ལེའུ་ལྔ་པ།
ཆོས་དཔོན་ལོ་རེནསེ་ཡི་གྲྭ་ཤག་ཏུ།
ཆོས་དཔོན་ལོ་རེནསེ་དང་རོ་མེའོ་གར་སྟེགས་ཐོག་ཐོན།
ཆོས་དཔོན་ལོ་རེནསེ། དེའང་ལྷ་ཡུལ་ནི་དམ་པའི་ཆོས་ཀྱི་བགྱི་སྒོ་འདི་ལ་དགྱེས་པར་ཤོག མ་འོངས་པ་ན་བདག་ཚོའི་བྱ་བ་འདི་ལ་བགེགས་དང་བར་ཆད་མི་ཡོང་བར་ཤོག
རོ་མེའོ། ཐམས་ཅད་དེ་ལྟར་འགྲུབ་པར་ཤོག ཐམས་ཅད་དེ་ལྟར་འགྲུབ་པར་ཤོག བདག་ཁོང་དང་ལྷན་དུ་སྐད་ཅིག་གནས་རྒྱུ་བྱུང་ན་བྱ་བ་འདི་ལ་མཐའ་འབྲས་ངན་པ་ཇི་འདྲ་ཞིག་ཡོང་གི་ཡོད་ནའང་བདག་གིས་བཟོད་ཐུབ། ད་ནི་གང་གིས་ཆོས་ཀྱི་ཆོ་གར་བརྟེན་ནས་ལག་གཉིས་གཅིག་ལ་གཅིག་འབྲེལ་ཡོང་བར་མཛོད། མ་འོངས་པ་ནི་འཆི་བ་མི་བརྟག་པར་བདག་ཅིང་གང་འགབ་དེ་རང་བྱེད་དུ་ཆུག བདག་ནི་ཁོ་མོ་ཅག་བདག་ལ་བདག་པ་ཙམ་ལས་བསམ་འདུན་ཡོངས་སུ་གྲུབ་པའོ།
ཆོས་དཔོན་ལོ་རེནསེ། འདི་ལྟའི་ཛ་དྲག་གི་བདེ་བ་ནི་ཛ་དྲག་གི་སྡུག་བསྔལ་ལས་མཇུག་འགྲིལ་སྲིད། དེ་གཉིས་ནི་མེ་དང་རྫས་ལྟར་གཅིག་ལ་གཅིག་འཕྲད་པ་ན་གཉིས་ཀ་མེ་རུ་འབར་རྒྱུའོ། ཤིན་ཏུ་རོ་མངར་བའི་སྦྲང་རྩི་ནི་མངར་བ་ཉིད་ཀྱི་རྐྱེན་ལས་ལྟོ་བར་སྣོད། བཏང་སྙོམས་ཀྱི་བརྩེ་དུང་ནི་ཡུན་རིང་གནས་པའི་རང་བཞིན་ཆེ། འོན་ཀྱང་མྱུར་དུ་གྲུབ་པའི་བརྩེ་དུང་ནི་འགོར་ལམ་དུ་འགྲོ་བའི་རང་བཞིན་ཆེ།
ཇུ་ལིཀྲི་གར་སྟེགས་ཐོག་ཐོན།
ད་ནི་སྲས་མོ་ཕེབས་བཞིན་གདའ། ཨེ་མ། གོམ་བགྲོད་ཡང་བར་སྐྱོད་པོ་འདི་རིགས་ནི་དཀའ་ཐུབ་ཀྱི་འཚོ་བའི་ལམ་བུར་རྨོངས་པར་སྣང་། བརྩེ་དུང་ལས་མནར་བའི་མི་ནི་དབྱར་གྱི་རླུང་བསིལ་ལས་དལ་བུར་གཡོ་བའི་འདོམ་ཐག་ལ་འཁོན་ནས་ས་ལའང་མ་ལྷུང་མཁའ་ལའང་མ་གཡེང་བར་གནས་རྒྱུ་མང་།
ཇུ་ལིཀྲི། མཚན་མོ་བདེ་ལེགས། མཐོལ་བཤགས་འབུལ་ཡུལ་གྱི་ཆོས་དཔོན་མཆོག
ཆོས་དཔོན་ལོ་རེནསེ། བུ་མོ། རོ་མེའོ་ཡིས་ངེད་གཉིས་ཀྱི་ཚབ་ཏུ་ཁྱེད་ལ་ཐུགས་རྗེ་ཆེ་ཞུའོ། 〔རོ་མེའོ་ཡིས་ཁོ་ལ་མཆུ་སྦྱར།〕
ཇུ་ལིཀྲི། ཁོང་ནི་བདག་ལ་བཀའ་དྲིན་ཧ་ཅང་ཆེ་སྟབས་བདག་གིས་ཀྱང་ཁོང་ལ་ཐུགས་རྗེ་ཆེ་ཞུའོ། །〔མོ་ཡིས་ཁོ་ལ་མཆུ་སྦྱར།〕
རོ་མེའོ། ཀྱེ། ཇུ་ལིཀྲི། གང་ལ་འཆར་བའི་བདེ་བ་མཐའ་དག་བདག་ལ་འཆར་བ་ཇི་བཞིན་གཅིག་ཏུ་གོང་བུར་སྤུངས་ཚེ་བདག་གི་གོང་བུ་ལས་ཀྱང་མཐོ་བར་ཆགས་རྒྱུ་མ་ཟད། ད་ཐེངས་ཀྱི་མཇལ་འཕྲད་འདི་ལས་ཁོ་ར་ཁོར་ཡུག་གི་རླུང་ཁམས་ཀྱང་གང་གི་ལྗགས་དབུགས་ཀྱི་འབྱིན་རྔུབ་ལས་རོ་མངར་དུ་འགྱུར་རྒྱུ་དང་གང་གི་སྙན་པའི་གྲེ་འགྱུར་ལས་ངེད་གཉིས་ཅིག་ཅར་དུ་བདེ་བ་ཐོབ་རྒྱུར་གདོན་མི་ཟའོ།
ཇུ་ལིཀྲི། སེམས་ལ་འཆར་བའི་བདེ་བ་ནི་རྒྱན་ཙམ་མ་ཡིན་ཏེ། དེ་ནི་ངག་ལས་སྨྲ་བའི་བདེ་བ་ལས་ཀྱང་དོན་དང་ལྡན་པར་སྤོབས་བྱས་འཐུས། ངག་ཁོ་ནར་སྨྲ་བ་པོ་དག་ནི་བརྩེ་དུང་པ་ལྷད་མེད་མ་ཡིན་གྱི། བདག་ལ་འཆར་བའི་བརྩེ་དུང་ནི་བསམ་ཡུལ་ལས་འདས་པའི་འབོར་ཞིག་ཡིན་སྟབས་དེ་དག་ནི་གོང་བུར་སྤུངས་ཐབས་བྲལ་བའི་ནོར་མཛོད་ཅིག་གོ།
ཆོས་དཔོན་ལོ་རེནསེ། ཤོག་ཅིག ང་དང་མཉམ་དུ་ཤོག་ཅིག རང་ཚོས་ལས་འདི་མྱུར་དུ་སྒྲུབ་པར་བྱའོ། ཁྱེད་གཉིས་ཀྱི་འདུན་པ་ལྟར་སླར་ཁྱེད་གཉིས་ཐ་དད་དུ་མི་གནས་ཕྱིར་དམ་པའི་ཆོས་ཁང་འདི་ནང་མི་གཉིས་གཅིག་ཏུ་འགྲིལ་བའི་དམ་བཅའ་བར་འགྲོའོ།
གར་སྟེགས་ལས་བཤོལ།
འཁྲབ་སྟོན་གསུམ་པ།
ལེའུ་དང་པོ།
ཁྲོམ་གཞུང་ན།
མེར་ཁུ་ཀྲིའོ་དང་། ཁང་གི་གཡོག་ཕྲུག བྷེན་ཝོ་ལིའོ་བཅས་གཡོག་འགའ་ལས་འབྲངས་ཏེ་གར་སྟེགས་ཐོག་ཐོན།
བྷེན་ཝོ་ལིའོ། མེར་ཁུ་ཀྲིའོ་སྐུ་མཁྱེན། ད་རང་ཚོ་གནས་འདི་ལས་གྱེས་ན་འཚམས། གནམ་གཤིས་ནི་ཚ་འདུག་ལ་ཁ་པུ་ལེཀྲི་པ་རྣམས་ཀྱང་གང་སར་འཁྱམ་མྱུལ་དུ་འདུག་ཅིང་གལ་ཏེ་རང་ཚོ་དང་སྟེས་དབང་དུ་གདོང་ཐུག་ཏུ་གྱུར་ཚེ་འཛིང་རེས་ལས་གཡོལ་ཐབས་བྲལ་རྒྱུའོ། ལར་ནས་འདི་ལྟར་ཚ་བའི་གནམ་གཤིས་ནི་ཁྲག་རྩ་འཁོལ་བར་བྱེད་པའི་བྱེད་གཏེའོ།
མེར་ཁུ་ཀྲིའོ། ཁྱོད་ནི་སྐྱེ་བོ་འགའ་སྟེ། ཆང་ཁང་ནང་འཛུལ་མ་ཐག་རྒྱ་ལྕོག་སྟེང་དུ་རལ་གྲི་བརྡབས་ནས།“ང་ནི་གནམ་བདག་གིས་འདིར་གཏོང་གནང་མཛད་པའོ། ཁྱེད་ཀྱི་དགོས་པ་ནི་ང་ལ་མེད།”ཅེས་བརྗོད་ཅིང་། ཡང་ཆང་རག་ཞབས་དག་གཉིས་པ་བརྒྱབ་རྗེས་ཆང་སྙོལ་མཁན་ལ་དོན་མེད་དུ་རལ་གྲི་འཕྱར་ནས་སྙད་བསྐོ་མཁན་དེ་རིགས་དང་གཉིས་སུ་མ་མཆིས།
བྷེན་ཝོ་ལིའོ། ང་ནི་དངོས་གནས་སྐྱེ་བོ་འདི་རིགས་ལྟར་སྣང་ངམ།
མེར་ཁུ་ཀྲིའོ། མི་བརྗོད་དོ། མི་བརྗོད་དོ། ཁྱོད་ནི་ཨི་ཀྲ་ལི་པ་སྤྱི་དང་འདྲ་བར་ཁྲོ་འགྱོགས་འདུག ཁྲོ་བའི་དུས་ན་འགུལ་མགྱོགས་འདུག ཐ་ན་གང་བྱུང་དུ་འགུལ་བའང་མང་།
བྷེན་ཝོ་ལིའོ། འོ་ན་ཇི་ལྟར་བྱེད་དགོས་སམ།
མེར་ཁུ་ཀྲིའོ། གོ་བར་གྱིས་ཤིག གལ་ཏེ་ཁྱོད་ལྟ་བུའི་སྐྱེ་བོ་གཉིས་ཕན་ཚུན་འཛིང་རེས་སུ་འཁོད་པར་ལྟོས་ན་གཅིག་ལས་གཅིག་གསོད་རྒྱུ་ཉག་གཅིག་སྟབས་གཉིས་ཀ་མཐར་རང་སྲོག་ཤོར་རྒྱུའོ། ཁྱོད་ནི་སྐྱེ་བོ་ཇི་འདྲ་ཞིག་གམ། ཁྱོད་ནི་སྐྱེ་བོ་གཞན་ཞིག་ལ་མགོ་སྐྲ་ཁྱོད་ལས་ལས་མང་བ་ཡོད་པའམ་སྨ་ར་ཁྱོད་ལས་ཉུང་བ་ཡོད་པར་ཡང་འཛིང་རེས་མི་བྱེད་དམ།
ཁྱོད་ནི་སྟར་ཁ་གཅོག་མཁན་ཞིག་ལའང་ཁོ་ཡི་སྟར་ལྤགས་ནི་ཁྱེད་ཀྱི་མིག་དང་ཚོས་གཞི་མཚུངས་འདུག་ཅེས་བསྙད་བཏགས་ནས་རྒྱག་རེས་བརྒྱབ་མྱོང་ཡོད་པ་མ་ཡིན་ནམ། མདོར་ན་མིག་གི་ཚོས་གཞི་འདྲ་མིན་ཙམ་གྱི་དོན་དུའང་རྒྱག་རེས་རྒྱག་གི་ཡོད་པ་ནི་དཔེ་མ་རེད་དམ།
ཁྱོད་ཀྱི་མགོ་ནི་སྒོ་ངའི་སྒོང་ལྤགས་སེར་རིལ་ལས་བཀང་བ་ཇི་བཞིན་དུ་འཁྲུག་པ་ལས་བཀང་ནས་ཡོད་པ་དང་སེར་རིལ་བ་ལྟར་དུ་མགོ་ཞོ་ལྡག་ལྟ་བུར་གྱུར་མྱོང་ཡོད་པ་མ་ཡིན་ནམ།
ཁྱོད་ཀྱིས་ཁྲོམ་ནང་སྐྱེ་བོ་གཞན་ཞིག་གིས་གློ་བརྒྱབ་ནས་ཁྱོད་ཀྱི་ཁྱི་ཉི་མར་ཉལ་ནས་ཡོད་པ་བསྒྲོགས་པར་ཡང་རྒྱག་རེས་བརྒྱབ་མྱོང་ཡོད་པ་མ་ཡིན་ནམ། ཁྱོད་ཀྱིས་འཚེམ་བཟོ་བ་ཞིག་ལ་འདས་ལོག་དུས་ཆེན་མ་ཤར་གོང་གོས་གསར་གྱོན་པར་ཡང་རྒྱག་རེས་བརྒྱབ་མྱོང་ཡོད་པ་མ་ཡིན་ནམ། ཡང་དུས་གཞན་ཞིག་ན་སྐྱེ་བོ་ཞིག་གིས་ཁོ་པའི་ལྷམ་གསར་པར་ལྷམ་སྒྲོག་རྙིང་པ་བཅིངས་པར་རྒྱག་རེས་བརྒྱབ་མྱོང་ཡོད་པ་མ་ཡིན་ནམ། ཁྱོད་ཀྱིས་རྒྱག་རེས་སྐོར་ང་ལ་བསླབ་བྱ་བྱ་རྒྱུ་ནི་འཚམ་པོ་ཞིག་འདུག་གམ།
བྷེན་ཝོ་ལིའོ། གལ་ཏེ་ང་ནི་ཁྱོད་ལྟར་རྒྱག་རེས་ལ་རྒོད་པའི་མི་ཞིག་ཡིན་གྱུར་ན་ཡུན་ཐུང་ཆུ་ཚོད་གཅིག་དང་བཞི་དཔྱ་གཅིག་ལས་མ་འགོར་བར་ང་ཡི་སྲོག་གཞན་གྱི་ལག་འོག་ཏུ་ཤོར་རྒྱུར་ཐེ་ཚོམ་མ་མཆིས།
མེར་ཁུ་ཀྲིའོ། གཞན་ལག་ཏུ་ཤོར་རྒྱུར་ངེས་ཞེས་བརྗོད་དམ། དེ་ནི་བཞད་གད་ཀྱི་རྒྱུའོ།
ཀྲི་བྷལཀྲི་དང་དེ་ཡི་རྗེས་འབྲངས་པ་གར་སྟེགས་ཐོག་ཐོན།
བྷེན་ཝོ་ལིའོ། འོ་ཡག ད་ནི་ཁ་པུ་ལེཀྲི་པ་རྣམས་ཡོང་བཞིན་གདའ།
མེར་ཁུ་ཀྲིའོ། མ་ལེགས་སོ། ཁོ་ཚོ་ཡོང་ན་ཡོང་དུ་ཆུག
ཀྲི་བྷལཀྲི། 〔ཁོ་ཡི་རྗེས་འབྲངས་པ་ཚོར།〕 ང་ཡི་རྗེས་སུ་དམ་དུ་བཅར་ཨང་། ང་ཡིས་ཁོ་ཚོར་གཏམ་སྨྲ་བར་བྱ། 〔མེར་ཁུ་ཀྲིའོ་དང་བྷེན་ཝོ་ལིའོ་ལ།〕མཚན་མོ་བདེ་ལེགས་སྐུ་ཞབས་རྣམ་པ། ཁྱེད་གཉིས་སུ་རུང་ལ་གཏམ་ཚིག་གཅིག་སྨྲ་རྒྱུའོ།
མེར་ཁུ་ཀྲིའོ། ལོས་འགྲིག འོན་ཏེ་ངེད་གཉིས་ལ་ཚིག་གཅིག་རེ་ལས་བརྒལ་མི་ཆོག གལ་ཏེ་ཚིག་དེ་དག་ལྡབ་དུ་བཏང་ཚེ་དེ་ནི་ཚིག་སྟེང་རྒྱག་རེས་ཀྱི་དོན་ནོ།
ཀྲི་བྷལཀྲི། ང་ནི་ལས་འདི་ཚོར་བྱང་ཆུབ་པའི་མི་ཞིག་ཡིན་པ་ཁྱེད་ཚོས་ཤེས་གསལ་མ་ཡིན་ནམ། སྐུ་ཞབས། འོན་ཀྱང་ཁྱེད་ཀྱི་གཏམ་ལ་རྒྱུ་མཚན་ཞིག་དགོས།
མེར་ཁུ་ཀྲིའོ། རྒྱུ་མཚན་དེ་ང་ཡིས་འདོན་མི་དགོས་པར་ཁྱད་ཉིད་ནས་བཟོ་མི་ཐུབ་བམ།
ཀྲི་བྷལཀྲི། མེར་ཁུ་ཀྲིའོ། ཁྱོད་ནི་རོ་མེའོ་བྱ་བ་ཁོ་དང་མཉམ་དུ་གང་བྱུང་དུ་འཁྱམ་མྱུལ་དུ་འགྲོ་འདུག-----
མེར་ཁུ་ཀྲིའོ། ཁྱོད་ཀྱིས་ང་ཚོ་ནི་རོལ་ཆ་བ་འཁྱམ་པོ་ལྟར་མངོན་ནམ། འོན་ན་ང་ཚོས་རོལ་ཆ་གཞན་ཞིག་གཏོང་བར་བྱ་སྟེ། འདི་ནི་ང་ཡི་པི་ཝང་གཏོང་བྱེད་ཀྱི་མདའ་དེའོ། མདའ་འདི་ཉིད་གཏོང་བའི་དུས་ན་ཁྱོད་ཞབས་བྲོས་རྐང་པ་འཁོལ་བར་བྱ་རྒྱུའོ། གནམ་བདག་མཁྱེན། རོལ་ཆ་དེ་ནི་འདི་ན་ཡོད།
བྷེན་ཝོ་ལིའོ། རང་ཚོ་རྩོད་པར་གནས་ས་ནི་མི་ཚོགས་ཀྱིས་མཐའ་བསྐོར་ཟིན་འདུག རང་ཚོ་ཁུག་ཅིག་ཏུ་འགྲོ་ན་མོ་ལེགས་སམ། ཡང་ན་རང་ཚོ་དལ་བུས་རྒྱུ་མཚན་བགྲངས་ན་སྙམ། ཡང་ན་རང་ཚོའ་རང་སོར་གྱེས་ན་སྙམ། འདི་རུ་ནི་མིག་ཡོངས་རང་ཚོར་འབུར་ཚུགས་སུ་ལྟ་བཞིན་པའོ།
མེར་ཁུ་ཀྲིའོ། མིག་ནི་ལྟ་བྱེད་དུ་བཀོད་པ་ཡིན་ཅིང་ཁོ་ཚོ་ལྟ་རུ་ཆུག ང་ནི་གཞན་གྱི་འདོད་པ་བསྟུན་ཕྱིར་འདི་ནས་སོར་གང་ཕྱིར་འཐེན་མི་བྱ་ཐག་ཆོད་དོ།
རོ་མེའོ་གར་སྟེགས་ཐོག་ཐོན།
ཀྲི་བྷལཀྲི། 〔མེར་ཁུ་ཀྲིའོ་ལ།〕ཁྱོད་དལ་དུ་འཁོད་ཅིག སྐུ་ཞབས། ང་ལ་དགོས་པའི་མི་དེ་འདི་ན་སླེབས་བྱུང་།
མེར་ཁུ་ཀྲིའོ། “ང་ལ་དགོས་པའི་མི།”ཞེས་ཁོ་ནི་ཁྱོད་ཀྱི་གཡོག་པོའམ། ཁྱོད་ཀྱི་གཡོག་གོས་ཁོ་ཡིས་ནམ་ཡང་གྱོན་མི་སྲིད། མ་རི་ཡ་ཚད་འཛུགས། ཁྱོད་དམག་སར་སྐྱོད་ཕོད་ན་ཁོ་ཡིས་ངེས་པར་ཁྱེད་ཀྱིས་རྗེས་འདེད་དུ་བཅར་ཕོད། གོ་བ་དེ་ལྟར་བླངས་ཚེ་“ང་ལ་དགོས་པའི་མི།”ཞེས་ཁོ་ནི་ཁྱོད་ཀྱི་རྗེས་འདེད་དུ་ཡོང་མིར་ངོས་འཛིན་བྱས་པས་འཐུས།
ཀྲི་བྷལཀྲི། རོ་མེའོ་ཁོ་རེ། ང་ཡི་ཁྱོད་ལ་བཅངས་པའི་ཤ་ཚ་ནི་“ཁྱོད་ནི་མི་ངན་ཞིག་ཡིན།”ཞེས་པའི་ཚིག་ལས་མཚོན་པར་བྱ་རྒྱུའོ།
རོ་མེའོ། ཀྲི་བྷལཀྲི། ང་ཡིས་ཁྱེད་ལ་བཅངས་པའི་ཤ་ཚ་ནི་ཁྱེད་ཀྱི་ཚིག་ངན་དེ་འཇམ་དུ་གཏོང་བའི་ཆེད་དུའོ། འོན་ཀྱང་ང་ནི་མི་ངན་ཞིག་ལོས་མ་ཡིན། ག་ལེ་བཞུགས། ཁྱེད་ཀྱི་ང་ནི་སུ་ཡིན་ད་ལྟའང་མ་ཤེས།
ཀྲི་བྷལཀྲི། ཁོ་རེ། ཁྱོད་ཀྱིས་གཏམ་འདི་འདྲ་ཞིག་ལས་ང་ཁྲོ་བ་ཞི་བར་སྒྱུར་མི་ཐུབ། དེ་ལས་ཁ་ཚུར་བསྐོར་ནས་གྲི་མགོ་སྣོན་ཅིག
རོ་མེའོ། ང་ཡིས་ཁྱེད་ཁྲོ་བར་བྱེད་པའི་ལས་གང་ཞིག་ཀྱང་ལས་པ་མེད། ང་ཡིས་ཁྱེད་ལ་གཅེས་དོན་ནི་ཁྱེད་ཀྱི་སྣང་བར་ཡང་འཆར་མྱོང་མེད་མོད། འོན་ཀྱང་མཐར་གཏུགས་ཉིན་གཅིག་ཁྱེད་ཀྱིས་ཤེས་རྒྱུ་ནི་སྨོས་ཅིའོ། དེ་བས་ན་གཅེས་པའི་ཁ་པུ་ལེཀྲི་པ་ཁྱེད། ཁྱེད་ཀྱི་མིང་ལ་ང་ཡིས་རང་མིང་ལྟར་གཅེས་བཞིན་པའོ། ད་ནི་འདོད་བློ་ཁེངས་པར་མཛོད་ཅིག
མེར་ཁུ་ཀྲིའོ། ཨ་ཙི། ཁ་ཚུམས། ཞབས་འདྲེན་མ་ཡིན་ནམ། འདི་ནི་རྐུབ་ཚིགས་པའི་མགོ་བཏགས་ཞུས་པ་རང་ངོ་། ཨི་ཀྲ་ལི་ཡི་གྲི་རྩེད་པ་རྒྱལ་རྒྱུའོ། 〔ཁོ་ཡིས་རལ་གྲི་བཤམས།〕ཀྲི་བྷལཀྲི་བྱ་བ་བྱི་ལ་བཟུང་མཁན་ཁྱོད་ཚུར་དོན་ཤོག་དང་།
ཀྲི་བྷལཀྲི། དོན་ཤོག་ཅེས་ཁྱོད་ཀྱིས་ང་ལ་བཟོ་ལྟ་གང་ཞིག་བཟོ་རྒྱུའམ།
མེར་ཁུ་ཀྲིའོ། ཞི་མའི་རྒྱལ་པོ་ཁོ་རེ། ཁྱོད་ལ་ཚེ་དགུ་ཡོད་པ་ལས་གཅིག་ནི་ད་ལྟ་ཉིད་དུ་ཚར་གཅོད་པར་བྱའོ། གཞན་བརྒྱད་པོ་སྡུག་ཚོད་མ་ཟིན་ན་སྐམ་རྡུང་ཁོ་ནའི་འོག་ཏུ་བཟོ་ལྟ་བཟོ་རྒྱུའོ། ཁྱོད་ཀྱི་རལ་གྲི་ལམ་སེང་ཤུབས་ལས་མ་བཏོན་ན་ང་ཡི་རལ་གྲི་ཁྱོད་ཀྱི་རྣ་འགྲམ་དུ་བཅར་ཟིན་པའོ།
ཀྲི་བྷལཀྲི། 〔རལ་གྲི་ཤུབས་ལས་འདོན་བཞིན།〕འོ་ན་ང་ཁྱོད་དང་ཐུག་དགོས་བྱས་སོང་།
རོ་མེའོ། གཅེས་པའི་མེར་ཁུ་ཀྲིའོ། རལ་གྲི་ཤུབས་སུ་ཆུག་ཅིག
མེར་ཁུ་ཀྲིའོ། 〔ཀྲི་བྷལཀྲི་ལ། 〕དོན་ཤོག ཁྱོད་ཀྱི་ཨི་ཀྲ་ལིའི་གྲི་རྩལ་དེ་ཇི་འདྲ་ཞིག་འདུག་གམ་ལྟའོ། མེར་ཁུ་ཀྲིའོ་དང་ཀྲི་བྷལཀྲི་འཛིང་རེས་ཐུག
རོ་མེའོ། བྷེན་ཝོ་ལིའོ། གྲི་བཏོན་ནས་ཁོ་གཉིས་ཀྱི་གྲི་ཁ་ཕྲལ་དུ་ཤོག་ཅིག མི་དྲག་གཉིས་ངོ་ཚ་ཡི་མི་འདུག་གམ། འཁྲུག་པ་མཚམས་འཇོག་བྱོས་ཤིག ཀྲི་བྷལཀྲི། མེར་ཁུ་ཀྲིའོ། རྒྱལ་སྲས་མཆོག་ནས་ཝེ་རོ་ནའི་ཁྲོམ་གཞུང་དུ་འཁྲུག་རྩོད་མི་ཆོག་ཅེས་བཀའ་ཆད་མཛད་མ་མྱོང་ངམ། ཀྲི་བྷཀྲི་ཚོད་ཟུང་ཞིག གཅེས་པའི་མེར་ཁུ་ཀྲིའོ
རོ་མེའོ་ཡིས་གྲི་འཛིང་གི་བར་དུ་འཚངས། ཀྲི་བྷལཀྲི་ཡིས་མེར་ཁུ་ཀྲིའོ་ལ་རོ་མེའོ་ཡི་རྒྱབ་ནས་གྲི་བཙུགས་རྗེས་ཁོ་ཡི་རྗེས་འབྲངས་པ་དང་མཉམ་དུ་རྒྱང་དུ་བྲོས།
མེར་ཁུ་ཀྲིའོ། ང་རྨས་སོང་། འདི་ནི་ཁྱིམ་ཚང་འདི་གཉིས་ཀྱི་ཆག་སྒོའོ། ང་ནི་ཚར་སོང་། ཁོ་བྲོས་སོང་ངམ། རྨས་མེད་པ་མ་ཡིན་ནམ།
བྷེན་ཝོ་ལིའོ། ཅི་ཟེར། ཁྱོད་རྨས་འདུག་གམ།
མེར་ཁུ་ཀྲིའོ། རྨས་སོང་། རྨས་སོང་། རྨ་རལ་ཙམ་མོ། རྨ་རལ་ཙམ་མོ། འོན་ཀྱང་ཚབས་མི་ཆུང་། ང་ཡི་གཡོག་ཕྲུག་ག་ན་འདུག ཁོ་རེ་ཁྱོད་བང་རྒྱུགས་སུ་སྨན་པ་འབོད་པར་རྒྱུགས་ཤིག གཡོག་ཕྲུག་གར་སྟེགས་ལས་བཤོལ།
རོ་མེའོ། སྡུག་རུས་བྱོས་ཤིག གྲོགས་པོ། རྨས་སྐྱོན་ཚབས་ཆེ་མི་སྲིད།
མེར་ཁུ་ཀྲིའོ། མི་ཆེ། དེ་ནི་ཁྲོན་པ་ལྟར་གཏིང་མི་རིང་ལ་ཆོས་ཁང་གི་སྒོ་མོ་ལྟར་ཞེང་ཡང་མི་ཆེ། འོན་ཀྱང་སྲོག་གཅོད་པར་འགྲིག་ངེས་ལགས། ནངས་པར་ཁྱོད་འདི་རུ་བཅར་སྐབས་ང་རོ་སྒམ་ནང་དུ་ཡོད་པ་མཐོང་རྒྱུའོ། ང་ནི་ཚར་སོང་། འཇིག་རྟེན་འདི་ལས་བྲལ་སོང་། འདི་ནི་ཁྱིམ་འདི་གཉིས་ཀྱི་ཆག་སྒོའོ། ཨ་ཕའི་རོ། ཁྱི་དང་། བྱི་ལ། ཞི་མི་སོགས་ནི་མི་ཤིའི་ཕུང་པོར་མཆོང་བར་ཞེན། འུད་ཤོབ་པ། སྙིང་མེད་པ་ཁྱོད་ཀྱིས་ཚུལ་མཐུན་དུ་གྲི་རྩེད་ལ་ཞུགས་པ་ལས་ལན་སོང་། ཁྱོད་ནི་གྲི་འཛིང་སྐབས་བར་མིར་འཁོད་མེད་ན་ཅི་མ་རུང་། ང་ནི་ཁྱོད་ཀྱི་ལག་འོག་ཏུ་རྨས་པའོ།
རོ་མེའོ། བདག་གིས་དེ་ལྟར་བགྱིད་དོན་དྲག་རེས་ཀྱི་ཚུལ་དུའོ།
མེར་ཁུ་ཀྲིའོ། བྷེན་ཝོ་ལིའོ། ང་ནི་དྲན་མེད་དུ་འགྲོ་བར་ཉེ་ཞིང་ཁྱིམ་ཞིག་ནང་དུ་དྲོངས་ཤིག རྐྱེན་ཡོངས་ཀྱི་ལན་པ་ནི་ཁྱིམ་འདི་གཉིས་ལ་ཡོད། དེ་གཉིས་ཀྱིས་ང་ནི་འབུ་སྲིན་གྱི་ཟས་སུ་སྤྱོད། ང་ནི་ཚར་རྒྱུ་ཡིན།
དེའང་གླེང་མེད་དུ་ཚར་རྒྱུ་ཡིན། ལན་པ་ཁྱིམ་མཚང་འདི་གཉིས་ལའོ།
བྷེན་ཝོ་ལིའོ་ཡིས་ཁོང་ཕྱིར་དྲངས།
རོ་མེའོ། ཕོ་རྒོད་འདི་ནི་རྒྱལ་སྲས་ཀྱི་སྐུ་མཆེད་དང་ང་ཡི་གྲོགས་བློས་ཐུབ་ཀྱང་ཡིན་ཅིང་། དེ་ལ་ང་ཡི་རྐྱེན་ལས་སྲོག་དང་ཟློས་པའི་རྨས་སྐྱོན་བྱུང་བའི་ལན་པ་ནི་ཀྲི་བྷལཀྲི་ལ་ཡོད་ལ་ང་ལའང་ཡོད་མོད། འོན་ཀྱང་ཡད་ཙམ་གྱི་གོང་ན་ཀྲི་བྷལཀྲི་ནི་ང་ཡིས་སྤུན་ཟླར་སྣང་།
ཨེ་མ་ཧོ། ཡིད་འོང་ཇུ་ལིཀྲི། གང་གི་མཛེས་སྡུག་ལས་བདག་ནི་ཉམ་ཆུང་ནུས་མེད་དུ་གཅུན་པ་མ་ཟད་ངར་ལྕགས་ལྟ་བུའི་སྙིང་སྟོབས་ཀྱང་ཉམས་དམས་པར་བྱས་སོ།
བྷེན་ཝོ་ལིའོ་ཕྱིར་འབྱོར།
བྷེན་ཝོ་ལིའོ། ཀྱེ་མ་ཀྱེ་ཧུད། རོ་མེའོ། རོ་མེའོ། དཔའ་ཞིང་བརྟུལ་ཕོད་ཀྱི་མེར་ཁུ་ཀྲིའོ་སྐུའི་ཚེ་འཕེན་པ་རྫོགས་སོ། དེ་ཡི་སྟོབས་ལྡན་གྱི་རྣམ་ཤེས་ནི་ལང་ཚོ་ཕྲ་མོ་འདི་ཙམ་དུ་ས་སྟེང་འདིར་མ་གནས་པར་སྤྲིན་གསེབ་བརྒྱུད་ལྷ་ཡུལ་ཆས་སོ།
རོ་མེའོ། མ་ཤིས་པའི་ཉིན་འདི་ནི་མ་འོངས་པ་ན་དེ་བས་དྲག་པའི་གེགས་བར་ཞིག་གི་སྔ་ལྟས་སོ།
བྷལཀྲི་ཕྱིར་འཁོད།
བྷེན་ཝོ་ལིའོ། ཡ་མེད་ཀྱི་ཀྲི་བྷལཀྲི་ཁོ་སླར་དུ་ཆས་བྱུང་།
རོ་མེའོ། ཁྱོད་ནི་རྒྱལ་བཞིན་ད་དུང་ཡང་གསོན་པོར་མ་གནས་སམ། མེར་ཁུ་ཀྲིའོ་ནི་སྐུ་ཚེའི་འཕེན་པར་རྫོགས་ཤིང་ད་ལྟ་ལྷ་ཡུལ་དུ་གནས། ཁྱོད་ལ་འཛིན་པའི་སྤུན་ཟླའི་འདུ་ཤེས་ད་ནི་འདོར་རྒྱུའོ། ང་ཡི་མེ་རུ་འབར་བའི་འདྲེན་བྱེད་ནི་ད་ནི་ང་ཡི་ལམ་སྟོན་སྒྲོན་མེར་གྱུར།
ཀྲི་བྷལཀྲི་བྱ་བ་ཁྱོད་ཀྱིས་ང་ལ་སྨྲས་པའི“མི་ངན་”ཞེས་པའི་མིང་ངན་དེ་ད་ཆ་ཕྱིར་ལེན་ཅིག ཅི་ཞེ་ན་མེར་ཁུ་ཀྲིའོ་ཡི་རྣམ་ཤེས་ནི་ད་ལྟ་རང་རེའི་མགོ་སྟེང་ན་ཁྱོད་འོང་རྒྱུར་སྒུག་བཞིན་ཡོད་ཅིང་། ཁྱོད་དམ། ཡང་ན་ང་།
ཡང་ན་གཉིས་ཀ་འདས་པོ་ཁོང་ག་ལ་བ་དེར་བསྐྱོད་རྒྱུ་ནི་ལྡོག་ཏུ་མ་མཆིས།
ཀྲི་བྷལཀྲི། ཟ་འདྲེ་ཁྱོད། ད་བར་ཁོ་དང་མཉམ་དུ་གཤིབ་ནས་ཡོད་མོད། སླར་ཡང་ཁོ་ག་ལ་བ་དེར་རྫོང་རྒྱུའོ།
རོ་མེའོ། 〔རལ་གྲི་ཤུབས་ལས་འདོན་བཞིན།〕འདི་ཡིས་ཡོངས་སུ་ཐག་གཅོད་ཐུབ། ཁོ་གཉིས་གྲི་འཛིང་ཐུབ། རོ་མེའོ་ཡིས་ཀྲི་བྷལཀྲི་ཡི་སྲོག་བཅད།
བྷེན་ཝོ་ལིའོ། རོ་མེའོ། བྲོས་ཤིག བཟུང་མཁན་ཡོང་བཞིན་གདའ། ཀྲི་བྷལཀྲི་ནི་ཤི་ཟིན། ཁྱོད་ད་དུང་ཡང་ཧུ་རེ་བར་གནས་རྒྱུའམ། གལ་ཏེ་རྒྱལ་སྲས་མཆོག་གི་ཕྱག་ཏུ་ཁྱོད་ལྷུངས་པ་ན་སྲོག་ཐོག་གི་ཆད་པ་ལས་གཞན་མ་མཆིས། ད་ནི་ཁྱོད་འཕྲལ་དུ་བྲོས་ཤིག
རོ་མེའོ། ཨེ་མ། ང་ནི་ལས་དབང་གི་རྩེད་ཆས་ཤིག་ཏུ་གྱུར་འདུག
བྷེན་ཝོ་ལིའོ། ཁྱོད་ད་དུང་ཡང་བྲོས་ལ་མི་འགྲོའམ།
རོ་མེའོ་གར་སྟེགས་ལས་བཤོལ།
དཔོན་ཞིག་དང་ཡུལ་མི་བདེ་སྲུང་འགའ་གར་སྟེགས་ཐོག་ཐོན།
དཔོན། མེར་ཁུ་ཀྲིའོ་གསོད་མཁན་དེ་གང་དུ་བྲོས་སོང་། ཀྲི་བྷལ་ཀྲི་བྱ་བའི་མི་གསོད་པ་ཁོ་གང་གི་ཕྱོགས་སུ་བྲོས་སོང་།
བྷེན་ཝོ་ལིའོ། ཁོ་ནི་ས་ཐོག་དུ་ལྷུངས་པ་འདིའོ།
དཔོན། ཡར་ལོངས་ཁོ་རེ། ང་ཚོ་དང་མཉམ་དུ་འགྲོ་རྒྱུའོ། ང་ཡིས་རྒྱལ་སྲས་མཆོག་གི་མཚན་ཐོག་ནས་ཁྱོད་ལ་ཉེས་ཆད་གཅོད་རྒྱུའོ། བརྩི་བཀུར་བྱོས་ཤིག
རྒྱལ་སྲས་ཨེསི་ཁ་ལུསི། མོན་ཀྲག་རྗེ་བོ། ཁ་པུ་ལེཀྲི་རྗེ་བོ། ཁོང་གཉིས་ཀྱི་ལྕམ་དང་འཁོར་གཡོག་བཅས་གར་སྟེགས་ཐོག་ཐོན།
རྒྱལ་སྲས། འཁྲུག་པ་འདི་དག་འགོ་བརྩམས་མཁན་གྱི་ཉེས་ཅན་དག་ནི་སུ་ད་སུའམ།
བྷེན་ཝོ་ལིའོ། ཀྱེ། མི་དབང་རྒྱལ་སྲས་མཆོག མ་ཤིས་པའི་འཁྲུག་རྩོད་འདིའི་འབྱུང་རྐྱེན་མཐའ་དག་བདག་ལ་ཞུ་རྒྱུ་ཡོད། འདི་ན་ས་ཐོག་ཏུ་ལྷུངས་བའི་སྐྱེ་བོ་འདི་ནི་ན་གཞོན་རོ་མེའོ་ཡིས་བཀྲོངས་ཤིང་དེས་ཀྱང་མཆོག་ཉིད་ཀྱི་སྐུ་ཚ་སྟེ་དཔའ་ཞིང་བརྟུལ་ཕོད་ཀྱི་མེར་ཁུ་ཀྲིའོ་སྐུ་བཀྲོངས།
ཁ་པུ་ལེཀྲི་ལྕམ། འདི་ནི་ང་ཡི་ངོ་ཚ་བོ་ཀྲི་བྷལཀྲི་སྟེ་ང་ཡི་གཅེན་པོའི་བུ་ཁོ་ཡིན་འདུག ཀྱེ། རྒྱལ་སྲས་མཆོག ཀྱེ། ང་ཡི་ཚ་བོ། ཀྱེ། ང་ཡི་བཟའ་ཕ། ང་ཡི་བརྩེ་བའི་ཚ་བོ་ད་ནི་བཀྲོངས་ཟིན་འདུག ཀྱེ། རྒྱལ་སྲས་མཆོག གང་ནི་བདེན་པ་བདེན་ཐུབ་མཛད་པོ་ཡིན་སྟབས་བདག་ཚོའི་ཁྲག་སྐྱིན་མོན་ཀྲག་པའི་ཁྲག་ལས་འཇལ་དགོས་རྒྱུའི་བཀའ་ཆད་ཡོད་པ་མཁྱེན། ཀྱེ་མ་ཀྱེ་ཧུད། ང་ཡི་ཚ་བོ། ང་ཡི་ཚ་བོ།
རྒྱལ་སྲས། བྷེན་ཝོ་ལིའོ། འཁྲུག་རྩོད་འདི་བཞིན་འགོ་འཛུགས་མཁན་དེ་སུའམ།
བྷེན་ཝོ་ལིའོ། འདི་ན་རང་སྲོག་དོར་ཟིན་པའི་ཀྲི་བྷལཀྲི་ནི་རོ་མེའོ་ཡི་ལག་འོག་ཏུ་ཤོར། རོ་མེའོ་ཡིས་འཁྲུག་འཛིང་འདི་རིགས་དགོས་མེད་ཡིན་ལུགས་དང་རྒྱལ་སྲས་མཆོག་ནས་ཀྱང་སྔ་སར་མི་ཆོག་པའི་བཀའ་བཅད་ཟིན་སྐོར་ཁོ་ལ་ཚུལ་མཐུན་དུ་སྨྲས།
དེའང་ཁོ་ཡི་འཇམ་པའི་ངག་དང་ཞི་ཞིང་དུལ་བའི་ངོ་ལས་གུས་པའི་ཚུལ་དུ་པུས་མོའི་ལྷ་ང་གུག་ཙམ་དུ་སྨྲས་རུང་ཞི་བའི་ཟླ་ཙམ་མེད་པ། གཏུམ་ཞིང་དྲག་པའི་ཀྲི་བྷལཀྲི་ལ་ལྟོས་ན་གཏམ་དེ་དག་ནི་འོན་པའི་རྣ་བར་ཞི་བདེའི་གནས་ལུགས་དྲངས་པ་དང་གཉིས་སུ་མཆིས། ལྡོག་ཏུ་ཁོ་ཡིས་མེར་ཁུ་ཀྲིའོ་ཡི་བྲང་ཁར་རལ་གྲི་འཕྱར།
