
རོ་མེའོ། བདག་གི་མུན་པའི་འགེབས་སྲུང་འོག་ཁོ་ཚོའི་མིག་གིས་ཚོར་མི་ཐུབ། ཁྱེད་ཀྱིས་བདག་ལ་ཐུགས་བརྩེ་ལྡན་གྱུར་ན་བདག་འདི་ན་ཡོད་པ་ཁོ་ཚོས་ཤེས་ཀྱང་མི་འགྱོད། བདག་ནི་ཁྱེད་ཀྱི་བརྩེ་དུང་ཐོབ་ཕྱིར་འདི་ལྟར་ཡིད་རྨོངས་སུ་གནས་རྒྱུ་ལས་ཁོ་ཚོའི་འཁོན་འཛིན་གྱི་འོག་ཏུ་ཤི་རུང་མི་ཞན་སྙམ།
ཇུ་ལིཀྲི། སུ་ཞིག་གིས་ཁྱེད་ལ་ས་འདིར་ལམ་དྲངས་་བྱུང་ངམ།
རོ་མེའོ། བརྩེ་དུང་གིས་ལམ་དྲངས་བྱུང་། དེ་ཡིས་སྔོན་ལ་བདག་ལ་ས་འདི་རྙེད་རྒྱུར་གྲོས་བཏོན། བདག་གིས་ཀྱང་དེ་ལ་མིག་གཡར། བདག་ནི་ཕྱོགས་སྟོན་གྲུ་པ་ཞིག་ལོས་མ་ཡིན། འོན་ཀྱང་ཁྱེད་ནི་མཐའ་ཡི་རྒྱ་མཚོས་དེད་པའི་ཡངས་པའི་མཚོ་འགྲམ་ཡིན་སྟབས་ནོར་བུ་དེ་དག་ལག་ཏུ་སོན་ཕྱིར་ཉེན་ཁར་འཛེམ་མེད་ཀྱིས་བདག་ས་འདི་རུ་འཁོད་པའོ།
ཇུ་ལིཀྲི། མཚན་གྱི་མུན་པས་བདག་གི་ངོ་དམར་བཀབ་པ་ལས་དོ་ནུབ་བདག་གིས་སྨྲས་པའི་གཏམ་རྣམས་ནི་ཨ་རེ་དམར་རྗེན་ཚ་རང་དྲགས།བདག་ནི་ཡ་རབས་བབ་ཆགས་ཀྱི་ཚུལ་ལ་ཞེན་ཅིང་སྨས་མ་ཐག་པའི་གཏམ་རྣམས་ཕྱིར་བསྡུ་བར་འདོད་རུང་ད་ནི་ཅི་དྲག
སྐུ་ཉིད་བདག་ལ་ཐུགས་བརྩེ་འམ་ཞེས་བདག་གིས་འདྲི་བར་བརྩམས་ན་དེ་ལན་དུ་“བརྩེ། ”ཞེས་གསུང་ངེས་ལགས་པ་བདག་གིས་ཡིད་ཆེས། འོན་ཀྱང་
ཁྱེད་ཀྱི་ཁས་ལེན་ནི་བདེན་དུ་འོས་མིན་སྔར་བཞིན་སོམ་ཉིར་གནས་སྟབས་སྙིང་སྡུག་ཕན་ཚུན་རྫུ་ཡིས་བསླུ་རེས་བྱེད་ཅིང་དམ་བཅའི་ལྷ་སྟེ་ཇུ་པིཀྲེར་ཡང་བཞད་གད་དུ་གྱུར་པ་མང་། ཨེ་མ། བརྩེ་བའི་རོལ་མོ། ཁྱེད་ནི་བདག་ལ་དོན་དམ་ཐུགས་བརྩེའམ་མི་བརྩེ་གསོང་པོར་གསུངས་མཛོད། ཁྱེད་ཀྱི་ཐུགས་ལ་བདག་ནི་བསླུ་སླ་བའི་བུད་མེད་ཅིག་ལ་འཆར་ཚེ་བདག་གིས་ངོ་ནག་བསྡུ་བཞིན་བདག་ནི་དེ་འདྲ་མིན་ཅེས་ཞུ་རྒྱུའོ། འོན་ཀྱང་བདག་ནི་མོན་ཀྲག་པ་འདི་པར་བརྩེ་རང་དྲགས་སྟབས་ཉིད་ཀྱིས་ཐུགས་ལ་བསླུ་བདེ་བར་མངོན་སྲིད།དེ་ཐད་ཐུགས་བློས་མཇིང་འགེལ་མཛོད་ཅིག་རྗེ་བོ་མཆོག བདག་གི་བདེན་པ་ནི་གཞན་གྱི་སྤྲུལ་པའི་རྫུ་ལས་ཀྱང་བདེན། ཁྱེད་ཀྱི་སྙན་དུ་གསོལ་ཟིན་པའི་བདག་གི་ལྷག་བསམ་ཟོལ་མེད་ཀྱི་གཏམ་རྣམས་བདག་ལའང་སྣང་བ་མ་བྱུང་གོང་ཁྱེད་ལ་རྫུ་རུ་མངོན་སྲིད། དེར་བརྟེན་འདིར་གསལ་བཤད་ཞུ་དོན་དུ་བདག་ནི་ཁྱེད་ལ་ལྷད་མེད་མགུ་དོན་ནི་རྫུ་རུ་མུན་པ་མུན་པའི་མཚན་འདིས་དཔང་འཕེར་ཐུབ།
རོ་མེའོ། སྲས་མོ་མཆོག དགུང་ན་བསྐྱོད་པའི་དྲན་ཅན་ཟླ་བ་ཡ་གི་ཚད་འཛུགས་ཞེས་བདག་གིས་དམ་བཅའོ། དེ་ཡི་དངུལ་མདོག་ཅན་གྱི་འོད་སྣང་འབྲས་ལྡན་ལྗོན་ཤིང་འདི་ཚོར་འཕྲོ་བ་ཇི་བཞིན་དུ་བདག་གིས།----
ཇུ་ལིཀྲི། ཨེ་མ། ཟླ་བ་ཉིད་ཀྱང་མི་བརྟག་པ་ཡིན་ཅིང་དེ་དག་ཚད་དུ་འཛུཊ་ཐལ་མ་མཛོད་ཅིག དེ་ནི་དེ་ཡི་སྐོར་ལམ་དུ་ཟླ་རེ་བཞིན་འགྱུར་བཞིན་ཡོད་ཅིང་ཁྱེད་ཀྱི་བརྩེ་དུང་ཡང་དེ་ལྟར་འགྱུར་ཚེ་བདག་ཅི་དྲག
རོ་མེའོ། འོ་ན་བདག་གིས་གང་ཞིག་ཚད་དུ་བཙུགས་ན་ལེགས་སམ།
ཇུ་ལིཀྲི། གང་ཡང་ཚད་དུ་འཛུགས་གནང་མི་དགོས། གལ་ཏེ་ཁྱེད་ལ་ཐུགས་མཐུན་མེད་པ་མེད་ན་བདག་གི་དད་རྟེན་ཁོ་ན་སྟེ་གང་གི་སྐུ་ལུས་ཚད་དུ་འཛུགས་གནང་མཛོད་ཅིག དེ་ལ་བདག་གིས་ཡིད་ཆེས་ཞུའོ།
རོ་མེའོ། འོ་ན་བདག་གི་སྙིང་ནས་བརྩེ་བའི་མི་དེ་ཚད་དུ་-----
ཇུ་ལི་ཀྲི། ད་འོ་ན་སུའང་ཚད་དུ་འཛུགས་པར་མ་ཐལ། བདག་ནི་ཁྱེད་ལ་བརྩེ་རུང་དོ་ནུབ་ཀྱི་མཇལ་འཛོམས་འདི་ལ་འཇིགས་ཤིང་སྐྲག དེ་ནི་འར་འུར་ངང་། འཆར་གཞི་དང་མི་ལྡན་ངང་། ནམ་མཁའི་ཐོགས་ལྟར་གློ་བུར་དུ་གྲགས་ཤིང་། མདོར་ན། “ཐོགས་རྒྱག་འདུག”ཅེས་པའི་གཏམ་ཡང་ངག་ལས་མ་ཐོན་གོང་གློ་བུར་དུ་བརྒྱབ་ཟིན་པ་ལྟ་བུར་སྣང་།སྙིང་སྡུག་ཁྱེད་ལ་མཚན་མོ་བདེ་ལེགས་ཞུ། བརྩེ་དུང་གི་ཐིའུ་འདི་ནི་ངེད་གཉིས་བསྐྱར་འཛོམས་སྐབས་དབྱར་གྱི་སྦྲང་ཆར་ཁྲོད་མཛེས་སྡུག་གི་མེ་ཏོག་ཅིག་ཏུ་བཞད་རྒྱུའོ། མཚན་མོ་བདེ་ལེགས། མཚན་མོ་བདེ་ལེགས། བདེ་བ་འདི་ནི་བདག་གི་བྲང་ཁར་འཆར་བ་ཇི་བཞིན་གང་གི་ཐུགས་ལའང་འཆར་བ་ཤོག་ཅིག
རོ་མེའོ། ཀྱེ་མ་ཀྱེ་ཧུད། རང་གཉིས་འདུ་ལྟར་ཡིད་གཅོང་བཞིན་ཁ་འབྲལ་རྒྱུའམ།
ཇུ་ལིཀྲི། དེ་ལས་འདའ་བའི་བདེ་སྐྱིད་གང་ཞིག་རང་གཉིས་ལ་དོ་ནུབ་འཆར་སྲིད་དམ།
རོ་མེའོ། འོན་ཀྱང་བདག་གི་དམ་བཅའི་དམ་ལན་དུ་ཁྱེད་ཀྱི་དམ་བཅའ་ནི་ད་ལྟའང་མ་ཐོས།
ཇུ་ལིཀྲི། ཁྱེད་ཀྱིས་བཀའ་དྲིན་མ་མཛད་གོང་བདག་གིས་སྔ་ས་ནས་ཁྱེད་ལ་ཕུལ་ཟིན་པའོ། འོན་ཏང་ད་དུང་དེ་དག་བདག་ཁོ་ནར་བདག་པར་མཚོན་ན་བདག་གིས་བསྐྱར་འབུལ་ཞུས་པས་ཆོག
རོ་མེའོ། ཁྱེད་ཀྱིས་དེ་དག་ཕྱིར་བཞེས་མཛད་རྩིས་སམ། ཅིའི་ཕྱིར་རམ་བདག་གི་སྙིང་སྡུག
ཇུ་ལིཀྲི། ནང་གནས་ཞུ་ན་ད་ནི་བདག་ལ་ཡོད་པ་ཁོ་ན་ཡིན་སྟབས་ཁྱེད་ལ་ཡང་བསྐྱར་འབུལ་བར་བྱའོ། བདག་གི་འབེན་ནི་མཐའ་ཡས་རྒྱ་མཚོ་ལྟ་བུ་དང་བདག་གི་བརྩེ་དུང་ནི་གཏིང་ཐབས་མེད་པ་ཞིག་ཡིན་པ་སྟེ། གཉིས་ཀ་མཛད་མཐའ་མེད་སྟབས་དེ་ནི་བདག་གིས་ཁྱེད་ལ་ཇི་ཙམ་ཕུལ་རུང་བདག་གི་ལུས་ལ་དེ་ཙམ་མང་དུ་འཕེལ་རྒྱུའོ། 〔མ་མ་ཁོང་གསུང་ཞུ་བར་འཁོད།〕
