གནས་ཡུལ། མདུན་ངོས། འགྱུར་ཡིག་སྣ་ཚོགས།
 
 
༄༅།།རྨི་ལམ།
སྤེལ་དུས།2009-04-24   ཡོང་ཁུངས་།མཚོ་སྔོན་ཉིན་རེའི་ཚགས་པར།   རྩོམ་པ་པོ། ཁུ་ཧྥུ་ཁས་བརྩམས་ཤིང་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར། རྡེའུ་དཀར་ནག་གིས་ཞུ་དག་གནང་།
     རྒྱོ་སེ་ཧྥུKཡིས་རྨི་ལམ་ཞིག་རྨིས་བྱུང་བ་སྟེ།དེ་ནི་གནམ་ངོ་དྭངས་ཤིང་རླུང་བུ་འཇམ་པའི་ཉིན་མོ་ཞིག་ཡིན། Kཕྱི་རོལ་དུ་འཆམ་འཆམ་ལ་སོང་། ཁོ་རང་ཡུད་ཙམ་ལ་ཕྱིན་རྗེས་དུར་ཁྲོད་ཅིག་ཏུ་བསླེབས།དེ་རུ་མིས་ལས་པའི་ཀྱག་ཀྱོག་ཆེ་ལ་བགྲོད་མི་བདེ་བའི་ལམ་བུ་ཧ་ཅང་མང་པོ་ཞིག་ཡོད།ཁོས་དེའི་ཁྲོད་ཀྱི་གཅིག་བདམས་ཤིང་འཁྱར་འཁྱོར་ངང་མདུན་དུ་ཆས།དེ་ནི་ཤར་རྒྱུག་བྱེད་བཞིན་པའི་གཙང་པོ་ཞིག་གི་ངོས་སུ་གཡེང་བ་དང་འདྲ།སྐབས་དེར་རྒྱང་རིང་བརྩིགས་མ་ཐག་པའི་དུར་ས་ཞིག་ཁོའི་མིག་ལམ་དུ་ཐོགས། ཁོ་རང་ལ་དུར་ས་དེའི་མདུན་དུ་ངལ་གསོ་འདོད་ཅིག་སྐྱེས། དུར་ས་དེ་ཡིས་ཁོ་ལ་འགོག་ཏུ་མེད་པའི་བསླུ་བྲིད་ཀྱི་ནུས་ནུས་པ་ཁྱད་པར་བ་ཞིག་བྱིན་པས། ཁོ་རང་མགྱོགས་མྱུར་ངང་དུར་ས་དེའི་མདུན་དུ་བསླེབས་ན་སྙམ། ཡིན་ནའང་། སྐབས་འགར་ཁོས་དུར་ས་དེ་ཕལ་ཆེར་མཐོང་མི་ཐུབ་སྟེ།དུར་ས་དེ་དར་ཆ་མང་པོས་བསྒྲིབས་པ་དང་འདྲ། དར་ཆ་དེ་དག་རླུང་ཁ་ན་གར་དུ་རྩེན་ཞིང་ལྷབ་ལྷུབ་སྐྱོད་པར་བྱེད་ཅིང་། དར་ཆ་འཛིན་མཁན་དག་མི་མཐོང་ནའང་དགའ་འབོད་ཀྱི་སྒྲ་འབྲུག་སྐད་ལྡིར་འདྲ་ཞིག་ཐོས་འཛིན་གྱི་བུ་གར་ཚུད་པ་འདྲ་བའི་ཚོར་སྣང་ཞིག་སྐྱེས།
    
ཁོས་རྒྱང་རིང་དུ་བལྟས་པ་ན།གློ་བུར་དུ་ཁོའི་གམ་གྱི་ལམ་འགྲམ་དུ་སྔོན་ཏག་ཏག་ལ་མཐོང་བའི་དུར་ས་དང་ཀུན་ནས་མཚུངས་པའི་དུར་ས་ཞིག་ཡོད་པ་མཐོང་།ཅུང་ཙམ་འགོར་རྗེས་དུར་ས་དེ་ཡང་རང་གི་རྒྱབ་ལོགས་སུ་ཡོད་སྙམ་བྱུང་།ཁོ་རང་མྱུར་བ་མྱུར་དུ་རྩྭ་གསེང་དུ་ལྡིང་།རྒྱུ་