དེའི་ཚེ་རྗེས་མ་ནི་མཚུངས་པར་ཁྲོ་སྟབས་དེ་ཡིས་རལ་གྲི་ཤུབས་ལས་བཏོན་ནས་ཁ་སྤྲོད་དུ་འཛིང་པ་སྟེ། ལག་གཅིག་ཏུ་གྲི་ཐུང་ཐོགས་ནས་ཚུར་རྒོལ་འགོག་པ་དང་གཅིག་ཤོས་སུ་གྲི་རིང་ཐོགས་ནས་ཀྲི་བྷལཀྲི་ལ་རྒོལ་བར་བྱས། འོན་ཀྱང་ཀྲི་བྷལཀྲི་ཡི་ཕུལ་བྱུང་གི་གྲི་རྩལ་ལས་དེ་དག་ཡོངས་སུ་འགོག་པར་བྱས། དེའི་ཚེ་རོ་མེའོ་ཡིས། “ཚོད་ཟུང་ཞིག་གྲོགས་པོ་ཚོ། འཛིང་རེས་འཚམས་ཞོག་ཅིག་གྲོགས་པོ་ཚོ།”ཞེས་ངག་གི་རྩེ་མོར་སྨྲ་བཞིན་ཁོ་གཉིས་དབར་གདོང་མཆོང་གིས་དྲག་ཏུ་འཁྲུག་པའི་གྲི་རྩེ་ཁ་སྤྲོད་ཤུགས་ཀྱིས་མནན་རུང་རོ་མེའོ་ཡི་ལག་འོག་ནས་ཀྲི་བྷལཀྲི་ཡིས་ལྐོག་ཏུ་མེར་ཁུ་ཀྲིའོ་ལ་རལ་གྲི་བཙུགས་ནས་དཔའ་ཞིང་བརྟུལ་ཕོད་ཀྱི་སྐྱེ་བོ་དེ་བཀྲོངས་རྗེས་ཁོ་པ་རྒྱང་དུ་བྲོས། རིང་པོར་མ་ཐོགས་པར་ཀྲི་བྷཀྲི་སླར་རོ་མེའོ་ག་ལ་བ་དེར་ཕྱིར་འཁོད། འོན་ཀྱང་དེའི་ཚེ་རོ་མེའོ་ནི་དགྲ་ཤ་ལེན་པར་དངངས་ཤིང་བདག་ཁོ་གཉིས་ཁ་ཕྲལ་བར་ཡང་མ་འབྱོར་གོང་ཁོ་གཉིས་སྐད་ཅིག་དུ་གློག་འཁྱུག་པ་ལྟར་འཛིང་རེས་སུ་འཁོད་པའི་མདོ་དོན་དུ་ཀྲི་བྷལཀྲི་སྲོག་དོར་བ་དང་། རོ་མེའོ་འཕྲལ་དུ་རྒྱང་དུ་བྲོས། གོང་དུ་ཞུས་ཟིན་པ་ནི་བདེན་པ་ཁོ་ན་ཡིན་ཅེས་བདག་བྷེན་ཝོ་ལིའོ་ཡིས་སྲོག་ཚད་འཛུགས་སུ་ཞུ་བ་འབུལ་རྒྱུའོ།
ཁ་པུ་ལེཀྲི་ལྕམ། ཁོ་ནི་མོན་ཀྲག་ཚང་གི་སྤུན་ཟླ་ཡིན་སྟབས་ཤ་ཚས་བདེན་པ་རྫུན་མར་བཅོས་རྒྱུར་བརྟེན་ཁོ་ཡི་ཞུ་བ་ནི་མི་བདེན་རྒྱུར་གོར་མ་ཆགས། ཡ་ང་བའི་འཁྲུག་འཛིང་འདི་ནང་ཞུགས་མཁན་གྱི་མི་གྲངས་ནི་ཉི་ཤུ་ཙམ་ལ་ཉེ་ཞིང་དེ་རྣམས་གཅིག་ཏུ་བསྒྲིལ་ནས་སྐྱེ་བོ་གཅིག་གི་སྲོག་བཅད་པ་མ་ཡིན་ནམ། དེར་བརྟེན་རྒྱལ་སྲས་མཆོག་ནས་བཀའ་ཁྲིམས་རྟ་རྔ་གཞུང་གཤག་ཡོང་ཐབས་ཞེས་ཞུ་བ་འབུལ་རྒྱུ་སྟེ། རོ་མེའོ་ཡིས་ཀྲི་བྷལཀྲི་ཡི་སྲོག་བཅད་པའི་སྲོག་ལན་སྲོག་འཇལ་དུ་རོ་མེའོ་ཉིད་སྲོག་དོར་དགོས་པའི་བཀའ་བཅད་ཡོད་པ་འཚལ།
རྒྱལ་སྲས། རོ་མེའོ་ཡིས་ཁོ་བསད་པ་ཡིན་མོད། འོན་ཀྱང་ཁོ་ཡིས་ཀྱང་མེར་ཁོ་ཀྲིའོ་བསད་པར་ལགས། དེ་ལྟ་ན་རྗེས་མའི་སྲོག་ལན་དེ་སུ་ཡིས་འཇལ་རྒྱུའམ།
མོན་ཀྲག་རྗེ་བོ། ཉེས་པ་འདི་ནི་རོ་མེའོ་ལ་ལོས་ཡོད་མི་སྲིད་རྒྱལ་སྲས་མཆོག་ཁོ་ནི་མེར་ཁུ་ཀྲིའོ་ཡི་གྲོགས་པོ་ཙམ་ཉིད་དོ། ཁོ་ཡི་ཉེས་པ་ནི་ཀྲི་བྷལཀྲི་ལ་ཁྲིམས་ཀྱི་ཆད་པ་གཅོད་དགོས་ངེས་དེ་ཁོ་ཡིས་ལག་ལེན་དུ་བསྟར་བ་ཙམ་མ་ཡིན་ནམ།
རྒྱལ་སྲས། བྱས་ན་དེ་ཡི་ཉེས་པར་ང་ཚོས་ཁོ་ས་མཐར་སྤྱུག་རྒྱུའོ། ཁྱོད་ཚོའི་འཁོན་འགྲས་ལས་ཁོ་བོར་ཡང་རྨས་སྐྱོན་བྱུང་ཡོད་པ་སྟེ་ཁོ་བོའི་ཁྲག་རྒྱུད་ཀྱང་ཁྱོད་ཚོའི་འཁྲུག་རྩོད་ནང་རྒྱུག་བཞིན་ནོ།
འདི་ཐད་ཁྱོད་ཚོར་ཆད་པ་ནན་པོ་བཅད་ནས་ཁོ་བོར་བྱུང་བའི་ཆག་སྒོའང་ཁྱོད་ཚོའི་འཆར་སྣང་དུ་རིང་མོར་གནས་པ་བཟོ་རྒྱུའོ།
ཁོ་བོས་འགོ་འདྲེན་གཏོང་སྲོལ་དང་ང་མིན་ཁོ་ཡིན་ཅེས་པའི་བརྙས་འདོགས་ཅི་རིགས་ལ་རྣ་འོན་པར་བྱ་རྒྱུའོ། དེ་བས་ན་མཆི་མའི་ཆབ་རྒྱུན་ཕང་རྒྱུའམ་གསོལ་བ་སྨོན་ལམ་བཏབ་ནས་ནག་ཉེས་སེལ་ཐབས་བྱ་རྒྱུ་ཅི་རིགས་དོར་བར་གྱིས་ཤིག
རོ་མེའོ་ཐད་ཁྱོད་ཚོས་འཕྲལ་མར་རྫོང་བརྡ་བྱས་ན་སྨོས་ཅི། གལ་ཏེ་ནར་འགྱངས་སུ་ཐལ་རིགས་ཕྲ་མོར་ཁོ་པ་སླར་ཚོའི་ལག་ཏུ་ཐེབས་པའི་ཉིན་དེ་ནི་ཁོ་ཡི་ཉིན་མཐའ་མ་དེའོ།
བཀའ་འདི་ལ་བཀུར་བར་གྱིས་ཤིག ད་ནི་ཕུང་པོ་འདི་བཞིན་གནས་གཞན་ཞིག་ཏུ་དྲོངས་ཤིག མི་གསོད་མཁན་ལ་ཡང་བྱ་རྒྱུ་ནི་སླར་མི་གསོད་རྒྱུར་སྐུལ་མ་བྱེད་པ་དང་གཉིས་སུ་མ་མཆིས་སོ།
གར་སྟེགས་ལས་བཤོལ།
ལེའུ་གཉིས་པ།
ཇུ་ལིཀྲི་ཡི་གཟིམ་ཆུང་ན།།
ཇུ་ལིཀྲི་གར་སྟེགས་ཐོག་ཐོན།
ཇུ་ལིཀྲི། སྐར་མདའ་ལྟར་མགྱོགས་པའི་རྟ་པོ་ཚོ། ཧྥའེ་པུསི་ཡི་བསྟི་གནས་སུ་བང་དུ་བགྲོད་ཅིག ཤིང་རྟ་འཁོར་ལོའི་ཁ་ལོ་པ་སྟེ་ཧྥའེ་ཀྲོན་བྱ་བས་ཁྱོད་ཚོ་ནུབ་ཕྱོགས་སུ་མཚན་མོའི་མུན་མ་རུབ་བར་ལྕག་གིས་སྐུལ་བར་བྱའོ། བརྩེ་དུང་ལ་ཞེན་པའི་མཚན་མོ་ཁྱོད་ཀྱིས་མུན་པ་སྔ་ཙམ་བསུས་ནས་ཤིང་རྟ་འཁོར་ལོར་བཞོན་པའི་ལྷ་རྣམས་གཉིད་ལ་ཡུར་དུ་ཆུག་ཅིག
ཨེ་མ། རོ་མེའོ། མུན་པའི་འགེབས་སྲུང་འོག་བདག་གིས་བསྐྱངས་བའི་ལག་གཉིས་ནང་བྱོན་ཅིག བརྩེ་དུང་ལས་མནར་བའི་མི་ལ་མུན་པའི་གླིང་དུ་གསལ་བའི་བརྩེ་དུང་གི་མིག་ཡོད། གལ་ཏེ་བརྩེ་དུང་ཞེས་ནི་ལོང་བ་ཡིན་པར་ལྟོས་ན་མཚན་མོའི་མུན་པ་ནི་དེ་ལ་ལྷག་པར་འཕྲོས། ཤོག་ཅིག འཇམ་པའི་མཚན་མོ་ཤོག་ཅིག
བརྩེ་དུང་ལས་མནར་བའི་སྐྱེ་བོ་གཉིས་རྒྱན་འཛུགས་གང་ཞིག་ལ་འགྲན་པའི་ཚུལ་ལ་དཔེ་རུ་མཚོན་ན་ཁྱོད་ཀྱིས་ང་ཕམ་པར་བྱོས་ཤིག
ཉིད་ཀྱི་མུན་པའི་ཡོལ་བས་ང་ཡི་ངོ་སྟེང་དུ་འཕྱུར་བའི་ངོ་ཚའི་དམར་མདངས་བཀབ་ནས་ང་ཡི་ལྷད་མེད་ཀྱི་བརྩེ་དུང་མུན་པའི་གླིང་འདིར་མངོན་པ་བྱོས་ཤིག
མཚན་མོ་ཤོག་ཅིག རོ་མའོ་ཤོག་ཅིག མཚན་མོའི་འོད་ཁྱོད་ཤོག་ཅིག ཁྱོད་ཀྱིས་མཚན་མོའི་རླུང་གཤོག་གཡར་ནས་འདབ་ཆགས་ཀྱུང་ཀའི་ནག་ཅིང་སྣུམ་པའི་ལུས་སྟེང་དུ་དཀར་བའི་གངས་ཀྱི་འདབ་མ་འབབ་པ་ལྟར་འདི་ཕྱོགས་འཕུར་ནས་ཤོག་ཅིག ཤོག་ཅིག
འཇམ་པའི་མཚན་མོ་ཤོག་ཅིག བརྩེ་དུང་གི་མུན་པ་ཤོག་ཅིག བདག་གི་རོ་མེའོ་བདག་སར་འཁོད་པ་བྱོས་ཤིག བདག་རང་སྲོག་དོར་བའི་དུས་ན་ཁོང་གི་སྐུ་ལུས་ཁྱེད་ཀྱིས་དུམ་བུར་བཏུབ་རྗེས་བགྲང་བས་མི་ལངས་པའི་རྒྱུ་སྐར་གྱི་ཚོགས་ལ་བསྒྱུར་ནས་ལྷ་ཡུལ་འོད་ལས་བརྒྱན་པར་བྱས་ཏེ་འཛམ་བུའི་གླིང་འདི་མཚན་མོ་ཁོ་ནར་གནས་སུ་བཅུག་སྟེ་ཉི་མའི་འོད་ཀྱང་བརྗེད་དུ་ཆུག་ཅིག
ཨེ་མ། ང་ཡིས་བརྩེ་དུང་གི་ཁང་བཟང་ཞིག་ཉོས་པའི་ཚུལ་རུང་དེ་ནི་ད་ལྟའང་ང་ལ་ཡོངས་སུ་མ་བདག ང་ནི་གཞན་ལ་བཙོངས་ཟིན་རུང་ཉོ་མཁན་དེས་ད་ལྟ་བསུས་མེད།
འདི་འདྲའི་ཉིན་གཅིག་གི་དུས་རིང་བ་ལ་ཨང་། དེ་ནི་དུས་ཆེན་ཞིག་འཆར་ཉེའི་སྔ་ནུབ་ཏུ་བྱིས་པར་གོས་གསར་བཅོས་རུང་མ་གཡོག་པར་བཞག་པ་ལྟར་དུ་སྣང་། སྟབས་ལེགས། ད་ནི་མ་མ་སླེབས་བྱུང་།
མ་མ་ལག་ཏུ་ཐག་པའི་སྐས་འཛེག་ཐོགས་བཞིན་གར་སྟེགས་ཐོག་ཐོན།
མ་མ་གཏམ་སྙན་ཡོད་ངེས་ལགས། ངག་ཅི་རུང་ལས་རོ་མེའོ་ཡི་མཚན་བཏོན་པ་ཙམ་ལས་དེ་ནི་ང་ཡི་རྣ་བར་མཛེས་སྡུག་གི་ལྷ་ཡུལ་ལྟར་སྙན་པར་སྣང་། ཁྱོད་ལ་ད་ཐེངས་གཏམ་སྙན་གང་ཞིག་འཁྱེར་རྒྱུ་ཡོད། མ་མ། ཁྱོད་ཀྱི་ལག་ཏུ་ཐོགས་པ་ནི་ཅི་ཞིག་གམ། ཐག་པའམ། རོ་མེའོ་ནས་ཉིད་ལ་འཁུར་ནས་སོང་ཞེས་སྐུལ་མ་མཛད་པའམ།
མ་མ། འོ་ཡིན། འདི་ནི་ཐག་པ་ཡིན།
ཇུ་ལིཀྲི། ང་ཅི་དྲག གཏམ་གང་ཞིག་ཡོད། ཉིད་ལག་འཕུར་བཞིན་གནས་དོན་ཅི་ལགས།
མ་མ། ཨེ་མ། བཀྲ་མ་ཤིས། ཁོང་འདས་ཟིན། ཁོང་འདས་ཟིན། ཁོང་འདས་ཟིན། ང་ཚོའི་བྱ་བ་འཆུག་སོང་། སྲས་མོ་མཆོག ཁྱེད་ཀྱི་ལས་ལམ་དུ་མ་ལྷོངས། ད་ཉིན་ནི་མ་ཤིས་པའི་ཉིན་ཞིག་གོ། ཁོང་ནི་བྲོས་ལ་སོང་། ཁོང་གིས་བསད་སོང་། ཁོ་ནི་ཤི་སོང་།
ཇུ་ལིཀྲི། ལྷ་ཡུལ་ཡང་འདི་ལྟར་ངན་ནམ།
མ་མ། རོ་མེའོ་ངན། ལྷ་ཡུལ་ནི་མི་ངན། ཨེ་མ། རོ་མེའོ། རོ་མེའོ། འདི་ལྟར་ཡོང་རྒྱུ་སུ་ཡིས་བསམ་སྲིད། རོ་མེའོ་ཉིད་རང་ངོ་།
ཇུ་ལིཀྲི། ང་ལ་ཁྱོད་ཀྱིས་སྡུག་བསྔལ་གྱི་རྐྱེན་གང་ཞིག་བརྗོད་ཀྱི་ཡོད་དམ། མི་སྙན་པ་འདི་རིགས་ནི་དམྱལ་བ་ཁོ་ནའི་ནང་དུ་སྨྲ་བྱེད་ཀྱི་གཏམ་མོ། རོ་མེའོ་ཡིས་རང་སྲོག་རང་གིས་བཅད་པ་མ་ཡིན་ནམ། ཡིན་ན“ཡིན”ཅེས་བརྗོད་ཅིང་། དེའི་ཚེ་“ཡིན”ཅེས་པའི་ཐ་སྙད་འདི་ནི་དུག་སྦྲུལ་ལས་འཕངས་པའི་ལྕེ་ལས་ཀྱང་དུག་ཤེད་ཆེ་བར་གདོན་མི་ཟའོ།
ཉིད་ཀྱིས་“ཡིན་”ཅེས་བརྗོད་མ་ཐག་ང་ནི་ང་མ་ཡིན་ནོ། ཡང་ན་ཁོང་གི་སྤྱན་ཟུང་ཟུམ་ཚར་བའི་རྟགས་སོ། ཁོང་གི་སྐུ་ཚེར་གེགས་བར་བྱུང་ཡོད་མེད་ཐད་ཡོད་ན་“ཡོད་”ཅེས་དང་མེད་ན་“མེད་”ཅེས་གསོང་པོར་རྗོད་ཅིག འདི་ནི་ཉམ་ཆུང་གི་ཚིག་གཅིག་རུང་ང་ཡི་བདེ་སྡུག་དང་འབྲེལ་བའི་ཐ་སྙད་ཅིག་གོ།
མ་མ། གནམ་བདག་གིས་སྐྱོབ་མཛོད། རྨ་ཁ་དེ་ནི་ཁོང་གི་བྲང་ཁར་ཡོད་པ་བདག་གི་མིག་སྔོན་པོས་རིགས་སུ་གསོལ། དེ་ནི་ཁྲག་རལ་ལས་གང་བ། ཡ་ང་བར་ཐལ་མདོག་ཅན་ལ་གྱུར་ཟིན་པའི་ཕུང་པོ་ཞིག་གོ། དེ་ནི་ཡོངས་སུ་ཁྲག་ལས་འཇིག་པ་བདག་གིས་མཐོང་སྐབས་བདག་དྲན་མེད་དུ་རྒྱལ་འདུག
ཇུ་ལིཀྲི། ཨེ་མ། སྙིང་ཁྱོད་དུམ་བུར་རྒྱུགས་ཤིག ཐམས་ཅད་སྐད་ཅིག་ཏུ་ནུབ་སོང་། མུན་པའི་གླིང་གི་འདྲེན་བྱེད་ཁྱོད། སླར་རང་དབང་ཐོབ་རྒྱུར་རེ་བ་མ་བྱོས་ཤིག ལུས་སྡུག་བསྔལ་གྱི་སྡོང་པོ་ཁྱོད། འགུལ་མཚམས་བཞག་ནས་ས་འོག་ཏུ་རང་འཇགས་ཕྱིར་ལོག་བྱོས་ཤིག ཁྱོད་རོ་མེའོ་དང་ལྷན་ཅིག་རོ་སྒམ་གཅིག་ཏུ་འཁོད་པར་ཤོག
མ་མ། ཀྱེ་མ། ཀྲི་བྷལཀྲི། ཀྲི་བྷལཀྲི། ཁྱེད་ནི་ང་ཡི་གྲོགས་པོ་བློ་ཐུབ་ཁོ་ནའོ། ཀྱེ་ཧུད། སྤྱོད་བཟང་ཀྲི་བྷལཀྲི། བདེན་པ་བདེན་ཐུབ་ཀྱི་མི་དྲག་ཁྱེད། ང་མ་ཤི་གོང་ན་ཁྱེད་སྐུ་གཤེགས་པ་མཐོང་སྙམ་པ་ཡིད་ཀྱི་ཡུལ་ལ་མ་འཆར།
ཇུ་ལིཀྲི། དྲག་ཆར་རླུང་འཚུབ་འདི་ལ་འགལ་བ་ཡོད་པ་མ་ཡིན་ནམ། རོ་མེའོ་ནི་གཞན་ལས་སྐུ་བཀྲོངས་ཞེས་བཤད། ཡང་ཀྲི་བྷལཀྲི་ནི་འདས་ཞེས་བཤད། གཅིག་ནི་ང་ཡི་གཅེས་པའི་སྤུན་ཟླ་དང་གཅིག་ཤོས་ང་ཡི་མཛའ་བའི་རྗེ་བོ་མ་ཡིན་ནམ།
འོ་ན་འཇིགས་ཤིང་སྐྲག་པའི་དུང་ཁྱོད་ཡར་ལངས་ནས་སྐལ་པའི་མཐའ་རུ་སླེབས་སོང་ཞེས་སྒྲ་སྒྲོག་ཤིག དེ་གཉིས་སྐུ་ཚེ་མ་ཟིན་ན་གཞན་ཞིག་འཚོ་ནས་ང་ལ་ཁྱད་ཅི་ཡོད།
མ་མ། ཀྲི་བྷལཀྲི་ནི་འདས་ཟིན། རོ་མེའོ་ནི་ས་མཐར་སྤྱུགས། སྔོན་མ་དེ་བཀྲོངས་མཁན་ནི་རོ་མའོ་ཡིན་པ་དང་དེ་ལ་ཁྲིམས་ཀྱི་ཆད་པར་ས་མཐར་སྤྱུགས།
ཇུ་ལིཀྲི། གནམ་བདག་མཁྱེན། རོ་མེའོ་ཡི་ལག་ལས་ཀྲི་བྷལཀྲི་ཡི་ཁྲག་བཏོན་ཞེས་སྲིད་དམ།
མ་མ། ཡིན་ནོ། ཡིན་ནོ། མ་ཤིས་པའི་ཉིན་འདིར་རྐྱེན་འདི་ལྟ་བུ་ལྷག་གོ།
ཇུ་ལིཀྲི། ཨེ་མ ། མཛེས་པའི་སེམས་ལ་དུག་སྦྲུལ་གྱི་སྙིང་ཅན། ངན་པའི་འབྲུག་ཅིག་མཛེས་པའི་བྲག་ཕུག་འདི་ནང་ད་བར་གནས་སམ། མཛེས་པའི་མི་ངན། གདོན་ལས་མྱོས་པའི་མཁའ་འགྲོ། འདབ་ཆགས་ཕུག་རོན་གྱི་སྒྲོ་ལས་བརྒྱན་པའི་བྱ་ཁྭ་ཏ། སྤྱང་ཀི་ལུག་ལྤགས་གྱོན་པ། གདོནའདྲེ་ལྷ་རུ་བརྫུས་པ། ཕྱི་དབྱིབས་དང་ཡོངས་སུ་འགལ་བ། སྡིག་ཅན་གྱི་ཆོས་པ། ཡ་རབས་ཀྱི་མི་ངན།
ཨེ་མ། འབྱུང་བ་ཁྱོད། ཁྱོད་ཀྱིས་དམྱལ་ཁམས་ལས་བདུད་ཀྱི་རྣམ་ཤེས་འདི་པ་ཡར་དྲངས་ནས་དེ་ལ་ཤ་ཁྲག་ལས་མཛེས་རྒྱན་སྤྲས་ནས་མི་ཡུལ་གྱི་བདེ་བ་ཅན་འདིར་བཏང་ནས་ཅི་བྱེད། ཡང་ན་དེ་ནི་མ་རུང་བའི་ཚིག་ལས་གང་བའི་བམ་པོ་ཞིག་མཛེས་པའི་གླེགས་བམ་ཞིག་ཏུ་བདམས་པ་ཞིག་གམ། ཨེ་མ། དེ་ནི་སྒྱུ་མ་ཅན་ཞིག་མཛེས་པའི་ཕོ་བྲང་ཞིག་ཏུ་བཞག་པ་མ་ཡིན་ནམ།
མ་མ། སྐྱེས་པ་ཁྱོ་གའི་ནང་དྲང་བདེན་གྱི་མི་མེད་ཅིང་ཁོ་ཚོར་བློས་འགེལ་མི་རུང་། ཁོ་ཚོ་ཚང་མ་ནི་རྒྱུ་འབྲས་མེད་པ། མནའ་གཟན་པ། སྙིང་རྗེ་མེད་པ། རྫུན་མ་འབའ་ཞིག་གོ། ཝ་ཡེ། ང་ཡི་གཡོག་ག་ན་ཡོད་དམ། ང་ལ་མྱོས་བྱེད་ཆང་ཕྲན་བུ་སྦྱིན་དང་། སྡུག་བསྔལ་འདི་ཚོས་ང་ནི་རྒ་བར་བྱེད་འདུག རོ་མེའོ་ནི་ངོ་ཚ་རྒྱུ་མེད་པ་ཞིག་གོ།
ཇུ་ལིཀྲི། ཉིད་ཀྱིས་ཁོང་ལ་དམའ་འབེབས་དེ་ལྟར་བྱེད་པའི་ཉེས་ལན་དུ་ཉིད་ཀྱི་ལྕེ་ལ་ཆུ་འབུར་དོན་པ་ཤོག ཁོང་སྐྱེས་པ་ནས་བཟུང་ངོ་ཚ་དགོས་པའི་ལས་ལས་མ་མྱོང་། ཁོང་གི་དཔྲལ་བ་ནི་ངོ་ཚ་སྡོད་སའི་གནས་མཡིན། དེ་ནི་སྲིད་འདིར་རྒྱལ་པོ་ཀུན་གྱི་བརྗིད་ཆགས་རྒྱལ་ཞྭ་གནས་ས་དེའོ། ང་ཡིས་ཁོང་ལ་གོང་དུ་དམའ་འབེབས་ཐལ་བར་རང་ཉིད་བློ་ཕམ་དུ་བྱོལ་སོང་ལྟ་བུར་མངོན་རྒྱུའོ།
མ་མ། རང་གི་སྤུན་ཟླའི་སྲོག་གཅོད་པོར་ཡང་ཁྱེད་ནི་ད་དུང་བསྟོད་ཅིང་ཡོད་དམ།
ཇུ་ལིཀྲི། འོ་ན་ང་ཡི་རང་གི་བཟའ་ཟླར་དམའ་འབེབས་བྱེད་དགོས་སམ། ཀྱེ། ང་ཡི་རྗེ་བོ། ཁྱེད་ཀྱི་ཆུ་ཚོད་གསུམ་རིང་གི་སྐུ་ཟླས་ཀྱང་ཁྱེད་ལ་འདི་ལྟར་མཚན་ཤས་བཟོས་ཚེ་སུ་ཞིག་ལས་ཁྱེད་ཀྱི་མཚན་སླར་གསོ་བྱ་རྒྱུའམ།
ཁྱེད་ཀྱིས་གང་ཞིག་དགོངས་ནས་ཡ་ང་མེད་པར་ང་ཡི་སྤུན་ཟླ་བཀྲོངས་གནང་མཛད་དམ། ཁྱེད་ཀྱིས་ཁོང་མ་བཀྲོངས་ན་ཁོང་གིས་བག་ཚ་མེད་པར་ཁྱེད་བཀྲོངས་ཀྱི་ཡོད་པ་མ་ཡིན་ནམ།
སྐུམས་ཤིག དགོས་མེད་ཀྱི་འཆི་མའི་ཆབ་རྒྱུན་ཕྱིར་བསྐུམས་ནས་དེ་ཡི་ཀ་མགོར་རང་ལོག་ཏུ་ཐོང་ཞིག མཆི་མའི་ཆབ་རྒྱུན་ནི་སྡུག་བསྔལ་གྱི་ལས་ལྷུང་བ་ཡིན་སྟབས་བདེ་བའི་རྐྱེན་ལའང་དེ་ལྟར་བགྱི་བའི་དགོས་པ་ནི་མ་མཆིས། ང་ཡི་ཟླ་བོ་ནི་གསོན་པོར་གནས། ཀྲི་བྷལཀྲི་ནི་འདས་ཟིན། དེ་མིན་ཁོང་གིས་ང་ཡི་ཟླ་བོ་གསོད་རྒྱུར་གདོན་མི་ཟའོ།
འདི་ནི་དགའ་བར་འོས་པའི་ལས་ཤིག་ཡིན་སྟབས་དེ་ལ་ངུ་དོན་ཅི་ཡོད། ཀྲི་བྷལཀྲི་ཡི་འདས་རྐྱེན་ལས་ཀྱང་མཐའ་ངན་པའི་རྐྱེན་གཞན་ཞིག་ལས་ང་ལ་སྲོག་དང་ཟློས་པའི་མནར་གཅོད་བྱེད་ཅིང་འདུག ང་ཡིས་དེ་དག་རྗེད་ཐབས་ཅི་ཙམ་བྱས་རུང་ཉེས་ཅན་པ་ནི་རང་གི་ཉེས་པར་ངོ་གནོང་བ་ལྟར་དེ་ནི་ང་ཡི་སྙིང་གར་ཟུག་བཞིན་པ་སྟེ། “ཀྲི་བྷལཀྲི་ནི་འདས། རོ་མེའོ་ནི་ས་མཐར་སྤྱུགས། ”ཞེས་པའི་གཏམ་ངན་དེའོ།
ང་ལ་ནི་“ས་མཐར་སྨྱུགས”ཞེས་པའི་ཐ་སྙ་འདི་ནི་ཀྲི་བྷལཀྲི་གྲངས་ཁྲི་གཅིག་གྲོངས་པ་ལྟ་བུའི་གདུང་བར་སྣང་། ཀྲིབྷལ་ཀྲི་ཡི་འདས་རྐྱེན་ཁོ་ནའང་མྱ་ངན་མི་ཆུང་བ་ཞིག་ཡིན་མོད། འོན་ཀྱང་སྡུག་བསྔལ་གཅིག་གི་རོགས་སུ་སྡུག་བསྔལ་གཞན་ཞིག་ཡིན་ཅིག་དགོས་པ་ཡོད་ཚེ“ཀྲི་བྷལཀྲི་འདས་ཟིན་”ཅེས་པའི་རོགས་སུ་ང་ཡི་ཡབ་གཅིག་གམ་ཡུམ་གཅིག་ཡང་ན་གཉིས་ཀར་བར་ཆད་བྱུང་ཞེས་བརྗོད་ནའང་འཇིག་རྟེན་ན་མི་སྲིད་སྲིད་པའི་སྡུག་བསྔལ་མ་ཡིན།
འོན་ཀྱང་ཀྲི་བྷལཀྲི་འདས་ཟིན་ཅེས་པའི་གཏམ་གྱི་དྲོད་མ་ཡལ་གོང་སླར་“རོ་མེའོ་ས་མཐར་སྤྱུགས”ཞེས་པ་ཐོས་སྐབས་གཏམ་ཚིག་གཅིག་པོ་དེ་ནི་ང་ཡི་ཡབ་ཡུམ། ཀྲི་བྷལཀྲི། རི་མེའོ་ཉིད། ཇུ་ལིཀྲི་བཅས་ཡོངས་སུ་མིང་གི་ལྷག་མ་ཙམ་དུ་གྱུར་བ་ལྟ་བུའི་སྡུག་བསྔལ་དུ་སྣང་། “རོ་མེའོ་ས་མཐར་སྤྱུགས”ཞེས་པའི་ཐ་སྙད་ནི་“ཤི་སྒྲ་”ཞིག་ཏུ་སྣང་། དེ་ནི་བརྗོད་ཡུལ་ལས་འདས་པའི་སྒྲ་ཞིག་གོ། ----མ་མ། ང་ཡི་ཡབ་ཡུམ་ཟུང་གང་ན་འདུག
མ་མ། ཀྲི་བྷལཀྲི་ཡི་སྐུ་ཕུང་གི་མདུན་ན་ཤུམ་བཞིན་འདུག ཁྱེད་ཁོང་གཉིས་ཀྱི་སྐུ་གམ་དུ་ཕེབས་འདོད་ན་བདག་གིས་ཁྱེད་དེ་རུ་གདན་དྲངས་པས་ཆོག
ཇུ་ལིཀྲི། འོ་ན་ཁོང་གི་རྨ་ཁ་ཁོང་རྣམ་གཉིས་ཀྱི་སྤྱན་ཆབ་ལས་འཁྲུ་བཞིན་ཡོད་པར་གདའ། རྣམ་གཉིས་ཀྱི་སྤྱན་ཆབ་སྐམ་པའི་མཚམས་ན་ང་ཡི་མཆི་མའི་ཆ་རྒྱུན་ལས་རོ་མེའོ་ས་མཐར་སྤྱུགས་པར་མྱ་ངན་ཞུ་རྒྱུའོ།
ཐག་པ་འདི་རྣམས་ཕར་ལ་སྐྱུར་ཅིག ཡ་ང་བའི་ཐག་པ་ཁྱོད་ཚོའང་ང་ལྟར་མགོ་སྐོར་དུ་ཚུད་འདུག ཅི་ཞེ་ན་རོ་མེའོ་ནི་འདི་ན་མེད་ཅིང་ས་མཐར་སྤྱུགས་ཟིན། ཁོང་གིས་ང་ཡི་མལ་ནང་མཁའ་ལམ་ཞིག་འཛུགས་པར་དགོངས། འོན་ཀྱང་ང་ནི་ཁྱོ་བོ་དང་མཉམ་གཤིབ་མ་མྱོང་བའི་ཡུག་སར་གྱུར་ཏོ།
ཐག་པ་ཤོག་ཅིག མ་མ་ཤོག་ཅིག ངེད་ཚོ་བག་སྙོལ་ལ་ཆས་དོ། ང་ཡི་ལང་ཚོ་གསར་པ་འདི་ཉིད་རོ་མེའོ་ལ་འབུལ་མ་ཐུབ་སྟབས་ད་ནི་འཆི་བ་མི་རྟག་པ་དང་མཉམ་ཉལ་བྱ་རྒྱུ་ལས་གཞན་མ་མཆིས།
མ་མ། ཁྱེད་གཟིམ་ཆུང་དུ་ཕྱིར་བྱོན་ཅིག བདག་གིས་རོ་མེའོ་ག་ལ་བ་དེར་བསྐྱོད་ནས་ཁྱེད་ཐུགས་ལྷོད་དུ་འཇུག་རྒྱུའོ། ཁོང་གང་ན་ཡོད་བདག་གིས་ཤེས། གསན་པར་རིགས་སོ། ཁྱེད་ཀྱི་རོ་མེའོ་དོ་ནུབ་འདིར་ཕེབས་རྒྱུའོ། ཁོང་ནི་ད་ལྟ་ཆོས་དཔོན་ལོ་རེནསེ་ཡི་གཟིམ་ཤག་ན་ཡོད་ཅིང་བདག་ནི་དེ་རུ་གསུང་ཞུ་བར་འགྲོ་རྒྱུའོ།
ཇུ་ལིཀྲི། ཨེ་མ། ཁོང་ད་ལྟ་བཞུགས་མུས་སམ། འོ་ན་ཉིད་ཀྱིས་སོར་གདུབ་འདི་བཞིན་ང་ཡི་དཔའ་བོའི་ཕྱག་རྩེར་སོན་པ་བྱས་ནས་ཁོང་ཡུལ་འདི་ལས་ཞལ་གྱེས་མ་མཛད་གོང་མཐའ་མའི་མཇལ་འཕྲད་དུ་འདི་ཕྱོགས་ཅིས་ནས་ཀྱང་ཞབས་སོར་འཁོད་ཐབས་ཞེས་ཞུ་བར་ཐོན་ཅིག
གར་སྟེགས་ལས་བཤོལ།
ལེའུ་གསུམ་པ།
ཆོས་དཔོན་ལོ་རེནསེ་ཡི་གྲྭ་ཤག་ཏུ།
ཆོས་དཔོན་ལོ་རེནསེ་གར་སྟེགས་ཐོག་ཐོན།
ཆོས་དཔོན་ལོ་རེནསེ། རོ་མེའོ། འཇིགས་སྐྲག་དང་ལྡན་པའི་མི་ཁྱོད། མར་དོན་ཤོག མར་དོན་ཤོག ཁྱོད་ཀྱི་བརྩེ་དུང་ནི་སྡུག་བསྔལ་འབའ་ཞིག་དང་། ཁྱོད་ནི་ཆག་སྒོར་གཉེན་སྒྲིག་བྱས་པར་རང་མ་ཡིན་ནམ།
རོ་མེའོ་ནང་སྦུག་མ་ལས་ཕྱིར་ཐོན།
རོ་མེའོ། ཆོས་དཔོན་མཆོག གཏམ་གསར་གང་ཞིག་འདུག་གམ། རྒྱལ་སྲས་ཀྱི་བཀའ་ཆད་ནི་ཇི་ལྟར་རམ། བདག་གིས་མ་ཤེས་པར་ལུས་པའི་སྡུག་བསྔལ་ད་དུང་གང་ཞིག་འདུག་གམ།
ཆོས་དཔོན་ལོ་རེནསེ། ང་ཡི་གཅེས་པའི་བུ་ཁྱོད་ལ་མ་ཤིས་པའི་རྐྱེན་དང་འཕྲད་རྒྱུ་མང་། ང་ཡིས་ཁྱོད་ལ་རྒྱལ་སྲས་ཀྱི་བཀའ་ཆོད་བརྡ་སྦྱོར་རྒྱུའོ།
རོ་མེའོ། སྲོག་གི་ཆད་པ་གཅོད་རྒྱུ་ལས་ཀྱང་ཡང་བའི་བཀའ་ཆད་གང་དང་གང་འདུག
ཆོས་དཔོན་ལོ་རེནསེ། བཀའ་ཆད་ཡང་ཙམ་ཞིག་ཁོང་གི་ཞལ་གྱི་མཆུ་སྒྲོས་ལས་ཐལ་བར་བྱས། མཐའ་དོན་དུ་སྲོག་ཐོག་ལས་ཐར་ཏེ་ས་མཐར་སྤྱུག་རྒྱུར་གཏན་ལ་ཕབ་པའོ།
རོ་མེའོ། ཀྱེ་ཧུད། ས་མཐར་སྤྱུག་རྒྱུ་ཞེས་ནི་བྱམས་སྙིང་དང་ལྡན་པའི་སྲོག་གི་ཆད་པ་རང་མ་ཡིན་ནམ། དེ་ནི་དོན་གྱི་དམ་པར་སྲོག་ཐོག་ཏུ་འགྲོ་རྒྱུ་ལས་ཀྱང་ཡ་ང་། ཉེས་པ་དེ་ལ“ས་མཐར་སྤྱུག་རྒྱུ་”ཞེས་བརྗོད་ན་མི་འཚམས།
ཆོས་དཔོན་ལོ་རེནསེ། དོན་དུ་ཁྱོད་ནི་ཝེ་རོ་ན་ལས་རྒྱང་འབུད་དུ་འགྲོ་རྒྱུ་ཙམ་ཉིད་དོ། བློ་སེམས་རྣལ་དུ་ཕོབ་ཅིག འཛམ་བུའི་གླིང་འདི་ནི་ཡངས་ཤིང་རྒྱ་ཆེ་བའི་གནས་ཤིག་གོ།
རོ་མེའོ། ཝེ་རོ་ནའི་ལྕགས་རིའི་ཕྱི་རོལ་ན་མུན་པའི་དམྱལ་ཁམས་གནས་པ་ཕུད་གཞན་གྱི་འཛམ་གླིང་ཞེས་ཡོད་མ་ཡིན། དེ་བས་ན་རྒྱང་འབུད་དུ་བརྫངས་ཞེས་པ་ནི་འཛམ་གླིང་ནས་ས་མཐར་སྤྱུགས་པ་རང་ཡིན་པ་སྟེ་དོན་དུ་སྲོག་གི་ཆད་པ་རང་ངོ་། དེ་བས་ན“ས་མཐར་སྤྱུག་”ཅེས་པ་ནི་རྣམ་པ་འགྱུར་བའི་སྲོག་གི་ཆད་པའོ། སྲོག་གི་ཆད་པར“ས་མཐར་སྤྱུག་”ཅེས་བརྗོད་པ་ན་དེ་ནི་སྐེ་བཅད་མ་ལེར་བྱུལ་བྱུལ་རང་མ་ཡིན་ནམ།
ཆོས་དཔོན་ལོ་རེནསེ། ཨེ་མ། ཁྱོད་ཀྱིས་སེལ་ཐབས་བྲལ་བའི་ཉེས་དམིགས་གསོག་བཞིན་འདུག ཁྲིམས་ལྟར་བཅད་ན་ཁྱོད་ཀྱི་ནག་ཉེས་ནི་སྲོག་ཐོག་ལོས་རུང་དྲིན་ཅན་རྒྱལ་སྲས་ཀྱིས་ཁྲིམས་ཀྱི་ཆད་པ་ལོགས་སུ་བསྐྱུར་ནས་“སྲོག་ཐོག་”ཅེས་པའི་ཡིག་ནག་“ས་མཐར་སྤྱུག་”ཅེས་པར་བཅོས་གནང་མཛད། འདི་ནི་བྱམས་སྙིང་ཡིན་པ་ཁྱོད་ཀྱིས་མི་འཚོར་རམ།
རོ་མེའོ། འདི་ནི་མནར་གཅོད་འབའ་ཞིག་ལས་བྱམས་སྙིང་མ་ཡིན། ཇུ་ལིཀྲི་འཚོ་ས་ནི་ལྷ་ཡུལ་ཡིན་ཅིང་། མདོར་ན་ཁོང་གི་ཁོ་ར་ཁོར་ཡུག་ཏུ་འཚོ་བའི་སྲོག་ཆགས་ཉམ་ཆུང་སྟེ་ཁྱི་ཞིམ་དང་བྱི་ལ་ལྟ་བུའང་ཁོང་དང་ལྷན་དུ་ཁོང་ལ་ཤ་ཚ་ཞིང་ལྷ་ཡུལ་འདི་ན་གནས།
