གནས་ཡུལ། མདུན་ངོས། འགྱུར་ཡིག་སྣ་ཚོགས།
 
 
༄༅།། མཚོ་འགྲམ་གྱི་ཁང་ཆུང་། སྟོད།
སྤེལ་དུས།2014-08-15   ཡོང་ཁུངས་།མཚོ་འགྲམ་གྱི་ཁང་ཆུང་།   རྩོམ་པ་པོ། འདྲེ་རིག་ལྡན་གྱིས་དབྱིན་ཡིག་ལས་བསྒྱུར།

པེཁྲརིཞཱི་ཨེཟིཔིས་ནོལ་གྱིས་བརྩམས།

ལེའུ་དང་པོ། གྲོགས་པོ་རྙིང་པ།

        དེ་ནི་ཉིན་གུང་གི་དུས་ཤིག་རེད། ང་རང་ལོན་ཊཱོན (London) ནུབ་རྒྱུད་དུ་ཡོད་པའིགྲུ་བའི་སྤྲོ་སྐྱིད་སྤྱི་གླིངནང་ཆུ་ཚོད་གཅིག་དང་ཕྱེད་ཙམ་རིང་བསྡད་དུས། མི་ཞིག་ཁང་པའི་ཟུར་དུ་ཁེར་རྐྱང་དུ་བསྡད་འདུག་པ་མཐོང༌། ངས་ཁོང་གི་མིང་མི་ཤེས་ཀྱང་ཏན་ཏན་ས་ཆ་ག་གེ་མོ་ཞིག་ནས་མཐོང་མྱོང་བ་ཞིག་རེད་འདུག ཁོང་ལ་སྐྱ་མདོག་གི་སྐྲ་ལོ་སྐྱེས་ཤིང༌། སྒེའུ་ཁུང་ལས་ཐཱམས྄་གཙང་པོའི (Thames River) ཕྱོགས་སུ་མིག་ཟུང་ཅེར་རེར་ཧད་འདུག
       
ནམ་རྒྱུན་ཉིན་གུང་གི་དུས་སུ་ང་རང་སྤྱི་གླིང་དུ་འགྲོ་གི་མེད། འོན་ཀྱང་ཉིན་དེ་ནི་ལས་རོགས་གསར་འགོད་པ་ཞིག་གི་སྐྱེས་སྐར་ཡིན་པ་དང༌། དེ་གར་ང་ཚོ་མི་བཞི་ཡོད། ངས་ཁོང་ཚོར་ཁང་པའི་ཟུར་གྱི་མི་དེ་ངོ་ཤེས་མིན་གྱི་སྐད་ཆ་དྲིས་བ་ཡིན། ཁོང་ཚོས་ཞིབ་ཏུ་བལྟས་ཀྱང་ངོ་ཤེས་ཀྱིན་མི་འདུག རྒྱུ་མཚན་ཅིའི་ཕྱིར་ཡིན་པ་ངས་ཀྱང་མ་ཤེས། འོན་ཀྱང་ངས་མིག་གིས་ཁོང་གཏན་ནས་གློད་མ་ཐུབ་པར་ཡང་སྙིང་ཁོ་རང་སུ་ཡིན་མིན་དྲན་གསོ་ཨེ་ཐུབ་བལྟས།
       
ང་ཚོ་ལས་གནས་སུ་ལོག་ལ་རན་པའི་མཐའ་མཇུག་དེར། མི་དེ་ང་ཚོའི་ཕྱོགས་སུ་ཁ་འཁོར་བ་དང་ཐད་ཀར་ང་ལ་བལྟས་འདུག ཁོང་གིས་ང་རང་ངོ་ཤེས་ཀྱིན་འདུག རྒྱུ་མཚན་ཁོས་ང་ལ་འཛུམ་བསྟན་སོང༌། ཁོང་སུ་ཡིན་ནམ ?
       
དུས་དེ་ཙ་ན་དེ་ནི་ངས་མཐོ་སློབ་སྐབས་སུ་ལོ་ངོ་ལྔའི་རིང་ལ་མཉམ་དུ་འགྲོགས་མྱོང་བ་ཞིག་ཡིན་པའི་ངེས་ཤེས་རྙེད་བྱུང༌། དེ་མ་ཐག་ཏུ་ངས་ཁོང་གི་མིང་དྲན་སོས་མ་བྱུང༌། ཁོ་རང་ཧ་ཅང་རྒས་འདུག ཁོ་རང་རྐུབ་སྟེགས་ལས་ཡར་ལངས་བ་དང་མཉམ་དུ་ང་རང་ཡང་ཁོང་གི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན། ང་རང་ཁོང་གི་ཉེ་འཁྲིས་སུ་འབྱོར་བ་དང་མཉམ་དུ་ཁོང་གི་མིང་ཡང་དྲན་སོས་བྱུང༌།
       
ཁེརལ། (Carl) ཁྱེད་རང་ཐུག་པ་ཡག་པོ་བྱུང༌། ཁྱེད་རང་འདི་གར་ཅི་ཞིག་བྱེད་ཀྱིན་ཡོད།?” ངས་དེ་ལྟར་བཤད་ཞོར་ཁོང་གི་ལག་པར་འཇུས།
       
རྗོན། (John) ཅི་འདྲའི་མཚར་སྡུག་ལྡན་པ་ཞིག མ་ཐུག་པར་ཡུན་རིང་འགོར་སོང༌།ཁོས་ང་ལ་ལག་འཇུ་ཞིག་བྱས་རྗེས་ལག་པ་གཉིས་ཀྱིས་ངའི་དཔུང་བར་འཐམས།
       