མཚན་ནི་ཁོའི་རྡོག་འོག་གི་ལམ་དེ་ད་དུང་མུ་མཐུད་དུ་བྱ་འཕུར་བ་ལྟར་མདུན་ཐང་དུ་བསྲིང་བཞིན་འདུགརྐང་པ་ས་སྟེང་དུ་སྤོ་དུས་ཁོ་རང་དྲང་ཚུགས་སུ་འགྲེང་མ་ཐུབ་པར་ཏག་ཏག་དུར་ས་དེའི་མདུན་དུ་པུས་ཚུགས་སུ་འགྱེལ།སྐབས་དེར་མི་ཕོ་གཉིས་དུར་ས་དེའི་རྒྱབ་ལོགས་ནས་འགྲེངས་ཤིང་མཉམ་དུ་དུར་ས་དེའི་རྒྱབ་ལོགས་ནས་འགྲེངས་ཤིང་མཉམ་དུ་དུར་བྱང་ཞིག་མཁའ་རུ་འཕྱར་བྱུང་ལ།Kདུར་དའི་མདུན་དུ་མངོན་པ་མཐོང་མ་ཐག་དུར་བྱང་དེ་ས་སྟེང་དུ་བརྡབས་ཤིང་དེ་རུ་ཧ་ཅང་སྲ་བརྟན་ངང་བསླངས།སྐབས་དེར་སྡོང་ཕྲུག་མང་པོ་སྐྱེས་ཡོད་པའི་གསེང་ནས་མི་ཕོ་གཞན་ཞིག་ཀྱང་བསླེབས་བྱུང་།Kཡིས་བལྟས་མ་ཐག་མི་དེ་ནི་སྒྱུ་རྩལ་པ་ཞིག་ཡིན་པ་ཤེས་ཐུབ།ཁོས་དོར་མ་དང་སྒྲོག་གུ་བརྒྱབ་མེད་པའི་སྟོད་ཐུབ་ཞིག་ལས་གྱོན་མེད་ལ།མགོར་བྱ་སྤུའི་ཞྭ་མོ་སྟབས་བདེ་ཞིང་གྱོན་འདུག་ཅིང་། ལག་ཏུ་ཞ་སྨྱུག་ཅིག་ཐོགས་ཏེ་ཕྱོགས་གཅིག་ནས་དུར་སའི་ཕྱོགས་སུ་འོང་བཞིན་འདུག་ལ། ཕྱོགས་གཅིག་ནས་ཞ་སྨྱུག་གིས་བར་སྣང་དུ་ཅིག་ཞིག་འབྲི་བཞིན་འདུག  ཡུད་ཙམ་འགོར་རྗེས།སྒྱུ་རྩལ་པ་དེས་ཞ་སྨྱུག་གིས་དུར་བྱང་གི་གོང་དུ་ཡི་གེ་འབྲི་འགོ་བརྩམས་བྱུང་། དུར་བྱང་ཧ་ཅང་མཐོ་བས་ཁོ་རང་མར་སྒུར་མི་དགོས་མོད། ཡིན་ནའང་དུར་སས་ཁོ་དང་དུར་བྱང་གིས་ཀྱི་དབར་བར་ཐག་ངེས་ཅན་ཞིག་ཕྱར་ཡོད། ཁོ་རང་དུར་སའི་སྟེང་དུ་སྤོ་འདོད་མེད་པས་མདུན་ཐད་དུ་གསེག་གསེག་ཅིག་བྱས་ནས་སྡོད་དགོས་བྱུང་།དེའི་ཕྱིར་ཁོས་རྐང་པའི་ཕྱི་རྟིང་གནམ་ལ་བཀྱགས་ཤིང་ལག་གཡོན་པས་དུར་བྱང་བཟུང་ནས་བསྡད།ཁོས་བྱང་དུ་ཆུབ་པའི་ལག་རྩལ་དང་སྤྱིར་བཏང་གི་ཞ་སྨྱུག་དེར་བརྟེན་ནས་གསེར་མདོག་གི་ཡི་གེ་འགའ་བྲིས་བྱང་། ཁོས་འདི་ལྟར་བྲིས་ཡོད་དེ། གནས་འདི་རུ་བདེ་བར་གཟིམ་པ་ནིཡི་གེ་རེ་རེ་ནི་དེ་འདྲའི་གསལ་ཞིང་མཛེས་སྡུག་ལྡན་པ་ཞིག་སྟེ།དུར་