འོན་ཀྱང་རོ་མེའོ་དེ་ན་ཡོད་མ་ཡིན། མདོར་ན་བུང་བ་དག་ཀྱང་རོ་མེའོ་ལས་ཀྱང་ཧམ་པ་ཆེ་མདོག་ཏུ་ཇུ་ལིཀྲི་དཀར་ཞིང་འཐམ་པའི་ཕྱག་སྟེང་བབས་ནས་ཁོང་གི་ཞལ་གྱི་མཆུ་སྒྲོས་ལས་བྱིན་རླབས་ཡང་དུ་ཞུ་བཞིན་ལགས། ཁོང་གི་ཞལ་མཆུ་དག་ཀྱང་གཞན་ལ་སྦྱོར་རྒྱུ་ནི་ཉེས་དམིགས་སུ་སྣང་སྟབས་རྒྱུན་པར་ངོ་ཚའི་དམར་མདངས་སུ་གནས། འོན་ཀྱང་རོ་མེའོ་ནི་དེ་ནི་མེད་ཅིང་ས་མཐར་གནས།
བུང་བའི་ཚོགས་ཀྱང་འདི་ལྟར་འཚོ་བཞིན་ཡོད་ནའང་བདག་ནི་ལྡོག་ཏུ་འདི་ལས་བྲལ་དགོས་པའི་གནས་སུ་གྱུར། ཁོ་ཚོ་ནི་རང་དབང་དང་བདག་ནི་རྒྱང་འབུད་དུ་གནས། གང་གིས་ས་མཐར་སྤྱུག་ཅེས་ནི་སྲོག་ཐོག་མ་ཡིན་ཅེས་ད་དུང་མི་གསུང་ངམ།
གལ་ཏེ་གང་གི་ཕྱག་སར་སྨན་སྦྱོར་ཟིན་པའི་དུག་གམ། རྣོ་བའི་སྤུ་གྲི། ཡང་ན་མགྱོགས་རྐྱེན་ལས་སྲོག་གཅོད་ཐབས་ཅི་རིགས་ཡོད་གྱུར་ན་དེ་ཚོ་ལས་བདག་གི་སྲོག་མ་བཅད་པར་རྒྱང་འབུད་ཀྱི་ཐབས་ལམ་ཁོ་ནར་བརྟེན་པའི་དགོས་པ་མཆིས་སམ།
ཨེ་མ། ཆོས་དཔོན་མཆོག འདི་ནི་མྱ་ངན་ནང་འཚོ་བའི་དམྱལ་བའི་ལས་མཁན་དག་ལས་སྨྲ་བའི་ཐ་སྙད་ཅིག་མ་ཡིན་ནམ། ཁྱེད་ནི་དམ་པའི་སློབ་དཔོན་ཞིག སྡིག་བཤགས་འབུལ་ཡུལ་ཞིག སྡིག་ཅན་སྐྱོབ་མཁན་ཞིག་ཡིན་རུང་། ཁྱེད་ཀྱི་སེམས་བཟང་དེ་གང་དུ་སོང་ངམ། ཁྱེད་ནི་བདག་གི་དད་རྟེན་དང་འགྲོགས་པའི་སྐྱེ་བོ་ཞིག་ཡིན་རུང་“ས་མཐར་སྤྱུག་”ཅེས་པའི་ཐ་སྙད་ལས་བདག་ལ་མནར་གཅོད་མཛད་དོན་ཅི་ལགས།
ཆོས་དཔོན་ལོ་རེནསེ། གླེན་པ་ཁོ་རེ། ང་ཡི་གཏམ་ཚིག་ཤས་འདི་ལ་རྣ་བ་ཉོན་ཅིག
རོ་མེའོ། ཨེ་མ། གང་གིས་སླར་རྒྱང་འབུད་སྐོར་གསུང་རྒྱུ་མ་ཡིན་ནམ།
ཆོས་དཔོན་ལོ་རེནསེ། ཐ་སྙད་དེ་དག་ཕ་རོལ་དུ་སྐྱུར་ཕྱིར་ང་ཡིས་ཉིད་ཀྱི་ལུས་པོར་ཁྲབ་ཅིག་གཡོག་རྒྱུའོ། ཁྲབ་དེ་ནི་ཉིད་ས་མཐར་སྤྱུག་རིང་སྐྱོ་རོགས་ཀྱི་ཟས་ཤིག གམ་མཚན་ཉིད་རིག་པ་དང་མཐུན་པའི་རྒྱུ་མཚན་ཞིག་གོ།
རོ་མེའོ། སླར་གསུང་རྒྱུ་ནི“ས་མཐར་སྤྱུག་”སྐོར་རང་མ་ཡིན་ནམ།མཚནཉིད་རིག་པ་གང་དུ་འགྲོ་ན་རྒྱུགས། འོ་ན་མཚན་ཉིད་རིག་པས་ཇུ་ལིཀྲི་ཞིག་གསར་བཟོ་ཐུབ་བམ། གྲོང་ཁྱེད་ཞིག་གནས་སྤོ་ཐུབ་བམ། ཡང་ན་རྒྱལ་སྲས་ཤིག་གི་བཀའ་ཆད་ལ་འགྱུར་ལྡོག་ཐུབ་བམ། དེ་ཡིས་ལོས་མི་ཐུབ།
དེར་བརྟེན་དེ་སྐོར་མ་མཐུད་དུ་མ་གསུངས་ན་ལེགས་གནས།
ཆོས་དཔོན་ལོ་རེནསེ། འོ་ན་སྨྱོན་པར་རྣ་བ་མེད་པ་ང་ཡིས་གཞི་ནས་ཚོར།
རོ་མེའོ། ཡོན་ཏན་ཅན་ལ་མིག་མེད་ན་སྨྱོན་པར་རྣ་བ་ལོས་ཡོད་མི་སྲིད། ཆོས་དཔོན་ལོ་རེནསེ། ཁྱོད་ཀྱི་གནས་བབ་སྐོར་ལ་ང་ཡིས་ད་དུང་ཁྱོད་དང་རྩོད་པ་བྱ་རྒྱུའོ།
རོ་མེའོ། གང་ལ་ཉམས་མྱོང་མེད་གྱུར་ན་གང་གིས་དེ་སྐོར་གསུང་ཐབས་ལོས་དབེན། གལ་ཏེ་མཆོག་ཉིད་ཀྱང་བདག་ལྟར་སྐུ་ན་ཕྲ་ཞིང་། ཇུ་ལིཀྲི་ནི་གང་གི་བརྩེ་དུང་ལ་སྣང་ཞིང་། གཉེན་སྒྲིག་གི་ཆོ་ག་ཟིན་ནས་ཆུ་ཚོད་གཅིག་གི་དུས་ལས་མ་འདའ་ཞིང་། ཀྲི་བྷལཀྲི་ཡི་སྲོག་བཅད་ཅིང་། བརྩེ་དུང་ལས་སྨྱོ་བ་ལྟར་མྱོས་ཤིང་། ས་མཐར་བདག་ཇི་བཞིན་དུ་སྤྱུགས་པར་ལྟོས་ཚེ། གང་གིས་དེ་སྐོར་གནད་ལ་འཕིགས་པར་གསུང་ཐུབ་རྒྱུར་སྨོས་ཅི། རང་གི་དབུ་སྐྲ་ལས་འཐེན་ཅིང་། བདག་ད་ལྟས་ཐོག་ཏུ་རང་ལ་དུར་ས་རྒྱ་ཁྱོན་ཇི་ཙམ་དགོས་མིན་ལ་འཕྲེད་ཉལ་དུ་ཚད་འཇལ་བཞིན་ཡོད་པ་ལྟར་མཛད་ངེས་ལགས།
རོ་མེའོ་ས་ཐོག་ཏུ་ཉལ། སྒོ་རྡུང་བཞིན་ཡོད་པ།
ཆོས་དཔོན་ལོ་རེནསེ། ཡར་ལོངས། སུ་ཞིག་སྒོ་ཁར་འཁོད་འདུག གཅེས་པའི་རོ་མེའོ། ཁྱོད་ཕ་རོལ་དུ་ཡིབ་པར་རྒྱུགས་ཤིག
རོ་མེའོ། བདག་ནི་མི་ཡིབ། གལ་ཏེ་བདག་ནི་སེམས་གཅོང་གི་དབུགས་རིང་ལས་སྨུག་པར་འཁྲིགས་ནས་གཞན་ལ་མ་མངོན་ཚེ་བདག་ལའང་ཐབས་མེད།
སྒོ་རྡུང་རྒྱུ་ཤུགས་ཆེར་གྲགས།
ཆོས་དཔོན་ལོ་རེནསེ། ཉོན་དང་། སྒོ་ཇི་འདྲ་མི་རྡུང་ངམ། སུ་ཞིག་གོ། ----ཝ་ཡེ། རོ་མེའོ། ཡར་ལོངས་ཤིག ཁྱོད་བཟུང་མི་སླེབས་སོང་།〔ཁོང་གིས་སྒོ་ཕྱིར་གསུང་བསྒྲགས།〕ཡུད་ཙམ་ངང་སྒུག་མཛོད་ཅིག 〔རོ་མེའོ་ལ།〕ཡར་ལོངས། ང་ཡི་ཆོས་ཁང་དུ་བྲོས་ཤིག 〔ཁོང་གིས་སླར་སྒོ་ཕྱིར་བསྒྲགས།〕འཕྲལ་མར་འོང་ངོ་། 〔རོ་མེའོ་ལ། 〕གནམ་བདག་མཁྱེན། གླེན་པ་འདི་འདྲ་ཅི་ཕྱིར་རམ། 〔སྒོ་ཕྱིར་གསུང་བསྒྲགས།〕ཡོང་བཞིན་པའོ། ཡོང་བཞིན་པའོ། 〔སྒོ་དེ་བས་ཤུགས་ཆེར་གྲགས།〕འདི་འདྲའི་སྒོ་ཤུགས་ཆེར་རྡུང་མཁན་སུ་ཞིག་གམ། ཁྱེད་གང་ནས་སམ། གང་གི་ཆེད་དུའམ།
མ་མ། 〔ཕྱི་ལས།〕སྔོན་ལ་སྒོ་མགྱོགས་པར་འབྱེད་གནང་མཛད་དང་། དེ་རྗེས་བདག་འདི་རུ་བཅར་དོན་ཞུས་པས་ཆོག བདག་ནི་སྲས་མོ་ཇུ་ལིཀྲི་ཡི་དྲུང་ནས་འོང་བར་ལགས།
ཆོས་དཔོན་ལོ་རེནསེ། 〔སྒོ་འབྱེད་བཞིན།〕འོ་ན་ཁྱོད་འབྱོར་བ་ལེགས་སོ།
མ་མ། 〔ནང་དུ་འཁོད་འཕྲལ། 〕ཀྱེ། ཆོས་དཔོན་དམ་པ། བདག་གི་སྲས་མོའི་རྗེ་བོ་གང་ན་ཡོད་དམ་གསུང་མཛོད། རོ་མེའོ་གང་ན་ཡོད་དམ།
ཆོས་དཔོན་ལོ་རེནསེ། ཕ་ན་ས་ཐོག་ན་འཕྲེད་ཉལ་དུ། མཆི་མའི་ཕྲེང་བ་ལས་མྱོས་ནས་མི་འདུག་གམ།
མ་མ། ཨེ་མ། ཁོང་ཡང་ཡོངས་སུ་ང་ཡི་སྲས་མོ་ལྟར་ཡིན་འདུག གཅིག་ལྟར་ཡ་ང་བའི་སེམས་གཅོང་དུ་གནས་འདུག སྲས་མོའང་ཤུམ་ཤུམ་མུར་འདྲེ་ལྡོག་སྐྱོན་བཞིན་གནས།
〔རོ་མེའོ་ལ། 〕ཡར་བཞེངས་ཤིག ཡར་བཞེངས་ཤིག ཕོ་ཁྱོ་ག་གཅིག་ལྟར་མཛོད་ཅིག ཇུ་ལིཀྲི་ཡི་ཆེད་དུ་ཡར་བཞེངས་ཤིག ཁྱེད་འདི་ལྟར་མྱ་ངན་ནང་སྨྲེ་ངག་ཏ་གནས་ནས་ཅི་བྱེད།
རོ་མེའོ། 〔ས་ལས་ལང་བཞིན།〕མ་མ།
མ་མ། ཀྱེ། རྗེ་བོ་མཆོག རང་སྲོག་དོར་རྒྱུ་ནི་ལས་ཀྱི་ཐ་དེའོ།
རོ་མེའོ། ཉིད་ཀྱིས་ཇུ་ལིཀྲི་ཡི་སྐོར་མ་བརྗོད་དམ། ཁོང་ཇི་འདྲ་འདུག
ཁོང་གིས་ང་ནི་མི་གསོད་པ་བྱང་མ་ཞིག་ལ་ངོས་འཛིན་མི་མཛད་དམ། ངོས་གཉིས་མཛའ་བའི་ཐོག་མ་ཉིད་དུ་གང་གི་ཁྲག་རྒྱུད་ཀྱང་འཆི་རྐྱེན་འདི་ནང་ལྷུངས་པར་བདག་ཡིད་གནོང་།
ཁོ་མོ་ཅག་གང་ནའོ། སྐུ་ཁམས་ཇི་འདྲ་འམ། ངེད་གཉིས་ཀྱི་གསང་བའི་བརྩེ་དུང་འདི་ལ་ང་ཡི་གསང་བའི་སྲས་མོས་གང་ཞིག་གསུང་འདུག
མ་མ། ཁོང་ནི་བཤུམ་བཞིན་གནས་པ་ལས་ངག་ལས་གང་ཡང་མི་གསུང་། རེ་ཞིག་གཟིམ་མལ་སྟེང་འདྲེ་ལྡོག་དུ་འཁོད། རེ་ཞིག་བཞེངས་མུར་གནས། རེ་ཞིག་ཀྲི་བྷལཀྲི་ཡི་མཚན་ལས་འབོད་ཅིང་བཤུམ། རེ་ཞིག་རོ་མེའོ་ཡི་མཚན་ལས་འབོད་ཅིང་བཤུམ། སླར་སྐུ་ལུས་ས་ཐོག་ཏུ་འཕངས།
རོ་མའོ། བདག་གི་ལག་ནོར་མ་ཉན་འདིས་ཇུ་ལིཀྲི་ཡི་སྐུ་མཆེད་ཀྱི་སྐུ་སྲོག་བཅད་པ་ཇི་བཞིན་དུ་བདག་གི་མིང་འདིས་ཀྱང་མེ་མདའ་ཞིག་གི་ཁ་ལས་མདེའུ་ཞིག་ཧོད་དུ་ཐོན་པ་ལྟར་ཇུ་ལིཀྲི་ཉིད་ཀྱང་རྨས། ཆོས་དཔོན་མཆོག བདག་གི་ལུས་པོའི་དཔྱ་གང་ཞིག་མ་རུང་ཡིན་འདུག་བདག་ལ་གསུངས་དང་། བདག་གིས་དེ་དག་ཚར་གཅོད་པར་བྱའོ།
ཁོ་ཡིས་རལ་གྲི་བཏོན་ནས་རང་སྲོག་གཅོད་པར་བརྩམས། འོན་ཀྱང་མ་མས་རལ་གྲི་ཚུར་འཕྲོག
ཆོས་དཔོན་ལོ་རེནསེ། ཁྱོད་ཀྱི་འཇིགས་སྐྲག་གི་ལག་དེ་ཙོག་གེར་སྡོད་ཅིག ཁྱོད་ནི་ཕོ་ཁྱོ་ག་ཞིག་ཡིན་ནམ། ཁྱོད་ཀྱི་དབྱིབས་ལ་དཔྱད་ན་ཡིན་འདྲ་རུང་། སྤྱོད་པར་དཔྱད་ན་བུད་མེད་ལྟར་མཆི་མའི་ཐིགས་ཕྲེང་ནང་གནས།
ཡང་གཅན་གཟན་ལྟར་གཏུམ་ཞིང་དྲག་པའི་བྱ་སྤྱོད་སྤེལ་བཞིན་གནས། ཁྱོད་ནི་སྐྱེས་པ་ཞིག་ཡིན་ལ་བུད་མེད་ཅིག་ཀྱང་ཡིན་འདུག གཉིས་ཀ་དུས་མཚུངས་སུ་ཡིན་པ་ནི་སྤྱད་སྨད་ཚང་ཞིག་མ་ཡིན་ནམ།
ཁྱོད་ཀྱིས་ང་ནི་ཧང་སངས་བར་བྱས་སོང་། ང་ཡིས་དད་པའི་ཆོས་ལུགས་ཚད་འཛུགས། ང་ཡིས་ཁྱོད་ནི་སྐྱེ་བོ་བཟང་པོ་ཞིག་ལ་མངོན་བཞིན་ཡོད།
ཁྱོད་ཀྱིས་ཀྲི་བྷལཀྲི་ཡི་སྲོག་བཅད་རྗེས་ད་དུང་རང་སྲོག་ཀྱང་གཅོད་པར་མི་རྩོམ་མམ། རང་སྲོག་གཅོད་པའི་ཤུགས་བསྟན་ལས་རང་གི་བཟའ་ཟླའི་སྲོག་ཀྱང་གཅོད་རྩིས་མ་ཡིན་ནམ།
ཁྱོད་ཀྱིས་རང་གི་སྲོག་དང་། ལྷ་ཡུལ། མི་ཡུལ་བཅས་ལ་འདི་ལྟར་ཞེ་ཁྲེལ་དོན་ཅི་ལགས། རང་གི་སྲོག་དང་། ལྷ་ཡུལ། མི་ཡུལ་བཅས་གསུམ་ཉིད་ཀྱི་ལུས་ལ་ཅིག་ཅར་དུ་འདུས་སྟབས་ཁྱོད་ལ་མི་ལུས་རིན་ཆེན་ཐོབ་པ་ཡིན་མོད། འོན་ཀྱང་ད་ཆ་དེ་དག་སྐད་ཅིག་ཏུ་སྣུབ་རྩིས་མ་ཡིན་ནམ། མཐུ་ཚ་ལེ། ཁྱོད་ལ་གཟུགས་དང་། བློ ། རིག་པ་བཅས་ཆ་ཚང་ཞིང་གཞན་ལ་སྨོན་མི་དགོས་པའི་ལུས་ཀྱི་ཕུང་པོ་ཞིག་ཡོད་མོད། འོན་ཀྱང་བློ་ཕམ་དུ་དེ་རྣམས་ཚུལ་མཐུན་དུ་སྤྱོད་མ་ཐུབ།
ཁྱོད་ཀྱི་བཀུར་བར་འོས་པའི་གཟུགས་ནི་སྐྱེ་བོ་མི་ཡི་མཚན་ཉིད་ལས་འདས་པའི་བཅོས་མའི་སོབ་ཙམ་དུ་སྣང་། ཁྱོད་ཀྱིས་མཛའ་བའི་སྙིང་སྡུག་གི་མདུན་དུ་དམ་དུ་བཅས་པའི་མནའ་ཚིག་རྣམས་ད་ཆ་དོར་ཟིན་ནས་ལྡོག་དུ་ཟླ་བོའི་སྐུ་སྲོག་གཅོད་པའི་མགྱོགས་རྐྱེན་དུའང་མ་གྱུར་ཏམ།
ཁྱོད་ཀྱི་རིག་པ་ནི་ཁྱོད་ཀྱི་གཟུགས་དང་བརྩེ་དུང་ལ་བཀོད་འདོམས་ཡིན་ཁུལ་རུང་དེ་ཡིས་ནུས་ལྡན་གྱི་བཀོད་འདོམས་ནི་མི་ཐུབ། དེ་ནི་དམག་མིའི་ལུས་ཐོག་ཏུ་བཅར་བའི་རྫས་ཁུག་ལྟར་དུ་ཐོག་མར་གཞན་ལ་ཕར་རྒོལ་གྱི་ཆེད་དུ་ཡིན་ནའང་ལྡོག་ཏུ་དེ་ཡིས་རང་ལུས་སྲེག་པ་ལྟ་བུའོ།།
དེ་འདྲ་མ་ཡིན་ནམ། ལོངས་ཤིག གཞོན་པ། ཉིད་ཀྱིས་ཇུ་ལིཀྲི་ཡི་ཆེད་དུ་ད་ལྟ་རང་སྲོག་དོར་བར་ཐལ་རུང་སྟབས་ལེགས་སུ་དེ་ཡི་སྐུ་ཆ་ནི་དེ་བས་གསལ་ཐང་ཡིན་པ་ད་ལྟ་རང་ཚོས་ཤེས་ཟིན་པ་ནི་ཉིད་ཀྱི་བདེ་བ་དང་པོ་དེའོ། སྒོས་སུ་ཀྲི་བྷལཀྲི་ཡིས་ཁྱོད་སྲོག་གཅོད་རྒྱུར་གདོན་མི་ཟ་རུང་སྟབས་ལེགས་སུ་ཁྱོད་ཀྱིས་ཁོ་ཡི་སྲོག་གཅོད་ཐུབ་པ་ནི་ཁྱོད་ཀྱི་བདེ་བ་གཉིས་པ་དེའོ།
བཀའ་ཁྲིམས་ལྟར་ན་ཁྱོད་ཀྱི་ཉེས་པ་ནི་སྲོག་ཐོག་རུང་མཐར་ཁྲིམས་ཉིད་ཉིད་ཀྱི་གྲོགས་སུ་གྱུར་ནས་ས་མཐར་སྤྱུག་རྒྱུར་གྱུར་པ་དེའང་ཁྱོད་ཀྱི་བདེ་བའོ། བགྲང་བས་མི་ལངས་པའི་ལམ་འགྲོ་ཁྱོད་ལ་སྟབས་ལེགས་སུ་ཡོང་དང་ཡོང་བཞིན་རུང་ཁྱོད་ནི་ཡིད་རྨོངས་ཀྱི་སྐྱེ་བོ་བུད་མེད་ཅིག་ལྟར་རང་གི་ལས་དང་བརྩེ་དུང་ལ་ངོ་ནག་ཅིང་གནས།
བློ་འཇགས་བྱོས་ཤིག བློ་འཇགས་བྱོས་ཤིག སྡུག་བསྔལ་ཏེ་འཆི་བ་མི་རྟག་པ་རྒྱབ་ཏུ་སྐྱུར་ཅིག ཡར་ལངས་ནས་སྔོན་རྩིས་ལྟར་ཉིད་ཀྱི་མཛའ་བའི་མི་དེའི་དྲུང་དུ་རྒྱུགས་ཤིག དེ་ཡི་བསྟི་གནས་སུ་འཛེགས་ནས་དེ་ལ་སེམས་གསོ་བྱོས་ཤིག འོན་ཀྱང་མཚན་མོའི་སྐོར་གཡེང་མ་འབྱོར་གོང་དེ་ལས་མ་ཐོན་ཚེ་མན་ཀྲུཨ་གྲོང་དུ་མི་ཐར་བའི་ཉེན་ཡང་སྲིད།
མན་ཀྲུཨ་གྲོང་ནི་ཉིད་ཀྱི་གནས་སྐབས་སྡོད་ཡུལ་དུ་བསྒྲགས་ཤིང་། དེའི་རིང་ངེད་ཚོས་འདི་རུ་ཁྱོད་ཀྱི་གཉེན་སྒྲིག་ཀུན་ལ་དྲིལ་དུ་སྒྲོག་རྒྱུས་མཚོན། གྲོགས་རྣམས་འགུག་ཐབས་དང་། རྒྱལ་སྲས་མཆོག་དགོངས་པ་དག་ཐབས་སོགས་ཤུགས་སུ་ལས་ནས་ཁྱོད་སྡུག་བསྔལ་ལས་མནར་ཞིང་ད་ལྟ་བསྐྱོད་རུང་བདེ་བར་ལྡབ་སྟོང་དུ་བསུ་བའི་སྟ་གོན་དུ་ཞུགས་པར་བྱའོ། མ་མ། ཉིད་སྔོན་ལ་བྱོན་ནས་ང་ཡི་ཚབ་ཏུ་ཉིད་ཀྱི་སྲས་མོར་འཚམས་འདྲི་ཞུ་གནང་དང་མཚུངས་པ་ཉིད་དུ་ཁྱིམ་ཡོངས་དུས་སྔ་ཙམ་ན་མལ་དུ་འཁོད་རྒྱུར་སྐུལ་མ་གྱིས་ཤིག ཁྱིམ་ཡོངས་གདུང་བ་བཟོད་དཀའ་བའི་དུས་འདི་ན་དེ་ནི་སྒྲུབ་པར་དཀའ་བའི་ལས་ཤིག་ལོས་མ་ཡིན། རོ་མེའོ་ནི་མི་རིང་བར་བཅར་རྒྱུའོ།
མ་མ། གནམ་བདག་མཁྱེན། གང་གི་བརྗིད་ཆེའི་སློབ་སྟོན་ཉན་བཞིན་ཉན་བཞིན་བདག་ནི་མཚན་གང་འདི་རུ་སྡོད་དགོས་ནའང་ཐུབ། བདག་གི་རྗེ་བོ་མཆོག བདག་གི་སྲས་མོར་གང་ཉིད་ཕེབས་རྒྱུ་ཡིན་ཅེས་གསོལ་བར་སྔོན་ལ་ཐོན་པར་བྱ།
རོ་མེའོ། ཡོངས་སུ་དེ་ལྟར་མཛོད་ཅིག ང་ཡི་མཛའ་བའི་ཟླ་བོར་ང་ལ་བཀའ་སྐྱོན་ཡོད་མཛོད་ཅེས་གསོལ་ཅིག
མ་མ། ཨ་ཙི། འདི་ན་སོར་གདུབ་གཅིག་ཡོད་པ་ཁོ་མོ་བཅག་ནས་ཁྱེད་ལ་འབུལ་ཆེད་དུ་བདག་ལ་བཀའ་མངགས་མཛད། ད་ནི་དུས་མི་སྔ། སྐུ་ཉིད་འཕྲལ་དུ་ཕེབས་གནང་ཞུ།
རོ་མེའོ། འདི་ཡིས་ང་ཡི་སྡུག་བསྔལ་བདེ་ལ་འཁོད་པར་བྱས་སོ།
ཆོས་དཔོན་ལོ་རེནསེ། ད་འོ་ན་ཁྱེད་ཐེགས་ཤིག མཚན་མོ་བདེ་ལེགས།
མ་མ་གར་སྟེགས་ལས་བཤོལ།
འདི་ལྟར་བྱས་ན་ཐབས་ལ་མི་མཁས་སམ། མཚན་མོའི་སྐོར་གཡེང་བྱ་རར་མ་འཁོད་གོང་ངམ། ཡང་ན་ཐོ་རེངས་ཀྱི་ཐུན་ན་ཆས་གོས་གཞན་ལས་བཀླུབས་ཏེ་མན་ཀྲུཨ་ལ་ཐོན་ན་འཚམས། ང་ཡིས་ཁྱོད་ཀྱི་གཡོག་ལ་བརྟེན་ནས་ཁྱོད་སྐོར་གཏམ་བཟང་ཐོན་རིགས་དེ་ཕྱོགས་མངགས་འཐུས། ང་ལ་སྐྱང་ལག་འཁྱེར་ཤོག ད་ནི་དུས་མི་སྔ། ག་ལེ་ཕེབས། མཚན་མོ་བདེ་ལེགས།
རོ་མེའོ། བདེ་བ་ལས་ཀྱང་གཟབ་པའི་བདེ་བ་འདི་འདྲ་ཞིག་བདག་ལ་མ་ཐོབ་ན་གང་གི་ཞལ་ལས་གྱེས་སྐབས་བདག་ཡིད་དེ་བས་གནོང་བཞིན་ཐོན་རྒྱུའོ། ག་ལེ་བཞུགས།
གར་སྟེགས་ལས་བཤོལ།
ལེའུ་བཞི་པ།
ཁ་པུ་ལེཀྲི་ཚང་ན།
ཁ་པུ་ལེཀྲི་རྗེ་བོ་དང་། ཁ་པུ་ལེཀྲི་ལྕམ། པ་རིསི་བཅས་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་རྗེ་བོ། ལྷ་སྲས་མཆོག ཉེ་བའི་མ་ཤིས་པའི་རྐྱེན་དག་ལས་བདག་ཚོས་བུ་མོར་དེ་སྐོར་སྐུལ་མ་བྱ་རྒྱུ་ཧ་ཅང་མི་བདེ། མོ་ནི་མོ་ཡི་སྤུན་མཆེད་ཀྲི་བྷལཀྲི་ལ་བདག་ཚོའང་བརྩེ་བ་ལྟར་དེ་བས་བརྩེ། འོན་ཏང་སྐྱེ་བོ་མི་ནི་མཐར་གཏུགས་འཆི་རྒྱུ་རང་ངོ་།
ད་ནི་དུས་མི་སྔ་སྟེ་མོའང་དོ་ནུབ་སྟེང་ནས་འདི་རུ་མི་འཁོད་རྒྱུར་ངེས། གལ་ཏེ་སྐུ་ཉིད་འདིར་ཞབས་སོར་མ་འཁོད་ཚེ་བདག་ཀྱང་ཆུ་ཚོད་གཅིག་ཙམ་གོང་ནས་མལ་དུ་འཁོད་ཟིན་རྒྱུའོ།
པ་རིསི། སྡུག་བསྔལ་གྱི་དུས་འདི་ན་བདེ་བ་བརྗོད་པའི་དུས་ནི་ལོས་མ་ཡིན། མཁྱེན་ལྡན་མར་མཚན་མོ་བདེ་ལེགས་ཞུ། གང་གིས་སྲས་མོར་བདག་གི་ཚབ་དུ་འཚམས་འདྲི་ཞུ་གནང་འཚལ།
ཁ་པུ་ལེཀྲི་ལྩམ། བདག་གིས་ཅིས་ཀྱང་དེ་དོན་ཞུས་ནས་ནངས་པར་སྔ་ཙམ་དུ་མོ་ཡི་བསམ་བློ་ཤེས་པ་ཞུས་འཐུས། དོ་ནུབ་མོ་ནི་སེམས་སྡུག་ཏུ་མལ་ཏུ་འཁོད་པར་ངེས།
པ་རིསི་ཐེགས་ཁར་ཁ་པུ་ལེཀྲི་རྗེ་བོས་ཕྱིར་ལོག་དགོས་རྒྱུར་གསུང་ཞུས།
ཁ་པུ་ལེཀྲི་རྗེ་བོ། ལྷ་སྲས་པ་རིསི་མཆོག བདག་གི་བུ་མོའི་འགྲོ་སྟངས་ཐད་བདག་གིས་ཐག་མི་ཆོད་པ་མི་སྲིད་དེ། བདག་གིས་བསམ་ན་མོ་ཡིས་བདག་གི་བློ་ལ་གྱེན་ལྡོག་མི་སྲིད་སྙམ། དེ་སྐོར་བདག་ནི་གདེང་ཚོད་དང་ལྡན། ང་ཡི་བཟའ་ཟླ། དོ་ནུབ་ཉིད་མལ་དུ་མ་འཁོད་གོང་བུ་མོའི་དྲུང་དུ་བྱོན་ནས་རང་རེའི་གོ་མག་པ་རིསི་ཡི་བརྩེ་དུང་མོ་ལ་བརྡ་སྦྱོར་མཛོད་ཅིག མོ་ཡིས་རང་གཉིས་ཀྱི་ཁ་ལ་ཉན་དགོས་རྒྱུར་སྐུལ་མ་མཛད་ནས་རེས་གཟའ་ལྷག་པར་----བཞུགས་ཨང་། ད་ཉིན་རེས་གཟའ་ཅི་ཞིག་གོ།
པ་རིསི། ཟླ་བའོ། རྗེ་བོ་མཆོག
ཁ་པུ་ལེཀྲི་རྗེ་བོ། འོ། རེས་གཟའ་ཟླ་བ། ཅི་དྲག ལྷག་པ་ནི་ཕྲན་བུ་ཉེ་འདུག ཕུར་བུར་ངེས་ན་འཚམས། འོ་ན་གཟའ་ཕུར་བུར་ཡིན་ནོ།
ཁྱེད་ཀྱིས་མོ་ལ་རེས་གཟའ་ཕུར་བུར་མོ་ནི་གུས་པར་འོས་པའི་ལྷ་སྲས་འདི་དང་གཉེན་སྒྲིག་གི་ཆོ་ག་སྤེལ་རྒྱུར་ངེས་ཞེས་བརྡ་སྦྱོར་ཡོད་པ་ཞུ།
ཁྱེད་སྐབས་དེར་ཐུགས་གྲ་འགྲིག་པ་འདུག་གམ། ཁྱེད་ཀྱིས་དགོངས་ན་དུས་ལ་གཏུགས་དྲག་མ་སོང་ངམ། རང་ཚོ་བགྱི་སྒོ་གྲ་རྒྱས་པོ་མི་མཛད་ཅིང་དགའ་ཉེ་གཅིག་གཉིས་མགྲོན་དུ་བསུས་པ་ཙམ་གྱིས་ཆོག ཁྱེད་ལ་ཞུ་ན་ཀྲི་བྷལཀྲི་ནི་ད་ལྟ་འདས་མ་ཐག་ཡིན་སྟབས་རང་ཚོས་དེ་ལ་སྣང་ཆུང་གྱིས་པར་གཞན་གྱིས་མངོན་སྲིད།
ཁོ་ནི་རང་ཚོའི་གཉེན་ཉེར་སོང་ཆོ་ག་གྲ་རྒྱས་ནི་ལོས་མི་བྱའོ། དེ་ལྟ་ན་རང་ཅག་གིས་གཉེན་ཉེ་ལྔ་དྲུག་ཙམ་གདན་དྲངས་ནས་དགའ་སྟོན་མཇུག་སྒྲིལ་བར་བྱ།〔པ་རིསི་ལ། 〕འོན་ཀྱང་ཁྱེད་ཀྱིས་དགོངས་ན་རེས་གཟའ་ཕུར་བུ་ནི་ཇི་འདྲ་འདུག་གམ།
པ་རི་སི། རྗེ་བོ་མཆོག རེས་གཟའ་ཕུར་བུ་ནི་ནངས་པར་ཡིན་ན་ཅི་མ་རུང་སྙམ།
ཁ་པུ་ལེཀྲི་རྗེ་བོ། ལེགས་སོ། བྱས་ན་སྐུ་ཉིད་ཆིབས་བསྒྱུར་བསྐྱངས་པས་ཆོག རེས་གཟའ་ཕུར་བུར་གཏན་ལ་ཕབ་པའོ། 〔ཁོང་གི་སྐུ་ཟླར།〕ཁྱེད་གཟིམ་མལ་དུ་དུ་མ་འཁོད་གོང་ཇུ་ལིཀྲི་ཡི་དྲུང་དུ་ཐེགས་ཁོ་མོ་དེ་ཉིན་གྱི་གཉེན་སྒྲིག་གི་སྟ་གོན་ལ་འཇུག་དགོས་རྒྱུར་མངགས་བྱ་མཛོད་ཅིག རྗེ་བོ་མཆོག ག་ལེ་ཕེབས།〔འཁོར་གཡོག་ལ། 〕ང་ཡི་གཟིམ་སྦུག་ལ་སྒྲོན་མེ་སྤོར་ཅིག གནམ་བདག་ཚད་འཛུགས། ད་ནི་དུས་ཧ་ཅང་ཕྱིས་ཤིང་ཡུད་ཙམ་ན་ཞོགས་པའི་སྔ་ཆའོ། མཚན་མོ་བདེ་ལེགས། གར་སྟེགས་ལས་བཤོལ།
ལེའུ་ལྔ་པ།
ཇུ་ལིཀྲི་ཡི་གཟིམ་སྦུག་ན།
རོ་མེའོ་དང་ཇུ་ལིཀྲི་ཡང་སྟེང་ན་ལངས།
ཇུ་ལིཀྲི། ད་ནི་ཁྱེད་ཐེགས་རྒྱུ་མ་ཡིན་ནམ། འོན་ཀྱང་ད་ལྟ་ཤར་བརྡ་གཏོང་མ་རན། རེ་ཞིག་གོང་ན་གང་གི་སྙན་དཀྲོག་མཁན་དེ་ནི་འུག་པ་ཡིན་པ་ལས་འདབ་ཆགས་འཇོལ་མོ་ནི་མ་ཡིན། དེ་ཡིས་མཚན་མོ་ཉེ་བའི་ལྗོན་ཤིང་སྟེང་ལས་སྲོལ་ལྟར་སྐད་སྒྲ་སྒྲོག་བཞིན་ཡོད། བདག་ལ་ཡིད་ཆེས་མཛོད་ཅིག་སྙིང་གི་ཟེའུ་འབྲུ། དེ་ནི་འདབ་ཆགས་འུག་པ་ཙམ་ཉིད་དོ།
རོ་མེའོ། དེ་ནི་འདབ་ཆགས་འཇོལ་མོ་སྟེ་ཤར་བརྡའི་ཕོ་ཉ་ཡིན་པ་ལས་བྱ་འུག་པ་ནི་མ་ཡིན་ནོ། གཟིགས་སུ་གསོལ། སྙིང་གི་ཟེའུ་འབྲུ། ཤར་ཕྱོགས་ཀྱི་ཆུ་འཛིན་གྱི་གསེང་ལས་འཕྲོ་བའི་འོད་ཟེར་དག་འུ་གཉིས་ལ་ཕྲག་དོག་ཏུ་ཇི་ལྟར་ཚང་ཚིང་དུ་མི་འཚེར་རམ། མཚན་གྱི་སྐར་བཀྲ་གཞིགས་ནས་ཉིན་མོའི་འོད་མདངས་རི་བོའི་རྩེ་མོ་ལས་མི་འཕྲོའམ། ད་ནི་བདག་འདི་ལས་གྱེས་ནས་གསོན་བྲལ་བྱེད་པ་ལས་འདི་མུར་གནས་ནས་འཆི་བྲལ་ནི་མི་བྱའོ།
ཇུ་ལིཀྲི། བདག་གིས་ཤེས་པ་ལྟར་ན་ཕ་རོལ་དུ་འཕྲོ་བའི་འོད་ནི་ཞོགས་པའི་ཤར་བརྡ་ལོས་མ་ཡིན། དེ་ནི་སྐར་མདའི་འོད་དེ་སྐུ་ཉིད་མན་ཀྲུཨ་གྲོང་དུ་ཕེབས་པའི་ཤུལ་ལམ་དུ་བཅར་བའི་ལམ་སྟོན་སྒྲོན་མེའོ། དེ་བས་ན་སྐུ་ཉིད་ད་ལྟ་ཕེབས་རན་མེད་ཅིང་རེ་ཞིག་བཞུགས་པས་འཐུས།
རོ་མེའོ། གང་གི་ཐུགས་དང་མཐུན་གྱུར་ན་བདག་ནི་སྐོར་གཡེང་པས་བཟུང་ནའང་བཟུང་། གསོད་ནའང་གསོད། དེ་ལ་བློ་འགྱོད་ཏིལ་ཙམ་མ་མཆིས། འོ་ན་བདག་གིས་ཀྱང་ཁྱེད་ལ་རམ་འདེགས་སུ་འདི་ལྟར་བརྗོད་པར་བྱ་སྟེ། ཕ་རོལ་གྱི་སྐར་མདངས་ནི་ཞོགས་པའི་ཤར་བརྡ་མིན་ཅིང་དེ་ནི་ཆུ་སིལ་ཟླ་བའི་འོད་མདངས་སོ།
ནམ་དགུང་ན་རང་གཉིས་ཀྱི་མགོ་ཐོག་ཏུ་གྲགས་པའི་འདབ་བྱའི་སྐད་གདངས་ནི་འཇོལ་མོ་མིན་ཅིང་འུག་པའོ། བདག་ནི་འདི་རུ་སྡོད་འདོད་པ་ལས་འགྲོ་བར་མི་འདོད། འཆི་བ་མི་རྟག་པ་ཁྱོད་ཤོག་དང་ང་ཡིས་ཁྱོད་ལ་བསུ་བའོ། ཅི་ཕྱིར་ཞེ་ན་དེ་ནི་ཇུ་ལིཀྲི་ཡི་ཐུགས་དང་མཐུན་པས་སོ། བདག་གི་སྙིང་གི་ཟེའུ་འབྲུས་དགོངས་ན་འདི་ལྟར་མི་ལེགས་སམ། འུ་གཉིས་འདི་ལྟར་མུར་ལྷན་དུ་བཞུགས་ཤིག་ད་ལྟ་ནི་ཉིན་མོ་ཤར་བ་ལས་མ་ཡིན་ནོ།
ཇུ་ལིཀྲི། ཤར་བརྡ་རང་ཡིན་འདུག ཤར་བརྡ་རང་ཡིན་འདུག ཁྱེད་འཕྲལ་དུ་འདི་ལས་ཞལ་གྱེས་ནས་ཐེགས་ཤིག རྣ་བར་འཚེར་བའི་སྐད་ཡན་ནི་འཇོལ་མོ་རང་གི་ཡིན་འདུག