སུ་ཞིག་འདི་ཕྱོགས་ཡོང་བཞིན་གདའ། མཛའ་བའི་སྙིང་སྡུག་ག་ལེ་ཕེབས། 〔མ་མ་ལ། 〕ལམ་སེང་སླེབས་ཡོང་བརྩེ་བའི་མ་མ། 〔རོ་མེའོ་ལ།〕བརྩེ་བའི་མོན་ཀྲག་པ། བསླུ་བ་མེད་པར་གནས་ཤིག ཡུད་ཙམ་མུ་མཐུད་བཞུགས་མཛོད། བདག་ནི་འཕྲལ་དུ་ཕྱིར་ལོག་འོང་རྒྱུའོ།
ཇུ་ལིཀྲི་ཡང་སྟེང་ལས་ནང་དུ་འཛུལ།
རོ་མེའོ། ཨེ་མ། འདི་ནི་བཀྲ་ཤིས་པའི་མཚན་མོ་ཞིག་གོ། ད་ནི་གཞི་ནས་འཇིགས་པས་སྐུལ་བཞིན་གདའ། མཚན་མོ་འདི་ནི་རྨི་ལམ་ལྟ་བུའོ། དེ་ནི་མཛེས་རང་དྲགས་ནས་མངོན་སུམ་དུ་ཡེ་ནས་མི་མངོན།
ཇུ་ལིཀྲི་སླར་ཡང་སྟེང་དུ་ཐོན།
ཇུ་ལིཀྲི། ཚིག་གསུམ་ཞུ་རྒྱུ་ལུས་སོང་བརྩེ་བའི་རོ་མེའོ། དེ་རྗེས་མཚན་མོ་བདེ་ལེགས་མཐའ་མ་དེ་གསོལ་བར་བྱ། ཁྱེད་ཀྱི་བརྩེ་དུང་ལ་བསླུ་བ་མེད་གྱུར་ན་གཉེན་སྒྲིག་གི་གྲབས་གཤོམ་སྐོར་ནངས་པར་བདག་ལ་བཀའ་ལན་ཡོད་པ་ཞུ། བདག་ནི་དེ་འཕྲལ་ཁྱེད་ཀྱི་སྐུ་གམ་དུ་བཅར་རྒྱུའོ།གཉེན་སྒྲིག་གི་བགྱི་སྒོ་དང་དུས་ཁྱེད་ཀྱི་ཐུགས་འདུན་ལྟར་བྱེད་ཅིང་། བདག་གི་ལས་དབང་ནི་ཁྱེད་ཀྱི་ཞབས་འོག་ཏུ་འདུ། བདག་ནི་འཛམ་གླིང་གི་ཕྱོགས་གང་སར་སྐྱོད་དགོས་ནའང་ཁྱེད་ཀྱི་རྗེས་སུ་ཆགས་རྒྱུའོ། རྗེ་བོ་མཆོག
མ་མ། 〔གཟིམ་ཆུང་ནང་ལས།〕སྲས་མོ་སྐུ་ཞབས།
ཇུ་ལིཀྲི། 〔མ་མར།〕ཡོང་བཞིན་པའོ། 〔རོ་མེའོ་ལ།〕ཁྱེད་ཉིད་སེམས་ཐག་ཆོད་མེད་ཚེ། བདག་གིས་ཁྱེད་ལ་རེ་བ་ཞུ་རྒྱུར་---
མ་མ། 〔གཟིམ་ཆུང་ནང་ལས་ཡང་བསྐྱར་གསུང་ཞུ་བ།〕སྲས་མོའི་སྐུ་ཞབས།
ཇུ་ལིཀྲི། ཡོང་བཞིན་པའོ། 〔མུ་མཐུད་རོ་མེའོ་ལ། 〕ཁྱེད་ཀྱི་བརྩེ་དུང་བར་ཆད་ན་བདག་ནི་སྡུག་བསྔལ་ནང་གནས་རྒྱུའོ། ཕྱི་ཉིན་གང་གི་སྐུ་དྲུང་དུ་ཕོ་ཉ་མངགས་རྒྱུའོ།
རོ་མེའོ། བདག་ནི་སྲོག་གི་དབང་པོ་ཚད་དུ་འཛུགས། ----
ཇུ་ལིཀྲི། འདི་ན་མཚན་མོ་བདེ་ལེགས་སྟོང་གཅིག་ཡོད་དོ།
ཇུ་ལིཀྲི་གཟིམ་ཆུང་དུ་ཕྱིར་ལོག
རོ་མེའོ།
གང་གི་འོད་དང་བྲལ་གྱུར་ན་མཚན་མོའི་མུན་པའང་ལྡབ་སྟོང་ནག
བརྩེ་དུང་ཕན་ཚུན་བཅར་བའི་དུས་སློབ་གྲོལ་སློབ་ཕྲུག་འཛུམ་ལྡན་འདྲ།
བརྩེ་དུང་ཕན་ཚུན་བྲལ་བའི་དུས་སློབ་ཚུགས་སློབ་ཕྲུག་ངོ་ནག་འདྲ།
〔རོ་མེའོ་དལ་གྱིས་ཐོན་པར་བརྩམས། འོན་ཀྱང་ཇུ་ལིཀྲི་སླར་ཕྱིར་འཁོད།〕
ཇུ་ལིཀྲི།
གསན་དང་རོ་མེའོ་གསན་དང་སྐད་ཆུང་འདབ་བྱའི་སྒྲ་ལས་གསོལ།
རྒོད་པོའི་ནང་གི་རབ་མཛེས་ཁྱེད་ཉིད་འགུགས་པའི་ཐབས་སུ་འབོད།
གནས་འདི་ཉེན་ཁ་ཆེ་རྐྱེན་འབོད་སྒྲ་སྐད་ཆེའི་ཤུགས་དང་བྲལ།
རང་ལུས་དུམ་བུར་བཏུབས་ནས་ཨེ་ཁོའི་གསུང་ལྟར་ཡལ་ནའང་བསམས།
བདག་གི་འབོད་སྒྲ་སྐྱོ་ཞིང་ཨེ་ཁོའི་མཁའ་སྐྱོད་གསུང་ལས་ཆུང་།
འབོད་སྒྲའི་གདངས་སུ་“རོ་མེའོ”ཞེས་ཆུང་རུང་ཡང་དུ་འབོད་རྒྱུའོ།
རོ་མེའོ།
ང་ཡི་མིང་ལས་འབོད་མཁན་ང་ཡི་སྙིང་ནོར་ལོས་ཡིན།
མཚན་མོའི་མུན་པའི་ནང་དུ་ཡིད་འོང་དགའ་མའི་གསུང་སྙན།
དབྱངས་སྙན་རྣ་བའི་བདུད་རྩི་ཐོས་པ་ཙམ་ལས་བློ་ལྷོད།
ཇུ་ལིཀྲི། ཀྱེ། རོ་མེའོ།
རོ་མེའོ། ཀྱེ་ཧུད། སྲས་མོ་མཆོག་གིས་ཅི་གསུངས།
ཇུ་ལིཀྲི། ཕྱི་ཉིན་ཆུ་ཚོད་ཇི་ཙམ་ན་གང་གི་སྐུ་གམ་དུ་ཕོ་ཉ་མངགས་སམ།
རོ་མེའོ། ཆུ་ཚོད་དགུ་བའི་དུས་ཙམ་དུའོ།
ཇུ་ལིཀྲི། བདག་གིས་མི་འཆུག འོན་ཀྱང་དེ་བར་བགྲང་བྱ་ཉི་ཤུའི་དུས་ལྟར་རིང་བར་སྣང་། ཨ་ཙི། བདག་གིས་ད་ལྟ་ཁྱེད་ཉིད་ཕྱིར་ལོག་ཕེབས་རྒྱུར་སྐུལ་དོན་ཅིའམ།
རོ་མེའོ། ཁྱེད་ཀྱིས་ཐུགས་དྲན་མ་གསོས་བར་བདག་འདིར་ངང་སྒུག་ཏུ་སྡོད་པར་དགའ།
ཇུ་ལིཀྲི། འོ་ན་ཁྱེད་ཉིད་དེ་རུ་ད་དུང་ཡུད་ཙམ་གནས་ཕྱིར་བདག་གིས་དོན་དེ་དྲན་མ་གསོས་པ་ཤོག ཁྱེད་ཀྱི་སྐུ་གམ་དུ་གནས་རྒྱུ་ནི་བདག་ལ་བདེ་སྐྱིད་ཇི་འདྲ་མ་ཡིན་ནམ།
རོ་མེའོ། བདག་གིས་འདི་རུ་སྡོད་རྐྱང་དང་ཁྱེད་ཀྱིས་དོན་དེ་བརྗེད་རྐྱང་མཛོད་ཅིག བདག་གིས་ཀྱང་ཁྱིམ་འདི་ལས་གཞན་ཞིག་མི་དྲན་ནོ།
ཇུ་ལི་ཀྲི། ད་ནི་ཞོགས་པར་རན་འདུག བདག་གིས་ཁྱེད་ལ་ཕེབས་འགོར་མི་བྱའོ། འོན་ཀྱང་ཁྱེད་ནི་ཁྱིམ་ཉར་བྱིའུ་ལྟར་བདག་གི་གམ་དུ་ཉར་རྒྱུའོ། རེ་ཞིག་འཕུར་དུ་བཅུག་རུང་རྐང་སྒྲོག་བདག་གིས་བཟུང་ནས་ཤ་ཚ་བའི་བཙོན་པ་ཁྱེད་ཀྱིས་མཆོང་རྐྱལ་ཇི་ལྟར་མཛད་རུང་བདག་ནི་ཁྱེད་ཀྱི་རང་དབང་ལ་ཕྲག་དོག་ཆེ་རྐྱེན་རྐང་སྒྲོག་དེ་ལས་སླར་བདག་སར་འཐེན་པར་བྱའོ།
རོ་མེའོ། བདག་ནི་ཁྱེད་ཀྱི་ཁྱིམ་བྱིའུ་ཡིན་ན་ཅི་མ་རུང་།
ཇུ་ལིཀྲི། སྙིང་སྡུག བདག་ཀྱང་དེ་ལྟར་སེམས། འོན་ཀྱང་ཚད་བརྒལ་གྱི་བརྩེ་དུང་ལས་ཁྱེད་ཀྱི་སྐུ་སྲོག་ལ་གེགས་བར་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་ཡང་བདག་ལ་དུས་མཚུངས་འཆར། མཚན་མོ་བདེ་ལེགས། མཚན་མོ་བདེ་ལེགས། ཁ་གྱེས་རྒྱུ་ནི་བདེ་བ་དང་ལྡན་པའི་སྡུག་བསྔལ་ཞིག་གོ། ད་ནི་སང་གི་ཉི་མ་མ་ཤར་བར། “མཚན་མོ་བདེ་ལེགས”ཞེས་ཞུའོ།
རོ་མེའོ།
སྤྱན་ཟུང་རྣལ་དུ་འཁོད་ཅིག་སྐུ་ལུས་དལ་དུ་འཁོད་ཅིག
བདག་ལ་དེ་གཉིས་བྱུང་ན་བདག་གི་ངལ་གསོ་བློས་འཁེལ།
ཇུ་ལིཀྲི་གཟིམ་ཆུང་དུ་ཕྱིར་ལོག
ད་ནི་ཐོན་པར་བྱ་འོ་དམ་པའི་སློབ་དཔོན་དྲུང་དུ།
ལས་དབང་ཐག་ཆོད་ཡོང་ཕྱིར་གཏམ་སྙན་ཁོང་ལ་ཞུ་འོ།
གར་སྟེགས་ལས་བཤོལ།
ལེའུ་གཉིས་པ།
ཆོས་དཔོན་ལོ་རེནསེ་ཡི་གྲྭ་ཤག་ཏུ།
ཆོས་དཔོན་ལོ་རེནསེ་ཕྱག་ཏུ་སི་ར་ཞིག་ཐོགས་ཏེ་གར་སྟེགས་ཐོག་ཐོན།
ཆོས་དཔོན་ལོ་རེནསེ།