བྱང་གི་སྟེང་དུ་ཟབ་མོར་བརྐོས་འདུག་ཅིང་འོད་དུ་འཚེར།ཁོས་ཡིག་གེ་དག་བྲིས་ཚར་རྗེསKལ་ཕྱི་མིག་གིས་ཡང་ཡང་བལྟས།སྐབས་དེརKཡིས་དུར་བྱང་གི་ངོས་སུ་ཅེར་འདུག་ཅིང་།བྲེལ་ཉམས་ངང་དུར་བྱང་གི་ངོས་སུ་ད་དུང་ཅི་ཞིག་འབྲི་བར་བསྒུགས་ཡོད་པས་མི་དེ་ལ་མཉམ་འཇོག་ཅི་ཡང་མ་བྱས།སྐབས་དེར་མི་དེས་ཀྱང་ཡང་བསྐྱར་མུ་མཐུད་དུ་འབྲི་འགོ་བརྩམས་བྱུང་མོད།འོན་ཀྱང་ཁོས་མུ་མཐུད་དུ་འབྲི་མ་ཐུབ།ཁོར་བར་ཆད་ཅིག་བྱུང་བ་དང་འདྲ་བར་ཞ་སྨྱུག་ཐང་ལ་བཞག་ནས་ཡང་བསྐྱརKཡི་ཕྱོགས་སུ་འཁོར་བྱུང་བས། Kཡིས་ཀྱང་སྒྱུ་རྩལ་པ་དེར་བལྟས་པ་ན། མི་དེའི་ངོ་གདོང་ལ་འུ་ཐུག་པའི་ཉམས་ཤིག་དོད་འདུག་མོད།འོན་ཀྱང་ཁོ་རང་ཅི་ཞིག་ལ་འུ་ཐུག་པ་མི་ཤེས། ཁོའི་ཡར་སྔོན་གྱི་གསོན་ཤུགས་མ་ལུས་གར་སོང་ཆ་མེད་དུ་གྱུར་འདུག དེའི་ཕྱིརKཡང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་།ཁོ་ཚོས་ཕན་ཚུན་ལ་ཅི་བྱ་གཏོལ་མེད་ཀྱི་མིག་མདངས་ཤིག་འཕེན་དགོས་བྱུང་།དེ་ནི་མི་ལ་ཁ་སྐྱེངས་བྱེད་ཅིག་ཡིན་ཞིང་སེལ་ཐབས་མེད་པའི་གོ་འཛོམ་ཞིག་ཀྱང་རེད།སྐབས་དེར་པུར་སྐྱེལ་རོལ་ཚོགས་ཀྱི་ཅོང་སྒྲ་གྲགས་བྱུང་བ་ནི་དུས་བབ་དང་མི་མཐུན་པ་ཞིག་ཏུ་སྣང་།སྒྱུ་རྩལ་པས་ལག་མཁའ་རུ་འཕྱར་ནས་ཤེས་ཀྱིས་གཡུག་གཡུག་གནང་སྟེ་ཅོང་སྒྲ་མཚམས་འཇོག་ཏུ་བཅུགཡུད་ཙམ་འགོར་རྗེས་ཅོང་སྒྲ་ཡང་བསྐྱར་གྲགས་བྱུང་།ཡིན་ནའང་ཐེངས་དེར་ཅོང་སྒྲ་ནི་ཧ་ཅང་གཉོམ་ཞིང་སུས་ཀྱང་མཚམས་འཇོག་བར་མ་སྐུལ་བར་གློ་བུར་དུ་དལ་ཅག་གེར་སོང་།དེ་ནི་ཕལ་ཆེར་དབྱངས་གཏན་འཁེལ་བྱེད་པའི་ཆེད་དུ་ཡིན་པ་འདྲ།Kཡིས་སྒྱུ་རྩལ་པའི་འུ་ཐུག་ཐབས་ཟད་ཀྱི་ཉམས་དེ་མཐོང་བས་ཡིད་སེམས་སྐྱོ་སྐྱོ་བ་་ཞིག་བྱུང་བས་ངུས་བྱུང་།མགོ་བོ་ལག་པས་བཏུམས་ཏེ་དུས་ཡུན་རིང་བོར་ངུ་ངག་བཏོན།སྒྱུ་རྩལ་པསKངུ་མཚམས་བཞག་རྗེས་ཅི་ལའང་འདང་མི་རྒྱག