སྐྱེ་བོ་འགའ་ལས་འཇོལ་མོའི་དབྱངས་ལ་སྙན་པའི་མགྲིན་ཁུངས་མང་ཞེས་བཤད། དེ་ནི་མི་བདེན་ཏེ། དེ་ཡི་དབྱངས་ལས་འུ་གཉིས་ཁ་ཕྲལ་བཞིན་འདུག ཡང་འགའ་ལས་མཛེས་པའི་འཇོལ་མོ་དང་ཉེས་པའི་སྦལ་བ་གཉིས་མིག་བརྗེ་རེས་བྱེད་ཅེས་བཤད། འོན་ཀྱང་ད་ལྟ་བདག་གི་ཤེས་པ་ལྟར་ན་དེ་གཉིས་ཀྱི་དབྱངས་ཀྱང་བརྗེད་ཟིན་འདུག ཅི་ཕྱིར་ཞེ་ན་མི་སྙན་པའི་འཇོལ་མོའི་དབྱངས་ལས་ངེད་གཉིས་གཅིག་ལག་གཅིག་ཏུ་འབྲེལ་བ་ཁ་ཕྲལ་བཞིན་འདུག
རྔོན་པ་སྔ་ལང་དགོས་པའི་གླུ་ལས་ཁྱེད་ཐེགས་དགོས་རྒྱུར་སྐུལ་མ་ཞུ། ཀྱེ། ད་ནི་འཕྲལ་དུ་ཐེགས་ཤིག ཞོགས་པའི་ཤར་བརྡ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་ལགས།
རོ་མེའོ། ཞོགས་པའི་སྣང་གསལ་ཇེ་གསལ་ཇེ་གསལ་དང་ཡིད་ཀྱི་གདུང་བ་ཇེ་ནག་ཇེ་ནག་ཏུ་འགྲོ་བཞིན་པའོ།
མ་མ་བྲེལ་བཞིན་གར་སྟེགས་ཐོག་ཐོན།
མ་མ། སྲས་མོའི་སྐུ་ཞབས།
ཇུ་ལིཀྲི། མ་མ། གང་ཞིག་འདུག
མ་མ། ཁྱེད་ཀྱི་ཡུམ་ཁྱེད་ཀྱི་གཟིམ་སྦུག་ཏུ་ཕེབས་བཞིན་འདུག ནམ་གསལ་བར་ཉེ། རིག་པ་གྲུང་ཙམ་མཛོད་ཅིག
མ་མ་གར་སྟེགས་ལས་བཤོལ།
ཇུ་ལིཀྲི། ཀྱེ། སྒེའུ་ཁུང་། ཁྱོད་ཀྱིས་ཕྱི་ཡི་ཉིན་མོའི་སྣང་གསལ་ནང་དུ་དྲངས་ནས་ནང་གི་ཚེ་སྲོག་ཕྱི་རུ་དྲོངས་ཤིག
རོ་མེའོ། ག་ལེ་བཞུགས། ག་ལེ་བཞུགས། ཁྱེད་ལ་མཆུ་ཞིག་སྦྱར་ནས་གཤམ་དུ་བྲོས།
རོ་མེའོ་ཐག་སྐས་ལས་གཤམ་དུ་བབས།
ཇུ་ལིཀྲི། བདག་གི་སྙིང་སྡུག བདག་གི་རྗེ་བོ། བདག་གི་ཟླ་བོ། བདག་གི་གྲོགས་པོ། འུ་གཉིས་འདི་ལྟར་འགྱེས་རྒྱུའམ། སྐར་མ་གཅིག་གི་དུས་ཀྱང་བདག་ལ་ལྟོས་ན་ཉིན་གྲངས་བགྲང་བས་མི་ལངས་པར་སྣང་ཞིང་། ཨེ་མ། འདི་ལྟར་གྲངས་སུ་བགྲངས་ན་ང་ཡི་རོ་མེའོ་ང་ཡི་པང་དུ་ཕྱིར་མ་ལོག་གོང་བགྲང་བྱ་ཇི་ཙམ་གྱི་དུས་འདའ་བར་མི་མངོན་ནམ།
རོ་མེའོ། 〔གཤམ་གྱི་སྐྱེད་མོས་ཚལ་ནང་ལས། 〕ག་ལེ་བཞུགས། བདག་གི་སྨོན་ཚིག་དང་བརྩེ་དུང་གང་གི་དྲུང་དུ་འཁྱོལ་ཐབས་སུ་གོ་སྐབས་ཏིལ་ཙམ་མི་ཤོར་བ་བྱ་རྒྱུའོ།
ཇུ་ལིཀྲི། ཨེ་མ། གང་གིས་དགོངས་ན་རང་གཉིས་ལ་སླར་མཇལ་བའི་དུས་ཤིག་འཆར་རྒྱུ་ཡོད་དམ།
རོ་མེའོ། དེ་ཐད་བདག་ལ་ཐེ་ཚོམ་མ་མཆིས། གདུང་བ་འདི་རྣམས་ཀྱི་རྐྱེན་ལས་མ་འོངས་པ་ན་བདེ་བ་རྣམས་དེ་བས་མངོན་གསལ་དུ་ཚོར་རྒྱུའོ།
ཇུ་ལིཀྲི། གནམ་བདག་མཁྱེན། བདག་གི་ཆག་སྒོ་ཞིག་གི་མདུན་ན་ལྷགས་པ་ལྟར་དུ་སྣང་། བདག་གི་འདྲེན་བྱེད་ཀྱི་ཡུལ་ལ་སྐྱོན་ཡོད་པའམ་གང་གི་སྣང་བརྙན་དངོས་འདི་ལྟར་རམ། བདག་གི་མིག་ལམ་དུ་འཆར་བ་ལྟར་ན་སྐུ་ཉིད་སྐུ་འདས་ཤིང་གཏིང་རིང་གི་གཤམ་ན་སྤུར་སྒམ་ཞིག་ནང་བཞུགས་པ་ལྟར་དུ་སྣང་།
རོ་མེའོ། བརྩེ་བའི་དགའ་མ་ཉིད་འདི་ལ་ཐུགས་ཡིད་ཆེས་སམ། འོ་ན་བདག་གི་འདྲེན་བྱེད་ལམ་དུའང་གང་ཉིད་དེ་ལྟར་དུ་སྣང་། སྐམ་པའི་སྡུག་བསྔལ་ལས་རང་གཉིས་ཀྱི་རློན་པའི་ཁྲག་རྣམས་འཐུང་བཞིན་གདའ། ག་ལེ་བཞུགས། ག་ལེ་བཞུགས།
རོ་མེའོ་གར་སྟེགས་ལས་བཤོལ།
ཇུ་ལིཀྲི། ཨེ་མ་ཧོ། ལས་དབང་ལྷ་མོ། ལས་དབང་ལྷ་མོ། འགྲོ་བ་མི་ཡིས་ཁྱེད་ནི་ཡིད་རྟོན་དུ་མི་རུང་བའི་བུད་མེད་ཅིག་ཡིན་པར་བཤད། གལ་ཏེ་ཁྱེད་ཉིད་དངོས་གནས་དེ་ལྟར་ཡིན་གྱུར་ན་ཡིད་རྟོན་དུ་རུང་བའི་སྐྱེས་པ་ཞིག་ཁྱེད་དང་འགྲོགས་པར་གྱུར་ཚེ་ཁྱེད་ཀྱིས་ཇི་ལྟར་མཛད་དམ། འོན་ཀྱང་ལས་དབང་ལྷ་མོ་ཁྱེད་ནི་ཡིད་རྟོན་དུ་མི་རུང་བ་ཞིག་རང་དུ་སྔར་མུས་གནས་པར་ཤོག དེའང་ཅི་ཞེ་ན་བདག་གི་ཁྱོ་བོ་ཉིད་སར་རིང་མོར་ཐུགས་ཉར་མ་མཛད་པར་བདག་སར་སྔ་ཙམ་ཕྱིར་ལོག་མཛད་ཕྱིར་དུའོ།
ཁ་པུ་ལེཀྲི་ལྕམ། 〔ཇུ་ལིཀྲི་ཡི་སྒོ་ཕྱི་ལས།〕ཝ་ཡེ། བུ་མོ། ཁྱོད་ལངས་ཚར་རམ།
ཇུ་ལིཀྲི། གསུང་མཛད་མཁན་སུའམ། ང་ཡི་ཡུམ་གཅིག་གམ། ཁོང་ནི་ད་དུང་ཡང་གཟིམ་རྒྱུའམ། ཞོགས་པའི་སྔ་ཆ་འདི་ཙམ་ནས་བཞེངས་ཚར་རམ། ཁྱེད་འདིར་བྱོན་དོན་ཐུན་མོང་མ་ཡིན་པའི་རྐྱེན་གང་ཞིག་གམ།
ཁ་པུ་ལིཀྲི་ལྕམ་གས་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་ལྕམ། ཅིའམ། ཁྱོད་ལ་ཅི་བྱས་སོང་ངམ། ཇུ་ལིཀྲི།
ཇུ་ལིཀྲི། ཡུམ་གཅིག བདག་ལུས་མི་བདེའོ།
ཁ་པུ་ལེཀྲིལྕམ། ད་དུང་ཡང་སྤུན་མཆེད་ཀྱི་འདས་རྐྱེན་ལ་མཆི་མའི་ཕྲེང་ཐག་མ་ཆོད་དམ། འོ་ན་ཁྱོད་ཀྱིས་ཁོ་ཡི་དུར་སའང་མཆི་མས་འཁྲུ་རྩིས་སམ། དེ་ལྟར་ཐུབ་པར་ལྟོས་ནའང་ཁྱོད་ཀྱིས་ཁོ་སླར་གསོན་པར་མི་ཐུབ།
དེ་ལས་ངུ་མཚམས་བཞག་ན་སྤམ། འོས་མཚམས་ཀྱི་སྡུག་བསྔལ་ནི་བརྩེ་དུང་གི་རང་རྟགས་སོ། འོན་ཀྱང་ཐལ་ཆེ་བའི་སྡུག་བསྔལ་ནི་ཤེས་བྱ་དམན་པའི་རྟགས་སོ།
ཇུ་ལིཀྲི། འོན་ཀྱང་སྡུག་བསྔལ་དེ་ལ་བདག་ངུ་རུ་འཇུག་གནང་ཞུ།
ཁ་པུ་ལེཀྲི་ལྕམ། འོ་ན་ཁྱོད་མུ་མཐུད་ངུ་ཤིག འོན་ཀྱང་ངུ་ཡུལ་གྱི་སྐྱེ་བོ་ནི་ཕྱིར་མི་ལོག་རྒྱུའོ།
ཇུ་ལིཀྲི། གོད་ཆགས་དེ་ལ་བསམས་ན་བདག་གིས་གྲོགས་པོ་དེ་ཡི་ཆེད་དུ་ངུ་རྒྱུ་ལས་གཞན་ཅི་མི་ཐུབ།
ཁ་པུ་ལེཀྲི་ལྕམ། བུ་མོ། ཁོང་གི་འདས་རྐྱེན་ལ་ད་ནི་ངུ་མི་དགོས། འོན་ཀྱང་ཁོང་ཁྲོ་སྐྱེ་དགོས་པ་ནི་དེ་ཡི་སྐུ་སྲོག་གཅོད་མཁན་གྱི་མི་ངན་དེ་ད་ལྟའང་གསོན་པོར་གནས་བཞིན་ནོ།
ཇུ་ལིཀྲི། མི་ངན་སུའམ། ཡུམ་གཅིག
ཁ་པུ་ལེཀྲི་ལྕམ། མི་ངན་ཁོ་རང་ངོ་། ཁོ་རོ་མེའོ་བྱ་བ་དེའོ།
ཇུ་ལིཀྲི། 〔ལོགས་སུ། 〕མི་ངན་དེ་ནི་དཔག་ཚད་དུ་མའི་ཕ་རོལ་དུ་ས་མཐར་སྤྱུགས་ཟིན། 〔ཡུམ་ལ།〕གནམ་བདག་གིས་ཁོ་ལ་དགོངས་པ་ཡང་བར་ཤོག བདག་ནི་ཁོ་ལ་བློ་སེམས་གཅིག་ཏུ་དགོངས་པ་ཡང་རྒྱུའོ། བདག་གིས་ཁོང་ལ་མྱ་ངན་འཁུར་བ་ཇི་བཞིན་སྐྱེས་པ་སུ་ཞིག་ལའང་མ་མྱོང་མོད།
ཁ་པུ་ལེཀྲི་ལྕམ། དེ་ནི་མི་གསོད་ལག་དམར་བ་ཁོ་ད་དུང་གསོན་པོར་གནས་པའི་རྐྱེན་ལས་སོ།
ཇུ་ལིཀྲི། དེ་རང་ངོ་། ཡུམ་གཅིག ཁོ་ནི་བདག་རང་གི་ལག་ཏུ་ཐེབས་པ་བྱ་རྒྱུའོ། བདག་གི་སྤུན་མཆེད་བཀྲོངས་པའི་དགྲ་ཤ་བདག་རང་ནས་ལེན་རྒྱུ་བྱུང་ན་ཅི་མ་རུང་།
ཁ་པུ་ལེཀྲི་ལྕམ། རང་ཚོས་ཅིས་ཀྱང་ཁོ་ལ་དགྲ་ཤ་ལེན་རྒྱུའོ། ཁྱོད་བློ་ལྷོད་ཅིག་རང་ཚོས་ངུས་པས་མི་ཕན། ང་ཡིས་ནམ་ཀྲུཨ་ལ་ཕོ་ཉ་ཆེད་དུ་མངགས་ཏེ་ཁོ་ཡི་སྡོད་གནས་རྩད་གཅོད་ཀྱིས་ཁྱད་དུ་འཕགས་པའི་རློན་ཞིག་ཁོ་ཡི་ཁ་ལ་བྱིན་ནས་ཁོ་པའང་ཀྲི་བྷལཀྲི་ག་ལ་བ་དེར་རྫོང་རྒྱུའོ། དེའི་ཚེ་ཁྱོད་ནི་བློ་ལྷོད་ངེས་ལགས།
ཇུ་ལིཀྲི། བདག་གི་ལག་ཏུ་རོ་མེའོ་མ་ཐེབས་བར་བདག་ནི་བློ་ལྷོད་ཐབས་བྲལ། བདག་ནི་སྤུན་ཟླའི་འཆི་རྐྱེན་ལ་བློ་སེམས་རབ་ཏུ་འཁྲུག
སྐྱེད་མ་མཆོག ཁྱེད་ཀྱིས་སྐྱེ་བོ་ཞིག་ལ་དུག་སྒྲུབ་རྒྱུར་བཀའ་མངགས་ཐུབ་གྱུར་ན་བདག་གིས་དེ་ལ་སྨན་སྦྱོར་གྱིས་རོ་མེའོ་ཡི་ཁ་ལ་བྱིན་ནས་ཁོ་པ་གཏི་མུག་གི་གཉིད་ལ་ཡུར་བ་བཟོ་མི་ཐུབ་པ་མེད།
ཨེ་མ། བདག་ནི་ཁོ་ཡི་མིང་ཙམ་ཐོས་རྒྱུ་ལས་གཟུགས་མཐོང་རྒྱུ་མེད་པར་བློ་ཕམ་ཤིན་ཏུ་ཆེ། བདག་ནི་སྤུན་ཟླའི་འདུ་ཤེས་ལ་བརྟེན་ནས་དེ་ཡི་སྐུ་སྲོག་གཅོད་མཁན་དེར་དགྲ་ཤ་ལེན་རྒྱུ་སྨོས་ཅིའོ།
ཁ་པུ་ལེཀྲི་ལྕམ། ཁྱོད་ཀྱིས་ཐབས་ལ་བརྩོན་ཅིག ང་ཡིས་མི་དེ་འདྲ་ཞིག་ཐབས་འཚོལ་བྱ་བར་བརྩོན་ནོ། ད་ནི་བུ་མོ། ང་ཡིས་ཉིད་ལ་གཏམ་སྙན་ཞིག་སྨྲ་བར་བྱའོ།
ཇུ་ལིཀྲི། ཡིད་རྨོངས་པའི་དུས་འདི་ན་གཏམ་སྙན་དེ་ནི་ཁ་ཚ་དགོས་གཏུགས་སུ་འབྱོར་བ་ལེགས་སོ། དེ་ནི་ཅི་ཞིག་གམ། བདག་གི་ཡུམ་གཅིག
ཁ་པུ་ལེཀྲི་ལྕམ། ལེགས་སོ། ལེགས་སོ། ཉིད་ཀྱིས་དྲིན་ཅན་ཡབ་ཀྱིས། བུ་མོ།
ཉིད་ཀྱིས་ཡིད་རྨོངས་སེལ་ཕྱིར་ཉིད་དམ་ཁོ་བོ་ཅིག་ཅར་དུ་ཡིད་ལའང་མ་འཆར་བའི་ཉིན་གཅིག་ལ་ཤིས་པའི་ལས་ཤིག་བརྩམ་རྒྱུར་ཐུགས་གཏན་ངེས་ཟིན།
ཇུ་ལིཀྲི། ཡུམ་གཅིག ཤིས་པའི་ཉིན་དེ་ནི་གང་ཙམ་ན་ཤར་རྒྱུའམ།
ཁ་པུ་ལེཀྲི་ལྕམ། མ་རི་ཡ་ཚད་འཛུགས། བུ་མོ། རེས་གཟའ་ཕུར་བུའི་ཞོགས་པའི་སྔ་ཆར་དཔའ་ཞིང་བརྟུལ་ཕོད། ལང་ཚོའི་བགྲང་བྱ་ཕྲ་བའི་མི་དྲག་སྟེ་ལྷ་སྲས་པ་རིསི་མཆོག་ནས་དམ་པ་པེ་ཀྲེར་གྱི་ཆོས་ཁང་དུ་ཤིས་པའི་ངང་ཉིད་དེ་ཡི་ཡིད་དུ་འོང་བའི་མདུན་ཐབས་སུ་མཛད་རྒྱུར་ངེས་སོ།
ཇུ་ལིཀྲི། མི་འགྲིག་སྟེ། དམ་པ་པེ་ཀྲེར་གྱི་ཆོས་ཁང་ལྟ་ཞོག་པེ་ཀྲེར་སྐུ་ངོ་མས་ཀྱང་བདག་ནི་དེ་ཡི་མདུན་ཐབས་སུ་བསུ་མི་ཐུབ། འདི་ལྟར་ཧོལ་རྒྱུགས་མཛད་ནས་ག་ལ་འགྲིག དེ་ཡིས་བདག་གི་བསམ་ཚུལ་ཙམ་མ་དཔྱད་གོང་བདག་ནི་དེ་ཡི་བག་མར་གྱུར་ཟིན་པ་ཞེས་སྲོལ་དུ་གྲགས་སམ། བདག་ནི་གཉེན་སྒྲིག་ལ་འཇུག་རྒྱུ་མིན་ཅེས་ཡུམ་མཆོག་ནས་བདག་གི་ཡབ་རྗེའི་སྙན་དུ་གསོལ་བར་མཛོད། གལ་ཏེ་འཇུག་པར་མཚོན་ནའང་དེ་ནི་པ་རིསི་མིན་གྱིས་རང་ཅག་དང་འཁོན་འགྲས་སུ་གྱུར་བའི་དགྲ་བོ་སྟེ་རོ་མེའོ་ཡིན་ཅེས་བདག་གིས་ཁ་ཚོན་བཅད་ནས་ཞུ་རྒྱུའོ། འདི་ནི་གཏམ་གསར་ངོ་མའོ།
ཁ་པུ་ལེཀྲི་ལྕམ། ཉིད་ཀྱི་ཡབ་ཕེབས་བཞིན་གདའ། ཁོང་གི་སྙན་ལ་ཉིད་རང་ལས་གསོན་ནས་ཅི་ཞིག་གསུང་འདུག་བརྟག་པ་གྱིས་ཤིག
ཁ་པུ་ལེཀྲི་རྗེ་བོ་དང་མ་མ་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་རྗེ་བོ། ཆུ་ཡི་ཟིལ་པ་ནི་འཆར་ཅན་ཉི་མ་ཁད་ལས་བཞུས་རྗེས་འབབ་སྲོལ་དུ་མཆིས། འོན་ཀྱང་ཁོ་བོའི་གཅེན་པོའི་བུ་ཡི་ཚེ་གཅིག་ལ་ཁད་ལས་བཞུས་སྐབས་མཆི་མའི་ཆུ་རྒྱུན་ཡང་འབབ་བཞིན་གདའ།
ཁྱོད་ལ་གང་བྱས་སོང་ངམ། བུ་མོ། ད་དུང་ཡང་ཆུ་ཐོར་འཇིམ་སྐུ་ལྟར་གནས་སམ། ད་དུང་ཡང་མཆི་མང་གཏོང་བཞིན་ནམ། དེའང་དྲག་ཆར་དུ་འབབ་བཞིན་ནམ།
ཉིད་ཀྱི་ལུས་ཀྱི་ཕུང་བོ་ཕྲ་མོ་འདི་བཞིན་གྲུའམ། མཚོ། རླུང་བུ་ལྟར་དུ་སྣང་། ཅི་ཞེ་ན་ཉིད་ཀྱི་འདྲེན་བྱེད་དབང་པོར་ང་ཡིས་རྒྱ་མཚོ་ཞེས་བརྗོད་རྒྱུ་སྟེ་དེ་ནི་མཚོ་འཁོར་དུ་འཁོར་ཞིང་ཉིད་ཀྱི་ལུས་པོ་ནི་དེ་ནང་གྲུ་ལྟར་གཡོ་བཞིན་ཡོད་པའི་རྐྱེན་ལས་སོ། ཉིད་ཀྱི་དབུགས་རིང་སྟེ་རླུང་བུ་ནི་མཆི་མ་དང་མཉམ་དུ་དྲག་ཏུ་འཁྲུག་ཅིང་། དེ་དག་ལྷིང་འཇགས་སུ་གནས་པའི་ཐབས་ལ་འཕྲལ་དུ་མ་བརྩོན་ན་ཉིད་ཀྱི་ལུས་ཀྱི་ཕུང་པོ་ནི་དྲག་ཆར་རླུང་འཚུབ་འདི་ནང་ནུབ་རྒྱུར་གོར་མ་ཆག ང་ཡི་ཟླ་བོས་དགོངས་ན་ཇི་འདྲའམ། རང་གཉིས་ཀྱི་འདུན་པ་མོ་ལ་གསུང་རྒྱུ་བྱུང་ངམ།
ཁ་པུ་ལེཀྲི་ལྕམ། བརྗོད་ཟིན། རྗེ་བོ་མཆོག འོན་ཀྱང་མོ་ཡིས་ཁྱེད་ལ་ཐུགས་ཆེ་ཞེས་ངག་ལས་གསོལ་བ་ལས་དོན་ལ་ནི་ཡེ་ནས་དང་བ་མི་སྟོན། མོ་ནི་མོ་ཡི་དུར་ས་དང་གཉེན་སྒྲིག་བྱེད་རྩིས་ཡོད་པར་སྣང་།
ཁ་པུ་ལེཀྲི་རྗེ་བོ། བཞུགས་ཨང་། ང་ལ་གསལ་བར་གསུངས་དང་། ང་ལ་གསལ་བར་གསུངས་དང་། ང་ཡི་ཟླ་བོ། མོ་ཡིས་ཇི་ལྟར་དང་བ་མི་སྟོན་ནམ། མོ་ཡིས་ངོས་གཉིས་ལ་ཐུགས་རྗེ་ཆེ་ཞེས་བརྗོད་པ་མ་ཡིན་ནམ། འདི་ནི་མོ་ཡིས་སྤོབས་པར་མི་སྣང་ངམ། དམན་གྱི་ཐ་གྲས་མོ་ལྟ་བུར་འདི་ལྟའི་མི་དྲག་ཅིག་རང་རེས་མདུན་ཐབས་སུ་བསུ་ཐུབ་པར་མོ་ཡིས་གཟི་བརྗིད་དུ་མི་མངོན་ནམ།
ཇུ་ལིཀྲི། བདག་གིས་དེ་ནི་གཟི་བརྗིད་ལ་མི་མངོན་རུང་ཐུགས་རྗེ་ཆེ་ཞེས་གསོལ་བར་བྱ། བདག་གིས་མ་ཞེན་པའི་ལས་ཤིག་ལ་ཇི་ལྟར་གཟི་བརྗིད་ལ་མངོན་ཐུབ་བམ།
འོན་ཀྱང་ཐུགས་རྗེ་ཞུ་དོན་ནི་གང་ཞིག་ལ་བདག་མི་ཞེན་རུང་དེ་ནི་ཡོངས་སུ་བཟོད་མེད་ཀྱི་ཤ་ཚ་ལས་མཛད་པས་སོ།
ཁ་པུ་ལེཀྲི་རྗེ་བོ། ཅི་ཟེར། ཅི་ཟེར། འདི་ནི་རྩོད་པའི་རྒྱུ་ཞིག་ལོས་ཡིན། བུ་མོ་མ་རབས་འདི་ལ་འདི་འདྲའི་གཏམ་མང་པོ་སྟེ། “གཟི་བརྗིད་ཡིན།”ཅེས་དང་“ཐུགས་རྗེ་མི་ཆེ།”ཞེས། ཡང་“ཐུགས་རྗེ་མི་ཆེ།”ཞེས་དང་། “བརྗིད་མི་ཆེ།”ཞེས་ཅིའམ།
ང་ལ་ཐུགས་རྗེ་མི་དགོས་ལ་གཟི་བརྗིད་ཀྱང་མི་དགོས། གང་ལྟར་ནའང་ཁྱོད་རེས་གཟའ་ཕུར་བུར་པུ་རིསི་མཆོག་དང་ལྷན་དུ་དམ་པ་པེ་ཀྲེར་གྱི་ཆོས་ཁང་དུ་འཇུག་རྒྱུའོ། གལ་ཏེ་ཁྱོད་ཀྱིས་ཡིན་ལུགས་ཚུལ་ལྡན་དུ་མ་བསྐྱོད་ན་ང་ཡིས་ཁྱོད་བཙོན་པ་རྫོང་བྱེད་ཀྱི་ཤིང་སྒྲོམ་ནང་བསྡགས་ནས་འཁྲིད་རྒྱུའོ། ཕར་ལ་རྒྱུགས་ཤིག ཤ་རོ་དྲི་ཀྱེ་ཁྱོད། སྤྲང་མོ་ཁྱོད། ཐལ་མདོག་ཁྱོད།
ཁ་པུ་ལེཀྲི་ལྕམ། 〔ཁོང་གི་སྐུ་ཟླར།〕མཐུ་ཚ་ལེ། མཐུ་ཚ་ལེ། ཁྱེད་སྨྱོ་འདུག་གམ།
ཇུ་ལེཀྲི། གཅེས་པའི་ཡབ་གཅིག བདག་གིས་པུས་མོའི་ལྷ་ང་ས་ལ་བཙུགས་ནས་གཏམ་ཚིག་གཅིག་གསོལ་རྒྱུ་ཡོད་པར་གང་གིས་གསན་པར་རིགས།
ཁ་པུ་ལེཀྲི་རྗེ་བོ། གནམ་བཏགས་རྒྱབ་ནས་ཤི་ཞིག སྤྲང་མོ་ཁ་ལ་མི་ཉན་པ་ཁྱོད། ང་ཡི་བརྗོད་དོན་སྙིང་པོ་ནི་ཁྱོད་རེས་གཟའ་ཕུར་བུར་ཅིས་ཀྱང་ཆོས་ཁང་དུ་འབྱོར་བ་གྱིས་ཤིག དེ་ལྟར་མ་བྱས་ཚེ་ཕ་བུའི་འབྲེལ་བ་ཡོངས་སུ་འདོར་རྒྱུའོ།
ཁྱོད་ད་ནི་ང་ལ་ཁ་མ་གྲག་ཅིག གཏམ་ལན་ཡང་འཇལ་བར་མ་རྩོམ་ཞིག ང་ཡི་ལག་པ་ཟ་ཕྲུག་ལང་བཞིན་འདུག ཝ་ཡེ། ང་ཡི་བཟའ་ཟླ། རང་ཅག་གིས་ད་བར་གནམ་བདག་ལས་ངེད་གཉིས་ལ་བུ་མོ་གཅིག་པུ་འདི་པ་བསྩལ་བར་དགའ་སྣང་རུང་ད་ནི་ང་ཡིས་བསམས་ན་གཅིག་པུ་འདིའང་མང་སྐྱོན་ཏེ་མེད་ན་ཅི་མ་རུང་སྙམ། ཕན་མ་ཐོགས་ཕར་བུད་ཅིག
མ་མ། ལྷ་ཡུལ་ན་བཞུགས་པའི་གནམ་བདག་ལས་མོ་སྐྱོབས་མཛོད། ཁྱེད་ཀྱིས་དེ་ལྟའི་བཀའ་བགྱོན་གནང་ཐབས་ནི་ཐལ་ཆེ་རང་དྲག རྗེ་བོ་མཆོག
ཁ་པུ་ལེཀྲི་རྗེ་བོ། ཅི་ཕྱིར་རམ། ཤེས་བྱ་ཀུན་ལྡན་གྱི་དམན་ཁྱོད། ཁ་ཚུམས། དེ་ལས་ཁྱོད་རྒྱུན་པར་སྒྲོག་པའི་ཀུ་ཅོར་སྐྱོད་ཅིག
མ་མ། བདག་གིས་མ་རུང་བའི་གཏམ་གང་ཞིག་ཀྱང་སྨྲས་པ་མེད།
ཁ་པུ་ལེཀྲི་རྗེ་བོ། གནམ་བདག་མཁྱེན། ཁྱོད་རེ་ཞིག་གནས་གཞན་ཞིག་ཏུ་སོང་ཞིག
མ་མ། བདག་ནི་གཏམ་བཤད་མི་ཆོག་གམ།
ཁ་པུ་ལེཀྲི་རྗེ་བོ། ཁ་ཚུམས། ལྐུག་མ། ཁྱོད་ཀྱི་གཏམ་རྣམས་ལྟོག་ཅོར་རྒྱག་ཡུལ་དུ་ཤོད་པར་རྒྱུགས་ཤིག འདི་རུ་ནི་དེ་ཚོའི་དགོས་པ་མེད།
ཁ་པུ་ལེཀྲི་ལྕམ། ཁྱེད་རབ་ཏུ་ཁྲོས་འདུག
ཁ་པུ་ལེཀྲི་རྗེ་བོ། གནམ་བདག་གི་ཞལ་ཟས་ཚད་འཛུགས། ང་ནི་སྨྱོ་རུ་འཇུག་འདུག
ང་ནི་ཉིན་མཚན་ལྟོས་མེད། ལས་དོན་ནམ་རྩེད་འཇོ། ཁེར་རྐྱང་ངམ་མཉམ་སྡེབ་གང་གི་དུས་སུའང་མོ་ཡི་མདུན་ཐབས་ཐད་མནོ་བསམ་གཏོང་བཞིན་ལགས། ད་ཆ་ནི་སྐྱེས་ས་རིགས་རུས་མཐོ་བ།
སྟོབས་དང་འབྱོར་བ་ལྡན་པ། ན་ཚོད་ཕྲ་ཞིང་ཡ་རབས་ཀྱི་ཀུན་སྤྱོད་ལྡན་པ། ཀུན་གྱིས་གཞན་འགྲན་མ་མཆིས་པར་བསྟོད་པའི་མི་དྲག་འདི་ལྟ་ཞིག་མདུན་ཐབས་སུ་བསུ་ཐུབ་རུང་། རྨོངས་པ་འདི་ཡིས་འདི་ལྟའི་ལམ་འགྲོར་བསམ་ཤེས་ལྟ་ཞོག་ལྡོག་ཏུ། “ང་ནི་གཉེན་སྒྲིག་མི་བྱ། ང་ནི་བརྩེ་དུང་མི་བྱ། ང་ནི་ལོ་ན་ཕྲ། དགོངས་པ་མ་འཚོམས།”ཞེས་གང་བྱུང་དུ་གཏམ་ལན་སྨྲ་ཞིང་སྨྲ་བར་གནས།
ཁྱོད་ཀྱིས་ད་ཐེངས་ཀྱི་གཉེན་སྒྲིག་འདི་ལ་ཁས་མི་ལེན་ན་དེ་རང་བྱོས་ཤིག འོན་ཀྱང་སླད་གང་དུ་ཟས་ཐབས་སུ་ཐུབ་རུང་དེ་རུ་འགྲོ་རྒྱུ་ལས་ང་དང་མཉམ་དུ་ཁྱིམ་གཅིག་ཏུ་ནས་ཐབས་ནི་ཡེ་ནས་བྲལ། ཁྱོད་ཀྱིས་ལེགས་པར་བསམ་བློ་ཐོང་ཞིག ང་ཡིས་བརྗོད་པ་ནི་ཁ་ཙམ་མ་ཡིན།
རེས་གཟའ་ཕུར་བུ་སླེབས་ཉེར་གནས། ཁྱོད་ཀྱིས་སྡུག་སྙིང་སྙིང་ཤུབས་སུ་བཅུག་ནས་བསམ་བློ་ཐོང་ཞིག ཁྱོད་ནི་ང་ཡི་བུ་མོ་ཡིན་སྟབས་ང་ཡི་གྲོགས་པོར་མནའ་མར་རྫོང་རྒྱུར་ངེས་པའོ། འོན་ཀྱང་ཁྱོད་ནི་ང་ཡི་བུ་མོ་བྱེད་པར་མ་འདོད་ཚེ་མ་འོངས་པ་ན་ཁྱོད་གནམ་བཏགས་སུ་འཁོད་ཀྱི་ཡོད་ནའང་འདྲ། སྤྲང་ལ་གྱར་གྱི་ཡོད་ནའང་འདྲ། བཀྲེས་ལྟོགས་ལས་མནར་གྱི་ཡོད་ནའང་འདྲ། ཁྲོམ་གཞུང་དུ་འཆི་ཡི་ཡོད་ནའང་འདྲ། ང་ནི་སྲོག་ཚད་འཛུགས་ཁྱོད་ལ་ཡ་མི་བྱའོ།
ང་ཡི་ཁ་དབང་ཡང་ཁྱོད་ལ་མི་བདག དེ་ལ་ཁྱོད་ནས་ཡིད་ཆེས་ཀྱིས་བསམ་བློ་ཐོང་ཞིག ང་ནི་དེ་ལྟར་བྱ་རྒྱུར་བློ་བཅད་ཟིན།
ཁ་པུ་ལེཀྲི་རྗེ་བོ་གར་སྟེགས་ལས་བཤོལ།
ཇུ་ལིཀྲི། ལྷ་ཡུལ་ནི་སྤྲིན་གསེབ་ཏུ་ཡོད་སྟབས་དེ་ཡིས་བདག་གི་སྡུག་བསྔལ་གྱི་མཐིལ་མཐོང་རྒྱུར་བདག་ལ་སྙིང་རྗེ་སྐྱེ་ཡི་མེད་པ་ཡིན་ནམ།
ཨེ་མ། བདག་གི་གཅེས་པའི་ཡུམ་གཅིག བདག་ཕྱིར་འབུད་མ་མཛོད་ཅིག ད་ཐེངས་ཀྱི་གཉེན་སྒྲིག་ཟླ་གཅིག་གམ་ཐ་ན་གཟའ་འཁོར་གཅིག་འགྱངས་ན་མི་འཐུས་སམ། དེའང་མི་འགྲིགས་ན་གཉེན་སྒྲིག་འདི་ཡི་བག་སྙོལ་གྱི་ཆོ་ག་ནི་ཀྲི་བྷལཀྲི་ག་ལ་བ་དེར་མཛོད་ཅིག
ཁ་པུ་ལེཀྲི་ལྕམ། ང་ལ་གང་ཡང་མ་རྗོད་ཅིག ང་ཡིས་ཉིད་ལ་སྨྲ་དགོས་པའི་གཏམ་གང་ཡང་མེད། ཁྱེད་ཀྱིས་འདོད་བློ་ལྟར་བྱོས་ཤིག ང་ཡིས་ཁྱོད་ལ་བྱེད་ཐུབ་ངེས་བྱས་ཟིན་པའོ།
ཁ་པུ་ལེཀྲི་ལྕམ་གར་སྟེགས་ལས་བཤོལ།
ཇུ་ལིཀྲི། ཀྱེ། གནམ་བདག ཀྱེ། མ་མ། འདི་ལ་འགོག་ཐབས་ཤིག་ཡོད་དམ། ང་ཡི་ཟླ་བོ་ནི་ད་ལྟ་མི་ཡུལ་དུ་གསོན་པོར་གནས་བཞིན་པའོ། འོན་ཀྱང་ངེད་གཉིས་ཀྱི་གཉེན་སྒྲིག་གི་དམ་བཅའ་ནི་ལྷ་ཡི་སྙན་དུ་འཁྱོལ་ཟིན། གལ་ཏེ་དམ་བཅའ་དེ་དག་ལྷ་ཡུལ་ནས་མི་ཡུལ་དུ་ཕྱིར་ལོག་དགོས་ན་ང་ཡི་བཟའ་ཟླ་མི་ཡུལ་རྒྱབ་ཏུ་བསྐྱུར་ནས་ལྷ་ཡུལ་དུ་བསྐྱོད་ནས་དེ་དག་ཕྱིར་ལོག་བརྫངས་ན་ལས་ཐབས་གཞན་མ་མཆིས།
ང་ལ་བདེ་བ་སྦྱིན་དང་། ང་ལ་གྲོས་སྦྱིན་དང་། འོན་ཀྱང་ལྷ་ཡུལ་ཡང་ཉམ་ཆུང་ང་ལྟ་བུར་སྡུག་སྟེར་བར་ཞེན། ཁྱོད་ཀྱིས་གྲོས་ཤིག་ཐོན་དང་། ཁྱོད་ལ་བདེ་བ་དང་ལྡན་པའི་གྲོས་ཚིག་གཅིག་འདོན་རྒྱུ་མེད་པ་ཡིན་ནམ། ང་ལ་སྐད་ཅིག་གི་བདེ་བ་སྦྱིན་དང་མ་མ།
མ་མ། གྲོས་འདི་ན་ཡོད། རོ་མེའོ་ནི་ས་མཐར་སྤྱུགས་ཟིན་སྟབས་ཁོ་གསང་ཐབས་སུ་ཁྱེད་སར་བཅར་ཕོད་ནས་མངོན་གསལ་དུ་འཁོད་ནས་ཁྱེད་དང་མུ་མཐུད་འཚོ་ཐབས་ཀྱི་རེ་བ་ནི་འདོན་པར་མི་འཚམས། དེ་ནི་ང་ཡིས་འཛམ་གླིང་ཚད་དུ་བཙུགས་ནས་ཁས་ལེན་ཐུབ།
དེ་བས་ན་ད་ལྟའི་གནས་བབ་བརྟགས་ཤིང་དཔྱད་ན། ཁྱེད་དང་ལྷ་སྲས་གཉིས་འགྲིགས་ན་རབ་ཏུ་སྣང་། ཨེ་མ། ཁོང་ནི་ཕུལ་བྱུང་གི་མི་དྲག་ཅིག་གོ། རོ་མེའོ་ནི་ཁོང་དང་བསྡུར་ན་ཐབ་ཕྱིས་ཙམ་མོ། པ་རིསི་ཡི་ལྗང་ཞིང་གྲུང་བའི་སྤྱན་མིག་དེ་འདྲ་ནི་བྱ་རྒྱལ་རྒོད་ལའང་ཡོད་མ་ཡིན། སྲས་མོའི་སྐུ་ཞབས། ང་ཡི་སེམས་ལ་དམའ་འབེབས་མཛོད་ཅིག
བདག་གིས་བསམས་ན་ཁྱེད་ཀྱིས་སྐུ་ཟླ་གཉིས་པ་ནི་དང་པོ་ལས་ཀྱང་ལྷག གལ་ཏེ་མི་ལྷག་ན་དང་པོ་དེ་འཚོ་ཞིང་གནས་ནའང་ཁྱེད་ལ་ཕན་པ་མེད་སྟབས་བེམ་པོ་རོ་དང་དབྱེ་བ་ཅི་ཡོད།
ཇུ་ལིཀྲི། ཉིད་ཀྱིས་བརྗོད་པ་རྣམས་སེམས་གཏིང་གི་གཏམ་ཡིན་ནམ།
མ་མ། སེམས་ཙམ་དུ་མ་ཟད་བླ་སྲོག་གི་གཏིང་ནས་ཀྱང་བརྗོད་པའོ། གལ་ཏེ་དེ་ལྟར་མི་བདེན་ན་སེམས་དང་བླ་སྲོག་གཉིས་ཀར་དམའ་འབེབས་མཛོད་ཅིག
ཇུ་ལིཀྲི། དམའ་འབེབས་བྱ་རྒྱུ་ཉག་གཅིག་གོ།
མ་མ། ཅི་གསུངས་སམ།
ཇུ་ལིཀྲི། ལེགས་སོ། ཉིད་ཀྱིས་ང་ལ་བདེ་བ་ཚད་མེད་བྱིན་བྱུང་། ད་ནི་ཉིད་ང་ཡི་ཡུམ་གྱི་དྲུང་དུ་ང་ནི་ཆོས་དཔོན་ལོ་རེན་སེ་ཡི་སྐུ་གམ་དུ་ཡབ་ཀྱི་ཐུགས་དཀྲུགས་པར་མཐོལ་བཤགས་འབུལ་བར་སོང་ཞེས་ཞུ་བར་རྒྱུགས་ཤིག
མ་མ། མ་རི་ཡ་ཚད་འཛུགས། བདག་གིས་ངེས་པར་དུ་འགྲོ་འཐུས། གང་གི་མཛད་པ་འདི་ནི་ལེགས་འདུག