དཀར་གསལ་ཞོགས་པའི་འཛུམ་མདངས་རྒྱས་ཤིང་མཚན་མོའི་མུན་པ་རིམ་བཞིན་འགྲིབ།
ཤར་ཕྱོགས་རབ་དཀར་ཆུ་འཛིན་གསེང་ལས་རབ་ཏུ་བཀྲ་བའི་འོད་ཟེར་འཕྲོས།
དམར་ཞིང་སྨུག་པའི་ར་བཟིའི་ངོ་ལྟར་ཆུ་འཛིན་གསེང་ལས་དམར་ཐིགས་འཆར།
ར་བཟི་འཁྱོར་ཞིང་ཉི་མའི་ལྷ་སྟེ་ཀྲི་ཀྲན་གྱི་ཤིང་རྟར་འཛེགས་ཀྱང་ལྷུངས།
རྟ་བདུན་དབང་བོའི་འོད་ལྡན་སྤྱན་ཟུང་མཚམས་བརྒྱད་ཕྱོགས་བཞིར་མ་ཁྱབ་གོང་།
ཉིན་མོའི་སྣང་གསལ་མ་འཆར་གོང་དང་མཚན་མོའི་ཆུ་ཟིལ་མ་ཡལ་གོང་།
ལག་ཏུ་ཐོག་པའི་སི་ར་འདི་བཞིན་རིན་ཆེན་སྨན་རྩྭས་ཁེངས་པར་བྱས།
སྣོད་འདི་བཅུད་འདིའི་སྐྱེད་མ་ཡིན་ལ་བཅུད་འདིའི་དུར་སའང་དུས་མཚུངས་ཡིན།
གང་ཞིག་འདས་སྐབས་འདི་ནང་སྦེད་ཅིང་གང་ཞིག་འཚར་སྐབས་འདི་ལས་སྐྱེས།
དེ་ཡི་མངལ་ལས་བྱིས་པའི་ཁྱུ་ཚོགས་དེ་ཡི་ནུ་མ་འཇིབ་ཅིང་ཐོན།
སྨན་རྩྭའི་ཁྱུ་ཚོགས་འདྲ་མིན་སྣང་ཡང་བྱེ་བྲག་རེ་ལ་དགེ་རེ་ལྡན།
དེ་རྣམས་རྩྭའམ་རྡོ་རུ་སྐྱེས་རུང་ནད་བཅོས་མཐུ་ནུས་ཅུག་ཅར་ལྡན།
གང་ཞིག་ངན་སེམས་ཁོག་ཏུ་བཅངས་ནས་སྣོད་འདིར་གནས་པ་མ་ཡིན་རུང་།
འོན་ཏེ་བྱེ་བྲག་རེ་རེ་བཞིན་གྱིས་བཅུད་འདིར་ཕན་པའི་ལས་རེ་སྒྲུབ།
གང་ཞིག་དགེ་ཡི་ཚུལ་དུ་བཅངས་ནས་གཞན་ལ་ཕན་ཕྱིར་སྤྱད་ནའང་།
དེ་ལས་ལྡོག་པའི་ནུས་པ་ཐོན་སྲིད་དགེ་བའི་སྨན་ཡང་མི་དགེའི་དུག
འོན་ཀྱང་ཐབས་དང་ཤེས་རབ་ལྡན་ན་མི་དགེའི་རྐྱེན་ཡང་དགེ་བའི་རྒྱུ།
〔རོ་མེའོ་གར་སྟེགས་ཐོག་ཐོན། ཆོས་དཔོན་གྱིས་ཁོ་མ་གཟིགས།〕
ལྟ་ན་སོས་པའི་ཕྱི་གོས་ལས་བརྒྱན་ཉམ་ཆུང་མེ་ཏོག་འདི་ཡི་ནང་།
མི་དགེ་དུག་གི་རྩྭ་བ་གནས་མཚུངས་དགེ་བའི་སྨན་གྱི་བཅུད་ཀྱང་གནས།
དེ་ཡི་དྲི་ཞིམ་སྣོམ་པ་ཙམ་གྱིས་ལུས་པོའི་ཆ་བརྒྱད་་གྲུང་བར་འགྱུར།
དེ་ཡི་རོ་མངར་མྱངས་པ་ཙམ་གྱིས་ལུས་པོའི་ཆ་བརྒྱད་རེངས་པར་འགྱུར།
མི་དང་སྨན་རྩྭ་ཟུང་དུ་འབྲེལ་ལྟར་དགེ་དང་མི་དགེའང་ཟུང་དུ་འབྲེལ།
མི་དགེ་རྒྱལ་ན་སྨན་རྩྭ་ཕམ་རྒྱུར་རྗེས་འབྲས་འཆི་བ་མི་བརྟག་གོ།
རོ་མེའོ། ཞོགས་པ་བདེ་ལེགས། ཆོས་དཔོན་དམ་པ།
ཆོས་དཔོན་ལོ་རེནསེ། ཁྱོད་ལ་བྱིན་གྱིས་རློབ། དེ་འདྲའི་སྔ་བའི་གཏམ་ཞིག་གང་ནས་ཐོས་སམ། བུ། ཞོགས་པ་སྔ་ལང་འདི་ལྟའི་དོན་རྐྱེན་ཅི་ལེགས།སྐྱེ་བོ་རྒས་པོར་ལས་དོན་གྱི་བློ་གཡེང་མང་བས་གཉིད་བཟོད་མི་བདེ་བ་ལྡོག་དུ་མ་མཆིས། འོན་ཀྱང་སྡུག་མྱང་མྱོང་མེད་པའི་ན་གཞོན་ལ་མཚོན་ན་མལ་ནང་འཁོད་འཕྲལ་གཉིད་རུང་སྔ་ལང་འདི་ལྟར་ཅི་འམ།ང་ཡིས་བསམ་ན་ཁྱོད་སྔ་པོ་འདི་ཙམ་འདིར་འཁོད་དོན་ནི་མི་བདེ་བའི་རྐྱེན་ཞིག་གམ། ཡང་ན་ང་ཚོའི་རོ་མེའོ་མདང་ནུབ་མལ་དུ་མ་འཁོད་པའི་རྟགས་ལས་གཞན་ཅི།
རོ་མེའོ། རྗེས་མ་ནི་བདེན་ནོ། འོན་ཀྱང་མདང་ནུབ་བདག་ལ་དེ་བས་སྐྱིད་པའི་གཉིད་ཅིག་བྱུང་།
ཆོ་དཔོན་ལོ་རེནསེ། གནམ་བདག་གིས་ཁྱོད་ཀྱི་ཉེས་དམིགས་ལ་གུ་ཡངའ་མཛོད། ཁྱོད་མདང་ནུབ་རོ་ས་ལིན་དང་མཉམ་དུ་ཡོད་པ་མ་ཡིན་ནམ།
རོ་མེའོ། རོ་ས་ལིན་ཞེས་གསུངས་ངམ་ཆོས་དཔོན་མཆོག མ་ཡིན་ཏེ། བདག་གིས་མིང་དེ་བརྗེད་ཚར་འདུག མིང་དེ་ནི་བདག་ལ་སྡུག་བསྔལ་འབའ་ཞིག་གོ།
ཆོས་དཔོན་ལོ་རེནསེ། དེ་འདྲ་ཡིན་ནམ་ང་ཡི་བུ་བཟང་པོ་ཉིད། འོ་ན་ཁྱོད་གང་དུ་བསྐྱོད་པ་ཡིན་ནམ།
རོ་མེའོ། གང་གིས་སླར་བཀའ་འདྲི་མ་ཕེབས་གོང་བདག་གིས་ཞུ་བར་བྱ་སྟེ།
བདག་མདང་ནུབ་དགྲ་བོའི་སྟོན་མོར་བསྐྱོད། དེ་རུ་གློ་བུར་དུ་དམན་ཞིག་ལས་བདག་རྨས་པ་དང་བདག་གིས་ཀྱང་དེ་དག་ལྡོག་དུ་རྨས།བདག་གཉིས་གྱི་རྨས་སྐྱོན་བཅོས་པའི་སྨན་ནི་གང་གི་ཕྱག་ཏུ་གནས། ད་ནི་བདག་གིས་དགྲ་བོར་འཁོན་འཛིན་མི་བྱ་སྟེ། ད་ལམ་འདིར་བཅར་དོན་ལ་དཔྱད་པ་མཛད་ནའང་དེ་ནི་བདག་གི་ཆེད་དུ་ཡིན་ལ་བདག་གི་དགྲ་བོའི་ཆེད་དུའང་ཡིན།
ཆོས་དཔོན་ལོ་རེནསེ། ཁྱོད་ལ་བརྗོད་རྒྱུ་ཅི་ཡོད་གསལ་པོར་རྗོད་ཅིག བུ། གལ་ཏེ་ཁྱོད་ཀྱི་བརྗོད་དོན་གསལ་པོར་མེད་གྱུར་ན་དེ་ལ་བཅོས་ཐབས་ཀྱང་མི་གསལ་བར་ངེས།
རོ་མེའོ། འོ་ན་གསོང་པོར་ཞུ་ན། བདག་གིས་བརྩེ་བའི་དམན་དེ་ནི་འབྱོར་ལྡན་ཁ་པུ་ལེཀྲི་ཡི་སྲས་མོའོ། བདག་ནི་དེ་ལ་བརྩེ་ཞིང་དེའང་བདག་ལ་བརྩེ། དེར་བརྟེན་བདག་གཉིས་གཅིག་ཏུ་འགྲིལ་དགོས་ན་གང་གི་དམ་པའི་ལུགས་ཀྱི་གཉེན་སྒྲིག་གི་ཆོ་གར་མི་རྟེན་མཐུ་མེད་དོ།བདག་གཉིས་དུས་གང་ངམ། གནས་གང་། ཇི་ལྟར་གཉེན་ཉེར་གྱུར་མིན་ནམ། ཡང་ན་ཇི་ལྟར་དམ་བཅས་མིན་འུ་གཉིས་ད་ལྟ་མདུན་དུ་ཕེབས་མུར་བདག་གིས་སྙན་སྒྲོན་ཞུས་པས་ཆོག འོན་ཀྱང་ད་ཐེངས་བདག་གི་ཞུ་དོན་ནི་བདག་གཉིས་ད་ཉིན་ཁྱེད་ནས་གཉེན་སྒྲིག་གི་བཀའ་འཁྲོལ་ཅིས་ནས་ཡོང་བར་མཛོད།