་པར་མུ་མཐུད་དུ་འབྲི་རྒྱུའི་ཐག་བཅད།རྒྱུ་མཚན་ནི་ཁོ་ལ་དེ་ལས་གཞན་པའི་ཐབས་མེད་པས་ཡིན།ཁོས་ཡིག་གེ་ཅུང་ཟད་བྲིས་པ་དེས་ཀྱང་Kལ་དགའ་སྤྲོ་འགོག་མེད་ཅིག་སྐྱེས་སུ་བཅུགཡིན་ནའང་སྒྱུ་རྩལ་པས་རང་གི་བསམ་ཚུལ་དང་འགལ་ཏེ་བྲིས་པ་ཡིན་པ་ཡིག་གཟུགས་དེ་འདྲའི་ལེགས་པོ་ཞིག་མིན་ལ། གསོན་ཤུགས་དང་ལྡན་པ་ཞིག་ཀྱང་མིན། ད་དུང་གསེར་མདོག་གི་གཟི་འོད་དེ་ཡང་མེད་མོད། འོན་ཀྱང་ཡིན་འབྲུ་ཧ་ཅང་ཆེ། དེ་ནི་ཆེ་བྲིས་ཀྱི་ཡིག་འབྲུJཡིན་པ་དང་། ཡིག་འབྲུ་དེ་བྲིས་ནས་ཚར་ལ་ཉེ་དུས་སྒྱུ་རྩལ་པ་ཁོང་ཁྲོ་དང་བཅས་དུར་སའི་སྟེང་དུ་སྤོས་པས་ཕྱོགས་བཞིའི་ས་འདམ་དག་ཀྱང་མཁའ་རུ་འཕྱུར་བྱུང་།སྐབས་དེརKཡིས་སྒྱུ་རྩལ་པའི་བསམ་ཚུལ་རྟོགས་སོང་།ཡིན་ནའང་ཁོར་ཞུ་བ་བྱས་ནས་རང་ཉིད་ལ་གུ་ཡངས་གཏོང་བའི་བར་གླགས་མི་འདུགསྒྱུ་རྩལ་པས་ལག་ཟུང་གིས་ས་སློག་འགོ་བརྩམས།ཁོས་སློག་སྟངས་དེར་གཞིགས་ན་དཀའ་ལས་ཏོག་ཙམ་ཡང་མྱོང་མི་དགོས་པ་འདྲ་སྟེ།ཡོད་ཚད་སྔོན་ནས་གྲ་སྒྲིག་བྱས་ཡོད་ཚོད་རེད།སྟེང་གི་ས་སྲབ་མོ་དེ་ནི་ཚུགས་ཀ་ཙམ་ལས་མིན།དེ་བསློགས་རྗེས་རྩིས་པ་གཟར་བོ་ཡིན་པའི་དུར་ཁུང་ཞིག་མིག་ལམ་དུ་གསལ་བོར་མངོན་བྱུང་།སྐབས་དེརKལ་ཡང་ཟོར་ཟོར་གྱི་རླུང་རྒྱུན་ཞིག་གིས་རྒྱབ་ནས་བསྐུལ་འདའི་ཚོར་སྣང་ཞིག་སྐྱེས་ཤིང་།དེ་མ་ཐག་ཁོ་རང་དུར་ཁུང་ནང་དུ་ལྷུང་སོང་།དུར་ཁུང་དུ་ད་དང་ཁོའི་མགོ་བོ་སྔར་བཞིན་མཇིང་པའི་སྟེང་དུ་ཐོགས་འདུག་ནའང་།ཅུང་མ་འགོར་བར་གཏིང་མི་མངོན་པའི་གཡང་རོང་གིས་ཁྱུར་མིད་དུ་བཏང་སོང་།ཡིན་ནའང་དེའི་ཐོག་གི་དུར་བྱང་སྟེང་ཤུགས་ཀྱིས་བརྟས་ཤིང་མཛེས་སྡུག་ལྡན་པའི་ཡིག་གཟུགས་ཀྱིས་ཁོའི་མིང་ཡིག་བྲིས་བྱུང་།  རྣམ་པ་དེ་དག་མཐོང་བའི་མོད་ལ་ཁོ་རང་ཡིད་འགུལ་ཐེབས་བཞིན་སད་བྱུང་།།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060