མ་མ་གར་སྟེགས་ལས་བཤོལ།
ཇུ་ལིཀྲི། འདྲེ་མོ་རྒས་མོ་ཁྱོད། འདྲེ་མོ་བསམ་གནག་ཁྱོད། སྐབས་ཤིག་ན་ང་ཡི་རྗེ་བོ་ནི་འགྲན་ཟླ་བྲལ་ཞེས་བསྟོད་པ་སྟོང་ཕྲག་བྱེད་མྱོང་བའི་ལྕེ་རྩེ་དེ་རང་ལས་ད་ལྟ་ཁོང་ལ་དམའ་འབེབས་ཀྱིས་ངེད་གཉིས་དབར་གྱི་དམ་བཅའ་ཡང་དོར་དགོས་ཞེས་བརྗོད་རྒྱུ་ནི་ཉེས་དམིགས་ཚད་མེད་ཅིག་མ་ཡིན་ནམ། ད་ནི་ཕར་རྒྱུགས་ཤིག་ང་ཡི་བློ་འདྲི་ཡུལ་ཁྱོད། སླད་ང་ཡིས་ཁྱོད་ལ་ནང་གནས་མི་བརྗོད་རྒྱུའོ། ང་ནི་ད་ལྟའི་ཆོས་དཔོན་མཆོག་གི་དྲུང་དུ་གསོལ་སྨན་ཞུ་བར་འགྲོ། ང་ཡི་བྱ་བ་མཐའ་དག་ལམ་དུ་མ་ལྷོངས་རུང་རང་སྲོག་དོར་བའི་མཐུ་ནུས་ནི་ཏ་ལྟའང་ང་ལ་ཡོད་རྒྱུར་གོར་མ་ཆག
ཇུ་ལིཀྲི་གར་སྟེགས་ལས་བཤོལ།
འཁྲབ་སྟོན་བཞི་པ།
ལེའུ་དང་པོ།
ཆོས་དཔོན་ལོ་རེནསེ་ཡི་གྲྭ་ཤག་ན།
ཆོས་དཔོན་ལོ་རེནསེ་དང་པ་རིསི་གར་སྟེགས་ཐོག་ཐོན།
ཆོས་དཔོན་ལོ་རེནསེ། རེ་གཟའ་ཕུར་བུ་ཞེས་གསུང་ངམ། མི་རྗེ་མཆོག་འོ་ན་དུས་ལ་གཏུགས་ཟིན་འདུག
པ་རིསི། ང་ཡི་ཕ་སྟེ་ཁ་པུ་ལེཀྲི་རྗེ་བོ་ནས་དེ་ལྟར་གསུངས་འདུག ང་ལ་ནི་འགྱངས་བྱེད་པའི་རྒྱུ་མཚན་གང་ཡང་ཡོད་མ་ཡིན།
ཆོས་དཔོན་ལོ་རེནསེ། འདི་ཐད་སྲས་མོའི་ཐུགས་འདུན་ནི་ཁྱེད་ནས་མི་ཚོར་ཞེས་གསུངས་ཤིང་། དེ་ལྟར་ན་བྱ་བ་འདི་ནི་དྲང་བདེན་དུ་མི་སྣང་། ང་ནི་བྱ་བ་འདི་རིགས་ལ་མི་ཞེན་ནོ།
པ་རིསི། ཁོང་ནི་གཡོ་མེད་དུ་ཀྲི་བྷལཀྲི་ཡི་འདས་རྐྱེན་ལ་ཤུམ་བཞིན་གནས་སྟབས་བརྩེ་དུང་གི་ལྷ་མོ་ཝེ་ནུསི་ནི་མཆི་མ་གཏོང་མཁན་མི་མཉེས། དེར་བརྟེན་ང་ཡིས་བརྩེ་དུང་སྐོར་ཁོང་ལ་རགས་པ་ལས་ཞུ་མ་ཐུབ། དེ་ལྟར། ཆོས་དཔོན་མཆོག ཁོང་གི་ཡབ་ནི་སྲས་མོའི་བཟོད་དུ་དཀའ་བའི་གདུང་བར་ཐུགས་བཟོད་མི་བདེ་བར་གྱུར་ནས་མིག་ཆུའི་ཆུ་གཞུང་འདི་དག་ལྡོག་ཐབས་སུ་ངེད་གཉིས་དབར་གྱི་གཉེན་སྒྲིག་མགྱོགས་ནས་མྱུར་དུ་བསྒྲུབ་རྒྱུར་སྐུལ་མ་མཛད། དེ་ལྟར་ཁོང་གཅིག་པུར་མིག་ཆུ་ཁོ་ནའི་ནང་གནས་རྒྱུ་ནི་མདུན་ཐབས་བསུ་བའི་ཐབས་ལ་བརྟེན་ནས་གཡོལ་ཐབས་མཛད། འདི་ནི་ལས་འདི་ལ་བྲེལ་དོན་གྱི་རྐྱེན་ཡིན་ཅིང་སྐུ་ཉིད་ཀྱི་དགོངས་པར་གསལ་རྟོགས་བྱུང་ཡོད་ཤག
ཆོས་དཔོན་ལོ་རེནསེ། 〔ལོགས་སུ། 〕འོན་ཀྱང་དེ་དག་འགྱངས་ན་མི་འགྲིག་པ་ཅི་ཡོད་ང་ཡིས་ད་དུང་ཡང་མ་རྟོགས། ----རྗེ་བོ་གཟིགས་སུ་གསོལ། སྲས་མོ་ཉིད་འདི་ཕྱོགས་ཕེབས་བཞིན་གདའ།
ཇུ་ལིཀྲི་གར་སྟེགས་ཐོག་ཐོན།
པ་རིསི། ང་ཡི་སྲས་མོ། ང་ཡི་ཟླ་བོ། ཁྱེད་ཉིད་ད་ནང་དགྱེས་ཚོར་དུ་འཇལ་བར་སྤྲོ་བ་བརྟས།
ཇུ་ལིཀྲི། ཡིན་ཤས་ཆེ་རྗེ་བོ་མཆོག བདག་ནི་ཁྱེད་ཀྱི་སྐུ་ཟླ་ཡིན་ཤས་ཆེ།
པ་རིསི། “ཡིན་ཤས་ཆེ་”ཞེས་ནི་རེས་གཟའ་ཕུར་བུ་ཉིན“ཡིན་ངེས་སུ་”འགྱུར་རྒྱུའོ། ང་ཡི་བརྩེ་དུང་གཅིག་པུ།
ཇུ་ལིཀྲི། ལས་དབང་བཙན་པོས་གང་བཀོད་ལྟར་བགྱི་རྒྱུ་ཁོ་ནའོ།
ཆོས་དཔོན་ལོ་རེནསེ། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཁོ་ནའོ།
པ་རིསི། ཁྱེད་ཆོས་དཔོན་གྱི་དྲུང་དུ་མཐོལ་བཤགས་འབུལ་བར་ཕེབས་སམ།
ཇུ་ལིཀྲི། འོ་ན་བདག་གི་མཐོལ་བཤགས་ཁྱེད་ལ་འབུལ་དགོས་སམ།
པ་རིསི། ཁྱེད་ཀྱིས་ཁོང་ལ་ང་ལ་མི་བརྩེ་ཞེས་མཐོལ་གཤགས་ནང་གསུངས་ཐལ་མེད་པ་ཞུ།
ཇུ་ལིཀྲི། བདག་ནི་ཁོང་ལ་བརྩེ་ཞེས་ཁྱེད་ལ་མཐོལ་བཤགས་འབུལ་རྒྱུའོ།
པ་རིསི། དེ་ལྟར་ཡིན་ན་ཁྱེད་བདག་ལའང་ཐུགས་བརྩེ་བར་གདོན་མི་ཟའོ།
ཇུ་ལིཀྲི། གལ་ཏེ་བདག་ནི་ཁྱེད་ལ་བརྩེ་བར་དཔེ་མཚོན་ན་ཁྱེད་ཀྱི་སྐུ་མདུན་དུ་བརྗོད་པ་ལས་སྐུ་རྒྱབ་ཏུ་བརྗོད་ན་སྤམ།
པ་རིསི། ཤ་ཚ་བའི་སྙིང་གི་ཟེའུ་འབྲུ་ཁྱེད། ཁྱེད་ཀྱི་བཞིན་གྱི་དཀྱིལ་འཁོར་སྤྱན་ཆབ་གཟིགས་མང་བ་ལས་ཉམས་འདུག
ཇུ་ལིཀྲི། བདག་གི་ངོ་ནི་མཆི་མ་མེད་སྐབས་དེ་བས་ཉམས་དམའ། མཆི་མས་ནི་ད་དུང་ཉམས་པ་འགེབས་སྲུང་ཡོང་རྒྱུར་ཕན་པ་འདོན་བཞིན་ལགས།
པ་རིསི། ཁྱེད་ཀྱིས་ཁྱེད་ཀྱིས་བཞིན་ལ་མཆི་མས་ནག་ནོག་བཟོས་པ་ལས་ཀྱང་ལྷག་པའི་དམའ་འབེབས་མཛད་ སོང་།
ཇུ་ལིཀྲི། དེ་ནི་དམའ་འབེབས་མ་ཡིན་བདེན་པ་ཡིན། རྗེ་བོ་མཆོག འོནཀྱང་བདག་གིས་དམའ་འབེབས་བྱ་ཡུལ་ནི་བདག་གི་ངོ་ཡིན།
པ་རིསི། ཁྱེད་ཀྱི་བཞིན་ནི་ང་ལ་བདག་ཅིང་དེ་ལ་ཁྱེད་ཀྱིས་དམའ་འབེབས་མཛད་བཞིན་གདའ།
ཇུ་ལིཀྲི། དེ་ལྟར་ཡིན་པར་ཆ་བཞག་པས་འཐུས། འོན་ཀྱང་དེ་ནི་བདག་གིའང་མ་ཡིན།
-----ཆོས་དཔོན་མཆོག་ལ་ད་ལྟ་དུས་ཀྱི་ཁོམ་པ་ཡོད་དམ། ཡང་ན་བདག་དགོང་དྲོའི་ཆོ་གར་བཅར་རམ།
ཆོས་དཔོན་ལོ་རེནསེ། ད་ལྟ་དུས་ཀྱི་ཁོམ་པ་ཡོད། ཡ་ང་བའི་བུ་མོ། རྗེ་བོ་མཆོག་ལ་ཞུ་རྒྱུར། ངོས་གཉིས་ལ་ད་ལྟ་ལོགས་སུ་ལས་ཤིག་ཡོད་ཅིང་སྐུ་ཉིད་རེ་ཞིག་ཟུར་དུ་བྱོན་གནང་ཡོད་པ་མཁྱེན།
པ་རིསི། གནམ་བདག་མཁྱེན། ང་ཡིས་འདི་གའི་ཆོ་གར་གནོད་བཞིན་འདུག ཇུ་ལིཀྲི། རེས་གཟའ་ཕུར་བུའི་སྔ་ཆར་ང་ནི་ཁྱེད་ཀྱི་གདན་ཞུར་བཅར་རྒྱུའོ། དེ་བར་ག་ལེ་བཞུགས། འདི་རུ་དམ་ཚིག་གི་མཆུ་འདི་ཐུགས་ཉར་མཛོད་ཅིག
ཁོ་མོས་མོ་ལ་མཆུ་སྦྱར་ནས་ཕྱིར་ཐོན།
ཇུ་ལིཀྲི། ཀྱེ། སྒོ་མོ་སྐྱོན་ཅིག སྒོ་མོ་སྐྱོན་ཚར་འཕྲལ་མཆོག་ཉིད་བདག་གི་ངུ་རོགས་སུ་ཕེབས་ཤིག བདག་ནི་ད་ཆ་རེ་བ་བྲལ། སྐྱབས་གནས་དང་བྲལ། རོགས་རམ་དང་བྲལ་བཞིན་གནས།
ཆོས་དཔོན་ལོ་རེནསེ། ཀྱེ་མ་ཀྱེ་ཧུད། ཇུ་ལིཀྲི། ཉིད་ཀྱིས་སྡུག་བསྔལ་ང་ཡིས་སྔ་ས་ནས་རྟོགས་ཟིན། ང་ཡིས་བསམ་པའང་ཚད་ལས་བརྒལ་བར་མནར་བཞིན་གནས། གོ་ཐོས་སུ་རེས་གཟའ་ཕུར་བུ་ཉིན་ཉིད་དང་ལྷ་སྲས་གཉེན་སྒྲིག་བྱ་རྒྱུ་ངེས་གཏན་ལས་ནར་འགྱངས་མེད་ཅེས་གྲགས།
ཇུ་ལིཀྲི། ཆོས་དཔོན་མཆོག གང་གིས་དེ་ལ་འགོག་ཐབས་ཡོད་རིགས་བདག་ལ་གསུང་གནང་ལས་དེ་སྐོར་གསན་ཐོས་བྱུང་རིགས་བདག་ལ་སླར་གསུང་གནང་མི་དགོས།
གང་གི་མཁྱེན་པས་བདག་ལ་རོགས་རམ་མ་ཐུབ་ཚེ་གང་གིས་བདག་གི་ཆོད་སེམས་ལ་ཐུགས་མཐུན་མཛད་ན་འགྲིག་ཅིང་། དེ་ནི་བདག་གིས་རལ་གྲི་འདི་ལས་བདག་ཉིད་ད་ལྟ་ཉིད་དུ་ཚར་གཅོད་རྒྱུ་དེའོ།
གནམ་བདག་གིས་བདག་གི་ལས་དབང་རོ་མེའོ་ལ་མཐུད་གནང་མཛད་པ་དང་གང་གིས་བདག་གཉིས་ཀྱི་ལག་མཐུད་གནང་མཛད་ཟིན། འོན་ཀྱང་གལ་ཏེ་གང་གིས་རོ་མེའོ་ལ་མཐུད་གནང་མཛད་པའི་ལག་འདི་སླར་གཞན་ཞིག་ལ་མཐུད་གནང་མཛད་པའམ། བདག་གི་ད་ལྟའི་ལྷད་མེད་ཀྱི་སེམས་འདི་རོ་མེའོ་ལ་བློ་ལོག་ཏུ་བཅུག་ནས་གཞན་ཞིག་དང་འགྲོགས་ས་འཇུག་གནང་མཛད་ཚེ་རལ་གྲི་འདི་རང་ལས་བདག་གི་སེམས་དང་ལག་གཉིས་ཅིག་ཅར་དུ་ཚར་གཅོད་རྒྱུའོ། དེར་བརྟེན་གང་གི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལས་བདག་གི་ད་ལྟའི་སྡུག་བསྔལ་སེལ་རྒྱུར་གྲོས་ཤིག་མཛད་རྒྱུ་ཡོད་ན་དང་གལ་ཏེ་མེད་གྱུར་ན་རལ་གྲི་འདི་ཡིས་གང་གི་ཡན་རིང་གི་ཐབས་དང་ཤེས་རབ་ཀྱིས་ཀྱང་སྒྲུབ་མ་ཐུབ་པའི་བདེན་པའི་ལས་དེའི་ཚབ་ཏུ་བདག་སྲོག་གཅོད་རྒྱུའོ།
ད་ནི་གཏམ་མང་པོ་གསུང་མི་དགོས། གང་གིས་བདག་ལ་ཕན་པའི་གྲོས་འགོ་འདོན་གནང་མཛད་རྒྱུ་མེད་གྱུར་ན་བདག་སྲོག་བདག་གིས་འཕྲལ་དུ་གཅོད་རྒྱུའོ།
ཆོས་དཔོན་ལོ་རེནསི། རེ་ཞིག་དལ་དུ་འཁོད་ཅིག བུ་མོ། ང་ལ་ཐབས་ཤིག་ཡོད་པར་སྣང་། འོན་ཀྱང་དེ་ནི་མ་བྱས་ན་ཉེན་ཆེ་བ་ལྟར་བྱས་ནའང་ཉེན་ཆེ། གལ་ཏེ་ཉིད་ལྷ་སྲས་པ་རིསི་དང་གཉེན་སྒྲིག་བྱེད་པ་ལས་རང་སྲོག་དོར་བར་གདམ་ག་ཆེ་ན་ཐབས་འདི་སྲོག་ཉེན་དང་ལྡན་ནའང་ཐ་ཤལ་གྱི་ལས་འདི་ལས་གཡོལ་ཐབས་སུ་ཉིད་ལས་དེ་ལ་ཞེན་པར་ངེས། གལ་ཏེ་ཉིད་ལ་དེ་དག་ལག་ལེན་དུ་བསྟར་བའི་བློ་སྟོབས་ཡོད་གྱུར་ན་ང་ལ་ཐབས་ཤིག་ཡོད་པ་འདུ་ལྟ་སྟེ།
ཇུ་ལིཀྲི། ཨེ་མ། པ་རིསི་དང་གཉེན་སྒྲིག་ལས་གཡོལ་ཐབས་སུ་བདག་གིས་གང་ཡང་ཕོད་པ་སྟེ། དམག་གི་བཙན་རྫོང་ལས་གཤམ་དུ་མཆོང་བའམ། རྐུན་པོར་ལྟར་གསང་ཐབས་ཀྱིས་བྲོས་ལ་འགྲོ་བ། དུག་སྦྲུལ་ཁྱུ་ཡི་ནང་དུ་གནས་པ། ང་རོ་དང་ལྡན་པའི་སྲོག་ཆགས་དོམ་གྱི་ཁྱུ་ཚོགས་ནང་ལྕགས་ཐག་ལས་བཅིངས་ནས་གནས་པ།
ཡང་ན། མཚན་མོའི་མི་རོའི་ཁྱུ་ཚོགས་ཀྱི་རུས་པའི་ཧྲག་སྒྲའི་ཁྲོད་རུལ་དྲི་བྲོ་བའི་མ་ལེ་མི་ཚང་བའི་ཀ་པྰ་ལ་དང་མཉམ་དུ་གནས་པ། ཡང་ན། འཆི་མ་ཐག་པའི་མི་རོའི་ཁྱུ་ཡི་ཁྲོད་དུ་གནས་པ་སོགས་ཅི་དང་ཅིའམ་ཕོད། འདི་ཚོ་ནི་ཐོས་པ་ཙམ་ལས་བླ་འདར་བར་བྱེད་པའི་སྣང་ཚུལ་འབའ་ཞིག་རུང་། བདག་ནི་བདག་གི་ཟླ་བོའི་བཟའ་ཟླར་ལྷད་མེད་དུ་གནས་ཕྱིར་ལས་དེ་འཇིཊ་སྣང་དང་ཐེ་ཚོམ་མེད་པར་ལས་རྒྱུའོ།
ཆོས་དཔོན་ལོ་རེནསི། ད་ནི་མུ་མཐུད་མ་བརྗོད་པས་ཆོག ད་ལྟ་བག་ཕེབས་སུ་ཁྱིམ་དུ་ཕྱིར་ལོག་གིས་པ་རིསི་དང་གཉེན་སྒྲིག་ལ་འཇུག་རྒྱུར་བློ་མོས་ཞེས་བརྗོད་པར་སོང་ཞིག ཕྱི་ཉིན་ནི་རེས་གཟའ་ལྷག་པ་ཡིན་ཅིང་ཉིད་ཀྱི་མ་མ་ཙམ་ཡང་གམ་དུ་མ་ཉར་བར་གཅིག་པུར་ཉིད་ཀྱི་གཟིམ་སྦུག་ཏུ་སྨན་ཐུན་འདི་ཉིད་ཀྱི་ཟླ་ལ་ཆུ་དྭངས་མ་བཏང་ན་མལ་དུ་འཁོད་ཅིག
དེའི་ཚེ་ཉིད་ཀྱི་ལུས་པོའི་ཁྲག་རྣམས་རིམ་བཞིན་གྲང་མོར་གྱུར་ནས་རྒྱུན་པའི་ཁྲག་གི་འཁོར་སྐྱོད་ཀྱང་མཚམས་ཆད་རྒྱུ་དང་། ལུས་ཀྱི་གསོན་ཉམས་དོར་ཞིང་དྲོད་དང་དབུགས་ཀྱང་མཚམས་ཆད་རྒྱུ། ཉིད་ཀྱི་མཆུ་དང་ངོ་ཡི་དམར་མདངས་ཉམས་ཤིང་ཐལ་མདོག་ཏུ་འགྱུར་རྒྱུ་དང་མིག་ལྤགས་ཟུམ་ཞིང་རོ་ལྟར་གྱུར་ནས་ཉིན་མོའི་སྣང་གསལ་ཡོངས་སུ་འགྲིབ་རྒྱུ།
ལུས་ཀྱི་དཔྱ་ཡོངས་འགུལ་མཚམས་ཆད་ནས་རེངས་པོའི་རོ་ལྟར་འགྱུར་རྒྱུ་བཅས་སོ། དེ་ལྟར་ཆུ་ཚོད་ཞི་བཅུ་ཞེ་གཉིས་རིང་རོ་ལྟར་གནས་རྗེས་སླར་བདེ་བའི་གཉིད་ལས་སད་པ་ལྟར་སྔར་རྒྱུན་དུ་ཡར་ལངས་ཐུབ་རྒྱུའོ།
ནངས་པར་སྔ་ཆར་ཉིད་ཀྱི་གོ་མག་ཉིད་བསུ་བར་འཁོད་སྐབས་ཉིད་ནི་མལ་ནང་“འཆི་བ་”ལྟར་དུ་གནས་རྒྱུར་དེའི་ཚེ་དུས་ཡུལ་གྱི་སྲོལ་ལྟར་ཉིད་ཀྱི་སྐུ་ལུས་གོས་གསར་ལས་བཀླུབས་ཏེ་རོ་སྒམ་དུ་དྲངས་ནས་ཁ་པུ་ལེཀྲི་མི་བརྒྱུད་ཀྱི་དུས་སར་འདྲེན་རྒྱུའོ།
སྐྱེ་བོ་རྣམས་ལས་བྲེལ་དུ་འཇུག་རིང་ཉིད་གཉིད་ལས་སད་རྒྱུ་དང་། ང་ཡིས་རོ་མེའོ་ལ་ནང་གནས་འཕྲིན་སྔོན་རྫོང་བྱས་འཐུས་ལྟར་ཁོ་པ་དེའི་ཚེ་འདི་ཕྱོགས་འཁོད་རྒྱུར། ཁོ་དང་ང་ཡིས་ཉིད་གཉིད་ལས་སད་སྐབས་བསུས་རྗེས་མཚན་དེ་རང་དུ་རོ་མེའོ་ཡིས་ཉིད་མན་ཀྲུཨ་གྲོང་དུ་ཐད་ཀར་འདྲེན་རྒྱུའོ།
གལ་ཏེ་ལག་ལེན་འདི་ནང་ཉིད་ཀྱི་བསམ་པར་གློ་བུར་གྱི་འགྱུར་བའམ་བློ་ཆུང་བུད་མེད་ཀྱི་འཇིགས་པ་མ་འཆར་ཚེ་ད་ལྟའི་ངོ་ཚ་ཁ་སྐྱེང་བའི་ལས་འདི་ལས་གཡོལ་ཐུབ།
ཇུ་ལིཀྲི། དེ་དག་བདག་ལ་འཕྲལ་དུ་སྩོལ་གནང་མཛོད། འཕྲལ་དུ་སྩོལ་གནང་མཛོད། ཨེ་མ། འཇིགས་པའི་ངང་ཚུལ་བདག་ལ་གསུངས་མི་དགོས།
ཆོས་དཔོན་ལོ་རེནསི། འོ་ན་འཕྲལ་མར་རྒྱུགས་ཤིག བློ་སྟོབས་ཆེན་པོ་དང་བྱ་བ་ལེགས་གྲུབ་ཡོང་ཐབས་སུ་བརྩོན་ཅིག ང་ཡིས་འཕྲལ་དུ་བཙུན་པ་ཞིག་མན་ཀྲུཨ་ལ་ཉིད་ཀྱི་རྗེ་བོ་འཕྲིན་སྐྱེལ་བར་རྫོང་བར་བྱ།
ཇུ་ལིཀྲི། བརྩེ་དུང་གི་ལྷ་མོས་བདག་ལ་སྟོབས་ཤུགས་སྩོལ་ཅིག སྟོབས་ཤུགས་ཀྱིས་བདག་གི་བྱ་བ་ལེགས་གྲུབ་ཡོང་རྒྱུར་འགན་ལེན་ཐུབ། ག་ལེ་བཞུགས། ཆོས་དཔོན་མཆོག
གར་སྟེགས་ལས་བཤོལ།
ལེའུ་གཉིས་པ།
ཁ་པུ་ལེཀྲི་ཚང་ན།
ཁ་པུ་ལེཀྲི་རྗེ་བོ་དང་། ཁ་པུ་ལེཀྲི་ལྕམ། མ་མ། འཁོར་གཡོག་བཅས་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་རྗེ་བོ། 「མགྲོན་བརྡའི་ཤོག་ལྷེ་གཡོག་ཅིག་ལ་སྤྲོད་བཞིན།」གདན་དུ་འདྲེན་རྒྱུའི་མགྲོན་རྣམས་ཀྱི་མཚན་ཐོ་ཤོག་ལྷེ་འདི་ནང་འཁོད།
གཡོག་གར་སྟེགས་ལས་བཤོལ།
〔གཡོག་གཞན་ཞིག་ལ།〕ཁོ་རེ། ཁྱོད་མ་བྱན་ལེགས་གྲས་ཉི་ཤུ་ཐམ་པ་གླ་བར་རྒྱུགས་ཤིག
གཡོག ཕན་མ་ཐོགས་གཅིག་ཀྱང་བདག་གིས་མི་གླ་ངེས་ཅན་ནོ། རྗེ་བོ་མཆོག་བདག་གིས་ཁོ་ཚོས་མཁས་མིན་ལ་དཔྱད་པ་བྱ་ཐབས་ནི་རང་གི་མཛུབ་མོར་ལྕེ་ལྡག་རྒྱག་པའི་གོམས་གཤིས་ཡོད་མིན་ལ་བལྟ་རྒྱུའོ།
ཁ་པུ་ལེཀྲི་རྗེ་བོ། དེ་འདྲ་ཇི་ལྟར་ལྟ་ཤེས་ཐུབ་བམ།
གཡོག མ་རི་ཡ་ཚད་འཛུགས། རྗེ་བོ་མཆོག སུ་ཞིག་རང་གི་མཛུབ་མོར་ལྕེ་ལྡག་རྒྱག་པར་མི་མཁས་ན་དེ་ནི་མ་བྱན་གྱི་ཐ་ཞིག་ཡིན་ཅིང་བདག་གིས་དེ་དག་མི་གླའོ།
ཁ་པུ་ལེཀྲི་རྗེ་བོ། ད་འོ་ན་རྒྱུགས་ཤིག གཡོག་གར་སྟེགས་ལས་བཤོལ།
ད་ཐེངས་ཀྱི་བགྱི་སྒོར་གྲབས་གཤོམ་ལེགས་པར་བྱེད་ཁོམ་མ་མཆིས། ཅི་ཟེར། ང་ཡི་བུ་མོ་ཆོས་དཔོན་ལོ་རེནསེ་ཡི་དྲུང་དུ་ཐོན་སོང་ཞེས་བརྗོད་དམ།
མ་མ། ལེགས་སོ། ཡོངས་སུ་བདེན་ནོ།
ཁ་པུ་ལེཀྲི་རྗེ་བོ། ལེགས་སོ། ཁོང་གིས་མོ་ལ་བཀའ་སློབ་གནང་རྒྱུར་ངེས་པའོ། མོ་ནི་རང་ཉིད་ཁོ་ན་ལས་མི་མཐོང་བའི་བྱབ་ཆུང་ཞིག་གོ།
ཇུ་ལིཀྲི་གར་སྟེགས་ཐོག་ཐོན།
མ་མ། གཟིགས་དང་། ཁོང་ནི་མཐོལ་བཤགས་ཕུལ་ཟིན་ཏེ་སྤྲོ་སྣང་དུ་ཕྱིར་ཕེབས་བཞིན་མི་འདུག་གམ།
ཁ་པུ་ལེཀྲི་རྗེ་བོ། ཇི་འདྲ་འདུག་གམ། ང་ཡི་ངན་རེངས་པ་མོ་རེ། ཁྱོད་གང་དུ་འཁྱམ་མྱུལ་དུ་སོང་ངམ།
ཇུ་ལིཀྲི། བདག་གིས་ཡབ་ལ་བཀའ་ཀྱེན་ལྡོག་ཞུས་པའི་འགྱོད་བཤགས་སུ་ཆོས་དཔོན་མཆོག་ནས་ཀྱང་གང་གི་སྐུ་གམ་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཕྱག་བྱེད་དགོས་རྒྱུའི་བཀའ་མངགས་ཡོད།
〔མོ་ཡིས་པུས་མོ་ས་ལ་བཙུགས་པ།〕ཁྱེད་ནས་དགོངས་པས་ཡང་བ་ཞུ། བདག་ནི་སླད་ཁྱེད་ཀྱི་བཀའ་ཇི་ལྟར་དུ་བསྒྲུབ་རྒྱུའོ།
ཁ་པུ་ལེཀྲི་རྗེ་བོ། ལྷ་སྲས་ཀྱི་སྙན་ལ་གནས་ཚུལ་འདི་གསོལ་བར་བང་མི་འཕྲལ་དུ་མངགས་ཤིག འོ་ན་གཉེན་སྒྲིག་གི་དགའ་སྟོན་ནངས་པར་སྔ་ཆར་སྔ་སྣུར་དུ་བསྒྲུབ་རྒྱུའོ།
ཇུ་ལིཀྲི། བདག་གིས་ཆོས་དཔོན་ལོ་རེན་སེ་ཡི་གཟིམ་ཤག་ཏུ་སྐུ་ན་ཕྲ་བའི་རྗེ་བོ་དེ་ཉིད་ངོ་མཇལ་བྱུང་། བདག་གིས་མི་སྤྱོད་དང་ལྡན་པར་དེ་ལ་བརྩེ་དུང་གི་རྣམ་འགྱུར་མངོན་པར་བྱས།
ཁ་པུ་ལེཀྲི་རྗེ་བོ། ལེགས་སོ། ང་ནི་ད་ཆ་བློ་བདེར་གྱུར། འོ་ལེགས་སོ། ཡང་ལོངས་ཤིག འདི་ལྟར་ཡིན་དགོས་ངེས་ལེགས། ད་ནི་ད་ཆ་ལྷ་སྲས་ཀྱི་དྲུང་དུ་བསྐྱོད་བྱ་རྒྱུའོ། ཅི་ཟེར། མ་རི་ཡ་ཚད་འཛུགས། ང་ཁོང་གི་དྲུང་དུ་བསྐྱོད་རྒྱུ་ཡིན་ཅེས་མ་བརྗོད་དམ། མ་ཡིན་ཏེ། ཁོང་འདི་ཕྱོགས་ཚུར་གདན་དྲངས་ན་ལེགས།
གནམ་བདག་མཁྱེན། ཆོས་དཔོན་འདི་ནི་-----ཁོང་ནི་གྲོང་ཁྱེར་ཡོངས་ལ་དྲིན་ཆེ་བའི་སྐྱེ་བོ་ཞིག་གོ།
ཇུ་ལིཀྲི། མ་མ། སང་ཉིན་གྱོན་བྱེད་དུ་འོས་པའི་རྒྱན་གོས་རྣམས་འཚོལ་བར་ང་ཡི་རོགས་སུ་གཟིམ་སྦུག་ཏུ་ཤོག་དང་།
ཁ་པུ་ལེཀྲི་ལྕམ། སང་ཉིན་མ་ཡིན་གྱིས་རེས་གཟའ་ཕུར་བུར་རོ། ད་ལྟ་དུས་ཚོད་ལྡེང་ངེས་ལགས།
ཁ་པུ་ལེཀྲི་རྗེ་བོ། རྒྱུགས་ཤིག མ་མ། བུ་མོའི་རོགས་སུ་རྒྱུགས་ཤིག རང་ཚོ་སང་ཉིན་རང་ཆོས་ཁང་དུ་འགྲོ་རྒྱུའོ།
ཇུ་ལིཀྲི་དང་མ་མ་གར་སྟེགས་ལས་བཤོལ།
ཁ་པུ་ལེཀྲི་ལྕམ། འོ་ན་རང་ཚོའི་གྲབས་གཤོམ་མགྱོགས་སུ་གཏོང་དགོས་སོ། ད་ནི་མཚན་མོ་ཟིན་ཉེར་འདུག
ཁ་པུ་ལེཀྲི་རྗེ་བོ། གང་ཡིན་འདི་ཡིན། ང་ཡི་བཟའ་ཟླར་ཞུ་རྒྱུར། ལས་ཡོངས་ང་ཡིས་ལས་རྒྱུ་ཡིན་པ་མ་ཟད་ལེགས་གྲུབ་ཡོང་བའི་ཁས་ཀྱང་ལེན་རྒྱུའོ།
ཉིད་ཇུ་ལིཀྲི་ཡི་གཟབ་མཆོར་གྱི་གྲབས་ལ་རོགས་སུ་ཕེབས་ཤིག ང་ནི་དོ་ནུབ་མལ་དུ་མི་འཁོད་རྒྱུའོ། ལས་རྣམས་ང་གཅིག་པུར་ལས་སུ་ཆུག་ཅིག ང་ནང་གི་ཨ་མ་བྱ་རུ་ཐེངས་གཅིག་རང་འཇུག་མཛོད། 〔ཁོང་གིས་གཡོག་རྣམས་བོས།〕གང་ངམ། ཁོ་ཚོ་སུའང་མཐོང་སར་མ་གནས། འོ་ན་ལྷ་སྲས་པ་རིསི་ཡི་སྐུ་གམ་དུ་ཁོ་བོ་ཉིད་གོམ་པར་འཁོད་ནས་སང་ཉིན་གྱི་གྲབས་ལ་འཇུག་གནང་ཞེས་བརྡ་སྦྱོར་བར་འགྲོའོ། བུ་མོ་འདི་པས་ལམ་ནོར་དུ་མ་བསྐྱོད་པར་ང་ལ་ལྷག་པར་སྤྲོ་སྣང་བཞད།
ཁ་པུ་ལེཀྲི་སྟངས་དཔྱལ་གར་སྟེགས་ལས་བཤོལ།
ལེའུ་གསུམ་པ།
ཇུ་ལིཀྲི་གཟིམ་སྦུག་ན།
ཇུ་ལིཀྲི་དང་མ་མ་གར་སྟེགས་ཐོག་ཐོན།
ཇུ་ལིཀྲི། གྱོན་པ་འདི་རྣམས་འོས་ཤོས་སུ་སྣང་། ད་ནི་བརྩེ་བའི་མ་མ། དོ་ནུབ་ང་གཅིག་པུར་ཞོག་མཛོད། ཉིད་ཀྱི་བློ་མངའ་ལྟར་ང་ལ་ཉེས་དམིགས་མང་བས་ལྷ་ཡུལ་ནས་ང་ལ་སྐྱོབ་རོགས་དང་དཔུང་རོགས་དགོས་རྒྱུའི་སྨོན་ལམ་འདོན་རྒྱུ་མང་།
ཁ་པུ་ལེཀྲི་ལྕམ་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་ལྕམ། ཉིད་བྲེལ་ཟིང་དུ་ཡོད་དམ། ཉིད་ལ་རོགས་སུ་ང་ཡོང་བའི་དགོས་པམ་མཆིས་སམ།
ཇུ་ལིཀྲི། ལགས་མ་མཆིས་ཡུམ་གཅིག ཕྱི་ཉིན་གྱི་དགོས་མཁོ་ཅི་རིགས་བདག་གཉིས་ནས་གྲབས་གཤོམ་ཟིན། དོ་ནུབ་བདག་གཅིག་པུར་ཞོགས་གནང་ཡོད་པ་ཞེས་ཞུ་རྒྱུར། གློ་བུར་གྱི་ལས་འདི་ལས་དོ་ནུབ་ཁྱེད་མཛད་བྲེལ་ཆེ་རྒྱུར་གདོན་མི་ཟ་ཞིང་མ་མ་དོ་ནུབ་ཁྱེད་ཀྱི་ཕྱག་རོགས་སུ་ཉར་གནང་ཞུ།
ཁ་པུ་ལེཀྲི་ལྕམ། མཚན་མོ་བདེ་ལགས། ཉིད་ལ་ངལ་གསོ་དགོས་འདུག་ཅིང་ད་ནི་མལ་དུ་འཁོད་ཅིག ཁ་པུ་ལེཀྲི་ལྕམ་དང་མ་མ་གར་སྟེགས་ལས་བཤོལ།
ཇུ་ལིཀྲི། ག་ལེ་ཕེབས། -----འུ་ཚོ་སླད་ཇི་ཙམ་ན་མཇལ་མིན་ནི་གནམ་བདག་ཁོ་ནས་མཁྱེན། ང་ལ་ལུས་དྲོད་ཀྱང་ཉམས་བཞིན་པ་དང་ཁྲག་རྩའང་གྲང་མོར་འགྱུར་བཞིན་པའི་འཇིགས་སྣང་ཞིག་འཆར་བཞིན་གདའ། ཁོ་མོ་ཅག་རྣམ་གཉིས་རེ་ཞིག་ཕྱིར་ཕེབས་དགོས་རྒྱུར་བསྐུལ་ན་མི་བརྟན་ནམ། 「ཁོ་མོས་འབོད་པ།」 མ་མ། ---འོན་ཀྱང་མོ་འདི་རུ་འོང་ནས་ཅི་བྱེད། འཇིགས་སྐྲག་གི་ལས་འདི་ང་ཉིད་གཅིག་པུས་ལས་རྒྱུ་མ་ཡིན་ནམ།
སྨན་ཁྱོད་འདི་རུ་ཤོག་ཅིག གལ་ཏེ་སྨན་ཁྱོད་ལས་མཐུ་ནུས་གང་ཡང་མཐོན་ན་ང་ནི་སང་ཞོགས་གཉེན་སྒྲིག་ལ་མ་འཇུག་རང་འཇུག་མ་ཡིན་ནམ། མི་བྱ་སྟེ། རལ་གྲི་འདི་ཡིས་ང་དེ་ལྟར་བྱ་རུ་མི་འཇུག་རྒྱུའོ། 〔མོ་ཡིས་རལ་གྲི་མར་བཞག 〕ཁྱོད་རེ་ཞིག་དེ་རུ་འདུག་ཅིག
ཡང་མིན་ན་ཆོས་དཔོན་གྱིས་ང་སྔོན་ལ་རོ་མེའོ་དང་གཉེན་སྒྲིག་མཛད་མྱོང་སྟབས་ད་ཐེངས་ཀྱི་གཉེན་སྒྲིག་འདི་ནི་ཞབས་འདྲེན་དུ་དགོངས་ནས་ང་ཡི་རང་སྲོག་འདོར་ཆེད་དུ་ལྐོག་ཏུ་སྨན་འདི་ང་ལ་བསྩལ་བ་ནི་ག་ལ་ཡིན། སོམ་ཉི་ནི་འདི་ལྟ་རུང་ཁོ་བོ་ཅག་ནི་གང་གི་དུས་སུའང་ཆོས་པ་རབ་ཏུ་བྱུང་བ་ཞིག་ཡིན་སྟབས་དེ་འདྲ་ལ་སྲིད།
ཡང་ན་རོ་མེའོ་ཉིད་ང་སྤུར་སྒམ་ནང་ལས་བསླུང་བར་མ་འབྱོར་གོང་དུ་ང་གཉིད་ལས་སད་གྱུར་ན་ཅི་བྱེད། དེའང་འཇིགས་དགོས་པའི་དོན་ཞིག་གོ།
ཡང་ན་ང་ཡི་རོ་མེའོ་མ་འབྱོར་གོང་ང་ནི་སྤུར་སྒམ་ནང་དུ་དབུགས་སུབ་ཏུ་འཆི་ན་ཅི་བྱེད།
གལ་ཏེ་གསོན་པོར་གནས་པར་མཚོན་ནའང་མུན་པའི་གླིང་དུ་རོ་ལས་གང་བའི་གནའ་བོའི་དུར་ས་སྟེ་བགྲང་བྱ་བརྒྱ་ཕྲག་ཏུ་སྤུངས་པའི་མེས་པོའི་རུས་པའི་དཀྱིལ་ལམ། འཆི་མ་ཐག་པའི་ཀྲི་བྷལཀྲི་སྤུར་སྒམ་གྱི་ནང་དུ་རུལ་བཞིན་པའམ། ཡང་ན་མཚན་གྱི་མཐུན་མཚམས་ཆེ་གེ་མོར་དུར་སའི་གཤིན་པོ་རྣམས་རང་དགར་འཚུབ་སྟོན་པར་ཕྱི་སྟོན་པར་ཕྱི་རོལ་དུ་བསྐྱོད་ཅེས་བཤད་ཅིང་ང་ནི་དེ་ཚོ་དང་མཉམ་དུ་གནས་རྒྱུ་མ་ཡིན་ནམ།