ཆོས་དཔོན་ལོ་རེནསེ། དམ་པ་ཧྥ་རན་སིསི་མཁྱེན། འདི་ནི་བློ་ཕམ་པའི་འགྱུར་བ་ཞིག་གོ། ཁྱོད་ཀྱིས་རོ་ས་ལིན་ལ་དེ་ལྟར་བརྩེ་བ་ནི་སྐད་ཅིག་ཏུ་དོར་བ་མ་ཡིན་ནམ། འོ་ན་གཞོན་ནུའི་བརྩེ་དུང་ནི་མིག་ནང་གནས་པ་ཙམ་ལས་སྙིང་ནང་གནས་པ་ལོས་མ་ཡིན། སྟོན་པ་ཡེ་ཤུ་མཁྱེན། མ་རི་ཡ་མཁྱེན། ཉིད་ཀྱིས་མིག་ཆུས་ད་བར་རོ་ས་ལིན་གྱི་དོན་དུ་ངོ་ཇི་ཙམ་མ་བཀྲུས་སམ། བརྩེ་དུང་རྫུན་མའི་དོན་དུ་ཉིད་ཀྱི་ངོ་འཁྲུ་བར་ཆུ་ཇི་ཙམ་འཕྲོ་བརླག་ཏུ་མ་བཏང་ངམ།ཁྱོད་ཀྱི་དབུགས་རིང་ལས་བྱིན་པའི་སྤྲིན་པ་རྣམས་ད་ལྟའང་ཉི་མའི་དཀྱིལ་འཁོར་ལས་ཡལ་མེད། ལྟོས་དང་། ཁྱོད་ཀྱི་ངོ་སྟེང་ལས་མིག་ཆུ་རྙིང་པའི་ཤུལ་དག་ད་ལྟའང་ཟུབ་མེད། ཁྱོད་ནི་ཁྱོད་རང་ཡིན་པ་དང་ཁྱོད་ཀྱིས་སེམས་གཅོང་རྣམས་ཁྱོད་ལ་བདག་པ་ཡིན་གྱུར་ན་དེ་རྣམས་ནི་རོ་ས་ལིན་གྱི་ཆེད་དུ་མ་ཡིན་ན་སུ་ཞིག་གི་ཆེད་དུའམ། ཁྱོད་བློ་འགྱུར་བ་མ་ཡིན་ནམ། དེ་རྣམས་གསལ་བར་ངོས་ལེན་བྱོས་ཤིག སྐྱེས་པས་དམ་ཚིག་མ་བསྲུངས་ན་བུད་མེད་ཀྱིས་ཀྱང་དེ་ལྟར་ཆོག
རོ་མེའོ། བདག་གིས་རོ་ས་ལིན་ལ་མཛའ་བའི་དོན་དུ་གང་གིས་བདག་ལ་བཀའ་བཀྱོན་ཐེངས་མང་གནང་ཟིན་པ་མ་ཡིན་ནམ།
ཆོས་དཔོན་ལོ་རེནསེ། དེ་ནི་ཁྱོད་ཀྱིས་རྩེ་མོ་རྩེ་ཡི་ཡོད་པ་ལས་ལྷག་བསམ་གྱིས་མཛའ་གྲོགས་སྒྲིག་གི་མེད་པའི་རྐྱེན་ལས་སོ། ང་ཡི་སློབ་མ།
རོ་མེའོ།ཁྱེད་ཀྱིས་བདག་ལ་བརྩེ་དུང་རོ་སྒམ་ནང་དུ་བསྡོག་དགོས་ཞེས་སྐུལ་མ་གནང་བཞིན་ཡོད་དམ།
ཆོས་དཔོན་ལོ་རེནསེ། གཅིག་སྤུར་སྒམ་ནང་དུ་བསྡོགས་འཕྲལ་གཞན་ཞིག་དེ་ཡི་ཚབ་ཏུ་ཕྱིར་འདོན་དགོས་ཞེས་པའི་དོན་ནི་ལོས་མིན།
རོ་མེའོ། ཁྱེད་སྐུ་རླུང་མ་མཛོད་སྐུ་མཁྱེན། ད་ལྟའི་བརྩེ་དུང་འདི་ཡི་འོད་ལན་འོད་དང་བརྩེ་ལན་བརྩེ་བས་འཇལ་བཞིན་འདུག འོན་ཀྱང་གཅིག་ཤོས་ནི་དེ་ལྟར་མ་ཡིན་གྱིས།
ཆོས་དཔོན་ལོ་རེནསེ། ཨེ་མ། མོ་ཡི་གཟབ་པར་ཤེས་ཟིན་ཏེ། ཁྱོད་ཀྱི་བརྩེ་དུང་ནི་ངག་ལས་བསྐྱོར་བ་ཙམ་ལས་ཡིག་ཐོག་ཏུ་མ་བཀོད་པ་ལྟ་བུའོ། འོན་ཀྱང་ཤོག་ཅིག ཡམ་ཡོམ་ཁྱོད་ང་དང་མཉམ་དུ་ཤོག་ཅིག རྒྱུ་རྐྱེན་གཅིག་ཁོ་ནར་བརྟེན་ནས་ང་ཡིས་ཁྱོད་ལ་རོགས་བགྱིའོ། ད་ཐེངས་ཁྱོད་གཉིས་དབར་གྱི་མཐུན་སྒྲིག་ལ་བརྟེན་ནས་སླད་ཁྱིམ་གཉིས་དབར་གྱི་འཁོན་འཛིན་འཆམ་མཐུན་དུ་འགྱུར་ཆེད་དུའོ།
རོ་མེའོ། ཨ། འོ་ན་ངེད་གཉིས་ཐེགས་དོ། བདག་ལ་དམིགས་བསལ་གྱི་ལས་བྲེལ་ཞིག་ཡོད།
ཆོས་དཔོན་ལོ་རེནསེ། གོམ་པ་བརྟན་པོར་སྤོ་བཞིན་ཤོག་ཅིག མགྱོགས་ན་ཁ་རྡབ་རྒྱུའོ།
གར་སྟེགས་ལས་བཤོལ།
ལེའུ་གསུམ་པ།
ཁྲོམ་གཞུང་ན།
མེར་ཁུ་ཀྲིའོ་དང་བྷེན་ཝོ་ལིའོ་གར་སྟེགས་ཐོག་ཐོན།
མེར་ཁུ་ཀྲིའོ། རོ་མེའོ་ཞེས་པའི་མི་དེ་དངོས་གནས་གང་དུ་ཡོད་དམ། མདང་ནུབ་ཁོ་ནང་ལ་མ་ལོག་པ་མ་ཡིན་ནམ།
བྷེན་ཝོ་ལིའོ།ང་ཡིས་ཁོ་ཡི་གཡོག་ལ་དྲིས་པར་ཁོ་ནི་ཁོ་ཡི་ཡབ་ཀྱི་དྲུང་དུའང་མ་འཁོད་ཅེས་བརྗོད།
མེར་ཁུ་ཀྲིའོ། གང་ལྟར་ལན་པ་ནི་རོ་སི་ལན་ཞེས་པའི་བུ་མོ་སེམས་གནག་པ་དེ་རང་ལ་ཡོད་པ་མ་ཡིན་ནམ། ཡང་མོས་ཁོ་ལ་སྡུག་སྟེར་ནས་ཁོ་སྨྱོན་པ་ལྟ་བུ་བཟོས་ཡོད་པ་ཐག་གིས་ཆོད
བྷེན་ཝོ་ལིའོ། ཁ་པུ་ལེཀྲི་རྗེ་བོའི་སྤུན་མཆེད་ཀྲི་བྷལ་ཀྲི་ཡིས་རོ་མེའོ་ཡི་ཡབ་ལ་འཕྲིན་ཞིག་བརྫངས་འདུག་ཅེས་བརྗོད།
མེར་ཁུ་ཀྲིའོ། སྲོག་བྲལ། དོན་ཤོག་ཅེས་པའི་བརྡ་ཡིན་པ་སྨོས་ཅིའོ།
བྷེན་ཝོ་ལིའོ། རོ་མེའོ་ཡིས་དེ་ལ་འཕྲིན་ལན་རྫོང་ངེས་སོ།
མེར་ཁུ་ཀྲིའོ། ཡི་གེ་ཤེས་མཁན་སུ་ཞིག་རུང་དེ་ལ་འཕྲིན་ལན་སྤྲིང་རྒྱུའོ།
བྷེན་ཝོ་ལིའོ། མ་ཡིན་ཏེ། ཁོ་ཡིས་ཡི་གེ་གཏོང་མཁན་དེ་རང་ལ་ཁྱོད་དེ་འདྲའི་བློ་སྟོབས་ཆེ་མདོག་བྱེད་པ་ནི་ཐལ་ཆེ་འདུག་ཅེས་ལན་དུ་བརྗོད་རྒྱུར་ངེས།
མེར་ཁུ་ཀྲིའོ། འོན་ཀྱ་ང་ཡ་ང་བའི་རོ་མེའོ་ནི་ད་ཆ་རོ་དང་དབྱེ་བ་ཅི་ཡོད། དཀར་བའི་མཛེས་མའི་ནག་པའི་མིག་ཟུར་ལས་ཁོ་པ་རྨས་ཟིན་པ་དང་གཅིག་མཛའ་བའི་གླུ་དབྱངས་ལས་ཁོ་ཡི་རྣ་བ་མྱོས་ཟིན་པ་དང་གཉིས། བྱིས་ལྷ་ཁུ་པིགྲི་ཡི་མདའ་མོས་ཁོ་སྙིང་དུམ་བུར་བཏུབས་ཟིན་པ་དང་གསུམ་བཅས་ལ་བརྟེན་ནས་ཁོ་ནི་ད་ཆ་ཀྲི་བྷལཀྲི་ཡི་ཁ་གཏད་དུ་དོན་ཐུབ་པའི་མི་ཞིག་ཡིན་ནམ།
བྷེན་རོ་ལིའོ། ལར་ནས་ཀྲི་བྷལཀྲི་ཞེས་ནི་གང་ཞིག་གམ།
མེར་ཁུ་ཀྲིའོ། ཁོ་ནི་ཞི་མིའི་རྒྱལ་པོ་ལྷག་ཙམ་མོ། ཁོ་ནི་གྲི་རྩེད་པ་མཁས་པ་ཞིག་ཡིན། ཁོ་ནི་གཞས་པས་གཞས་དེབ་ཀློག་སྐབས་གདངས་ཀྱི་དུམ་མཚམས་དང་། བར་ཁྱད། མདུན་སྐྱོད་བཅས་ལ་ནན་པ་ལྟར་གྲི་རྩེད་སྐབས་ཀྱང་ནན་ཅིང་། ཁོ་ཡིས་སྔོན་ལ་གོམ་གང་ཕྱིར་འཐེན་རྗེས། གཅིག གཉིས། གསུམ་པའི་ཐོག་ལ་མདུན་མཆོང་གིས་ཁ་གཏད་ཀྱི་བྲང་ཁར་ལྷད་མེད་འཛུགས་པ་བྱ།ཁོ་ནི་གྲི་རྩེད་ལ་བྱང་ཆུབ་ཅིང་ཐེབས་ཆིའི་གཏད་དུ་གྲགས། ཁོ་ནི་ཕུལ་བྱུང་རིམ་པ་དང་གཉིས་སུ་གཏོགས་པའི་གྲི་རྩེད་པ་ཞིག་གོ། ཡ་མཚན་དུ་ཁོ་ཡིས་གྲི་རྩེད་སྐབས“མདུན་མཆོང་།” དང་“ཕྱིར་ཤོག”“བྲང་ཁར་འཛུགས”ཞེས་པའི་ཐ་སྙད་རྣམས་ནི་ཕྱི་རྒྱལ་གྱི་སྐད་ལས་སྨྲ་ཡི་ཡོད།
བྷེན་ཝོ་ལིའོ། གང་གི་སྐད་ལས།
མེར་ཁུ་ཀྲིའོ། ང་ཡི་བརྗོད་དོན་ནི་སྒྲ་ངག་ངོག་ལས་མེད་རུང་ཕྱི་རྒྱལ་གྱི་སྐད་ལས་གཏམ་བརྗོད་པར་དགའ་བའི་སཀྱེ་བོ་ཡ་མཚན་དག་གོ། ཁོ་ཚོས་ཤེས་པ་ནི་“ཡེ་ཤེས་ཚད་འཛུགས། དེ་འདྲའི་རལ་གྲི་ཞིག་གི་སྤུས་ལ་ཨང་། དེ་འདྲའི་སྐྱེས་པ་ཞིག་གི་གཟུགས་བཟང་བ་ལ་ཨང་། དེ་འདྲའི་བུད་མེད་ཅིག་གི་མཛེས་པ་ལ་ཨང་།”ཞེས་ཙམ་མོ།བགྲེས་པ་ཉོན་དང་། སྐད་ངན་ཚེར་མཁན་གྱི་སྦྲང་བུ་སྟེ། ལུགས་གསར་ཡིན་ཁུལ་གྱི་ཕེར་ཤ་ཅན། “དགོངས་པ་མ་འཚོམས།”ཞེས་ཁ་རྒྱུན་དུ་བརྗོད་པོ་འདི་རྣམས་ནི་འདི་རུ་གང་ནས་འཁོད་པ་ཡིན་ནམ། ཁོ་ཚོ་ནི་ལུགས་གསར་ཡིན་ཁུལ་དུ་གཏམ་འདོད་བྱེད་རིང་ལུགས་རྙིང་གི་རྐུབ་སྟེགས་དེའང་ཤོར། དེ་འདྲའི་རྐུབ་ཀྱི་དམྱལ་བ་ལ་ཨང་།