ཡ་ང་། ཡ་ང་། ཡང་ན་འདི་ལྟར་མ་ཡིན་གྱིས། གལ་ཏེ་ང་ནི་ནམ་གྱི་སྔ་ཆའི་ཐུན་མཚམས་ན་གློ་བུར་དུ་དྲན་པ་གསོས་པར་མཚོན་ན་སྐྱེ་དངོས་ཟེ་མ་ར་མགོའི་དྲི་ངད་མི་ཡི་སྣ་ལ་ཁ་བའམ་སྐད་ཡན་མི་ཡི་རྣ་བར་ཐོས་པ་ཙམ་ལས་ཐོས་པ་པོ་ཉེད་དེ་འཕྲལ་སྨྱོ་བའམ་འཆི་ཞེས་བཤད་ཅིང་ང་ཡང་དེ་ལྟར་དུ་མི་འགྱུར་རམ། ཨེ་མ། ཡང་ན་ང་གོམ་སྟབས་སུ་འཇིག་སྐབས་འཇིགས་སྐྲག་འདི་ཚོའི་ཁོ་ར་ཁོར་ཡུག་ཏུ་བསྐྱོད་རྒྱུ་ནི་ལྡོག་དུ་མ་མཆིས་གཤིས། དེའི་ཚེ་ཁོ་ཚོས་མེས་པོའི་རུས་པར་རྩེད་འཇོ་བྱེད་བཞིན་ཀྲི་བྷལཀྲི་ཡང་རོ་སྒམ་ལས་ཕྱིར་བཏོན་ནས་ཁོ་ཡི་ལག་ཏུ་མེས་པོའི་རུས་པ་དབྱུག་པ་ལྟར་ཐོགས་སུ་བཅུག་ནས་ང་ལ་འཇིགས་སྣང་བསྐུལ་ཚེ་ཅི་དྲག
ཨེ་མ། ལྟོས་དང་། ང་ཡི་སྤུན་ཆེད་ཀྱི་རྣམ་ཤེས་ནི་དེ་ཡི་སྲོག་རལ་གྲིའི་རྩེ་མོ་ལས་གཅོད་མཁན་གྱི་རོ་མའོ་ཡི་རྗེས་སུ་བགྲང་བཞིན་པ་སྣང་བར་འཆར་བཞིན་གདའ། ཚོད་ཟུང་ཞིག་ཀྲི་བྷལཀྲི། རོ་མེའོ། ང་ཡང་འཕྲལ་མར་ཡོང་བཞིན་ནོ། ཁྱེད་ཀྱི་ཆེད་དུ་ང་ཡིས་སྨན་རྫས་འདི་བཞིན་འཐུང་རྒྱུའོ།
ཇུ་ལིཀྲི་མལ་སྟེང་དུ་ལྷུངས།
ལེའུ་བཞི་པ།
ཁ་པུ་ལེཀྲི་ཚང་གི་ཚོམས་ཆེན་ན།
ཁ་པུ་ལེཀྲི་ལྕམ་དང་། མ་མ་ལག་ཏུ་སྨན་སྣ་འཐོག་བཞིན་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་ལྕམ། སྡོད་ཨང་། ལྡེ་མིག་འདི་རྣམས་ཁྱེར་ནས་ད་དུང་སྨན་སྣ་རེ་ཞིག་འདོན་པར་རྒྱུགས་ཤིག མ་མ།
མ་མ། ཞལ་ཟས་སྲེག་མཁན་ཚོར་ཡང་ད་དུང་ཁ་སུ་དང་ཤིང་ཏོག་ཨ་མྲ་མཁོ་འདུག་ཅེས་བརྗོད་འདུག
ཁ་པུ་ལེཀྲི་རྗེ་བོ་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་རྗེ་བོ། ཝ་ཡེ། བྱོས་ཤིག བྱོས་ཤིག བྱོས་ཤིག ད་ནི་བྱ་སྐད་གཉིས་པ་བརྒྱབ་སོང་ངོ་། ཆུ་ཚོད་གསུམ་པའང་བརྡུངས་སོང་ངོ་། བརྩེ་བའི་ཨན་ཇེ་ལི་ཁ། ཞལ་ཟས་ཇི་འདྲ་བྱུང་འདུག་གཟིགས་པར་ཕེབས་ཤིག འགྲོ་གྲོན་ལ་མ་འཛེམས་ཤིག
མ་མ། “ནང་གི་ཨ་མ”ཁྱེད་ཕར་ཐེགས་ཤིག གཟིམ་པར་ཐེགས་ཤིག དོ་ནུབ་ཁྱེད་གཟིམ་མལ་དུ་མ་འཁོད་ཚེ་སང་ཉིན་སྙུན་གཞི་ལས་མནར་རྒྱུའོ།
ཁ་པུ་ལེཀྲི་རྗེ་བོ། ག་ལ་ན་སྲིད། དེ་སྔ་གང་གི་དུས་སུའང་ལས་བྲེལ་གྱི་སྐབས་ན་ང་ནི་མཚན་མོ་གཉིད་ཉལ་མྱོང་མེད་རུང་ན་བ་ནི་གཅིག་ཀྱང་མ་མྱོང་།
ཁ་པུ་ལེཀྲི་ལྕམ། འོ་དེ་རང་ངོ་། ཁྱེད་དེ་དུས་བུད་མེད་ལ་བྲེལ་ནས་མནལ་གཟིམ་མ་མྱོང་། དེང་ཡང་མཚན་མོ་མནལ་དུ་མ་འཁོད་སྐབས་ང་ནི་ཁྱེད་ལ་མིག་ལྟ་བྱེད་བཞིན་པའོ།
ཁ་པུ་ལེཀྲི་ལྕམ་དང་མ་མ་གར་སྟེགས་ལས་བཤོལ།
ཁ་པུ་ལེཀྲི་རྗེ་བོ། བུད་མེད་འདི་ཚོའི་མིག་སེར་ཚ་བ་ལགས་ཨང་།
གཡོག་འགའ་ཤ་སྲེག་བྱེད་ཀྱི་ལྕགས་སྒྲོམ། འབུད་ཤིང་། སླེལ་པོ་སོགས་དབོར་འདྲེན་དུ་གར་སྟེགས་ཐོག་ཐོན།
ཝ་ཡེ། ཁོ་རེ། དེ་རྣམས་ནི་གང་དང་གང་ངམ།
གཡོག ལགས། ཚང་མ་མ་བྱན་གྱི་མཁོ་བྱེད་ཡིན་སྐུ་ངོ་། གང་དང་ཡིན་བདག་གིས་མ་ཤེས།
ཁ་པུ་ལེཀྲི་རྗེ་བོ། ཁོ་ཚོ། མགྱོགས་ཙམ་གྱིས་ཤིག མགྱོགས་ཙམ་གྱིས་ཤིག འབུད་ཤིང་སྐམ་པ་དག་དབོར་ཞིག པེ་ཀྲེར་ཤོག་ཅེས་བོས་དང་། དེ་རྣམས་གང་དུ་ཡོད་མེད་ཁོ་ཡིས་ཁྱོད་ཚོར་མིག་སྟོན་ཐུབ།
གཡོག བདག་ལའང་མིག་ཡོད་སྐུ་ངོ་མཁྱེན། པེ་ཀྲེར་བསུན་དུ་འཇུག་དོན་མེད།
ཁ་པུ་ལེཀྲི་རྗེ་བོ། གནམ་བདག་མཁྱེན། ལེགས་པར་སྨྲས་སོ། ཁྱོད་ནི་སྣང་བ་སྐྱིད་པའི་གཡོག་ཅིག་གོ། ཁྱོད་ལ་བྱབ་ཆུང་ཞེས་འབོད་རྒྱུའོ། -----འོ་ཡག ད་ནི་ནམ་ལངས་ཟིན་འདུག ལྷ་སྲས་ནི་རོལ་ཆ་བ་རྣམས་དང་མཉམ་དུ་ཕེབས་རྒྱུ་ཡིན་ཅེས་བརྡ་སྦྱོར། 「རོལ་དབྱངས་ཀྱི་སྒྲ་གྲགས」ད་ནི་ཁོང་ཕེབས་བཞིན་འདུག མ་མ། ཟླ་བོ། ཝ་ཡེ། ཝ་ཡེ། མ་མ། འདི་རུ་ཤོག་དང་ཞེས་མི་ཟེར་རམ།
མ་མ་གས་སྟེགས་ཐོག་ཐོན།
ཇུ་ལིཀྲི་གཉིད་སད་དུ་རྒྱུགས་ཤིག མགྱོགས་པར་རྒྱུགས་ཤིག བུ་མོ་ཡར་སློངས་ཤིག ང་ནི་པ་རིསི་བསུ་བར་འགྲོ་རྒྱུའོ། མགྱོགས་པོ་ཡིན་ནོ། མགྱོགས་པོ་ཡིན་ནོ། མག་པ་ནི་འབྱོར་ཚར་སོང་། མགྱོགས་པོར་བྱོས་ཤིག
མ་མ་ཕུད་བྱིངས་གར་སྟེགས་ལས་བཤོལ།
ལེའུ་ལྔ་པ།
ཇུ་ལིཀྲི་ཡི་གཟིམ་སྦུག་ན།
མ་མ། 〔ཉལ་སྒྲོན་གྱི་ཕྱི་རོལ་ལས〕སྲས་མོའི་སྐུ་ཞབས། གང་རེད། སྲས་མོའི་སྐུ་ཞབས། ཁོང་མནལ་ལས་དུབ་ཏུ་ཁུག་འདུག ཝ་ཡེ། ལུག་ཕྲུག ཝ་ཡེ། སྲས་མོའི་སྐུ་ཞབས། འདི་ལྟའི་ལྕི་བའི་ཞོགས་ཉལ་ནི་དཔེ་ག་ལ་དག་ཅིའམ། ང་ཡི་སྙིང་སྡུག། སྲས་མོའི་སྐུ་ཞབས། ང་ཡི་སྙིང་གི་ཟེའུ་འབྲུ། ཅིའམ། མནའ་མའི་སྐུ་ཞབས།
ལན་ཚིག་གཅིག་ཀྱང་མེད་པ་ཅིའམ། ཁྱེད་ད་བར་མནལ་དུ་གཟིམས་པའི་གཟིམ་རིན་འདི་ན་ཡོད། འོ་ན་གཟའ་འཁོར་གཅིག་གཟིམས་རྐྱང་མཛོད་ཅིག དོ་ནུབ་ནས་བཟུང་ལྷ་སྲས་པ་རིསི་ཡིས་ཁྱེད་ཡུད་ཙམ་ཡང་མནལ་གཟིམ་དུ་མི་འཇུག་རྒྱུར་ཐག་གིས་ཆོད། གནམ་བདག་གིས་བདག་ལ་དགོངས་པ་ཡངས་ཤིག
མ་རི་ཡ་ཚད་འཛུགས། མནལ་སྤྲོ་པོ་ཚད་མེད་ཅིག་ཏུ་དུབ་འདུག འོན་ཀྱང་ཁོང་མནལ་ལས་མ་བསད་ན་མི་འགྲིག་སྟེ། སྲས་མོའི་སྐུ་ཞབས། སྲས་མོའི་སྐུ་ཞབས། འོ་ན་ལྷ་སྲས་ཁྱེད་ཀྱི་གཟིམ་མལ་དུ་ཐད་ཀར་གདེན་འདྲེན་ཞུ་རྒྱུའོ། ཁོང་གིས་ཁྱེད་
སྒྲོག་པར་མཛད་རྒྱུ་ཉག་ཅིག་གོ། མ་རེད་དམ། མ་མ་ཉལ་སྒྲོམ་གྱི་ཡོལ་བ་བཤུས།
ཅིའམ། གཟབ་མཆོར་དུ་འཁོད་རྗེས་སླར་གཟིམ་མལ་དུ་འཁོད་པ་མ་ཡིན་ནམ། ང་ནི་ཁྱེད་ཀྱི་མནལ་དཀྲོ་ཐག་ཆོད་ཡིན། སྲས་མོའི་སྐུ་ཞབས། སྲས་མོའི་སྐུ་ཞབས། ཆག་སྒོ་བསླངས་འདུག ཆག་སྒོ་བསླངས་འདུག མགྱོགས་པོར་རྒྱུགས་ཤོག མགྱོགས་པོར་རྒྱུགས་ཤོག ང་ཡི་སྲས་མོ་ནི་སྐུ་འདས་འདུག ང་སྐྱེས་ནས་ཅི་བྱེད། ང་ལ་མྱོས་བྱེད་ཆང་རག་ཕྲན་ཙམ་སྦྱིན་དང་། ང་ཡི་རྗེ་བོ། ང་ཡི་ལྕམ།
ཁ་པུ་ལིཀྲི་ལྕམ་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་ལྕམ། སྐད་ཡན་འདི་འདྲ་གང་ངམ་།
མ་མ། རྣམ་རྟོག་སློང་མཁན་གྱི་ཉིན་ཞིག་གོ།
ཁ་པུ་ལེཀྲི་ལྕམ། གང་བྱས་སོང་ངམ།
མ་མ། གཟིགས་དང་། གཟིགས་དང་། ཆག་སྒོ་བསླངས་འདུག
ཁ་པུ་ལེཀྲི་ལྕམ། ཆག་སྒོ་བསླངས་སོང་། ཆག་སྒོ་བསླངས་སོང་། ང་ཡི་ཡིད་ཀྱི་རྟེན་གཅིག་པུ། ཁྱོད་ཀྱིས་མིག་གདངས་ནས་ཡར་ལོངས་དང་། འོ་ན་ང་ཡང་ཁྱོད་དང་མཉམ་ཤི་བྱ་རྒྱུའོ། མགྱོགས་པོ་སྐྱོབ་མཁན་ཤོག་དང་། སྐྱོབ་མཁན་ཤོག་དང་། སྐྱོབ་མཁན་ཤོག་ཅེས་སྐད་རྒྱོབ་དང་།
ཁ་པུ་ལེཀྲི་རྗེ་བོ་་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་རྗེ་བོ། ངོ་ཚ་ཡི་མི་འདུག་གམ། ཇུ་ལིཀྲི་མགྱོགས་ཙམ་འཁྲིད་ཤོག མོ་ཡི་རྗེ་བོ་ཕེབས་འབྱོར་ཟིན་ནོ།
མ་མ། ཁོང་སྐུ་འདས་འདུག རོ་ལ་གྱུར་ཟིན་འདུག ཁོང་འདས་འདུག བཀྲ་མ་ཤིས་པའི་ཉི་མ་འདི་འདྲ་ཞིག་ཆར་རྒྱུ་ཨང་།
ཁ་པུ་ལེཀྲི་ལྕམ། བཀྲ་མི་ཤིས་པའི་ཉིན་འདི་འདྲ་ཞིག མོ་ནི་གྲོང་ཟིན་འདུག མོ་ནི་གྲོང་ཟིན་འདུག
ཁ་པུ་ལེཀྲི་རྗེ་བོ། ཅིའམ། ང་མོ་ལ་ལྟ་བར་ཐོང་དང་། དཔེ་བསགས་འདུག མོ་ནི་གྲང་མོར་གྱུར་ཟིན་འདུག མོ་ཡི་ཁྲག་གི་རྒྱུ་བ་མཚམས་ཆད་འདུག མོ་ཡི་ལུས་ཡོངས་རེངས་པོར་གྱུར་འདུག མོ་ཡི་ལུས་སེམས་སྔ་ས་ནས་ཁ་བྲལ་ཚར་འདུག གློ་བུར་གྱི་སད་ལས་ལྟ་ན་སྡུག་པའི་ཡུལ་གྱི་མེ་ཏོག་གཅིག་པུ་ཁྱེར་ཟིན་འདུག
མ་མ། རྣམ་རྟོག་སློང་མཁན་གྱི་ཉིན་ཞིག་གོ།
ཁ་པུ་ལེཀྲི་ལྕམ། ཨེ་མ། འདི་ནི་ཡིད་སྐྱོ་བའི་དུས་ཤིག་གོ །
ཁ་པུ་ལེཀྲི་རྗེ་བོ། འཆི་བ་མི་རྟག་པས་མོ་ཡི་སྲོག་ཁྱེར་སྟབས་ང་ནི་སྡུག་བསྔལ་གྱི་གནས་སུ་ངུ་རྒྱུ་ལས་ལྕེ་རྩེ་རེངས་ནས་སྨྲ་བའང་གཤོམ་མི་ཐུབ་པར་བྱས་སོ།
ཆོས་དཔོན་ལོ་རེནསི་དང་པ་རིསི་གར་སྟེགས་ཐོག་ཐོན།
ཆོས་དཔོན་ལོ་རེན་སེ། ཕེབས་ཤིག བག་མ་ཆོས་ཁང་དུ་ཐོན་ཆོག་གམ།
ཁ་པུ་ལེཀྲི་རྗེ་བོ། ཐོན་ཆོག་གོ། འོན་ཀྱང་སླར་ཕྱིར་མི་ལོག་ལོག་རྒྱུའོ། ཨེ་མ། ང་ཡི་བུ་གསན་དུ་གསོལ། གང་གི་གཉེན་སྒྲིག་གི་སྔ་ནུབ་ཏུ་འཆི་བདག་གཤིན་རྗེས་གང་གི་སྐུ་ཟླ་ཁྲིད་ཚར་འདུག མོ་ནི་ཕ་ན་བཞུགས་མི་འདུག་གམ།
ཁོ་ཡི་མཚར་དུ་དངར་བའི་མེ་ཏོག་འདི་ནི་མེ་ཏོག་མ་ཡིན་པ་ཞིག་ལ་བཏང་མི་འདུག་གམ། འཆི་བདག་གཤིན་རྗེ་ནི་ད་ཆ་ང་ཡི་གོ་མག་ལ་གྱུར་ཟིན་འདུག ང་ཡི་བུ་མོ་ནི་གཤིན་རྗེའི་མནའ་མར་གྱུར་ཟིན་འདུག ང་ནི་འཆི་བར་འདོད་ཅིང་ཁ་དབང་ཡོངས་འཆི་བདག་ཁོ་ལ་འཇོག་པར་བྱ། འཁོར་བ་ནི་འཆི་བདག་གཤིན་རྗེར་བདག་པའོ།
པ་རིསི། རིང་དུ་བསྒུགས་པའི་ཞོགས་པ་འདི་ན་མཐོང་རྒྱུ་ནི་འདི་འདྲ་འམ།
ཁ་པུ་ལེཀྲི་ལྕམ། འདི་ནི་གདུག་རྩུབ། བདེ་བ་དང་མི་ལྡན་པ། ཡ་ང་བ། ཞེན་པ་ལོག་པའི་ཉིན་ཞིག་གོ། དུས་ཚོད་ཉིད་ཀྱིས་ཀྱང་རང་ཉིད་བརྒྱུད་པའི་ཕྲེང་བའི་ནང་མཐོང་བར་དཀོན་པའི་སྡུག་བསྔལ་ཞིག་གོ།
མོ་ནི་ང་ཡི་གཅེས་ཕྲུག་ཁོ་ནའོ། ང་ཡི་བདེ་བ་ཁོ་ནའོ། འོན་ཀྱང་འཆི་བདག་གཤིན་རྗེའི་མོ་ནི་ང་ཡི་མིག་གི་མདུན་ནས་ཧམ་འཕྲོག་བྱས་སོང་།
མ་མ། ཨེ་མ། ཡ་ང་བའི་ཉི་མ་འདི་འདྲ་ཞིག་ནི་ང་ཡིས་མཐོང་སྙམ་པ་སྣང་བའི་ཡིད་ལའང་མ་འཆར། འདི་ནི་ཞེན་པ་ལོག་པའི་ཉིན་ཞིག་གོ
འདི་འདྲའི་མུན་ནག་གི་ཉིན་ཞིག་ནི་ད་བར་ཡེ་ནས་མ་རིག ཀྱེ་མ་ཀྱེ་ཧུད། ཡིད་སྐྱོ་བའི་ཉིན་ཞིག་གོ།
པ་རིསི། ང་ནི་གདུག་རྩུབ་ཅན་གྱི་འཆི་བདག་གཤིན་རྗེའི་མགོ་སྐོར་དུ་ཚུད་སོང་། དེ་ཡིས་ང་ནི་ངན་གྱི་གཡོ་སྒྱུ་བསླུས་པ་དང་། བཟའ་མི་ཡ་བྲལ་དུ་བཏང་བ།
ལམ་ནོར་དུ་འཁྲིད་པ། ང་ཡི་བཟའ་ཟླ་སྐུ་བཀྲོངས་པ་བཅས་བྱས། ཁོ་ཡིས་ང་ཡི་བཟའ་ཟླ་རྨེག་མེད་དུ་བཏང་སོང་། ཨེ་མ། སྙིང་སྡུག ཨེ་མ། འཁོར་བ། ཁྱེད་ནི་ང་ཡི་ཚེ་གྲོགས་སུ་འགྱུར་མེད་ནའང་ང་ཡི་ཚེ་འདས་ཀྱི་སྙིང་སྡུག་ཡིན་པ་སྨོས་ཅིའོ།
ཁ་པུ་ལེཀྲི་རྗེ་བོ། འདི་ལྟར་མནར་གཅོད། འདི་ལྟར་སྡུག་བསྔལ། འདི་ལྟར་དགྲ་འཛིན། འདི་ལྟར་འཆི་རྐྱེན་ཡོང་དོན་ཅི་ལགས། གདུག་རྩུབ་ཅན་གྱི་དུས་ཚོད་ཁྱོད་ཀྱིས་ཀྱང་ངེད་ཚོའི་གཉེན་སྒྲིག་ཚར་གཅོད་དོན་ཅི་ལགས། ཨེ་མ། ང་ཡི་བུ་མོ། ཁྱོད་ནི་ང་ཡི་བུ་མོ་ལས་ཀྱང་ལྷག་ཅིང་བླ་སྲོག་ཁོ་ནའོ། ད་ནི་འདས་ཟིན། དཔེ་བསགས་སོང་། ང་ཡི་བུ་མོ་ནི་འདས་ཟིན། ང་ཡི་བདེ་བའང་ཁྱེད་དང་ཆབས་ཅིག་ས་འོག་ཏུ་སྦེད་པར་བྱ།
ཆོས་དཔོན་ལོ་རེནསེ། ཁུ་སིམ། ཞབས་འདྲེན་མ་ཞུ་ཞིག ཟིང་གིས་ཟིང་འཇགས་པར་མི་ཐུབ། ཡིད་འོང་སྲས་མོ་འདི་པ་ལྷ་ཡུལ་དང་ཁྱེད་རྣམས་ཅིག་ཅར་དུ་བདག་རུང་ད་ཡི་ཆ་ན་ལྷ་ཡུལ་ཁོ་ནར་ཡོངས་སུ་བདག་པར་བྱས་ཤིང་དེའང་ཁོང་ལ་ལྟོས་ན་མ་ལེགས་པ་ཞིག་མ་ཡིན་ནམ། རྒྱུ་ཅི་ཞེ་ན། ཁྱེད་ཅག་ལ་བདག་པའི་དེ་ཡི་སྐུ་ལུས་ནི་འཆི་བ་མི་རྟག་པ་ལས་སྐྱོབ་ཐབས་མེད་མོད། འོན་ཏང་ལྷ་ཡུལ་ལ་བདག་པའི་དེ་ཡི་ཐུགས་ནི་ཇི་སྲིད་བར་གནས་རྒྱུ་ཡིན་པའི་རྐྱེན་ལས་སོ།
ཁྱེད་ཚོའི་ཐུགས་འདུན་གཙོ་བོ་ནི་ཁོང་གི་སྐྱེ་གནས་མཐོ་རུ་གཏོང་རྒྱུ་དེ་མ་ཡིན་ནམ། འོན་ཀྱང་དེ་ནི་ལྷ་ཡུལ་ཁོ་ནས་ཐུབ། དེ་བས་ན་ཁོང་ནི་ནམ་མཁའི་སྤྲིན་ཡང་བརྒལ་ཅིང་ལྷ་ཡུལ་དང་དོ་མཉམ་དུ་གོང་མཐོར་འཕུར་བཞིན་ཡོད་པར་ཁྱེད་ཚོ་ཤུམ་བཞིན་ཡོད་པ་མ་ཡིན་ནམ། ཨེ་མ། ཁྱེད་ཚོས་སྲས་མོར་བརྩེ་དུང་ཕྱིན་ཅི་ལོག་ཏུ་བཅངས་ནས་ཁོང་བདེ་བར་འཁོད་པར་ཡང་སྨྱོ་བ་ལྟར་སྡུག་བསྔལ་མཛད་ཅིང་འདུག དེར་བརྟེན་གཉེན་སྒྲིག་གི་འཚོ་བར་ཚེ་ཐུང་དུ་གནས་རྒྱུ་ནི་གཉེན་སྒྲིག་གི་འཚོ་བར་ཚེ་རིང་དུ་གནས་རྒྱུ་ལས་ཞན་ཞེས་བརྗོད་པར་མི་སྤོབས།
སྤྱན་ཆབ་དག་ཕྱིས་ནས་མཛེས་པའི་སྐུ་ཕུང་འདི་ལ་མེ་ཏོག་འབུལ་གནང་མཛོད་ཅིག དེའང་རང་ཅག་གི་ལུགས་ལྟར་སྐུ་ཕུང་འདི་བཞིན་ཆས་གོས་བཟང་པོས་ལེགས་པར་བཀླུབས་ནས་ཆོས་ཁང་དུ་གདན་དུ་དྲོངས་ཤིག རང་བཞིན་སྐྱོ་བའི་མཆི་མའི་ཆུ་རྒྱུན་ནི་མྱ་ངན་ལོས་རུང་དགོས་མེད་ཀྱི་དུས་ན་དེའང་བཞད་གད་ཀྱི་རྒྱུ་རུ་མངོན།
ཁ་པུ་ལེཀྲི་རྗེ་བོ། རང་ཅག་གིས་དགའ་སྟོན་ལ་དམིགས་པ་མཐའ་དག་ད་ནི་མྱ་ངན་གྱི་ཆེད་དུ་གྱུར་ཅིག དེའང་སྤྲོ་སྣང་གི་རོལ་ཆ་ནི་མྱ་ངན་གྱི་དྲིལ་བརྡར་གྱུར་ཅིག སྟོན་མོར་བཤམས་པའི་ཟས་ནི་དུར་འཇུག་གི་ཟས་ལ་གྱུར་ཅིག དམ་པའི་ཆོས་གཞས་ནི་མྱ་ངན་གྱི་གཞས་ལ་གྱུར་ཅིག རྟེན་འབྲེལ་གྱི་མེ་ཏོག་ནི་རྗེས་འཇུག་གི་མེ་ཏོག་ལ་གྱུར་ཅིག མཐའ་དག་ལྡོག་པའི་ཕྱོགས་སུ་གྱུར་ཅིག
ཆོས་དཔོན་ལོ་རེནསེ། རྗེ་བོ་མཆོག་ནང་དུ་ཕེབས་ཤིག མཁྱེན་ལྡན་མ་དེ་ཡི་རྗེས་སུ་ཕེབས་ཤིག ལྷ་སྲས་པ་རིསི་ཡང་ཁོང་གཉིས་ལྷན་དུ་ཕེབས་ཤིག འདིར་བཞུགས་ཚང་མ་ཡིད་འོང་སྐུ་ཕུང་འདི་བཞིན་དུར་སར་འདྲེན་པའི་སྟ་གོན་ལ་ཞུགས་ཤིག ལྷ་ཡུལ་ཡང་ཁྱེད་ཚོའི་མ་ཤིས་པའི་ལས་འདི་ལ་གཤམ་དུ་གཟིགས་བཞིན་ཡོད་ཅིང་དེ་ཡི་ཐུགས་དང་བརྒལ་བའི་བྱ་བ་ཅིའང་སླར་མ་མཛོད་ཅིག
ཁི་ཚོས་ཇུ་ལིཀྲིཡི་སྐུ་ཕུང་ལ་མེ་ཏོག་ཕུལ་རྗེས་གཟིམ་སྒྲོམ་གྱི་ཡོལ་བ་བཀབ།
མ་མ་ཕུད་བྱིངས་གར་སྟེགས་ལས་བཤོལ།
རོལ་ཆ་བ་རྣམས་གར་སྟེགས་ཐོག་ཐོན།
རོལ་ཆ་ཀ་པ། རང་ཚོའི་རོལ་ཆ་རྣམས་མགྱོགས་པར་སྡོག་ཆ་བྱས་ནས་ཐོན་པའི་གྲབས་ལ་ཞུགས་ཤིག
མ་མ། སྐྱེ་བོ་དྲིན་ཅན་རྣམས། ད་ནི་སྡོག་ཆ་མཛོད་ཅིག སྡོག་ཆ་མཛོད་ཅིག ཁྱེད་ཚོས་གཟིགས་གསལ་ལྟར་འདི་ན་ཡིད་རྨོངས་པའི་ཆག་སྒོ་ཞིག་མ་ལྷག་གམ།
རོལ་ཆ་བ་ཀ་པ། དེ་རང་ངོ་། བདེན་ནོ། བདག་གི་རོལ་ཆའི་ཤུབས་ལའང་བཟོ་བཅོས་ཤིག་དགོས་འདུག
མ་མ་གར་སྟེགས་ལས་བཤོལ།
པེ་ཀྲེར་གར་སྟེགས་ཐོག་ཐོན།
པེ་ཀྲེར། ཝ་ཡེ། རོལ་ཆ་བ་རྣམ་པ་ཚོ། རོལ་ཆ་བ་རྣམ་པ་ཚོ། ཁྱེད་རྣམ་ཚོས་《བློ་ལྷོད》ཅེས་པའི་གླུ་དེ་གཏོང་གནང་ཞུ། ང་ནི་རོལ་ཆ་བ་ཞིག་ཡིན་གྱུར་ན། 《བློ་ལྷོད》ཅེས་པའི་གླུ་དེ་གཏོང་རྒྱུར་གདོན་མི་ཟའོ།
རོལ་ཆ་བ་ཀ་པ། 《བློ་ལྷོད》ཅེས་པ་གཏོང་དོན་ཅི་ཡིན།
པེ་ཀྲེར། ཝ་ཡེ། རོལ་ཆ་བ་རྣམ་པ་གཟིགས་སུ་གསོལ། དེ་ཡི་རྒྱུ་ནི་ང་ཡི་ཡིད་ལ་རྒྱུན་པར། “ཡིད་རྨོངས་བདག།” ཅེས་པའི་གཞས་ཚིག་དེ་ལྷང་ལྷང་དུ་འཆར་བཞིན་ཡོད་པའི་རྐྱེན་ལས་སོ། ཁྱེད་ཚོས། སྐུ་མཁྱེན། སྣང་བ་སྐྱིད་པའི་སྐྱོ་གླུ་ཞིག་ལེན་ཐབས་མི་འདུག་གམ།
རོལ་ཆ་བ་ཀ་པ། ང་ཚོ་ནི་རོལ་ཆ་མི་གཏོང་རྒྱུའོ། ད་ལྟ་ནི་དབྱངས་སྙན་ལེན་པའི་དུས་མ་ཡིན།
པེ་ཀྲེར། བྱས་ན་ཁྱེད་ཚོས་གཏན་གཏན་རོལ་དབྱངས་མི་གཏོང་རྒྱུའམ།
རོལ་ཆ་བ་ཀ་པ། མི་གཏོང་རྒྱུའོ།
པེ་ཀྲེར། ང་ཡིས་ཁྱེད་ཅག་ལ་གླུ་རིན་འཇལ་རྒྱུའོ།
རོལ་ཆ་བ་ཀ་པ། ཁྱེད་ཀྱིས་ང་ཚོར་གླུ་རིན་དུ་གང་ཞིག་འཇལ་རྩིས་སམ།
པེ་ཀྲེར། དངུལ་འཇལ་རྒྱུ་ནི་ལོས་མ་ཡིན། ལྡོག་ཏུ་ང་ཡིས་ཁྱོད་ཚོར་རོལ་ཆ་བ་འཁྱམ་པོ་ཞེས་མིང་འདོགས་རྒྱག་རྒྱུའོ།
རོལ་ཆ་བ་ཀ་པ། འོ་ན་ང་ཡིས་ཀྱང་ཁྱེད་ལ་སྐུལ་སྤྱོད་ཐུབ་ཙམ་གྱི་བྱོལ་སོང་ཞེས་འབོད་རྒྱུའོ།
པེ་ཀྲེར། འོ་ན་ང་ཡིས་སྐུལ་སྤྱོད་ཐུབ་ཙམ་གྱི་བྱོལ་སོང་དེའི་རལ་གྲི་འདི་ཁྱོད་ཀྱི་མགོ་ལ་འཕྱར་རྒྱུའོ། ང་ཡིས་རོལ་ཆའི་སྒྲ་དབྱངས་མི་ཤེས་ནའང་“རའི ”མ་འཕྱར་ན་“ཧྥ”འཕྱར་རྒྱུ་གདོན་མི་ཟའོ། ཁྱོད་ཀྱིས་རྣ་བར་ཐོས་སམ།
རོལ་ཆ་བ་ཀ་པ། ཁྱོད་ཀྱིས་ང་ཚོའི་མགོ་ལ་“རའི”འམ“ཧྥ”སོགས་རོལ་ཆའི་དབྱངས་གང་རུང་ཕྱོར་ཅིག
རོལ་ཆ་བ་ཁ་པ། སྐུ་མཁྱེན། ཁྱོད་ཀྱིས་རལ་གྲི་ཤུབས་སུ་བཅུག་ནས་བློ་གྲོས་ཕྱི་རུ་ཐོན་ཅིག
པེ་ཀྲེར། འོ་ན་ང་ཡི་བློ་གྲོས་དེ་ཁྱོད་ཀྱིས་མགོ་ལ་འཕྱར་རྒྱུའོ། ང་ཡི་ལྕགས་ལྟ་བུའི་བློ་གྲོས་ལས་ཁྱོད་ལ་སྐམ་རྡུང་གཏོང་བར་བྱ། འོན་ཀྱང་ང་ཡི་ལྕགས་ཀྱི་རལ་གྲི་ནི་སྔར་བཞིན་དལ་དུ་མི་འཇུག ཁྱོད་ཚོ་ཕོ་ཁྱོ་ག་ཡིན་ན་འདི་ལ་ཁ་གཏད་འཇལ་བར་ཤོག
སྡུག་བསྔལ་མང་ན་རང་སེམས་རྨོངས།
སྐྱོ་གླུ་མང་ན་རིག་པ་རྨོངས།
དེ་ལས་སིང་སྒྲ་ཅན་གྱི་སྒྲ་དབྱངས་ཐོང་།
“སིང་སྒྲ་ཅན་”ཞེས་པ་ཤེས་ཀྱི་ཡོད་དམ། དེ་ནི་དངུལ་གྱི་སིང་སྒྲར་བཤད་པའོ། གྲོགས་པོ་“སི་མོན་•རྒྱུས་སྐུད་”ཀྱིས་བརྗོད་ན་དེ་འདྲ་ཡིན་ནམ།
རོལ་ཆ་བ་ཀ་པ། ལོས་ཡིན། གྲོགས་པོ། གང་ཡིན་ཅེ་ན་དངུལ་ལ་སྙན་པའི་སིང་སྒྲ་ཞིག་ཡོད་པས་མིན།
པེ་ཀྲེར། ལེགས་པར་སྨྲས་སོ། འོ་ན་ཁྱོད་ཀྱིས་བྱས་ན་ཇི་འདྲའམ། གྲོགས་པོ “ཧུག་•ཨོག་ལེན་”ཁོ་རེ།
རོལ་ཆ་བ་ཁ་པ། ང་ཡིས་སྨྲས་ན། “སིང་སྒྲ་”ཞེས་ནི་རོལ་དབྱངས་ནི་དངུལ་ཁོ་ནའི་ཆེད་དུ་ཡིན་ཅེས་པར་གོ་བཞིན་འདུག
པེ་ཀྲེར། དེའང་ལེགས་པར་སྨྲས་སོ། འོ་ན་ཁྱོད་ཀྱིས་བྱས་ན་ཇི་འདྲའམ། གྲོགས་པོ་“ཇེམསི་•རྒྱབ་ཤིང་”ཁོ་རེ།
རོལ་ཆ་བ་ཀ་པ། ང་ནི་དངོས་གནས་བརྗོད་ཚོད་མི་ཐིག
པེ་ཀྲེར། ཝ་ཡེ། དགོངས་པ་མ་འཚོམས། ཁྱོད་ནི་གཞས་པ་ཞིག་ཡིན་སྟབས་གཏམ་དེ་ཁྱོད་ལ་ཕན་ཆེད་དུ་སྨྲས་པ་ཡིན། ང་ཡིས་ཁྱོད་ལ་“སིང་སྒྲ་ཅན་གྱི་སྒྲ་དབྱངས” ཞེས་མིང་ལ་འབོད་རྒྱུའོ། རྒྱུ་མཚན་ནི་རོལ་ཆ་བར་དངུལ་གྱི་སྒྲ་དབྱངས་ཙམ་ལས་གསེར་གྱི་སྒྲ་དབྱངས་ནི་ནམ་ཡང་རག་ཐབས་མེད་པས་སོ།
སིང་སྒྲ་ཅན་གྱི་རོལ་དབྱངས།
ཡིད་རྨོངས་དུས་ཀྱི་སྒྲ་དབྱངས།
ཞེས་ང་ཡིས་གླུ་ལེན་རྒྱུའོ།
པེ་ཀྲེར་གར་སྟེགས་ལས་བཤོལ།
རོལ་ཆ་བ་ཀ་པ། དེ་འདྲའི་མི་ཞིག་གི་བསུན་པ་ལགས་ཨང་།
རོལ་ཆ་བ་ཁ་པ། ཁོ་གང་དུ་འགྲོ་ན་རྒྱུགས། དེ་ལས་རང་ཚོ་ནི་མྱ་ངན་གྱི་རོལ་ཆ་གཏོང་བར་མ་བྲེལ་ཅིག སྔོན་ལ་ཟས་བསྒུག་རྒྱུའོ།
གར་སྟེགས་ལས་བཤོལ།
འཁྲབ་སྟོན་ལྔ་པ།
ལེའུ་དང་པོ།
ནམ་ཀྲུཨ་གྲོང་གི་ཁྲོམ་གཞུང་ཞིག་ན།
རོ་མེའོ་གར་སྟེགས་ཐོག་ཐོན།
རོ་མེའོ། གལ་ཏེ་རྨི་ལམ་ཞེས་པ་བདེན་དུ་རུང་ན་ང་ལ་རྟགས་དང་མཚན་མ་བཟང་བའི་རྨི་ལམ་ཞིགག་བྱུང་བ་སྟེ།
ང་ཡི་སྙིང་གི་ཟེའུ་འབྲུ་ཞིག་གི་སྟེང་དུ་འཁོད་པ་དང་། འབྲེལ་འདྲིས་ཡེ་ནས་མེད་པའི་རྣམ་ཤེས་ཤིག་ལས་དགྱེས་ཚོར་ཆེན་པོས་ང་ས་ལས་བར་སྣང་ལ་ཉིན་གང་འདེགས་པར་སྣང་།
ང་ཡི་སྲས་མོ་ང་ཡི་དྲུང་དུ་ཕེབས་རུང་ང་ནི་དེའི་ཚེ་འཆི་ཟིན་པར་རྨིས། རྨི་ལམ་ནི་རྨི་ལམ་རང་ངོ་། མི་ཞིག་ཤི་ནའང་དེ་ལ་དྲན་པ་ཡོད་པ་སྟེ། དེ་ཡིས་ང་ལ་ཞལ་སྦྱོར་མང་དུ་མཛད་པའི་མདོ་དོན་དུ་ང་ནི་འཆི་བ་ལས་སླར་གསོན་ཏེ་ཡུལ་གྱི་རྒྱལ་པོར་ཡང་གྱུར་པར་རྨིས།
ཨེ་མ། བརྩེ་དུང་ཞེས་པའི་གྲིབ་མའང་འདི་ལྟར་བརྩེ་གྱུར་ན་བརྩེ་དུང་དངོས་ནི་ཡིད་དུ་འོང་བ་ཇི་འདྲ་ཞིག་མ་ཡིན་ནམ།
བྷལ་ཐ་སར་གར་སྟེགས་ཐོག་ཐོན།
ཝེ་རོ་ནའི་གཏམ་གསར་འབྱོར་སོང་། གནས་ཚུལ་ཇི་ལྟར་རམ་བྷལ་ཐ་སར།
ང་ལ་ཆོས་དཔོན་ནས་ཕྱག་བྲིས་མེད་དམ། ང་ཡི་ཡུམ་གཅིག་ཇི་འདྲའམ། ཡབ་རྗེ་འང་སྐུ་དཀྱིལ་གྱི་གསལ་ཐང་ངམ། ང་ཡི་ཇུ་ལིཀྲི་ཇི་འདྲའམ། སླར་དུ་འདྲི་རྒྱུར། ཁོ་མོ་ཅག་ཁོ་ན་ཉིད་སྐུ་ཁམས་གསལ་གྱུར་ན་བྱེ་བྲག་ཅི་དང་ཅིའང་ཆག་སྒོར་མི་སྣང་ངོ་།