རོ་མེའོ་གར་སྟེགས་ཐོག་ཐོན།
བྷེན་ཝོ་ལིའོ། ད་ནི་རོ་མེའོ་སླེབས་བྱུང་། རོ་མེའོ་སླེབས་བྱུང་།
མེར་ཁུ་ཀྲིའོ། ཁོ་ནི་ཤ་མོ་བརླགས་ཏེ་ཉ་སྐམ་པོ་ཞིག་ལྟར་གཅེར་བུར་འདི་ཕྱོགས་ཡོང་བཞིན་གདའ། ཨེ་མ། ལུས་ཤ་ཁྲག་གི་སྡོང་པོ་ཁྱོད་ཇི་ལྟར་ཉ་ལ་འགྱུར་སོང་ངམ། ཁོ་ནི་ད་ལྟ་པེཀྲི་རག་གི་སྙན་ངག་དྲན་བཞིན་པའི་སྒང་ངོ་། ལའུ་རར་སྙིང་སྡུག་དུ་སྙན་ངག་པ་འདི་འདྲ་ཞིག་མེད་གྱུར་ན་རོ་མེའོ་ཡི་མཛེས་མའི་མདུན་དུ་མོ་ནི་ཐབ་ཚང་གི་ཐབ་གཡོག་ལྟར་མངོན་རྒྱུ་ལས་མ་མཆིས། མཛེས་མ་གཞན་ཅི་དང་ཅིའང་མོ་དང་འགྲན་ན་ཚང་མ་འདྲ་པོ་ཡིན་པ་སྟེ། གྲི་གྲོ་ནི་སྤྱིར་བཏང་པ་ཞིག་ཡིན་པ། ཁེ་ལེའོ་པཀྲ་ར་ནི་འཁྱམ་པོ་བ་ཡིན་པ། ཧེ་ལེན་དང་ཧ་རོ་གཉིས་ནི་མགོ་གཡེང་མ་ཡིན་པ། ཐིསི་བྷེ་ལ་མཛེས་པའི་མིག་སྔོ་དཀར་ཡོད་རུང་མོ་ནི་གལ་མི་ཆེ། “མི་རྗེ་རོ་མེའོ། ཉིན་མོ་བདེ་ལེགས།”ཞེས་ཧྥ་རན་སིའི་སྐད་ལས་ཁྱོད་ལ་འཚམས་འདྲི་བྱའོ། ཁྱོད་ཀྱིས་མདང་ནུབ་ངེད་གཉིས་མགོ་རྨོངས་སུ་མ་བཅུག་གམ།
རོ་མེའོ། ཁྱོད་གཉིས་ཀ་ཞོགས་པ་བདེ་ལེགས། ང་ཡིས་ཁྱོད་གཉིས་ཇི་ལྟར་མགོ་རྨོངས་སུ་བཅུག་བྱུང་ངམ།
མེར་ཁུ་ཀྲིའོ། ང་གཉིས་བཙོངས་པ་མ་ཡིན་ནམ་གྲོགས་པོ། ང་གཉིས་བཙོངས་པ་མ་ཡིན་ནམ། ཁྱོད་ཀྱིས་ད་དུང་ཡང་མ་ཤེས་སམ།
རོ་མེའོ། དགོངས་པ་མ་འགལ་བརྩེ་བའི་མེར་ཁུ་ཀྲིའོ། མདུང་ནུབ་ང་ནི་འགངས་ཆེའི་དོན་ཞིག་དང་འཕྲད། དོན་ཆེན་དེ་འདྲའི་མདུན་ན་མ་གཡོལ་བར་ཚུལ་ལྡན་དུ་སུ་ཞིག་རུང་སྡོད་ཐབས་བྲལ།
མེར་ཁུ་ཀྲིའོ། དེ་ནི་ཁ་ཙམ་མ་ཡིན་ནམ། འོན་ཀྱང་གནས་ཚུལ་འདི་སྐོར་ཁྱོད་ཀྱིས་འུ་གཉིས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་བརྗོད་རྒྱུའོ།
རོ་མེའོ། ཁྱོད་ཀྱིས་བརྗོད་ན་ངོས་ལེན་བྱེད་དགོས་ཞེས་པའི་དོན་ནམ།
མེར་ཁུ་ཀྲིའོ། འོ། དེ་རང་ངོ་། ཁྱོད་ཀྱིས་འབེན་ལ་བཞུས་སོང་།
རོ་མེའོ། དེ་ནི་འཇམ་གྱི་བསླུ་བྲིད་ཀྱིས་ང་ཡི་རྫུན་རྐུབ་རྡོལ་ཐབས་བྱས་པ་ཞིག་མ་ཡིན་ནམ།
མེར་ཁུ་ཀྲིའོ། མ་ཡིན། ང་ཡིས་མེ་ཏོག་ཟིང་སྐྱ་ལས་ཁྱོད་ལ་མཛེས་རྒྱན་སྤྲོད་བཞིན་ནོ།
རོ་མེའོ། ཨེ་ཁུང་ཟིང་སྐྱ་ཕུབ་ནས་མཛེས་རྒྱན་སྤྲོད་བཞིན་ནམ།
མེར་ཁུ་ཀྲིའོ། འོ་ཡིན།
རོ་མེའོ། འོ་ན། ང་ཡི་ལྷམ་ཡང་ཨེ་ཁུང་ལས་ཁེངས་འདུག
མེར་ཁུ་ཀྲིའོ། ལེགས་པར་སྨྲས་སོ། འོ་ན་ང་ཡི་རྗེས་སུ་ཤོག་ཅིག འུ་གཉིས་ལྷམ་མཐིལ་མ་ཟད་བར་བཞད་གད་འདི་ཡི་མཐིལ་རྟོལ་བར་འགྲོའོ། འོན་ཀྱང་ལྷམ་མཐིལ་ཡོངས་སུ་ཟད་ནའང་བཞད་གད་ནི་སྔར་བཞིན་གནས་རྒྱུའོ། དེར་བརྟེན་ཁྱེད་ཀྱི་ལྷམ་མཐིལ་ནི་གཞན་འགྲན་མ་མཆིས་པ་ཞིག་ཡིན་པར་ངེས།
རོ་མེའོ། གད་མོ་སློང་མཁན་གྱི་ལྷམ་མཐིལ་ཁེར་རྐྱང་པ་ཞིག་གོ།
མེར་ཁུ་ཀྲིའོ། ཝ་ཡེ། བྷེན་ཝོ་ལིའོ། ངེད་གཉིས་དབར་བར་འདུམ་དུ་ཤོག་ཅིག ང་ཡིས་ཁོ་ཡི་ཁ་གླགས་མི་འཁེལ།
རོ་མེའོ། རྟ་པོ་ལྕག་གིས་སྐུལ་ཅིག རྟ་པོ་ལྕག་གིས་སྐུལ་ཅིག དེ་མིན་ན་ང་ལ་རྩོད་པ་ཐོབ་སོང་ཞེས་དྲིལ་དུ་སྒྲོག་རྒྱུའོ།
མེར་ཁུ་ཀྲིའོ། གལ་ཏེ་འུ་གཉིས་ཀྱི་རྩོད་པ་ནི་“རི་བྱར་རྗེས་འདེད་”ཡིན་ཚེ་ང་ནི་ཕམ་པར་ཁས་ལེན་རྒྱུ་རང་ངོ་། ཅི་ཞེ་ན་ཁྱོད་ནི་ང་ཡི་དབང་པོ་ལྔ་ཡོངས་གཅིག་ཏུ་འདུས་པ་ལས་ཀྱང་ལྷག་པའི་རི་བྱ་ཞིག་ཡིན་པས་སོ། རི་བྱའི་རྗེས་འདེད་དུའང་ང་ཁྱོད་ཀྱི་རོགས་སུ་ཡོང་དགོས་སམ།
རོ་མེའོ། རི་བྱར་རྗེས་འདེད་གཏོང་རྒྱུ་ཕུད་ཁྱེད་ང་ཡི་རོགས་སུ་སྐྱོད་ཐེངས་གཅིག་ཀྱང་མེད་དོ།
མེར་ཁུ་ཀྲིའོ། དེ་ནི་བཞད་གད་ཅིག་མ་ཡིན་ནམ། ང་ཡིས་ཁྱོད་ཀྱི་རྣ་བར་སོ་རྒྱག་ཐག་ཆོད་ཡིན།
རོ་མེའོ། སྐུ་མཁྱེན། ཤ་ཚ་བའི་རི་བྱ་ཁྱོད་ཀྱིས་ང་ཡི་རྣ་བར་སོ་མ་རྒྱོབ་རོགས།
མེར་ཁུ་ཀྲིའོ། ཁྱེད་ཀྱི་བསྟན་བཤིག་ནི་སྐྱུར་ཞིང་མངར་བ་ཞིག་ཡིན་འདུག་པ་སྟེ། སྐྱུར་མངར་རོ་ལྡན་གྱི་ཤིང་ཏོག་ཉོག་མ་ཞིག་དང་མཚུངས།
རོ་མེའོ། དེ་ནི་ཤ་ཚ་བའི་རི་བྱ་ཞིག་ལ་འབུལ་བྱེད་ཡིན།
མེར་ཁུ་ཀྲིའོ། བསྟན་བཤིག་འདི་ནི་ར་ལྤགས་རློན་པ་ལྟར་ཡིན་ཅིང་སོར་གང་ནས་སོར་བཞི་བཅུ་རྩ་གྲངས་བར་འཐེན་ཐུབ།
རོ་མེའོ། ང་ཡིས་དེ་དག་རི་བྱ་ཞིག་དང་མཉམ་དུ་འཐེན་ཚེ་རི་བྱ་དེའང་ཆེན་པོ་ཞིག་ཏུ་འགྱུར་ངེས་ལགས།
མེར་ཁུ་ཀྲིའོ། ད་ལྟའི་ངང་ཚུལ་འདི་ནི་བརྩེ་དུང་གིས་མནར་བ་ལས་མི་ལེགས་སམ། ད་ནི་ཁྱོད་ཀུན་དང་མཐུན་པ་ཞིག་ཡིན་འདུག་ལ་ཕྱོགས་གང་ཐད་ནས་དཔྱད་རུང་སྔར་གྱི་རོ་མེའོ་དེ་རང་ཡིན་འདུག བརྩེ་དུང་གིས་མི་ཡམ་ཡོམ་དུ་གཏོང་བ་སྟེ། གང་ཞིག་སྦེད་ས་མ་རྙེད་པར་སྦེད་ཁུང་ཞིག་དངངས་སྐྲག་ཏུ་འཚོལ་བ་ལྟར་དུ་སྣང་།
བྷེན་ཝོ་ལིའོ། ཁ་རོག་པར་འདུག་ཅིག ཁ་རོག་པར་འདུག་ཅིག
མེར་ཁུ་ཀྲིའོ། ཁྱོད་ཀྱིས་ང་ཡི་སྒྲུང་ལ་བར་ཆད་བཏང་སོང་།
བྷེན་ཝོ་ལིའོ། བར་ཆད་མ་བཏང་ན་ཁྱོད་ཀྱི་སྒྲུང་ཇི་རིང་ཇི་རིང་དུ་འགྲོ་བཞིན་འདུག
མེར་ཁུ་ཀྲིའོ། ཨ་ཙི། ཁྱོད་ནོར་སོང་། ང་ཡི་སྒྲུང་ནི་རྫོགས་ཁར་སླེབས་སྟབས་ཐུང་དུ་འགྲོ་རྒྱུ་ཉག་ཅིག་གོ དེར་བརྟེན་ངོས་གཉིས་དབར་གྱི་རྩོད་གཞི་ནི་རིང་དུ་འགྲོ་རྒྱུ་ལོས་མ་ཡིན་ནོ།
མ་མ་དང་མོ་ཡི་གཡོག་་པེ་ཀྲེར་གར་སྟེགས་ཐོག་ཐོན།
རོ་མེའོ། འཇིགས་སུ་རུང་བའི་མཛེས་མ་ཞིག་ཆས་བྱུང་། ལྷབ་ལྷོབ་རླུང་གྲུ་ལྟ་བུ་ཞིག་ཆས་བྱུང་། ལྷབ་ལྷོབ་རླུང་གྲུ་ལྟ་བུ་ཞིག་ཆས་བྱུང་།
མེར་ཁུ་ཀྲིའོ། གཉིས་འདུག གཉིས་འདུག ཕོ་མོ་གཅིག་ལ་བལྟས་པ་ལྟ་བུ་ཆ་གཅིག་འདུག
མ་མ། ཝ་ཡེ། པེ་ཀྲེར།
པེ་ཀྲེར། འདི་ནའོ།
མ་མ། ང་ཡི་རླུང་གཡབ་འཁྱེར་ཤོག
མེར་ཁུ་ཀྲིའོ། དྲིན་ཅན་པེ་ཀྲེར་གྱིས་ཁོང་གི་བཞིན་འགེབས་བྱེད་དུ་རླུང་གཡབ་དེ་དག་ཕུལ་སོང་། ཁོང་གི་རླུང་གཡབ་ནི་ཁོང་གི་བཞིན་ལས་ཀྱང་མཚར་འདུག
མ་མ། གནམ་བདག་གིས་སྐྱོབ་མཛོད། ཞོགས་པ་བདེ་ལེགས་རྗེ་བོ་རྣམས།
མེར་ཁུ་ཀྲིའོ། གནམ་བདག་གིས་ཁྱེད་ཀྱང་སྐྱོད་མཛོད། ཉིན་དགུང་བདེ་ལེགས། མཁྱེན་ལྡན་མ།
མ་མ། ཉིན་དགུང་ཟིན་ཚར་བ་ཡིན་ནམ།
མེར་ཁུ་ཀྲིའོ། ནོར་མེད། མཁྱེན་ལྡན་མ། ཆུ་ཚོད་ཀྱི་མདའ་མོ་གཡོ་སྒྱུ་ཅན་དེ་ཉིན་དགུང་ཁོ་ནར་གཏད་ནས་མི་འདུག་གམ།
མ་མ། ཕར་རྒྱུགས་ཤིག ཁྱེད་སུ་ཞིག་གམ།
རོ་མེའོ། མཁྱེན་ལྡན་མ་མཆོག ཁོ་ནི་གནམ་བདག་གིས་ཁོ་རས་ཁོ་རར་ཞབས་འདྲེན་ཞུ་བྱེད་དུ་བཟོ་གནང་མཛད་པའོ།
མ་མ། “ཁོ་རས་ཁོ་རར་ཞབས་འདྲེན་ཞུ་བྱེད་དུ་”ཞེས་པའི་གཏམ་ནི་དངོས་གནས་ལེགས་པར་སྨྲས་འདུག རྗེ་བོ་རྣམ་པ་ཚོ། ན་གཞོན་རོ་མེའོ་གང་ན་ཡོད་མེད་ཁྱེད་རྣམས་སུ་ཞིག་གིས་བདག་ལ་གསུང་ཐུབ་བམ།
རོ་མེའོ། ང་ཡིས་བརྗོད་ཐུབ། འོན་ཀྱང་ན་གཞོན་པའི་རོ་མེའོ་དེ་ཁྱེད་ལ་རྙེད་སྐབས་ཁྱེད་ཀྱིས་འཚོལ་བའི་སྐབས་ལས་ཀྱང་རྒན་དུ་ཕྱིན་ཡོད། མིང་དེ་ཐོབ་མཁན་གྱི་ནང་ལས་ང་ནི་ཆུང་ཤོས་དེའོ།
མ་མ། ཁྱེད་ཀྱིས་ལེགས་པར་གསུངས་སོ།
མེར་ཁུ་ཀྲིའོ། འོ་ཡག སྡུག་ཤོས་དེ་ལའང་ལེགས་ཞེས་བརྗོད་དམ། ལེགས་པར་ཐོས་འདུག ལེགས་སོ། ལེགས་སོ།
མ་མ། ཁྱེད་ཁོང་ཡིན་ན་མི་རྗེ་མཆོག བདག་ལ་བཀའ་མོལ་ཚིག་ཞུ་རྒྱུ་ཡོད།
བྷེན་ཝོ་ལིའོ། མོ་ཕེབས་དོན་ནི་ཁོ་དགོང་ཟས་ལ་གདན་འདྲེན་པར་ཡིན་འདྲ་འདུག
མེར་ཁུ་ཀྲིའོ། གཡོ་མོ་རང་ངོ་། གཡོ་མོ་རང་ངོ་། གཡོ་མོ་རང་ངོ་། མོ་ཡིས་རི་དྭགས་ཤིག་མཐོང་བ་ལྟར་བྱེད་འདུག
རོ་མེའོ། ཁྱེད་ཀྱིས་གང་ཞིག་རིགས་བྱུང་ངམ།
མེར་ཁུ་ཀྲིའོ། རི་བོང་ནི་མ་རིག གྲོགས་པོ། གལ་ཏེ་དེ་ནི་རི་བོང་ཞིག་ཡིན་པར་ལྟོས་ན་བསྙུང་གནས་སྐབས་ཟ་བྱེད་ཀྱི་རི་བོང་རུལ་པ་ཞིག་གོ།
གླུ་དབྱངས། དེ་ནི་ན་རྒས་རི་བོང་ཞིག
དེ་ནི་ན་རྒས་རི་བོང་ཞིག
བསྙུང་གནས་སྐབས་ཀྱི་ཟ་བཅའ་ཞིག
རི་བོང་རྒས་པོ་རུལ་པ་ཞིག
རིན་ཐང་མེད་པའི་ཟ་བཅའ་ཞིག
རུལ་པར་གྱུར་པའི་ཟ་བཅའ་ཞིག
རོ་མེའོ། རང་ཚོ་ཁྱོད་ཀྱི་ཡབ་ཀྱི་སྐུ་གམ་དུ་དགོང་ཚིགས་སུ་འགྲོའམ།
རོ་མེའོ། ཡུད་ཙམ་སོང་ན་ང་ཡི་ཁྱེད་གཉིས་ཀྱི་མཇུག་ཟིན་པ་ཡོང་འཐུས།
མེར་ཁུ་ཀྲིའོ། ག་ལེ་བཞུགས་གནའ་བོའི་བུད་མེད་ཁྱེད། ག་ལེ་བཞུགས་བུད་མེད་ཁྱེད།
མེར་ཁུ་ཀྲིའོ་དང་བྷེན་ཝོ་ལིའོ་གར་སྟེགས་ལས་བཤོལ།
མ་མ། སྐུ་མཁྱེན། སྐུ་ཞབས། ངོ་ཚ་རྒྱུ་མེད་པའི་མ་རབས་དེ་སུ་ཞིག་གམ།
རོ་མེའོ། མ་མ། ཁོ་ནི་མི་དྲག་ཅིག་གོ རང་ཉིད་ཀྱི་གཏམ་ལ་རང་ཉིད་ཉན་པར་དགའ་བའི་མི་ཞིག་གོ ཁོ་ཡིས་དུས་ཚོད་སྐར་མ་གཅིག་ནང་སྨྲ་བའི་གཏམ་ནི་གཞན་གྱིས་ཟླ་གཅིག་རིང་སྨྲ་བའི་གཏམ་ལས་ཀྱང་མང་།
མ་མ། ཁོ་ནི་ང་ལ་ཁ་གཏད་ཁོ་ན་འཇལ་བཞིན་འདུག ཁོ་ནི་ང་ལས་ལུས་སྟོབས་ཆེ་ནའང་ཁོ་ལྟ་བུའི་མི་ཉི་ཤུ་ཡོད་རུང་ང་ཡིས་ཁ་གཏད་འཇལ་ཐུབ། གལ་ཏེ་མ་ཐུབ་ཚེ་ཁོ་ལ་ཁ་གཏད་ཆོག་མཁན་གྱི་མི་ང་ཡིས་གླ་ཐུབ།
ཁོ་ནི་མ་རབས་ཤིག་ཡིན་འདུག ང་ནི་ཁོ་ཡིས་ཞེན་པའི་བུད་མེད་མགོ་གཡེང་མ་དེ་རིགས་མིན། 〔པེ་ཀྲེར་ལ།〕གལ་ཏེ་མ་རུང་བ་ཞིག་གིས་ང་ཁོ་ཡི་འདོད་པ་ལྟར་སྤྱོད་བསམས་ན་ཁྱོད་ཀྱིས་ཀྱང་བལྟས་ནས་མ་བསྡད་པར་ང་ཡི་རྒྱབ་ཏུ་མཆོང་ཤོག་ཨང་།
པེ་ཀྲེར། ད་བར་སུ་ཞིག་གིས་ཀྱང་ཁྱེད་ཁོ་ཡི་འདོད་བློ་ལྟར་སྤྱོད་པ་ང་ཡིས་མ་རིག གལ་ཏེ་ཡོད་གྱུར་ན་ང་ཡིས་རལ་གྲི་ལམ་སེང་ཤུབས་ལས་འདོན་པར་བྱ། འཁྲུག་རྩོད་ཅིག་ནང་བདེན་པ་ང་ལ་ཡོད་ཕྱིན་ང་ཡིས་འཛིང་རྒྱུར་བག་ཚ་མེད།
མ་མ། གནམ་བདག་ཚད་འཛུགས། ང་ནི་ཧ་ཅང་ཁྲོ་ཞིང་ལུས་ཡོངས་འདར་བཞིན་འདུག 〔མེར་ཁུ་ཀྲིའོ་ལ་རྒྱབ་བཤད་བྱས་པ།〕ངོ་ཚ་རྒྱུ་མེད་པ་ཁོ། 〔རོ་མེའོ་ལ།〕སྐུ་ཞབས་དགོངས་པ་མ་འཚོམས་ཁྱེད་ལ་བཀའ་མོལ་ཚིག་གཅིག་ཞུ་རྒྱུ་ཡོད། ད་ནང་བདག་ཚོའི་སྲས་མོས་བདག་ཁྱེད་ལ་ལྗགས་ལན་ཞིག་འབུལ་བར་གཏོང་གནང་མཛད་བྱུང་།འོན་ཀྱང་དེ་གོང་ཁྱེད་ལ་ཞུ་དགོས་པ་གཞན་ཞིག་ནི། གལ་ཏེ་ཁྱེད་ཀྱིས་སྲས་མོར་མགོ་སྐོར་བསླུ་བྲིད་མཛོད་པར་བརྩམས་ཚེ་དེ་ནི་མ་རབས་ཀྱི་སྤྱོད་པ་ཡིན་ངེས་ལེགས་ཤིང་། བདག་གི་སྲས་མོ་ནི་ད་ལྟ་སྐུན་ཕྲ་སྟབས་དེ་ལ་མགོ་སྐོར་བསླུ་བྲིད་བྱ་རྒྱུ་ནི་ཐ་ཤལ་གྱི་བྱ་ཐབས་ཡིན་མོད། ཁོང་ལྟ་ཞོག་སྲས་མོ་གཞན་ཅི་རིགས་པར་ཡང་དེ་ལྟར་མཛད་མི་ཉན།
རོ་མེའོ། མ་མ་མཆོག ཁྱེད་ཀྱི་སྲས་མོར་ང་ཡི་མཚམས་འདྲི་ཞུ་གནང་མཛོད་ཅིག འོན་ཀྱང་ང་ཡིས་ཁྱེད་ལ་འགྲེལ་བཤད་ཞུ་རྒྱུ་འདུག་པ་སྟེ།---