བྷལ་ཐ་སར། སྲས་མོ་ནི་དག་པའི་ཞིང་དུ་ཕོད་ཟིན། གཞན་གྱི་ཆག་སྒོ་གང་ཡང་མ་ལྷག དེ་ཡི་སྐུ་ལུས་ཁ་པུ་ལེཀྲི་མི་བརྒྱུད་
ཀྱི་དུར་སར་མནལ་དུ་བཞུགས་པ་དང་རྣམ་ཤེས་ནི་མཁའ་འགྲོའི་ཡུལ་ལ་བྱོན་ཟིན།
བདག་གིས་སྲས་མོ་ཉིད་དེ་ཡི་བརྒྱུད་ཀྱི་དུར་སར་དྲངས་པ་མིག་གིས་མཐོང་བ་ན་དེ་འཕྲལ་མགྱོགས་འགྲོའི་འཕྲིན་སྐྱེལ་བཞོན་པར་བརྟེན་ནས་འདི་ཕྱོགས་གནས་ཚུལ་གསོལ་བར་བཅར། མ་ཤིས་པའི་ཚུལ་འདི་རྣམས་ཞུ་བར་བདག་མི་བདེ་རུང་གང་གིས་བདག་ཕ་རུ་འཇོག་གནང་མཛད་དོན་ནི་འདི་ཡི་ཆེད་དུ་མ་ཡིན་ནམ།
རོ་མེའོ། འདི་འདྲ་བདེན་པར་འོས་སམ། སྲུང་སྐར་ཁྱོད་ཀྱིས་ང་སླར་སྲུང་མི་དགོས། ད་ནི་ཁྱོད་ཀྱིས་ང་ཡི་བསྟི་གནས་ཤེས་ཟིན་ཅིང་ང་ལ་སྣག་ཚ་དང་ཤོག་བུ་ཐབས་འཚོལ་གྱིས་འཕྲིན་སྐྱེལ་རྟ་པོ་གཉིས་གླས་ནས་འཕྲལ་དུ་གནས་འདི་རང་དུ་ཕྱིར་ལོག་གྱིས་ཤིག ང་ནི་དོ་ནུབ་རང་ཡུལ་འདི་ལས་ཐོན་རྒྱུའོ།
བྷལ་ཐ་སར། ཁྱེད་ཐུགས་སེམས་རྣལ་དུ་འཁོད་ཅིག ཁྱེད་ཀྱི་བཞིན་ནི་ཐལ་མདོག་སྟེ་འཇིགས་སྐྲག་ཏུ་སྣང་། དེ་ནི་ད་དུང་ཡང་ཆག་སྒོ་ཞིག་ལྷག་སྲིད་པའི་སྔ་ལྟས་སུ་སྣང་།
རོ་མེའོ། ག་ཡིན་འདི་ཡིན། ཁྱོད་སྣང་བ་འཕྲུལ་འདུག ང་ཁུ་སིམ་དུ་བཞག་ནས་མངགས་པའི་ལས་རྣམས་ལས་པར་རྒྱུགས་ཤིག ཁྱོད་མདུན་ང་ལ་ཆོས་དཔོན་གྱི་ཕྱག་བྲིས་མེད་པའམ།
བྷལ་ཐ་སར། ལགས་མེད། ང་ཡི་བརྩེ་བའི་རྗེ་བོ།
རོ་མེའོ། སྐྱོན་མི་ཆེ། ཉིད་རྟ་གླ་བར་རྒྱུགས་ཤིག ང་ཡིས་འཕྲལ་དུ་ཁྱོད་སར་འཛོམས་འཐུས།
བྷལ་ཐ་སར་གར་སྟེགས་ལས་བཤོལ།
ལེགས་སོ། ཇུ་ལིཀྲི། བདག་ཁྱེད་ཀྱི་སྐུ་གམ་དུ་དོ་ནུབ་རང་ས་ཐོག་ཏུ་ལྷུང་རྒྱུའོ། ད་ལྟ་ནི་ཐབས་ལ་བརྩོན་བཞིན་པའོ། ད་ལྟ་ནི་ཐབས་ལ་བརྩོན་བཞིན་པའོ། ཨེ་མ། མ་རུང་བའི་བསམ་པ་ཁྱོད། ཁྱོད་ནི་འུ་ཐུག་པའི་མི་ཡི་ཁོག་ལ་ཚང་རྒྱུ་ཤིན་ཏུ་མགྱོགས་འདུག འོ། ཡུལ་འདི་ན་སྨན་རྩྭ་འཚོང་མཁན་ཞིག་ཡོད་པ་ང་ཡིས་ལྷང་དུ་དྲན། ཉེ་ལམ་སྟེས་དབང་དུ་ང་ཡི་འདྲེན་བྱེད་དབང་པོའི་ཡུལ་དུ་འཆར་བ་ལྟར་ན་ཁོ་ནི་འདི་ཁུལ་གནས་པ་སྟེ། ལུས་གོས་ཧྲུལ་ལས་བཀླུབས། མིག་སྤུ་རིང་བ་དཔྲལ་བའི་མདུན་ན་གབ། ལས་སྨན་རྩྭ་འཐོག་བཞིན་གནས། ཁོ་ནི་ངང་ཚུལ་དབུལ་ཞིང་ཐ་ན་སྡུག་བསྔལ་ལས་ལུས་ཀྱི་ཤའང་རིད་ཅིང་རུས་པ་ཙམ་དུ་སྣང་། ཁོ་ཡི་ཚོང་ཁང་ན་སྲོག་ཆགས་རུས་སྦལ་ཞིག་ཐོག་ལས་དཔྱངས། ཆུ་སྲིན་ཞིག་སོབ་ཏུ་བརྒྱངས། འཇིགས་སུ་རུང་བའི་ཉ་འགའ་ཡི་པགས་པ་གྱང་སྡེབས་སུ་དཔྱངས།
ཁོ་ཡི་བང་ཁྲི་རྣམས་ནི་སྒམ་སྟོང་དང་། རྫ་ཁོག་ལྗང་ཁུ། ལྒང་བུ། སོན་སྣ་ཚོགས། རྩྭ་ཐག་ཆག་པ། རྒྱ་སེ་བ་མེ་ཏོག་ལྷེབ་མ་སོགས་ལས་གང་ཞིང་དེ་རྣམས་གཞན་གྱིས་མིག་ལམ་དུ་ཚོང་ཁང་བྱུར་བུར་གང་ཚུལ་དུ་བསྒྲིགས། ཡ་ང་བའི་ཚུལ་འདི་མཐོང་བ་ན་ང་ཡིས་ང་ལ་འདི་སྐད་ཅེས་སྨྲས་པ། “སྐྱེ་བོ་སུ་རུང་ལ་གལ་ཏེ་ཡུལ་མན་ཀྲུཨ་རུ་རང་སྲོག་གཅོད་པའི་དུག་གི་དགོས་པ་འཆར་གྱུར་ན་འདི་ན་ནི་ཞེ་མེར་སློང་མཁན་གྱི་སྐྱེ་བོ་ཞིག་འདུག་ཅིང་དེ་ཡིས་འཚོང་རྒྱུར་ཐེ་ཚོམ་མ་མཆིས།”
ཨེ་མ། བསམ་བློ་འདི་ནི་ད་ལྟ་རང་ལུས་སུ་འཁོར་ཞིང་དེའང་སྐྱེ་བོ་དེ་རང་གི་དྲུང་ནས་ཉོ་དགོས་པའི་དུས་སུ་འབབ། ཁོ་ཡི་ཚོང་ཁང་ནི་འདི་རང་ཡིན་པར་ང་ཡིས་ངེས་འདུག་རུང་། ད་ཉིན་ནི་ངལ་གསོའི་དུས་དང་སྐབས་འཁེལ་གྱིས་སྒོ་མ་ཕྱེ། -----ཝ་ཡེ། སྨན་ཚོང་བ།
སྨན་ཚོང་བ་གར་སྟེགས་ཐོག་ཐོན།
སྨན་ཚོང་བ། སྐད་ཆེན་དུ་འབོད་མཁན་དེ་སུའམ།
རོ་མེའོ། འདི་རུ་ཤོག་དང་། ཁོ་རེ། ཁྱོད་ནི་དབུལ་ཞིང་ཕོངས་པ་ཞིག་ཡིན་པ་ང་ཡིས་རིག 「རོ་མེའོ་ཡིས་ཁོ་ཡི་མིག་ལམ་དུ་དངུལ་ཁུག་འཕྱར」ལྟོས་དང་། འདི་ན་གསེར་ཊམ་ཞི་བཅུ་ཡོད།
འདི་ལ་དུག་ཤོག་ཆག་གཅིག་ཚོང་བར་གྱིས། དུག་དེ་ནི་ནུས་ལྡན་ཞིག་ཡིན་དགོས་པ་སྟེ་འཁོར་བར་སྐྱོ་བ་སྐྱེས་པོ་སུ་རུང་ལས་བཏང་འཕྲལ་དེ་ཡི་རྩ་གཞི་ཡོངས་སུ་ཁྱབ་ནས་དབུགས་འཕྲལ་མར་ཆད་པར་བྱེད་མཁན་ཞིག་དགོས། དེའང་རྫས་ལ་མེ་སྤར་འཕྲལ་མེ་སྒྱོགས་ཀྱི་མངལ་ལས་མདེའུ་སྐད་ཅིག་ཏུ་འཕུར་ཐུབ་པ་ལྟར་དགོས།
སྨན་ཚོང་བ། དེ་འདྲའི་སྨན་ཞིག་བདག་ལ་ཡོད་མོད། འོན་ཀྱང་མན་ཀྲུཨ་ཡུལ་གྱི་བཀའ་ཁྲིམས་ལྟར་ན་སུ་ཞིག་ལས་སྨན་དེ་རིགས་ཚོང་པར་བརྩམས་པ་ན་དེ་ལ་སྲོག་གི་ཆད་པ་གཅོད་རྒྱུར་བསྒྲགས།
རོ་མེའོ། ཁྱོད་ནི་འདི་ལྟའི་ཡ་ངའི་གནས་སུ་གྱར་རུང་ད་དུང་འཆི་བར་འཇིགས་སམ། མུ་གེ་ནི་ཉིད་ཀྱི་ངོ་དང་། བཀྲེས་ལྟོགས་ནི་ཉིད་ཀྱི་མིག དབུལ་ཕོངས་ནི་ཉིད་ཀྱི་ལུས་ལས་མངོན་བཞིན་འདུག
འཁོར་བའམ་ཁྲིམས་ནི་ཁྱོད་ལ་མི་ཞེན། དེ་ཡིས་ཁྱོད་ཕྱུག་པར་བཅོས་པའི་ཁྲིམས་ནི་མི་བཟོ། དེར་བརྟེན་ཁྱོད་ཕྱུག་པོར་བྱེད་འདོད་ན་ཁྲིམས་རྡོག་རོལ་དུ་བཏང་ནས་དངུལ་འདི་ལག་ཏུ་ལེན་ཅིག
སྨན་ཚོང་བ། 〔དངུལ་ལེན་བཞིན། 〕བདག་ནི་འཚོང་བར་མི་འདོད་རུང་དབུལ་ཞིང་ཕོངས་པར་བརྟེན་ནས་འདི་ལྟར་མི་བྱ་ཐབས་མེད་དོ།
རོ་མེའོ། འོན་ཀྱང་ང་ཡིས་ཁྱོད་ཀྱི་དབུལ་ཕོངས་ཁོ་ནར་རིན་འབབ་འཇལ་རྒྱུ་ཡིན་པ་ལས་ཁྱོད་ཀྱི་ཟ་རྔམ་ལ་རིན་འབབ་འཇལ་རྒྱུ་མ་ཡིན་ནོ།
སྨན་ཚོང་བ། 〔དུག་སྤྲོད་བཞིན།〕འདི་ཡི་ཟླ་ལ་རློན་གང་རུང་མཛད་ནས་ཡོངས་སུ་མཆོད་ཅིག ཁྱེད་ནི་སྐྱེ་བོ་ཉི་ཤུའི་སྟོབས་དང་ལྡན་གྱུར་རུང་འདི་ཡིས་འཕྲལ་མར་ཚར་གཅོད་པར་བྱེད་དོ།
རོ་མེའོ། ཁྱོད་ལ་དགོས་པའི་གསེར་ཊམ་འདི་ན་ཡོད། འདི་ནི་ཁྱོད་ཀྱི་དུག་ལས་ཀྱང་མཐའ་ངན་པའི་དུག་ཅིག་གོ། དེ་ནི་མི་ཡི་བླ་སྲོག་ལ་གནོད་ཆེ་ཞིང་སྡུག་བསྔལ་གྱི་འཁོར་བ་འདི་ནང་འདི་ཡིས་ཁྱོད་ཀྱི་ཤོག་ཆག་ཆུང་ངུ་འདི་ལས་ཀྱང་མང་བའི་སྲོག་གཅོད་བཞིན་ཡོད། དེར་བརྟེན་ང་ཡིས་ཁྱོད་ལ་དུག་འཚོང་བཞིན་ཡོད་པ་ལས་ཁྱོད་ཀྱི་ང་ལ་དུག་འཚོང་བཞིན་མེད། ག་ལེ་སྡོད། དངུལ་འདི་ལས་ཟས་ཉོས་ནས་ཁྱོད་ཀྱི་ལུས་ཤ་ལས་རྒྱས་ཐབས་བྱོས་ཤིག
སྨན་ཚོང་བ་གར་སྟེགསལས་བཤོལ།
སྨན་ཁྱོད་ཤོད་ཅིག ཁྱོད་ནི་རིག་པ་ངལ་གསོ་རུ་འཇུག་བྱེད་ཀྱི་སྨན་ཞིག་ཡིན་པ་ལས་དུག་ནི་ལོས་མ་ཡིན། ང་དང་མཉམ་དུ་ཇུ་ལིཀྲི་ག་ལ་བ་དེར་འགྲོའོ།
དེ་རུ་ང་ཡིས་ཁྱོད་ཁྱུར་མིད་དུ་གཏོང་རྒྱུའོ།
གར་སྟེགས་ལས་བཤོལ།
ལེའུ་གཉིས་པ།
ཆོས་དཔོན་ལོ་རེནསེ་ཡི་གྲྭ་ཤག་ན།
ཆོས་གྲོགས་ཇོ་ཧོན་གར་སྟེགས་ཐོག་ཐོན།
ཆོས་གྲོགས་ཇོ་ཧོན། ཝ་ཡེ། ཧྥ་རན་སིསི་པའི་ཆོས་གྲགས། སྤུན་ཟླ།
ཆོས་དཔོན་ལོ་རེནསི་ཤག་སྦུག་མ་ལས་ཕྱིར་ཐོན།
ཆོས་དཔོན་ལོ་རེནསེ། འདི་ནི་ཆོས་གྲགས་ཇོ་ཧོན་གྱི་གསུང་ལས་གཞན་ཅི། ཁྱེད་མན་ཀྲུཨ་གྲོང་ནས་ཕྱིར་འཁོར་ཟིན་པར་ཕྱག་ཕེབས་གནང་བྱུང་ཞེས་ཞུའོ། རོ་མེའོ་ནས་གང་ཟེར་འདུག གལ་ཏེ་ཁོ་ཡི་བརྗོད་དོན་རྣམས་ཡིག་ཐོག་ཡིན་ཚེ་ང་ལ་ཡི་གེ་དེ་དག་སྩོལ་ཅིག
ཆོས་གྲགས་ཇོ་ཧོན། རང་ཅག་གི་ལུགས་ཀྱི་ཆོས་གྲགས་རྐང་རྗེན་མ་ཞིག་བདག་གི་ལམ་རོགས་སུ་སྲོལ་ལྟར་དགོས་གལ་ལ་བརྟེན་ཁོང་ཡུལ་འདིའི་ནད་ཡམས་སྔོན་འགོག་དོ་དམ་པས་བདག་གཉོས་འགོས་ནད་ཅན་ལ་དོགས་ནས་ཁང་ནང་བཀར་ཉར་གྱིས་ཕྱི་རུ་དོན་དུ་མ་བཅུག་སྟབས་མན་ཀྲུཨ་བསྐྱོད་རྒྱུ་ད་བར་ནར་འགྱངས་སུ་ལུས།
ཆོས་དཔོན་ལོ་རེནསི། འོ་ན་ང་ཡིས་རོ་མེའོ་ལ་བརྫངས་པའི་འཕྲིན་དེ་སྐྱེལ་བར་སུ་ཞིག་བསྐྱོད་པ་ཡིན་ནམ།
ཆོས་གྲགས་ཇོ་ཧོན། བདག་གིས་ཁྱེད་ཀྱིས་ཕྱག་བྲིས་་རྫོང་མ་ཐུབ། དེ་ནི་འདི་ན་ཡོད། གྲོང་ནང་ནད་ཡམས་དོ་དྲག་སྟབས་ཕྱག་བྲིས་འདི་བཞིན་འདི་ཕྱོགས་ཕྱིར་འབུལ་ཡང་ཞུ་མ་ཐུབ་པར་ལུས།
ཆོས་དཔོན་ལོ་རེནསེ། ལམ་འགྲོ་མེད་པའི་རྟགས་སོ། ཆོས་གྲོགས་ཉིད་ཚད་འཛུགས། འདི་ནི་ཤིན་ཏུ་གལ་ཆེ་བའི་འཕྲིན་ཞིག་ཡིན་པ་སྟེ་འདི་ནང་འགངས་ཆེའི་ཐབས་རྣམས་འཁོད། གལ་ཏེ་དེ་དག་ཁུངས་སུ་རྫོང་མ་ཐུབ་ཚེ་དེ་ཡི་རྗེས་འབྲས་ནི་ཧ་ཅང་ཉེན་ཆེ།
ཆོས་གྲོགས་ཇོ་ཧོན། ཉིད་བྱོན་ནས་ང་ལ་ལྕགས་ཧྲེང་ཞིག་ཐབས་ཀྱིས་ལམ་སེང་ང་ཡི་ཤག་ཏུ་སྣོམ་ཕེབས་དང་།
ཆོས་གྲོགས་ཇོ་ཧོན། ཆོས་གྲོགས། བདག་ནི་འཕྲལ་མར་ལེན་པར་བསྐྱོད་རྒྱུའོ།
ཆོས་གྲོགས་ཇོ་ཧོན་གར་སྟེགས་ལས་བཤོལ།
ཆོས་དཔོན་ལོ་རེནསེ། ད་ནི་ཆུ་ཚོད་གསུམ་གྱི་དུས་ལས་ལྷག་མེད་ཅིང་དུས་དེ་རྫོགས་པའི་མཚམས་ན་ཡིད་འོང་ཇུ་ལིཀྲི་གཉིད་ལས་སད་རྒྱུ་ཡིན་ཅིང་ང་ནི་རྐྱང་པར་ཁོ་མོ་ཅག་གཟིམ་ལས་སློང་བར་མ་འགྲོ་ཐབས་མེད་དོ། རོ་མེའོ་ཡིས་གནས་ཚུལ་འདི་སྐོར་ཅང་མི་ཤེས་སྟབས་ཁོ་མོས་ང་ལ་འཁང་ར་བྱ་རྒྱུར་གདོན་མི་ཟ།
འོན་ཀྱང་ང་ཡིས་འཕྲལ་དུ་སླར་མན་ཀྲུཨ་ལ་འཕྲིན་བརྫངས་ནས་རོ་མེའོ་འདི་ཕྱོགས་མ་འཁོད་བར་ཁོ་མོ་ང་ཡི་ཤག་ཏུ་གསང་རྒྱ་དམ་པོས་ཉར་རྒྱུ་ཡིན་ཅེས་བརྗོད་རྒྱུའོ། སྐུ་ཕུང་གསོན་པོར་སྤུར་སྒམ་ནང་དུ་འདི་ལྟར་གནས་རྒྱུ་ནི་ཧ་ཅང་བཟོད་པར་དཀའ།
གར་སྟེགས་ལས་བཤོལ།
ལེའུ་གསུམ་པ།
ཁ་པུ་ལེཀྲི་མི་རྒྱུད་ཀྱི་དུར་ས་ན།
པ་རིསི་དང་དེ་ཡི་གཡོག་ཕྲུག་དུར་སའི་སྒོ་ཕྱིར་འབྱོར།
པ་རིསི། བུ། ཁྱོད་ཀྱི་སྒྲོན་མེ་དེ་ང་ལ་སྤྲད་ནས་རྒྱང་ཙམ་དུ་རྒྱུགས་ཤིག ང་ནི་གཞན་གྱིས་མ་མཐོང་བ་བྱ་རྒྱུ་ཡིན་སྟབས་སྒྲོན་མེ་དེ་སོད་ཅིག ཁྱོད་ཕ་རོལ་གྱི་ཐང་ཤིང་གི་ཚང་ཚིང་དུ་རྣ་བ་ས་ལ་སྦྱར་ནས་ཉལ་ནས་སྡོད་ཅིག
དེ་ཁུལ་གྱི་ས་རྣམས་དུར་ས་དྲུས་མ་ཐག་པའི་སོབ་སོབ་ཁོ་ན་ཡིན་སྟབས་སུ་ཞིག་ཕྱོགས་འདིར་འཁོད་པ་ན་དེ་ཡི་གོམ་སྒྲ་ཐོས་རྒྱུར་དེ་འཕྲལ་ཤུ་སྒྲ་བསྒྲགས་ནས་ང་ལ་བརྡ་བྱོས་ཤིག ང་ལ་མེ་ཏོག་དེ་ཚོ་ཚུར་ཤུགས་དང་། ད་ནི་ཁྱོད་ཕ་རུ་ཕྱིན་ནས་ང་ཡིས་མངགས་པ་ལྟར་བྱོས་ཤིག
གཡོག་ཕྲུག 〔ལོགས་སུ། 〕ང་ནི་དུར་ས་འདི་རུ་གཅིག་པུར་སྡོད་པར་འཇིགས་བཞིན་འདུག འོན་ཀྱང་མ་བསྡད་རང་བསྡད་དོ། 〔ཁོ་ལྗོན་ཤིང་གི་ཕྲེང་བའི་གསེབ་ཏུ་ཡིབས།〕
པ་རིསི། 〔ཇུ་ལིཀྲི་ལ།〕ཡིད་འོང་གི་མེ་ཏོག་ཁྱེད་ཚུར་གསོན་ཅིག གང་གི་བདག་སྙོལ་གྱི་གཟིམ་མལ་སྟེང་བདག་གི་ལག་ཏུ་བཟུང་བའི་མེ་ཏོག་འདི་རྣམས་འབུལ་རྒྱུའོ། ཀྱེ་མ་ཀྱེ་ཧུད། ཡ་ང་། གང་གི་གཟིམ་མལ་འདི་ནི་ས་རྡོས་གང་བར་ལགས།
བདག་ནི་མཚན་རེ་བཞིན་འདི་ལ་དྲི་ཞིམ་གྱི་ཆུ་ལས་འཁྲུད་གསོལ་དུ་བཅར་རྒྱུའོ། ཐ་ན་ཆུའང་ཐབས་སུ་མ་ཐུབ་ཚེ་བདག་གི་ཡིད་རྨོངས་པའི་མཆི་མའི་ཐིགས་ཕྲེང་དེ་སྟེང་གཏོར་བར་བྱ། གང་གི་དུར་འཇུག་གི་མཛད་སྒོའི་དོད་དུ་བདག་ནི་མཚན་རེ་བཞིན་དུ་མེ་ཏོག་འབུལ་བ་དང་མཆི་མ་གཏོང་བར་འདི་རུ་བཅར་རྒྱུའོ།
གཡོག་ཕྲུག་གི་ཤུ་སྒྲ་བསྒྲགས།
འོ། དེ་ནི་ཁོ་ཡི་ཉེན་བརྡའོ། སུ་ཞིག་འདི་ཕྱོགས་ཡོང་བཞིན་པའི་རྟགས་མཚན་ནོ། དུར་འཇུག་གི་མཛད་སྒོ་དང་བརྩེ་དུང་ལྷད་མེད་ཀྱི་ཆོ་ག་འདི་བཞིན་དཀྲོག་པར་རོ་རྐང་གང་ཞིག་འདི་ལྟའི་མཚན་མོར་ཡོང་བཞིན་ནམ།
ཅིའམ། དེ་ལ་སྒྲོན་མེ་ཞིག་ཀྱང་འཁྱེར་རྒྱུ་ཡོད་པའོ། ང་ནི་རེ་ཞིག་ཡིབ་པར་བྱ།
ཁོ་དུར་སའི་ཁུག་ཅིག་ཏུ་ཡིབས།
རོ་མེའོ་དང་བྷལ་ཐ་སར་ལག་ཏུ་སྒྲོན་མེ་དང་། འཇོར། ལྕགས་ཧྲེང་ཐོགས་བཞིན་གར་སྟེགས་ཐོག་ཐོན།
རོ་མེའོ། འཇོར་དང་ལྕགས་ཧྲེང་ང་ལ་སྤྲོད་ཅིག སྒུགས་ཨང་། འཕྲིན་འདི་ཁྱོད་ནས་ཞོགས་པའི་སྔ་ཆར་ང་ཡི་ཡབ་ཀྱི་ཕྱག་ཏུ་སོན་པ་གྱིས་ཤིག
སྒྲོན་མེ་དེ་ང་ལ་ཁྱེར་ཤོག ཁྱོད་ཀྱིས་སྲོག་ལ་ཐུག་རུང་གང་ཞིག་ཐོས་པའམ་གང་ཞིག་མཐོང་རུང་རྒྱང་དུ་གནས་ནས་ང་ཡི་ལས་ལ་ཐེ་ཇུས་མ་བྱོས་ཤིག
ང་ནི་གཤམ་དུ་སྤུར་སྒམ་ཁ་ཕྱེ་བར་བསྐྱོད་རྒྱུ་ཡིན་ཅིང་། དེ་ལ་རྒྱུ་མཚན་གཉིས་ཡོད་པ་ལས་གཅིག་ཏུ་ང་ཡི་བུད་མེད་ཀྱི་བཞིན་གྱི་དཀྱིལ་འཁོར་མཇལ་རྒྱུ་དང་གཉིས་སུ་ན་དེ་ཡི་ཕྱག་མཛུབ་ལས་སོར་གདུབ་དེ་དག་སེམས་རྟེན་དུ་ཚར་ཞུ་རྒྱུ་དེའོ།
འོ་ན་ཁྱོད་འདི་ནས་ཐོན་ཅིག གལ་ཏེ་ཁྱོད་ཀྱིས་ང་ནི་ཅི་ཞིག་ལས་མིན་ལ་སོམ་ཉིའི་ཚུལ་དུ་དཔྱད་པར་འཁོད་ཚེ། ལྷ་ཡུལ་ཚད་འཛུགས། ང་ཡིས་ཁྱོད་དུམ་བུར་བཏང་ནས་བཀྲེས་ལྟོགས་ལས་མནར་བའི་དུར་ས་འདི་ཡི་ཟས་སུ་སྦྱིན་རྒྱུའོ།
ང་ཡི་དུས་ཚོད་དང་ཀུན་སློང་ནི་དྲག་ཅིང་གཏུམ་ཞིང་། དེ་ནི་གཏུམ་དྲག་ཅན་གྱི་གཅན་གཟན་སྟག་གམ་རྦ་རླབས་ལས་ཁྲོ་བའི་རྒྱ་མཚོ་ལས་ཀྱང་དྲག
བྷལ་ཐ་སར། ཁྱེད་ལ་ཐུགས་བསུན་མི་འབྱུང་ཆེད་བདག་ནི་འདི་ལས་གྱེས་ནས་འགྲོ་རྒྱུ་རང་ངོ་། རྗེ་བོ་མཆོག
རོ་མེའོ། འོ་ན་ཁྱོད་ང་ལ་ཤ་ཚ་བྱོས། 〔ཁོ་ལ་དངུལ་བྱིན། 〕འདི་ལེན་ཅིག་བདེ་བར་འཁོད་ཅིག་ཤ་ཚ་ཅན་གྱི་གཡོག་ཁྱོད། ག་ལེ་བཞུགས།
བྷལ་ཐ་སར། 〔ལོགས་སུ།〕ཁོང་གིས་ངག་ལས་འདི་ལྟར་གསུང་འདུག་རུང་ལྡོག་ཏུ་ཁོང་གི་གཏུམ་པའི་བཞིན་དང་ཡ་མཚན་པའི་སྤྱོད་པར་དཔྱད་ན་ང་ནི་གང་ལྟར་ནའང་མི་རིང་བར་འཁོད་ནས་ཁོང་གི་མཛད་པར་བྱ་ར་བྱ་རྒྱུའོ།
ཁོ་ཕ་རོལ་དུ་དུར་སའི་ཟུར་ཞིག་ཏུ་ཡིབས།
རོ་མེའོ། 〔དུར་སའི་སྒོ་མོ་ལྕགས་ཧྲེང་ལས་བཅག 〕ངོམ་རྒྱུ་མེད་པའི་མེད་པའི་དུར་ས་ཁྱོད། གཤིན་པོའི་མངལ་ཁྱོད། སྣོད་འདིའི་བརྩེ་ལྡན་བཅུད་རྣམས་ཁྱོད་ཀྱིས་ཁྱུར་མིད་དུ་བཏང་དང་གཏོང་བཞིན་མ་ཡིན་ནམ། ང་ཡིས་ཁྱོད་ཀྱི་རུལ་སུངས་སུ་གྱུར་ཟིན་པའི་ཡས་ལེ་མས་ལེ་ཁ་ཕྱེ་སྟེ་ད་དུང་དེ་ནང་ཟས་རྒྱོང་རྒྱུའོ།
པ་རིསི། འདི་ནི་ས་མཐར་སྤྱུགས་ཟིན་པའི་མི་ངན་མོན་ཀྲག་པ་སྟེ། ང་ཡི་སྙིང་སྡུག་གི་སྐུ་མཆེད་བཀྲོངས་མཁན་ཁོ་མ་ཡིན་ནམ། བཀྲོངས་རྐྱེན་དེ་ཡི་སེམས་སྡུག་ལས་ང་ཡི་སྙིང་སྡུག་སྐུ་གཤེགས་དགོས་པའི་རྐྱེན་སློང་མཁན་ཁོ་མ་ཡིན་ནམ།
ཁོ་ནི་འདི་རུ་སླར་གཤིན་པོའི་སྐུ་ལུས་ལ་ངོ་ཚ་དང་བྲལ་བའི་གནོད་ཅིག་བྱེད་པར་འཁོད་ངེས་ལགས་ཤིང་ང་ཡིས་ཁོ་འཛིན་བཟུང་བྱ་རྒྱུའོ།
ཁོ་ཡིས་མདུན་དུ་མཆོངས།
མ་རུང་བའི་བྱ་བ་མཚམས་ཞོག་ཅིག མི་ངན་མོན་ཀྲག་པ་ཁོ་རེ། ཁྱོད་འདི་རུ་ཡོང་དོན་ནི་མི་གསོད་པ་ལས་ཀྱང་ལྷག་པའི་དགྲ་ཤ་གང་ཞིག་ལེན་པའི་ཆེད་དུའམ། མི་ངན་ཁྱོད་ནི་འཛིན་བཟུང་བྱ་རྒྱུའོ། མགོ་བཏགས་ནས་ང་དང་མཉམ་དུ་ཤོག་ཅིག ཁྱོད་ནི་སྲོག་ཐོག་ཏུ་གཏོང་རྒྱུའོ།
རོ་མེའོ། ང་ནི་ཤི་རྒྱུར་ཐག་བཅད་ཟིན། འདི་རུ་ཡོང་དོན་ཡང་དེ་ལ་ཐུག གཞོན་ནུ་བཟང་བོ་ཁྱོད་ཀྱིས་འུ་ཐུག་པའི་མི་ལ་སྙད་བརྐོ་མི་ཉན།
ང་ལ་སྙད་བསྐོ་རྒྱུ་ཅམ་འཇོག་གིས་ཁྱོད་ཕ་རོལ་དུ་བྲོས་ལ་རྒྱུགས་ཤིག འདི་རུ་གནས་པའི་གཤིན་པོ་འདི་རྣམས་ལས་བསླབ་བྱ་བླངས་ནས་ཁྱོད་འཇིགས་ཤིང་སྐྲག་པར་བྱོས་ཤིག ཁྱོད་ལ་ཐུ་བ་འཐེན་རྒྱུར། ང་བཙན་པོས་ཁྲོ་རུ་བཅུག་ནས་སླར་སྡིག་པ་གསོག་ཏུ་མ་ཆུག་ཅིག ཕར་ལ་སོང་། ལྷ་ཡུལ་ཚད་འཛུགས། ང་འདི་རུ་ཡོང་དོན་ནི་རང་སྲོག་གཅོད་པའི་ཆེད་དུ་ཡིན་སྟབས་ཁྱོད་ལ་ནི་རང་སྲོག་ལས་ཀྱང་གཅེས་པ་བྱེད་བཞིན་ནོ།
དེར་བརྟེན་ཁྱོད་འདི་རུ་མ་སྡོད་ཕར་ལ་སོང་། ཁྱོད་གསོན་པོར་གནས་ནས་སྨྱོན་པ་ཞིག་གི་བྱམས་སྙིང་ལས་ང་བྲོས་ལ་ཐར་བྱུང་ཞེས་སྨྲ་བར་སོང་།
པ་རིསི། ཁྱོད་ཀྱིས་ཞུ་བ་ལ་ང་བློ་མི་འགུ། ཁྱོད་ནི་ཁྲིམས་འགལ་པ་ཡིན་སྟབས་འཛིན་བཟུང་ཁོ་ན་བྱ་རྒྱུའོ།
རོ་མེའོ། ཁྱོད་ཀྱིས་ང་མི་ཁྲོ་རང་ཁྲོ་བཟོ་རྩིས་སམ། འོ་ན་བུ་ཁྱོད་ཤོག་ཅིག ང་ནི་ཁྱོད་ལ་མ་འཛིང་མཐུ་མེད་དོ།
ཁོ་གཉིས་འཛིང་རེས་ཐུག
གཡོག་ཕྲུག གནམ་བདག་མཁྱེན། ཁོང་གཉིས་འཛིང་རེས་མཛད་བཞིན་གདའ། ང་ནི་སྐོར་གཡེང་པ་འབོད་པར་འགྲོ།
གཡོག་ཕྲུག་གར་སྟེགས་ལས་བཤོལ།
པ་རིསི། 〔ས་ཐོག་ཏུ་ལྷུངས།〕ཨ། ང་བསད་སོང་། ཁྱོད་ལ་སྙིང་རྗེ་ཏིལ་ཙམ་ཡོད་གྱུར་ན་སྤུར་སྒམ་ཁ་ཕྱེ་ནས་ང་ཇུ་ལིཀྲི་ཡི་སྐུ་གམ་དུ་ཞོག་ཅིག
རོ་མེའོ། རྒྱུ་འབྲས་དཔང་འཕེར་ཆེད་ང་ཡིས་དེ་ལྟར་བགྱིའོ། ང་ནི་ཁྱོད་ཀྱི་བཞིན་ལ་སླར་ལེགས་པར་ལྟ་རུ་ཆུག་དང་། ཁྱོད་ནི་ཕུལ་བྱུང་གི་ལྷ་སྲས་པ་རིསི་སྟེ་མེར་ཁུ་ཀྲིའོ་ཡི་སྐུ་མཆེད་མ་ཡིན་ནམ། ང་དང་ང་ཡི་གཡོག་རྟབ་རྟབ་པོར་ལམ་བར་རྟ་ཐོག་རྒྱུགས་སྐབས་ཁོ་ཡི་ང་ལ་ཁྱེད་སྐོར་བརྗོད་བྱུང་སྙམ། ཁོ་ཡིས་དངོས་གནས་དེ་ལྟར་བརྗོད་པ་ཡིན་ནམ། ཡང་ན་ང་ལ་རྨི་ལམ་དུ་རྨིས་པ་ཡིན་ནམ། ཡང་ན་ང་སྣང་བ་འཕྲུལ་ནས་ཁོ་ཡིས་ང་ལ་ཇུ་ལིཀྲི་ཡི་སྐོར་སྨྲས་བྱུང་སྙམ་པ་ཡིན་ནམ། ཨེ་མ། ཁྱེད་ཀྱི་ཕྱག་བདག་ལ་སྩོལ་དང་། འདི་ནི་ཆག་སྒོ་ཞིག་གླེགས་བམ་ནང་ཡིག་ཐོག་འཁོད་པ་ལྟར་དུ་སྣང་། བདག་གིས་ཁྱེད་ཡིད་དུ་འོང་བའི་དུར་ས་འདི་རུ་ད་ནི་སྦ་རྒྱུའོ། ཨེ་མ། འདི་ནི་དུར་ས་མ་ཡིན་ཏེ། འོད་སྣང་ཡིན་པ་སྟེ་གཞོན་ནུ་ཁྱེད་འདི་ནང་སྦ་བར་བྱ། ཇུ་ལིཀྲི་ནི་འདི་ན་ཡོད་སྟབས་དུར་ས་འདི་ནི་སྟོན་མོའི་ཁང་ཆེན་ཞིག་ལས་ཀྱང་རྣམ་པར་བཀྲ་བར་འོད་ཟེར་ལས་བརྒྱན། གང་གི་སྐུ་ཡི་ཕུང་པོ་ནི་འཆི་ཟིན་པའི་སྐྱེ་བོ་སྟེ་བདག་དང་མཉམ་དུ་གནས་རྒྱུའོ།
ཁོ་ཡིས་པ་རིསི་ཇུ་ལིཀྲི་ཡི་སྐུ་ཕུང་གི་འགྲམ་དུ་བཞག
སྐྱེ་བོ་མི་ལ་འཆི་ཁར་བདེ་བ་སྐད་ཅིག་ཡོད་པར་བཤད། རྗེས་འཇུག་པས་དེ་ལ་གློག་འཁྱུག་ལྟ་བུའི་བདེ་བ་ཞེས་བཤད། ཨེ་མ། འོ་ན་ང་ལ་ད་ལྟ་བདེ་བ་ཞིག་འཆར་བཞིན་འདུག་ཅིང་དེ་ནི་གློག་འཁྱུག་ལྟ་བུའི་བདེ་བ་དེའམ། ཨེ་མ། ང་ཡི་བརྩེ་དུང་། ང་ཡི་ཟླ་བོ། འཆི་བ་མི་རྟགས་པས་གང་གི་ལྗགས་དབུགས་ཀྱི་རོ་བཅུད་འཕྲོག་ཟིན་ནའང་གང་གི་མཛེས་སྡུག་འཕྲོག་པའི་ནུས་པ་ནི་དེ་ལ་ཡོད་མ་ཡིན།
ཁྱེད་ནི་དེ་ཡི་དབང་འོག་ཏུ་ད་དུང་མ་འདུས། གང་གི་མཚར་སྡུག་ནི་ད་ལྟའང་གང་གི་ཞལ་གྱི་མཆུ་སྒྲོས་དང་བཞིན་གྱི་དཀྱིལ་འཁོར་ལས་དམར་མདངས་སུ་འཕྱུར་བཞིན་འདུག་ཅིང་འཆི་བ་མི་རྟག་པའི་ཉམ་ང་བའི་ཐལ་མདོག་ནི་གང་ལ་ཡོད་མ་ཡིན།
ཀྱེ། ཀྲི་བྷལཀྲི། ཁྱེད་འདི་ན་ཁྲག་ལས་འཚོས་པའི་རོ་གོས་ནང་གནས་ཡོད་དམ། ཨེ་མ། ང་ཡིས་ཁྱེད་ཀྱི་སྐུ་སྲོག་གཅོད་མཁན་གྱི་དགྲ་བོར་དགྲ་ཤ་ལེན་རྒྱུ་སྟེ་རང་ཉིད་ཀྱི་སྲོག་གཅོད་པ་ལས་ཀྱང་ལྷག་པའི་ལས་གང་ཞིག་ང་ཡིས་ཁྱེད་ལ་ལས་ཐུབ། ཁྱེད་ཀྱིས་བདག་ལ་དགོངས་པ་ཡང་བར་མཛོད། ཨེ་མ། བརྩེ་བའི་ཇུ་ལིཀྲི།
ཁྱེད་ནི་ད་དུང་ཡང་འདི་ལྟར་མཛེས་དོན་ཅི་ལགས། གཟུགས་མེད་འཆི་བ་མི་རྟག་པའང་ཡིད་འོང་གི་མཛེས་མ་ཁྱེད་ལ་འདི་ལྟར་བརྩེ་འདུག་ཅེས་ང་ཡིས་ངོས་འཛིན་བྱེད་དགོས་སམ། ཡང་ན་ཕྲག་དོག་ཅན་གྱི་བདུད་ངན་གང་ཞིག་ཁྱེད་ལ་སེམས་ཆགས་ནས་མུན་པ་འདི་ནང་ཁྱེད་ཉར་ནས་བསྡད་པ་ཡིན་ནམ། འཇིགས་སྣང་འདི་ཚོ་འདི་རུ་ཡོད་རྐྱེན་བདག་ནི་གང་གི་སྐུ་གམ་དུ་ཡུན་གནས་སུ་གང་གི་གཟིམ་མལ་ཏེ་མུན་ནག་འདི་ལས་ཇི་སྲིད་བར་མི་འབྲལ་བར་གནས་རྒྱུའོ།
འདི་རུ་གང་གི་གཟིམ་མལ་གྱི་ཞལ་ཏ་མ་སྟེ་འབུ་སྲིན་འདི་རྣམས་དང་མཉམ་དུ་བདག་གནས་རྒྱུའོ། ཨེ་མ། འདི་རུ་ནི་བདག་ཇི་སྲིད་བར་དལ་དུ་འཁོད་པར་བྱས་ཏེ་ངལ་བས་དུབ་པའི་ལུས་ཤ་ཁྲག་གི་སྡོང་པོ་འདི་སྟེང་མནན་པའི་གོ་མ་ཆོད་པའི་སྲུང་སྐར་རྣམས་ཀྱི་གཉའ་ཤིང་རྣམས་ཕར་དོར་རྒྱུའོ། ཝ་ཡེ་འདྲེན་བྱེད་གཉིས། ཁོང་ལ་མཐའ་མའི་མཇལ་ཁ་ཞུས་ཤིག