མ་མ། སེངས་བཟང་ཁྱེད། བདག་གིས་ཁོང་ལ་འཚམས་འདྲི་ཅི་ནས་ཀྱང་ཞུས་འཐུས། རྗེ་བོ་མཆོག རྗེ་བོ་མཆོག ཁོང་གིས་གསན་རྗེས་ཁོང་ལ་དགྱེས་འཚོར་ཡོང་ངེས་ལགས།
རོ་མེའོ། མ་མ་ལགས། ང་ཡི་ཞུ་དོན་རྣམས་ཁྱེད་ནས་ད་ལྟ་གསན་མེད་ཅིང་ཁྱེད་ཀྱིས་ཁོང་ལ་གང་ཞིག་གསུང་རྩིས་སམ།
མ་མ། ཁྱེད་ཀྱིས་བདག་ལ་འགྲེལ་བཤད་གནང་རྒྱུ་འདུག་ཅེས་དང་དེ་ནི་ཡ་རབས་ཀྱི་སྤྱོད་ཚུལ་ཞིག་ཡིན་འདུག་ཅེས་ཞུ་རྩིས་ཡིན།
རོ་མེའོ། ཁྱེད་ཀྱིས་ད་ཉིན་ཉིན་དགུང་ན་སྲས་མོ་མཆོག་གཉེན་སྒྲིག་གི་དམ་བཅར་ཆོས་དཔོན་ལོ་རེནསེ་ཡི་ཆོས་ཁང་དུ་ཐབས་ཀྱི་ཕེབས་གྲོགས་ཞེས་གསུང་རོགས། 〔ཁོང་གིས་མ་མར་དངུལ་བྱིན།〕ཁྱེད་སྐུ་མཉེལ་སོང་། འདི་ན་རྔན་པ་ཕྲན་ཙམ་ཡོད་བཞེས་གྲོགས།
མ་མ། ལགས། མི་ཞུ། སྐར་གཅིག་ཀྱང་མི་ཞུ།
རོ་མེའོ། ཁྱེད་འདི་མ་བཞེས་ན་གཏན་ནས་མི་འགྲིག
མ་མ། 〔དངུལ་ལེན་བཞིན། 〕ད་ཉིན་ཉིན་དགུང་ལ་རེད་དམ་རྗེ་བོ་མཆོག་ལེགས་སོ། ཁོང་དེ་རུ་གདན་འདྲེན་ཞུ་རྒྱུའོ།
རོ་མེའོ། བརྩེ་བའི་མ་མ་ཁྱེད་ཆོས་ཁང་གི་རྒྱབ་ཏུ་བསྒུགས་ནས་བཞུགས་ཤིག དུས་དེ་ཟིན་མཚམས་ང་ཡི་གཡོག་མཚོ་གྲུའི་ཐོག་སྤྱོད་པའི་ཐག་པའི་སྐས་འཛེག་ཅིག་ལག་ཏུ་བསྐུར་ནས་ཁྱེད་སར་མངགས་རྒྱུ་སྟེ། འཇམ་པའི་མཚན་མོ་ཤར་མཚམས་ང་ཡིས་ཐག་སྐབས་དེ་ལས་གསང་ཐབས་ཀྱིས་དགའ་སྤྲོའི་ངང་རྩེ་མོར་འཛེག་རྒྱུའོ།ག་ལེ་ཕེབས། བློས་འཁེལ་བའི་བུད་མེད་ཅིག་བྱོས་ཤིག ང་ཡིས་ཁྱེད་ལ་གྱོང་མེད་པ་བྱས་འཐུས། ག་ལེ་ཕེབས། ཁྱེད་ཀྱི་སྲས་མོར་ང་ཡི་བརྩེ་སེམས་འབུལ་གནང་མཛོད།
མ་མ། ལྷ་ཡུལ་དུ་བཞུགས་པའི་གནམ་བདག་གིས་ཁྱེད་ལ་བྱིན་རླབས་སྩོལ་ཅིག རྗེ་བོ་མཆོག བདག་གིས་གསོལ་བ་ཐམས་ཅད་ཐུགས་ལ་ཞོག
རོ་མེའོ། བརྩེ་བའི་མ་མ་ཁྱེད་ལ་ད་དུང་གསུང་རྒྱུ་ཅི་ཡོད།
མ་མ། ཁྱེད་ཀྱི་ཞབས་ཕྱི་ནི་བློས་འགེལ་དུ་རུང་བ་ཞིག་གམ། ཁྱེད་ཀྱིས་“གཉིས་གྲོས་པའི་དུས་ན་གསུམ་པ་མེད་ན་བཙན།”ཞེས་པ་གསན་མ་མྱོང་ངམ།
རོ་མེའོ། ང་ཡི་གཡོག་ནི་བརྟན་ལོད་ངར་ལྕགས་ལྟར་ཡིན་པར་གོར་མ་ཆག
མ་མ། འོ་ན་ལེགས་ཏེ་རྗེ་བོ་མཆོག བདག་གིས་སྲས་མོ་ནི་ཡིད་དུ་འོང་ཤོས་ཀྱི་བུད་མེད་ཅིག་གོ། གནམ་བདག་མཁྱེན། གནམ་བདག་མཁྱེན། ཁོང་ནི་གཏམ་ཡང་ལེགས་པར་སྨྲ་མི་ཤེས་པའི་བྱིས་པའི་སྐབས་ནས་གྲོང་འདི་ན་མི་དྲག་པ་རིསི་བྱ་བ་ཞིག་ཡོད་ཅིང་དེས་བདག་གི་སྲས་མོ་བདག་ཏུ་བཟུང་གྲབས་བྱས། འོན་ཀྱང་རང་བཞིན་བཟང་བའི་བུ་མོ་དེས་ཁོ་ནི་སྦལ་བ་ལྟ་བུར་ཉེས་པར་མངོན། སྐབས་འགར་བདག་གིས་ཁོང་ལ་པ་རིསི་ནི་མི་བབ་ལེགས་པའི་སྐྱེ་བོ་ཞིག་ཡིན་འདུག་ཅེས་ཁྲོ་ཞིང་བརྗོད་རུང་ཁོང་ནི་དུས་གང་དང་གནས་གང་དུའང་དེ་ལ་ངོ་ནག་ཁོ་ན་བསྡུ་བཞིན་བཞུགས། མེ་ཏོག་“རོ་སེ་མ་རི་”“རོ་མེའོ་”ནི་ཡིག་འབྲུ་གཅིག་པ་ལས་འགོ་ཚུགས་པ་མ་ཡིན་ནམ།
རོ་མེའོ། ལོས་ཡིན་མ་མ་མཆོག དེ་ལྟར་ཁྱེད་ཀྱི་བརྗོད་དོན་ཅི་ཡིན། གཉིས་ཀ་ཡིག་འབྲུ་“ར་”ལས་འགོ་ཚུགས་པ་ཡིན།
མ་མ། ཨ་ཙི། དེ་ནི་དམའ་འབེབས་འབའ་ཞིག་སྟེ་ཁྱི་མང་ངོ་། འོན་ཀྱང་“ར་”ནི་འདི་འདྲ་མ་ཡིན། ----འོ་དེའང་མ་ཡིན། འོ་ན་ཡིག་འབྲུ་དེ་ནི་གཞན་ཞིག་ལས་འགོ་ཚུགས་པ་ཡིན་ཤས་ཆེ། གང་ལྟར་སྲས་མོས་ནི་དྲག་རེས་སུ་ཁྱེད་ཀྱི་མཚན་ནི་མེ་ཏོག་“རོ་སེ་མ་རི”ལ་དཔེ་མཚོན་ནས་གསུང་བཞིན་འདུག གང་ལྟར་སྒྲ་དེ་ཐོས་པ་ཙམ་ལས་ཁྱེད་ཀྱི་ཐུགས་ལ་སྤྲོ་བ་འཕེལ་ཐུབ།
རོ་མེའོ། ཁྱེད་ཀྱི་སྲས་མོར་བདག་གི་བརྩེ་དུང་བརྒྱུད་བསྒྲགས་མཛོད་གྲོགས།
མ་མ། ཐེངས་སྟོང་གཅིག་བརྒྱུད་བསྒྲགས་ཞུས་པའི་ཆོག པེ་ཀྲེར།
པེ་ཀྲེར། འདི་ན་ཡོད།
མ་མ། ང་ཡི་མདུན་དུ་མགྱོགས་ཙམ་སྐྱོད་ཅིག
གར་སྟེགས་ལས་བཤོལ།
ལེའུ་བཞི་པ།
ཁ་པུ་ལེཀྲི་ཚང་གི་སྐྱེད་མོས་ཚལ་ནང་།
ཇུ་ལི་ཀྲི་་གར་སྟེགས་ཐོག་ཐོན།
ཇུ་ལིཀྲི། ང་ཡིས་མ་མ་རྫོང་སྐབས་ཆུ་ཚོད་དགུ་པ་བརྡུངས་འཕྲལ་ཡིན། ཁོ་མོ་ཆུ་ཚོད་ཕྱེད་ནང་ཕྱིར་ལོག་བྱ་རྒྱུའི་ཁ་ཆད་ཟིན། ཁོ་མོར་ཁོང་ལ་འཇལ་བ་ནི་ག་ལ་ཡིན། འོ། ཁོ་མོ་རྐང་པ་མི་ཐང་།བརྩེ་དུང་གི་ཕོ་ཉ་ནི་སྤྱང་གྲུང་འཚོམས་པོ་དགོས་པ་སྟེ། །ཉི་མའི་འོད་ཟེར་ལས་ཀྱང་ལྡབ་བཅུ་ཡིས་མགྱོགས་པ་འགྲོ་ཐུབ་པ་དགོས་ཤིང་རི་སྟེང་གི་གྲིབ་མ་ནག་ལིང་ལིང་དུ་གནས་པ་དག་ཀྱང་རྒྱང་ཏུ་གཡུག་ཐུབ་པར་སྐྱོད་དགོས། གཤོག་རྩལ་ཅན་གྱི་འདབ་བྱ་ཕུག་རོན་གྱིས་བརྩེ་དུང་གི་ལྷ་ཝེ་ནུསི་ཡི་འཁོར་ལོ་འཐེན་དགོས་དོན་ནམ་བྱིས་ལྷ་ཁུ་པིགྲི་ལ་བདེ་ཅག་ཁྱུག་པའི་གཤོག་རྩལ་ཡོད་དགོས་དོན་ཡང་རྒྱུ་མཚན་དེ་ལ་ཐུགད་ལྟ་ཉི་མ་ནི་དེ་ཡི་ཉིན་གཅིག་གི་བགྲོད་ལམ་གྱི་དགུང་དབྱིངས་སུ་སླེབས་འདུག་ཅིང་ཆུ་ཚོད་དགུ་ནས་བཅུ་གཉིས་བར་ཆུ་ཚོད་གསུམ་ཡོད་པ་ནི་ཧ་ཅང་རིང་བའི་དུས་ཡུན་ཞིག་ཡིན་རུང་མ་མ་ནི་ད་དུང་ཡང་ཕྱིར་མ་འཁོད།གལ་ཏེ་ཁོ་མོ་ནི་བརྩེ་དུང་དང་ཁྲག་ཚ་པོས་དྲག་ཏུ་འཕྱུར་པའི་གཞོན་ནུ་མ་ཞིག་ཡིན་ཚེ་ཁོ་མོའི་གོམ་བགྲོད་ནི་གྲུ་གུ་ལྟ་བུར་མགྱོགས་པར་གྲིལ་ནས་ང་ཡི་བརྗོད་དོན་རྣམས་ཁོང་ལ་དང་ཁོང་གི་བརྗོད་དོན་རྣམས་ང་ལ་ལྷད་མེད་དུས་ཐོག་ཏུ་སྐྱོད་ཐུབ་རྒྱུར་སོམ་ཉི་མ་མཆིས།འོན་ཀྱང་སྐྱེ་བོ་རྒས་པོ་ནི་རོ་ལྟར་དལ་ཅིང་འགུལ་སྐྱོད་ཞ་ཉེ་ལྟར་ལྕི་ཞེས་བཤད།
པེ་ཀྲེར་མ་མ་ལས་རྗེས་སུ་འབྲངས་ཏེ་གར་སྟེགས་ཐོག་ཐོན།
ཨེ་མ། གནམ་བདག་མཁྱེན། ཁོ་མོ་སླེབས་བྱུང་། ཨེ་མ། ང་ཡིས་གཅེས་པའི་མ་མ། ཁྱོད་ལ་གཏམ་སྙན་གང་ཞིག་འཁྱེར་རྒྱུ་ཡོད། ཁྱོད་ཀྱིས་ཁོང་མཇལ་བྱུང་ངམ། ཁྱོད་ཀྱི་གཡོག་ཕྱི་རོལ་དུ་རེ་ཞིག་ཐོང་ཞིག
མ་མ། པེ་ཀྲེར། སྒོ་ཕྱིར་རྒྱུགས་ཤིག
པེ་ཀྲེར་གར་སྟེགས་ལས་བཤོལ།
ཇུ་ལིཀྲི། ལེགས་སོ། གཅེས་པའི་མ་མ།---ཨེ་མ། གནམ་བདག་མཁྱེན། ཁྱོད་ངོ་མ་གནོང་བར་སྣང་དོན་ཅི་ལགས། གཏམ་མི་སྙན་རུང་ངོ་འཛུམ་མདངས་སུ་རྗོད་ཅིག གལ་ཏེ་ཁྱོད་ཀྱིས་བརྗོད་རྒྱུ་ནི་གཏམ་སྙན་ཞིག་ཡིན་གྱུར་ན་སྙན་པའི་རོལ་ཆ་ཞིག་གནོང་བའི་ངོ་ལས་དཀྲོལ་བ་རང་མ་ཡིན་ནམ། དེ་ནི་གཏམ་སྙན་དེ་ལ་དམའ་འབེབས་བྱས་པ་རང་ལས་གཞན་ཅི།
མ་མ། ང་ནི་རྦད་དེ་ཆད་སོང་། རེ་ཞིག་ངལ་གསོ་རུ་འཇུག་གནང་མཛོད་དང་། ཨ་ཙི། བདག་གིས་རུས་པ་རྣམས་ཧ་ཅང་ན་འདུག ཕྱིར་སྐྱོད་འདི་ནི་ཤིན་ཏུ་དཀའོ།
ཇུ་ལིཀྲི། ང་ཡི་རུས་པ་ཁྱོད་ལ་སྦྱིན་འཐུས། ཁྱོད་ཀྱིས་གཏམ་གསར་ང་ལ་སྦྱིན་དང་། ད་ཡིན་ནོ། སྐུ་མཁྱེན། ཤོད་ཅིག གཅེས་པའི་མ་མ། ཤོད་ཅིག
མ་མ། ཡེ་ཤུ་མཁྱེན། དེ་འདྲའི་བྲེལ་བ་ལགས་ཨང་། ངང་ཙམ་གནང་མི་ཐུབ་བམ། བདག་ནི་དབུགས་ཆད་ལ་ཁད་དུ་གནས་པ་ཁྱེད་ཀྱིས་མི་གཟིགས་སམ།
ཇུ་ལིཀྲི། ཁྱོད་དབུགས་ཆད་འདུག་ན་ང་ལ་དབུགས་ཆད་འདུག་ཅེས་ཇི་ལྟར་བརྗོད་ཐུབ་བྱུང་ངམ། ཁྱོད་ཀྱིས་ད་ལྟ་ཀ་ཀོར་བྱེད་བཞིན་པའི་དུས་ཚོད་ནི་བརྗོད་དགོས་པའི་གཏམ་ངོ་མ་ལས་ཀྱང་རིང་འདུགསྔོན་ལ་ཁྱོད་ནས་གཏམ་གསར་གྱི་ལེགས་ཉེས་ཁོ་ན་གླེང་པ་ཙམ་ལས་འགྲིག་ཅིང་། བྱེ་བྲག་གི་ནང་དོན་ཐད་ང་ཡིས་ངང་སྒུག་བྱས་པས་འཐུས། དེས་ན་ཉིད་ནས་ང་བློ་ལྷོད་དུ་འགྱུར་ཕྱིར་སྙན་མིན་ཁོ་ན་ཙམ་སྔོན་བརྗོད་པས་འཐུས།
མ་མ། ཁྱེད་ནས་གདམ་ག་ཆོ་མེད་དུ་ཅིག་མཛད་འདུག ཁྱེད་ནི་སྐྱེས་པ་གདམ་པར་མི་མཁས། རོ་མེའོ་ནི་ཡིད་མགུ་བའི་མི་ཞིག་མིན་འདུག ཁོང་གི་བཞིན་ནི་སྐྱེས་པ་ཀུན་ལས་མཚར་བ་དང་ལུས་ཀྱི་སྨད་ཆ་གཞན་ལས་ལེགས་འདུག་རུང་། ཁོང་གི་ཕྱག་གམ། ཞབས། སྐུ་ལུས་བཅས་ནི་གལ་མི་ཆེ་རུང་གཞན་ལས་མི་ཞན། ཁོང་ལ་ཕུལ་དུ་ཕྱིན་པའི་མི་སྤྱོད་མེད་ནའང་ལུག་ལྟར་འཇམ་པའི་གཤིས་རྒྱུད་ཡོད་པར་བདག་གིས་ཁས་ལེན་ཐུབ། གང་ལྟར་གནམ་བདག་ལ་བློ་བཅོལ་ནས་ཉིད་ཀྱི་ཐུགས་འདོད་ལྟར་མཛོད་ཅིག----གང་། ཁྱེད་ལ་ད་ལྟ་གསོལ་ཆས་རག་བྱུང་ངམ།
ཇུ་ལིཀྲི། མ་བྱུང་། མ་བྱུང་། འོན་ཏང་འདི་རྣམས་ང་ཡིས་གོང་ནས་ཤེས་ཟིན། ངེད་གཉིས་ཀྱི་གཉེན་སྒྲིག་སྐོར་ཁོ་བོ་ཅག་ནས་གང་ཞིག་གསུང་གི་འདུག དེ་སྐོར་ཇི་ལྟར་རམ།
མ་མ། གནམ་བདག་མཁྱེན། བདག་མགོ་བོ་ཞག་གྲབས་འདུག བདག་གི་མགོ་བོ་ནི་འདི་ལྟར་ཅིའམ། དེ་ནི་དུམ་བུ་ཉི་ཤུ་ཙམ་དུ་ཕྱིན་མི་ཡོང་སྙམ་པར་འདུག བདག་གི་རྒལ་པའང་ན་འདུག ཨ་ཙི། ང་ཡི་རྒལ་པ་། ང་ཡི་རྒལ་པ། ཁྱེད་ཀྱིས་བདག་ད་ནང་ཕྱི་རོལ་དུ་སྲོག་ཁ་འཁུར་དུ་གཏོང་གནང་མཛད་མེད་ན་ཅི་མ་རུང་།
ཇུ་ལིཀྲི། ཉིད་ལུས་མི་བདེ་བར་ང་དངོས་གནས་ཡིད་ཤིན་ཏུ་གནོང་། ཤིན་ཏུ་བརྩེ་བའི་མ་མ། ང་ཡི་སྙིང་སྡུག་གིས་གང་ཞིག་གསུངས་འདུག་ང་ལ་རྗོད་དང་།
མ་མ། ཁྱེད་ཀྱི་སྙིང་སྡུག་གིས་ཡ་རབས་ཀྱི་མི་དྲག་ཅིག་ལྟར་གུས་ཞབས་དང་ལྡན་ཞིང་། བྱམས་བརྩེ་ཆེ་ལ་ལྟ་བཟོ་དོད་ཅིང་བདག་ལ་འདི་ལྟར་གསུང་འདུག བདག་གིས་ཀྱང་གུས་བརྩེ་ལྡན་པར་འདི་ལྟར་སྨྲས་དོན-----ཁྱེད་ཀྱི་ཡུམ་ད་ལྟ་གང་ན་འདུག
ཇུ་ལིཀྲི། ང་ཡི་ཡུམ་གང་ན་འདུག་གམ་ཞེས་སམ། ཅི་ཟེར། ཁོང་ནི་གཟིམ་ཆུང་ན་མེད་ན་གང་དུ་ཡོད་སྲིད། ཉིད་ཀྱི་ཡ་མཚན་པའི་ལན་ཏེ། “ཁྱེད་ཀྱི་སྙིང་སྡུག་གིས་ཡ་རབས་ཀྱི་མི་དྲག་ཅིག་ལྟར-----ཁྱེད་ཀྱི་ཡུམ་ད་ལྟ་གང་ན་འདུག”ཅེས་པར་ཇི་ལྟར་གོ་བ་ལེན་དགོས་སམ།
མ་མ། ཨེ་མ། མ་རི་ཡ་མཁྱེན། ཁྱེད་ལ་དེ་འདྲའི་བྲེལ་བ་ཅི་འདུག མ་རི་ཡ་མཁྱེན། ད་ནི་ཆོ་མེད་འདུག བདག་གི་རུས་པ་ན་བར་སྨན་བཅོས་འདི་ཡིན་ནམ། སླད་ཁོང་དང་གྲོས་བྱེད་པར་ཉིད་རང་ཐེགས་ཤིག
ཇུ་ལིཀྲི། ད་ནི་ཆོ་མེད་ཀྱི་གཏམ་བརྗོད་མི་དགོས། ཤོད་ཅིག རོ་མེའོ་ནས་གང་ཞིག་གསུང་འདུག
མ་མ། ཁྱེད་ད་ཉིན་དམ་བཅར་ཕེབས་ཐུབ་བམ།
ཇུ་ལིཀྲི། ལོས་ཐུབ།
མ་མ། འོ་ན་ཁྱེད་མྱུར་བར་ཆོས་དཔོན་ལོ་རེནསེ་ཡི་གཟིམ་ཤག་ཏུ་ཐེགས་ཤིག་དེ་ན་ཁྱོ་བོ་ཞིག་བསྒུགས་ནས་ཡོད་ཅིང་དེ་ཡིས་ཁྱེད་དེ་ཡི་དམན་དུ་འཁོད་པར་བྱེད། དེ་རུ་གཏམ་ཅི་རུང་ལས་ཁྱེད་ཀྱི་བཞིན་ལ་འགོག་ཏུ་མེད་པར་དམར་པོའི་མདངས་ཤིག་འཕྱུར་བར་བྱེད། ད་ནི་ཁྱེད་ཉིད་འཕྲལ་མར་ཆོས་ཁང་ག་ལ་བ་དེར་ཕེབས་པར་མཛོད།
དེའི་ཚེ་བདག་ནི་འགན་གཞན་ཞིག་སྟེ་སྐས་འཛེག་ཅིག་ལེན་པར་བསྐྱོད་རྒྱུའོ། མཚན་མོའི་མུན་པ་ཤར་བ་ན་གང་གི་སྙིང་སྡུག་འཇོལ་མོ་ཁྱེད་ཀྱི་ཚང་དུ་སྐས་འཛེག་འདི་ལས་འཛེགས་ནས་ཕེབས་རྒྱུའོ།
ཁྱེད་ལ་བདེ་སྐྱིད་ཐོབ་གྱུར་ན་བདག་ནི་ངལ་བར་མི་འཛེམས་ཤིང་ཁྱེད་ནས་ཀྱང་མཚན་མོའི་ཐུགས་འགན་འཁུར་དུ་བཞེས་པར་བརྩོན། ད་ནི་ཐེགས་དོ། བདག་ཟས་ལ་བསྐྱོད་རྒྱུ་དང་ཁྱེད་ཆོས་ཁང་དུའོ།
ཇུ་ལིཀྲི། ང་ནི་ཤིས་པའི་ལས་དབང་ག་ལ་བ་དེར་འགྲོ་རྒྱུའོ། ཤ་ཚ་བའི་མ་མ་ཉིད་ག་ལེ་ཕེབས།
གར་སྟེགས་ལས་བཤོལ།
མུ་འགོད།