ཝ་ཡེ། ལག་གཉིས། ཁོང་ལ་མཐའ་མའི་འཐམ་འཁྱུད་ཞུས་ཤིག ཨེ་མ། མཆུ་སྒྲོས་ཏེ་དབུགས་ཀྱི་སྒོ་མོ་ཁྱོད་ཀྱིས་འདས་མོ་འདི་ལ་བདེན་པའི་ཞལ་ཞིག་སྦྱར་ནས་དེ་དང་ཡུན་དུ་གནས་ཤིག
ཤོག་ཅིག མ་ཤིས་པའི་ལམ་སྟོན་པ་ཁྱོད། འཇིགས་སུ་རུང་བའི་ཁ་ལོ་པ་ཁྱོད་ཀྱིས་གྲུ་འདི་བྲག་ལ་བརྡབས་ནས་ཐོར་དུ་ཆུག་ཅིག ང་ཡི་སྙིང་སྡུག་གི་ཆེད་དུ་འདུ་་འཐུང་ངོ་། 〔ཁོ་ཡིས་དུག་བཏུང་།〕ཨེ་མ། ཁོ་ནི་སྨན་ཚོང་བ་ལྷད་མེད་ཅིག་ཡིན་འདུག བཏུང་བྱ་འདི་ཡི་ནུས་པ་མྱུར་ཆེ། ང་ནི་དེ་ལ་ཞལ་སྦྱོར་ཞུ་བཞིན་ཤི་བར་བྱ།
རོ་མེའོ་འདས།
ཆོས་དཔོན་ལོ་རེནསེ། སྒྲོན་མེ། ལྕགས་ཧྲེང་། ཁྱེམ་བཅས་ཕྱག་ཏུ་ཐོགས་ཏེ་དུར་སའི་སྒོ་ཕྱིར་འབྱོར།
ཆོས་དཔོན་ལོ་རེནསེ། དམ་པ་ཧྥ་རན་སིསི་མཁྱེན། བདག་གི་མགྱོགས་ཚད་ལ་མགྱོགས་རོགས་མཛོད་ཅིག དོ་ནུབ་ང་ཡི་རྐང་པ་རྒས་པོ་ནི་ང་དུར་སར་སྐྱོད་པའི་སྐབས་འདི་ན་ལྷག་པར་གོག། -----དེ་སུའམ།
བྷལ་ཐ་སར། གྲོགས་ནང་མ་ཞིག་གོ། གང་ཉིད་ལེགས་པར་ཞལ་ཚོར་མཁན་གྱི་གྲོགས་ཤིག་གོ།
ཆོས་དཔོན་ལོ་རེནསེ། ཁྱོད་འཕྲད་པ་ལེགས་སོ། བརྩེ་བའི་གྲོགས་པོ། རྒྱང་ནི་སྒྲོན་མེ་ཕ་གིས་ཅི་ཕྱིར་དོན་མེད་དུ་ས་དགུ་འབུ་སྲིན་དང་མིག་མེད་ཀྱི་ཀེང་རུས་ལ་འོད་སྦྱིན་བཞིན་ནམ། ང་ཡིས་མཐོང་བ་ལྟར་ན་དེ་ནི་ཁ་པུ་ལེཀྲི་མི་རྒྱུད་ཀྱི་དུར་སར་འབར་བཞིན་པར་སྣང་།
བྷལ་ཐ་སར། འོ་དེ་ན་ཡོད་ཆོས་དཔོན་མཆོག གང་གིས་ཐུགས་བརྩེ་བཅངས་ཡུལ་གྱི་བདག་གི་རྗེ་བ་བོ་ནི་ཕ་ན་ཡོད།
ཆོས་དཔོན་ལོ་རེནསེ། སུ་ཕ་ན་ཡོད་ཅེས་རྗོད་དམ།
བྷལ་ཐ་སར། རོ་མེའོ།
ཆོས་དཔོན་ལོ་རེནསེ། ཁོང་དེ་རུ་སླེབས་ནས་དུས་ཇི་ཙམ་འདས་སོང་ངམ།
བྷལ་ཐ་སར། དམའ་མཐར་ཆུ་ཚོད་ཕྱེད་ཙམ་སོང་།
ཆོས་དཔོན་ལོ་རེནསེ། ང་དང་མཉམ་དུ་དུར་ས་ཕ་རུ་ཤོག་ཅིག
བྷལ་ཐ་སར། བདག་བཅར་བར་མི་ཕོད། ཆོས་དཔོན་མཆོག བདག་གི་རྗེ་བོའི་ཐུགས་ལ་བདག་ནི་རྒྱང་ན་ཡོད་ཁུལ་དུའོ། གལ་ཏེ་ཁོང་ལ་དཔྱད་པ་བྱེད་པར་ཉེ་བར་བཅར་ཚེ་བདག་ལ་སྲོག་དང་བསྡོམས་པའི་འཇིགས་སྐུལ་མཛད་བཞིན་འདུག
ཆོས་དཔོན་ལོ་རེནསེ། འོ་ན་དེ་རུ་འདུག་ཅིག ང་གཅིག་པུར་འགྲོ་རྒྱུའོ། འོན་ཀྱང་ང་ལ་འཇིགས་སྣང་ཞིག་ཆར་བཞིན་གདའ། ཀྱེ་ཧུད། ང་ནི་མ་ཤིས་པའི་རྐྱེན་གང་ཞིག་དང་འཕྲད་ཉེན་ལ་བློ་གཡེང་ཆེ།
བྷལ་ཐ་སར། བདག་ཐང་ཤིང་འདི་འོག་གཉིད་ལས་ཡུར་རིང་བདག་གི་རྗེ་བོས་གཞན་ཞིག་དང་འཛིང་རེས་མཛད་པ་དང་། གཞན་དེ་ཁོང་གིས་གསོད་གནང་མཛད་པའི་སྣང་བ་ཞིག་འཆར།
ཆོས་དཔོན་ལོ་རེནསེ། རོ་མེའོ་ཞེས་བརྗོད་དམ། མི་ལེགས་ཏེ། མི་ལེགས་ཏེ། དུར་སའི་རྡོ་གཅལ་དག་ཀྱང་ཁྲག་ལས་འཚོས་ནས་མི་འདུག་གམ།
དབེན་པའི་གནས་འདི་ལྟ་བུའང་ཁྲག་ལས་འདི་ལྟར་འཚོས་དོན་ཅི་ལགས། འདི་ན་ནི་བདག་མེད་ཀྱི་རལ་གྲི་གཉིས་ཀྱང་ཁ་སྤྲོད་དུ་ལྷུངས་ནས་ཡོད་པ་མ་ཡིན་ནམ།
ཁོང་དུར་སར་འབྱོར།
འདི་ནི་རོ་མེའོ་མ་ཡིན་ནམ། ཐལ་མདོག་ཏུ་གྱུར་ཟིན་འདུག གཅིག་ཤོས་དེ་སུའམ། པ་རིསི་མ་ཡིན་ནམ། ཁོང་ནི་ཁྲག་ལས་འཚོས་ནས་ཡོད་པ་མ་ཡིན་ནམ། ཨེ་མ། མ་ཤིས་པའི་དུས་འདི་འདྲ་ཞིག་ན་མ་ཤིས་པའི་རྐྱེན་འདི་འདྲ་ཞིག་ལྷག་རྒྱུ་ནི་དཔེ་རུ་མ་གྲགས། ཇུ་ལིཀྲི་གཉིད་ལས་སད། སྲས་མོ་འགུལ་བཞིན་གདའ།
ཇུ་ལིཀྲི། ཀྱེ། བདེ་བ་དང་ལྡན་པའི་ཆོས་དཔོན་མཆོག བདག་གི་རྗེ་བོ་ག་ན་ཡོད་དམ། བདག་ནི་གང་དུ་ཡོད་མིན་བདག་གིས་གསལ་བར་ཤེས་ཟིན་ཏེ། དེ་ན་སླེབས་ཀྱང་འདུག་གོ། བདག་གི་རོ་མེའོ་ག་ན་ཡོད་དམ།
ཉེ་འཁོར་ནས་སྐད་སྒྲ་གྲགས།
ཆོས་དཔོན་ལོ་རེནསེ། ང་ཡིས་སྐད་སྒྲ་ཞིག་ཐོས་བཞིན་གདའ། སྲས་མོ་མཆོག རང་གཉིས་མི་རྟག་འཆི་བའི་ཚང་སྟེ་སད་རྒྱུ་མེད་པའི་གཉིད་ཀྱི་ཡུལ་འདི་ལས་ཐེགས་དོ། འཛད་མཐའ་མེད་པའི་སྟོབས་ཤུགས་ཤིག་ལས་རང་རེའི་འཆར་གཞིར་འགོག་རྐྱེན་བཟོ་བར་སྣང་། འགྲོ། རྒྱང་དུ་འགྲོའོ།
ཁྱེད་ཀྱི་སྐུ་ཟླ་ནི་ཁྱེད་ཀྱི་བྲང་སྟེང་དུ་སྐུ་འདས་ཤིང་གནས། པ་རིསི་ཡང་དེ་ན་ཡོད་དོ། ཕེབས་ཤིག ང་ཡིས་ཁྱེད་བཙུན་མའི་དགོན་པ་ཞིག་ཏུ་དམ་པའི་ཆོས་ལ་འཇུག་རྒྱུའོ། ད་ནི་བཀའ་མོལ་གསུང་བའི་དུས་མ་ཡིན། མཚན་མོའི་སྐོར་གཡེང་ཡོང་བཞིན་གདའ། འགྲོ། གཅེས་པའི་ཇུ་ལིཀྲི། འགྲོ། ང་ནི་ད་དུང་འདི་རུ་སྡོད་པར་མི་བཟོད།
ཇུ་ལིཀྲི། སྐུ་ཉིད་སྔོན་ལ་བྱོན་ཅིག བདག་རེ་ཞིག་འདི་རུ་བསྡད་རྒྱུའོ།
ཆོས་དཔོན་ལོ་རེནསེ་གར་སྟེགས་ལས་བཤོལ།
འདི་ནི་ཅིའམ། ཤེལ་བུམ་ཁེབས་ལྡན་ཞིག་ང་ཡི་བརྩེ་དུང་གི་ཕྱག་ཏུ་ཡོད་པ་མ་ཡིན་ནམ། ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་པ་བྱེད་མཁན་ནི་དུག་འདི་ཉིད་ཡིན་པ་གོར་མ་ཆག
ཨེ་མ། ཁོང་གི་ཐབས་སྡུག་ལག་ཨང་། ཡོངས་སུ་རྫོགས་པར་མཆོད་ནས་ང་ལ་ཐིགས་ཙམ་འཇོག་གནང་མ་མཛད། ང་ཡིས་ཁྱེད་ལ་མཆུ་ཞིག་སྦྱོར། སྟབས་ལེགས་ན་དེ་ལ་དུག་གི་ལྷག་འཕྲོ་ཡོད་སྲིད་ནས་དེ་ཡིས་བདག་ཁྱེད་ཀྱི་སྐུ་གམ་དུ་འཁྲིད་སྲིད།〔ཇུ་ལིཀྲི་ཡིས་ཁོང་ལ་མཆུ་སྦྱར།〕ཞལ་མཆུ་ནི་ད་ལྟ་ཚ་པོའང་ཡིན་འདུག
གཡོག་ཕྲུག་དང་མཚན་མོའི་སྐོར་གཡེང་པ་དུར་སའི་ཕྱོགས་སུ་འཁོད།
སྐོར་གཡེང་པ་ཀ་པ། བུ། ལམ་སྟོན་ཅིག ག་ནས་འགྲོ་རྒྱུའམ།
ཇུ་ལིཀྲི། སྒྲ་གྲགས་བཞིན་གདའ། ད་ནི་མགྱོགས་ཙམ་བྱའོ། 〔མོ་ཡིས་རོ་མེའོ་ཡི་རལ་གྲི་ལག་ཏུ་ཚུར་བཟུང་།〕ཨེ་མ། བརྩེ་བའི་རལ་གྲི་ཉོན་ཅིག འདི་ནི་ཁྱོད་ཀྱི་ཤུབས་ཡིན། འདི་རུ་ཁྱོད་བཙའ་བརྒྱབ་ནས་གནས་ཤིག་ང་ནི་འཆི་རྒྱུའོ།
མོ་ཡིས་མོ་ལ་གྲི་བཙུགས་། རོ་མེའོ་ཡི་བྲང་སྟེང་དུ་འདས།
གཡོག་ཕྲུག་དང་མཚན་མོའི་སྐོར་གཡེང་པ་དུར་སར་འབྱོར།
གཡོག་ཕྲུག། ཕ་རུ་ཡིན། སྒྲོན་མེ་འོད་དུ་འཚེར་ས་ཕ་རུ་ཡིན།
སྐོར་གཡེང་པ་ཀ་པ། ས་གཞི་ཁྲག་ལས་འཚོས་འདུག ཁྱོད་ཚོ་འགའ་ཕྱིན་ནས་དུར་ས་ཡོངས་སུ་འཚོལ་ཅིག སུ་ཞིག་འདུག་རུང་འདི་རུ་འཁྲིད་ཤོག་ཅིག
སྐོར་གཡེང་པ་འགའ་གར་སྟེགས་ལས་བཤོལ།
ཡ་ང་བའི་གནས་ཤིག་གོ། འདི་ན་ལྷ་སྲས་གྲོང་ནས་གནས། ཇུ་ལིཀྲི་ནི་ད་ལྟ་ཁྲག་ཐོན་བཞིན་པའོ། མོ་ནི་ད་ལྟ་དྲོད་ཡལ་མེད་ཅིང་གྲོངས་མ་ཐག་ཙམ་ཉིད་དོ། འོན་ཀྱང་མོ་ནི་ས་འོག་ཏུ་སྦས་ཟིན་ནས་ཉིན་གཉིས་ཙམ་གྱི་དུས་འདས་ཟིན་པ་མ་ཡིན་ནམ། རྒྱལ་སྲས་དམ་པའི་སྙན་ལ་གསོལ་བར་རྒྱུགས་ཤིག ཁ་པུ་ལེཀྲི་པ་རྣམས་ལ་བརྡ་འབུལ་བར་རྒྱུགས་ཤིག མོན་ཀྲག་པ་རྣམས་ཀྱང་མནལ་ལས་སད་ཅིག བྱིངས་མུ་མཐུད་འཚོལ་བར་རྒྱུགས་ཤིག
སྐོར་གཡེང་པ་དེ་བས་མང་བ་གར་སྟེགས་ལས་བཤོལ།
རང་ཚོས་གཤིན་པོ་འདི་རྣམས་ས་ཐོག་ཏུ་ལྷུངས་ནས་ཡོད་པ་མཐོང་ཟིན། འོན་ཀྱང་དེ་ཡི་ཡ་ང་བའི་རྒྱུ་རྐྱེན་ད་ལྟ་མ་རྟོགས་སྟབས་དེ་ལ་འགྲེལ་པ་མི་ཐུབ།
སྐོར་གཡེང་པ་འགའ་བྷལ་ཐ་སར་ཁྲིད་ནས་གར་སྟེགས་ཐོག་ཐོན།
སྐོར་གཡེང་པ་ཁ་པ། འདི་ན་རོ་མེའོ་ཡི་གཡོག་ཡོད། ང་ཚོས་ཁོ་དུར་སདང་ཉེ་བའི་ས་ནས་རྙེད་བྱུང་།
སྐོར་གཡེང་པ་ཀ་པ། རྒྱལ་སྲས་མཆོག་འདི་རུ་མ་བྱོན་བར་ཁོ་གང་དུའང་མ་ཐོང་ཞིག
སྐོར་གཡེང་པ་གཞན་ཞིག་ལས་ཆོས་དཔོན་ལོ་རེནསེ་ཁྲིད་ནས་གར་སྟེགས་ཐོག་ཐོན།
སྐོར་གཡེང་པ་ག་པ། འདི་ན་བཙུན་པ་ཞིག་ཡོད། ཁོ་ནི་ལུས་འདར་བཞིན། ཤུགས་རིང་འབྱིན་བཞིན། ངུ་བཞིན་འདུག ཁོ་ནི་འདི་ཕྱོགས་ཡོང་བཞིན་འདུག་ཅིང་ངེད་ཚོས་ཁོ་ཡི་འཇོར་དང་ཁྱེམ་ཚུར་འཕྲོག་པའོ།
སྐོར་གཡེང་པ་ཀ་པ། བློ་དོགས་ཧ་ཅང་ཆེ་བ་བྱ་ཡུལ་གྱི་མི་ཞིག་གོ། བཙུན་པ་འདིའང་འདུ་མུར་ཉར་ནས་མ་གློད་ཅིག
རྒྱལ་སྲས་ཨེསི་ཁ་ལུསི་འཁོར་གཡོག་གར་སྟེགས་ཐོག་ཐོན།
རྒྱལ་སྲས། རང་ཚོ་ཞོགས་པའི་སྔ་ཆ་འདི་ཙམ་ན་མལ་ལས་ལང་དགོས་དོན་རྐྱེན་ངན་གང་ཞིག་ལྷགས་སོང་ངམ།
ཁ་པུ་ལེཀྲི་སྟངས་དཔྱལ་གར་སྟེགས་ཐོག་ཐོན།
ཁ་པུ་ལེཀྲི་རྗེ་བོ། ཕྱི་རོལ་དུ་སྐད་སྒྲ་འདི་ལྟར་སྒྲོག་དོན་ཅི་ཞིག་གམ།
ཁ་པུ་ལེཀྲི་ལྕམ། ཨེ་མ། ཁྲོམ་གཞུང་དུ་སྐྱེ་བོ་ཚོགས་ནི་“རོ་མེའོ”ཞེས་དང་། འགའ་ལས་“ཇུ་ལིཀྲི”ཞེས། ཡང་འགའ་ལས་“པ་རིསི”ཞེས་སྐད་ཆེན་དུ་འདོན་བཞིན་ང་ཚོའི་ཁྱིམ་རྒྱུད་ཀྱི་དུར་ས་ག་ལ་བ་དེར་བང་དུ་བགྲོད་བཞིན་པ་ནི་ཅི་ཕྱིར་རམ།
རྒྱལ་སྲས། རྣ་འཚེར་བའི་སྐད་ཡན་འདི་ཚོའི་འཇིགས་སུ་རུང་བའི་རྐྱེན་ནི་གང་ཞིག་གམ།
སྐོར་གཡེང་པ་ཀ་པ། རྗེ་མི་ཡི་བདག་པོ་གཟིགས་སུ་གསོལ། འདི་ན་ནི་ལྷ་སྲས་པ་རིསི་སྐུ་འདས་ནས་ས་ཐོག་ཏུ་ལྷུངས། འདི་ནི་རོ་མེའོ་འདས་ནས་ལྷུངས། ད་དུང་འདི་ན་ནི་སྔ་ས་ནས་འདས་ཟིན་པའི་ཇུ་ལིཀྲི་སླར་འདས་ནས་ད་ལྟ་དྲོད་ཀྱང་མ་ཡལ་བར་ལྷུངས།
རྒྱལ་སྲས། མི་གསོད་འདི་དག་གྱི་རྐྱེན་ཇི་ཡིན་བརྟག་ཅིང་དཔྱོད་ཅིག
སྐོར་གཡེང་པ་ཀ་པ། འདི་ན་ནི་བཙུན་པ་ཞིག་དང་རང་སྲོག་དོར་ཟིན་པའི་རོ་མེའོ་ཡི་གཡོག་ཅིག་འདུག་ཅིང་གཉིས་ཀའི་ལག་ཏུ་གཤིན་པོའི་སྤུར་སྒམ་ཁ་འབྱེད་བྱེད་ཀྱི་ལག་ཆའང་འདུག
ཁ་པུ་ལེཀྲི་རྗེ་བོ། ལྷ་ཡུལ་མཁྱེན། ཀྱེ་ཟླ་བོ། གཟིགས་དང་རང་གཉིས་ཀྱི་བུ་མོའི་ལུས་ལས་ཁྲག་ཇི་འདྲ་མི་འཐོན་ནམ། རལ་གྲི་འདི་ནི་གཟུགས་ཡུལ་ནོར་ནས་འདུག དེ་ཡི་ཤུབས་ནི་མོན་ཀྲག་འདི་པའི་ལུས་ལ་ཡོད་ནའང་དངོ་ནི་ང་ཡི་བུ་མོའི་བྲང་ཁར་ཟུག་ནས་འདུག
ཁ་པུ་ལེཀྲི་ལྕམ། ང་ནི་ཅི་དྲག འཆི་རྐྱེན་འདི་ནི་ང་ཡི་རྒས་ཟིན་པའི་ན་ལ་འཆི་རྒྱུ་དྲན་གསོར་བསྐུལ་བའི་དྲིལ་བརྡ་ཞིག་མ་ཡིན་ནམ།
མོན་ཀྲག་རྗེ་བོ་གར་སྟེགས་ཐོག་ཐོན།
རྒྱལ་སྲས། མོན་ཀྲག་རྗེ་བོ་འདི་རུ་ཕེབས་ཤིག ཁྱེད་ནི་སྔ་ས་འདི་ཙམ་ནས་མལ་ལས་བཞེངས་ཟིན་ནའང་ཁྱེད་ཀྱི་བུ་ནི་དེ་བས་སྔ་བར་ས་ལ་འགྱེལ་ཟིན།
མོན་ཀྲག་རྗེ་བོ། ཀྱེ་མི་ཡི་བདག་པོ་གཟིགས་སུ་གསོལ། བདག་གི་བཟའ་ཟླ་ཡང་མདང་ནུབ་ཚེ་མ་ཟིན། བདག་གི་བུ་རྒྱང་འབུད་དུ་བསྐྱོད་དགོས་པའི་མྱ་ངན་ལས་མོ་ཡི་དབུགས་ཀྱི་རྒྱུ་བ་ཆད། བདག་ནི་ན་རྒས་བགྲང་བྱ་འདི་ཙམ་ནའང་ད་དུང་ཆག་སྒོ་གང་ཞིག་ལྷག་རྒྱུ་ཡོད་དམ་སྙམ་ཞིང་སོམ་ཉིའི་འཆིང་བར་གནས།
རྒྱལ་སྲས། ལྟོས་དང་། ཁྱེད་ཀྱིས་འདི་ན་བལྟས་པ་ཙམ་ལས་ཤེས་ཐུབ།
མོན་ཀྲག་རྗེ་བོ། 〔རོ་མེའོ་མཐོང་འཕྲལ།〕ཨེ་མ། བེམ་པོ་ཁྱོད། འདི་ལྟར་རང་གི་ཕ་ཡི་ཡང་སྔོན་ལ་འཚང་ག་བརྒྱབ་ནས་དུར་སར་བཤར་ནས་ཅི་བྱ་རྒྱུའམ།
རྒྱལ་སྲས། ཁྲོ་བའི་གཏམ་རྣམས་རེ་ཞིག་ངང་འཐེན་གྱིས་ཤིག སྔོན་ལ་རང་ཚོས་མ་ཤེས་པ་དག་ཤེས་པ་བྱ་དགོས་འདུག་པ་སྟེ། ཆུ་ཕྲན་འདི་ཡི་མ་ཡུར་རམ། རྐ་མགོ། རྐ་མཇུག་བཅས་ཤེས་གལ་ཆེ་འདུག་པས། དེ་རྗེས་རང་ཚོ་ལྷན་ཅིག་ཏུ་མྱ་ངན་ལ་ཞུགས་པས་ཆོག་ཅིང་ཐ་ན་འགའ་ནི་འཆི་བར་ཉེན་པའི་སྡུག་བསྔལ་ལའང་ལྷུང་སྲིད།
དེར་བརྟེན་ཆག་སྒོ་འདི་མདུན་མྱ་ངན་རེ་ཞིག་མཚམས་འཇོག་གིས་དོགས་ཅན་རྣམས་འདི་རུ་ཁྲིད་ཤོག
ཆོས་དཔོན་ལོ་རེནསི་དང་བྷལ་ཐ་སར་མདུན་དུ་ཁྲིད།
ཆོས་དཔོན་ལོ་རེནསེ། བདག་ནི་བྱེད་གཏེ་ཡིན་ལ་ནུས་མེད་དེའང་ཡིན། བདག་ནི་ལས་འདི་རྩོམ་མཁན་གྱི་བྱེད་གཏེ་དེའོ། འོན་ཀྱང་དུས་དང་གནས་གཉིས་བདག་གིས་དམིགས་པ་དང་ཡོངས་སུ་ལྡོག་སྟབས་ཡ་ང་བའི་སྲོག་རྐྱེན་འདི་རྣམས་རྗེས་འབྲས་སུ་ལྷགས་པའོ། དེར་བརྟེན་འདི་རུ་ནི་བདག་གིས་བདག་ལ་ལེ་ཁག་དཀྲི་རྒྱུ་ཡིན་ལ་དག་འབུད་ཀྱང་ཞུ་རྒྱུའོ།
རྒྱལ་སྲས། འོ་ན་ཁྱོད་ཀྱིས་གྱོད་གཞི་འདི་སྐོར་ཤེས་ཚད་འཕྲལ་མར་རྗོད་ཅིག
ཆོས་དཔོན་ལོ་རེནསེ། སྙིང་པོ་བསྡུས་ནས་ཞུ་ན་འདི་ལྟ་སྟེ། བདག་གི་ཚེ་གཅིག་གི་ལྷག་མ་ནི་ཡ་ང་བའི་སྒྲུང་ཞིག་ལས་ཀྱང་མི་རུང་། ཕ་ན་ས་ཐོག་ཏུ་ལྷུངས་པའི་རོ་མེའོ་ནི་ཇུ་ལིཀྲི་ཡི་སྐུ་ཟླ་ཡིན་པ་དང་དེ་བཞིན་དུ་རྗེས་མའང་རོ་མེའོ་ཡི་སྐུ་ཟླའོ། དེ་གཉིས་གཉེན་སྒྲིག་གི་ཆོ་ག་བྱེད་པོ་ནི་བདག་ཉིད་དོ། དེ་གཉིས་ཀྱིས་གསང་བའི་གཉེན་སྒྲིག་གི་ཉིན་དེ་ནི་ཀྲི་བྷལཀྲི་འདས་པའི་ཉིན་དེའང་ངོ་། འདས་རྐྱེན་དེ་ཡི་ཉེས་པར་གཉེན་སྒྲིག་གི་གི་གོ་མག་གྲོང་ཁྱེར་འདི་ལས་ས་མཐར་སྤྱུགས་པ་སྟེ་ཇུ་ལིཀྲི་ཡི་མྱ་ངན་གྱི་རྐྱེན་ཡིན་པ་ལས་ཀྲི་བྷལཀྲི་ཡི་འདས་རྐྱེན་ནི་མོ་ཡི་མྱ་ངན་གྱི་རྐྱེན་མ་ཡིན།
འོན་ཏང་མོ་ཡི་མྱ་ངན་སེལ་ཕྱིར་ཁ་པུ་ལེཀྲི་རྗེ་བོས་བཙན་པོས་ལྷ་སྲས་པ་རིསི་ལ་གཉེན་སྒྲིག་པར་བརྩམས། དེའི་ཚེ་མོ་ནི་གཏུམ་དྲག་དུ་བདག་སར་འཁོད་ནས་གཉེན་སྒྲིག་གཉིས་པ་འདི་ལས་གཡོལ་ཐབས་ཤིག་བདག་གིས་ཐུབ་ན་རབ་དང་མ་ཐུབ་ཚེ་མོ་ནི་བདག་གི་ཤག་ཏུ་རང་སྲོག་གཅོད་རྒྱུ་ཡིན་ཅེས་བརྗོད།
བདག་ལ་སྨན་སྦྱོར་གྱི་ཤེས་བྱ་ཕྲ་མོ་ཡོད་སྟབས་བདག་གིས་མོ་ལ་གཉིད་སྨན་ཞིག་བྱིན་པ་དང་། དེས་ཀྱང་ནུས་ལྡན་དུ་བདག་གིས་བསམ་དོན་ལྟར་མོ་འཆི་བའི་ཚུལ་དུ་གཉིད་ལ་འཇུག་པར་བྱས།
དུས་དེའི་གནས་སྐབས་སུ་བདག་གིས་རོ་མེའོ་ལ་འདི་ཕྱོགས་མཚན་འདི་རང་ལ་འཁོད་རྒྱུར་འཕྲིན་བརྫངས་ནས་སྨན་གྱི་ནུས་པ་རྫོགས་མཚམས་ཁོ་མོ་གཉིད་ལས་སད་རྒྱུར་དེའི་ཚེ་བརྫུས་པའི་སྤུར་གམ་དེ་ནང་ལས་ཁོ་མོ་ཕྱིར་འདོན་རྒྱུར་བསྐུལ།
འོན་ཀྱང་ཡིག་སྐྱེལ་པ་ཆོས་གྲགས་ཇ་ཧོན་བྱ་བ་ནི་དམིགས་བསལ་གནས་ཚུལ་གྱིས་རྐྱེན་པས་མན་ཀྲུཨ་ལ་བསྐྱོད་རྒྱུར་འགོག་རྐྱེན་བྱུང་ནས་འཕྲིན་དེ་མདང་ནུབ་གཞི་ནས་བདག་ལ་ཕྱིར་སློག་མཛད།
དེའི་ཚེ་ཁོ་མོ་མནལ་ལས་སད་པའི་དུས་ལ་གཏུགས་ཤིང་བདག་གཅིག་པུར་ཁོ་མོའི་ཁྱིམ་བརྒྱུད་ཀྱི་དུར་ས་འདི་རུ་ཁོ་མོ་འདོན་པར་མི་འཁོད་མཐུ་མེད་ལ། དེའང་ཁོ་མོ་གནས་སྐབས་བདག་གི་ཤག་ཏུ་གསང་ཐབས་ཀྱིས་ཉར་ནས་རོ་མེའོ་འདི་ཕྱོགས་འཁོད་རྒྱུར་སླར་འཕྲིན་རྫོང་བའི་འཆར་གཞིར་བརྩམས། འོན་ཀྱང་བདག་འདི་རུ་ཁོ་མོ་མནལ་ལས་སད་ཉེའི་སྐར་མ་འགའ་ཡི་སྔོན་དུ་འབྱོར་ཙམ་ན་བསམ་ཡུལ་ལས་འདས་པར་ཕུལ་བྱུང་གི་པ་རིསི་དང་དྲང་བདེན་གྱི་རོ་མེའོ་སྲོག་གི་དབང་པོ་དོར་ཟིན་ཏེ་ས་ཐོག་ཏུ་རེངས་པོར་གནས་པ་བདག་གི་འདྲེན་བྱེད་ཀྱི་ཡུལ་དུ་འཆར།
དེའི་ཚེ་དེའི་དུས་ན་སྲས་མོ་མནལ་ལས་སད། བདག་གིས་ཁོ་མོ་ཅག་ལ་ལས་དབང་བཙན་པོས་བཀོད་པའི་ཆག་སྒོ་འདི་ལ་གོ་བ་གཏིང་ཟབ་ལེན་རྒྱུར་བསྐུལ་བའི་དུས་ན། ཕ་རོལ་ལས་སྐྱེ་བོ་འགའ་འདི་ཕྱོགས་སུ་འཁོད་པའི་སྒྲ་ལས་བདག་འཇིགས་པར་བྱས་ཤིང་དེ་འཕྲལ་གནས་འདི་ལས་ཕ་རོལ་དུ་བྲོས། འོན་ཏང་སྲས་མོ་ནི་ཡིད་གདུང་བས་བཟོད་པར་དཀའ་བར་མནར་ཏེ་གནས་འདི་ལས་འབྲལ་བར་མ་འདོད་མཐར་རང་སྲོག་རང་གིས་བཅད་པར་སྣང་།
བདག་གིས་ཤེས་པ་དེ་རྒྱས་སོ། ཁོང་གཉིས་ཀྱི་གཉེན་སྒྲིག་སྐོར་སྲས་མོའི་མ་མས་དཔང་འཕེར་ཐུབ། གལ་སྲིད་ཞུ་བ་འདི་ལ་ཧེ་བག་ཏིལ་ཙམ་ཡོད་གྱུར་ན་ཁྲིམས་ཞབས་སུ་བདག་གི་མི་ཚེ་རྒས་པོ་འདི་འཆི་མ་རན་གོང་དུ་འཆི་རྒྱུར་ཚད་དུ་འཛུགས་རྒྱུའོ།
རྒྱལ་སྲས། ང་ཚོས་ཁྱེད་ནི་གང་གི་དུས་སུའང་བཙུན་པ་རྣམ་དག་ཅིག་ཏུ་ཆ་འཇོག་བྱེད་བཞིན་ལགས། ད་ནི་རོ་མའོ་ཡི་གཡོག་གང་ན་འདུག། ཁོ་ལ་འདི་སྐོར་བརྗོད་རྒྱུ་ཅི་ཡོད་བརྗོད་དུ་ཆུག་ཅིག
བྷལ་ཐ་སར། བདག་ནི་བདག་གི་རྗེ་བོའི་སྐུ་གམ་དུ་ཇུ་ལིཀྲི་འདས་རྐྱེན་སྙན་དུ་གསོལ་བར་བསྐྱོད། ཁོང་དང་བདག་དེ་ཉིད་མགྱོགས་འགྲོའི་འཕྲིན་སྐྱེལ་བཞོན་པར་བརྟེན་ནས་མན་ཀྲུཨ་ལས་བྲལ་ཏེ་ཤུལ་ལམ་དུ་སོང་སོང་བ་ལས་དུར་ས་འདི་ལས་འབྱོར།
འཕྲིན་འདི་ནི་ཁོང་གིས་ཞོགས་པའི་སྔ་ཆར་ཡབ་ལ་འབུལ་རྒྱུར་བདག་ལ་བཀའ་མངགས་ཀྱིས་ཁོང་ཉིད་རྐྱང་པར་དུར་སའི་ནང་དུ་ཐེགས། བདག་ནི་གལ་ཏེ་ཁོང་གི་སྐུ་གམ་ལས་འཕྲལ་དུ་རྒྱང་དུ་མ་བྲལ་ཚེ་སྲོག་དང་བསྡོས་པའི་འཇིགས་སྣང་མཛད་སྟབས་ཁོང་དེ་རུ་བཞག་ནས་བདག་ཕ་རོལ་དུ་མི་སྐྱོད་མཐུ་མེད་ཀྱི་གནས་སུ་གྱར།
རྒྱལ་སྲས། འཕྲིན་དེ་འདི་རུ་འཁྱེར་ཤོག་ཅིག་ང་ཡིས་ཀློག་པར་བྱའོ། མཚན་མོའི་སྐོར་གཡེང་པར་གནས་ཚུལ་བརྗོད་མི་སྟེ་ལྷ་སྲས་པ་རིསི་ཡི་གཡོག་ཕྲུག་དེ་ག་ན་འདུག གཡོག་ཕྲུག་མདུན་ན་ཐོན།
ཁོ་རེ། ཁྱོད་ཀྱི་རྗེ་བོ་འདི་ནང་འཁོད་དོན་ཅི་ལགས།
གཡོག་ཕྲུག ཁོང་འདི་རུ་ཕེབས་དོན་ནི་སྲས་མོའི་སྐུ་ཕུང་ལ་མེ་ཏོག་འབུལ་ཆེད་དུའོ། བདག་ནི་རྒྱང་དུ་སྐྱོད་དགོས་ཞེས་དེ་ཡིས་སྐུལ་གནང་མཛད་པ་ལྟར་གྱིས། འོན་ཀྱང་དེའི་ཚེ་སྐྱེ་བོ་ཞིག་སྒྲོན་མེ་ལག་ཏུ་ཐོགས་བཞིན་སྤུར་སྒམ་ཁ་ཕྱེ་བར་འཁོད། བདག་གི་རྗེ་བོས་ནི་དེ་འཕྲལ་དེ་དང་འཛིང་རེས་མཛད། བདག་ནི་དེ་འཕྲལ་སྐོར་གཡེང་པ་འབོད་པར་བང་དུ་བྲོས།
རྒྱལ་སྲས། འཕྲིན་འདི་ཡིས་བཙུན་པའི་གཏམ་ལ་དཔང་འཕེར་ཐུབ། འདིས་ཀྱང་བརྩེ་དུང་དང་འཆི་རྐྱེན་སྐོར་གཉིས་སུ་མ་མཆིས་པ་སྨྲས། ཡིག་གསལ་ཁོ་ཡིས་སྨན་ཚོང་བ་དབུལ་བོ་ཞིག་ལས་རང་སྲོག་གཅོད་བྱེད་དུ་དུག་ཉོས་ཚུལ་དང་དུར་ས་འདི་རུ་ཆེད་དུ་ཇུ་ལིཀྲི་ཡི་གམ་དུ་འཆི་བར་འཁོད་ཅེས་འཁོད།
དགྲ་ཟླར་གྱུར་པའི་ཁྱིམ་གཉིས་གོ་བར་གྱིས་ཤིག ཝ་ཡེ། ཁ་པུ་ལེཀྲི། ཝ་ཡེ། མོན་ཀྲག ལྟོས་དང་། ཁྱེད་གཉིས་དབར་གྱི་དགྲར་འཛིན་ལས་ཆག་སྒོ་ཇི་ལྟར་མ་ལྷག་གམ། ལྷ་ཡུལ་གྱིས་བརྩེ་དུང་གི་ཐབས་ལ་བརྟེན་ནས་ཁྱེད་ཚོའི་མཛའ་བའི་བུ་ཕྲུག་ལྷ་ཡུལ་དུ་ཕྱིར་བཞེས་མཛད་པའོ།
ཐ་ན་ཁོ་བོར་ལྟོས་ནའང་རྐྱེན་འདི་ཚོ་མ་གོ་ཐོས་པའི་ཚུལ་དུ་བཞག་པའི་ལན་པར་རང་གི་གཉེན་ཉེར་ཡང་སྲོག་དང་བསྡོས་པའི་ཆད་པ་ཕོག མདོ་དོན་དུ་རང་ཅག་ཚང་མར་ཆད་པ་ཕོག་པའོ།
ཁ་པུ་ལེཀྲི་རྗེ་བོ། ཨེ་མ། སྤུན་ཟླ་མོན་ཀྲག་པ། ཁྱེད་ཀྱི་ཕྱག་བདག་ལ་ཐོང་དང་། སྐྱང་ལག་འདི་ནི་རང་གཉིས་ཀྱི་བུ་ཕྲུག་གི་མཐུན་སྒྲིལ་ཡིན་ཅིང་དེ་ལས་ལྷག་པའི་འདུན་པ་ནི་བདག་ལ་ཡོད་མ་ཡིན།
མོན་ཀྲག་རྗེ་བོ། འོན་ཀྱང་བདག་གིས་ཁྱེད་ལ་འབུལ་རྒྱུ་ནི་དེ་བས་ལྷག བདག་གིས་ཇུ་ལིཀྲི་ལ་འདྲ་སྐུ་ཞིག་གསེར་བཙོ་མ་ལས་བཞེང་རྒྱུ་སྟེ། ཝེ་རོ་ན་ཞེས་པའི་མཚན་སྙན་ཇི་སྲིད་མ་གནས་བར་ཇུ་ལིཀྲི་ལྟ་བུའི་བདེན་པ་བདེན་ཐུབ་ཀྱི་སྐྱེ་བོ་ཞིག་དེ་སྲིད་མི་ཐོན་རྒྱུའོ།
ཁ་པུ་ལེཀྲི་རྗེ་བོ། བརྗིད་མཉམ་པའི་རོ་མེའོ་ཡི་འདྲ་སྐུའང་དེ་ཡི་སྐུ་ཟླའི་གམ་དུ་བཞེངས་རྒྱུ་ཡིན་ཅིང་། ཁོང་གཉིས་ནི་རང་ཅག་གི་འཁོན་འཛིན་གྱི་མནར་གཅོད་མྱོང་པོ་གཉིས་སོ།
རྒྱལ་སྲས། ཡ་ང་བའི་བདེ་བ་ཕྲ་མོ་འདི་ལས་ཞོགས་པའི་དཀར་གསལ་གཞི་ནས་འཛུམ་གྱིས་བསུས། འོན་ཏེ་རྟ་བདུན་དབང་པོ་འདིའང་གདུང་བས་མནར་སྟབས་དེ་ཡི་བཞིན་མདངས་ད་དུང་ཡང་ཕྱིར་མ་མངོན།
ད་ནི་སྐྱེ་བོའི་ཚོགས་རང་གནས་སུ་གྱེས་ནས་སྐྱོ་གནད་འདི་སྐོར་མང་ཙམ་གླེང་དུ་སོང་ཞིག ལ་ལར་དག་སེལ་ཡོང་རྒྱུ་དང་ལ་ལར་ཆད་པ་ཕོག་རྒྱུའོ། འོན་ཀྱང་ཇི་ལིཀྲི་དང་རོ་མེའོ་ལ་བྱུང་བའི་འདི་ལྟའི་སྐྱོ་གནད་ནི་སྔར་གྱི་ལོ་རྒྱུས་སུ་མ་གྲགས།
གར་སྟེགས་ལས་བཤོལ།
རྫོགས་སོ།
འབྲུག་མོས་ཞུ་དག་བྱས།།