ཁྱེད་རང་ཐུག་པ་ཡག་པོ་བྱུང༌། ཁྱེད་ཀྱིས་ཤེས་སམ། དུས་ཡུན་རིང་པོ་འདིའི་ནང་དུ་མཐོ་སློབ་སྐབས་ཀྱི་མི་ཞིག་དང་འཕྲད་པ་ཁྱེད་རང་དང་པོ་ཡིན། དེ་ནི་དངོས་གནས་འཚོ་བ་སྐྱིད་པོ་ཞིག་ཡིན། དེ་འདྲ་མ་རེད་དམ ? ”
       
ཁེརལ་ཁོ་ང་དང་ཐུག་པས་ཧ་ཅང་དགའ་བོ་བྱུང་ཡོད་པ་གསལ་བོ་རེད། འོན་ཀྱང་ཆེས་ཐོག་མ་དེར་ཁོས་ང་ལ་ཅི་ཞིག་བཤད་དགོས་བའང་མ་ཤེས་བར་ལུས་སོང༌། ཁོ་རང་ཆུང་དུས་ཀྱི་སློབ་ཕྲུག་སྤྲོ་སྣང་ཅན་དེ་དང་ཧ་ཅང་མ་འདྲ་བ་ཞིག་ཆགས་འདུག ང་ཚོ་ལོ་ཚོད་འདྲ་མཉམ་ཡིན་ནའང་ཁོ་རང་ང་ལས་ཧ་ཅང་རྒན་པའི་ཉམས་མངོན་ཞིང༌། མགོའི་སྐྲ་ལ་སྐྱ་མདངས་ཤར་བ་དང་གདོང་ལ་སྡུག་བསྔལ་བའི་ཉམས་ཤིག་ཀྱང་ཐོན་འདུག མ་ཟད་ངའི་དྲན་ངོ་རུ་ཡོད་པའི་སྔོན་ཆད་ཀྱི་ཁོ་དང་བསྡུར་ན་ཧ་ཅང་སྐམ་པོའང་ཆགས་འདུག
       
ཁེརལ་གྱིས་དེ་སྔོན་ཁོ་རང་སྡོད་སའི་རྐུབ་སྟེགས་དེར་མཛུབ་མོ་ཀེར་རེར དེ་གར་སྡོད་དང༌། ངས་ཁྱོད་ལ་ཆང་ཞིག་འཁྱེར་ཡོང༌།ཟེར།
       
ང་རང་ལས་ཀ་ལ་འགྲོ་རན་འདུག་མོད། ཁེརལ་ནི་གྲོགས་པོ་རྙིང་པ་ཞིག་དང༌། གྲོགས་པོ་ཡག་པོ་ཞིག་ཡིན་པར་མ་ཟད། མཐོ་སློབ་སྐབས་སུ་ང་ཚོ་ལྷན་དུ་འཛོམས་དུས་རྩེད་མཚར་མང་པོ་ཡོད་མཁན་ཞིག་ཀྱང་ཡིན་པས་ངས་ལན་བཟློག་མ་ནུས།
       
ཨོ་རེད།ངས་ཁོང་ལ་དེ་ལྟར་བཤད་རྗེས་ལས་གྲོགས་གཞན་པ་ཚོར་ང་རང་མགྱོགས་མྱུར་ངང་ལས་གནས་སུ་ལོག་ཡོང་ཞེས་མངགས་ནས་ཁོང་ལ་བསྒུག་བསྡད་པ་ཡིན། སྐབས་དེར་ཁེརལ་གྱིས་ཆང་ཤེལ་ཕོར་གཉིས་འཁྱེར་ནས་སླེབས་སོང༌། མི་འདི་ངས་མཐོ་སློབ་སྐབས་སུ་ཐུག་མྱོང་བའི་མི་དེ་རེད་ཟེར་ན་དངོས་གནས་ཡིད་ཆེས་ཁག་པོ་ཞིག་ཆགས་འདུག ཁོ་རང་ཧ་ཅང་སྐམ་པོ་དང་ངོ་མདངས་སྐྱ་བོ་ཆགས་འདུག ཁོང་ལ་ཅི་ཞིག་བྱུང་སོང་ཡིན་ནམ གཅིག་བྱས་ན་ཁོ་རང་སྨན་ཁང་ནས་ཐོན་ཚར་ཙམ་ཡིན་ས་རེད།
       
ངས་དེ་ལྟར་བསམ་གཞིགས་བྱས། རྒྱུ་མཚན་ང་ནི་གསར་འགོད་པ་ཞིག་ཡིན་པ་དང་རྟག་པར་དྲི་བ་འདོན་པས་ཡིན། ཡིན་ནའང༌། ཁེརལ་གྱིས་ཆང་ཁྱེར་ནས་སླེབས་དུས་ངས་ཁོང་གི་སྣང་ཚུལ་འདིའི་ཐད་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད།
       
དེ་ནས་ཁེརལ། ངས་ད་ལྟ་རང་ང་ཚོའི་མཐའ་མཇུག་གི་མཇལ་འཛོམས་དེ་དྲན་གསོ་བྱས་པ་ཡིན། ངས་བསམ་པར་དེ་ནི་ཁྱེད་རང་གི་ཆང་སའི་སྐབས་སུ་ཡིན་པ་ཡོད། མ་རེད་དམ།?”
       
ཁེརལ་གྱིས་མགོ་བོ་ནང་དུ་ལྡེམ་ཙམ་ལྡེམ་ཙམ་བྱེད་ཞོར་སྐྱོ་སྣང་དང་བཅས་འཛུམ་ཙམ་བྱས། ངས་སྐད་ཆ་ཅི་ཞིག་བཤད་དགོས་བའང་མ་ཤེས་བར་མུ་མཐུད་དེ། ཉིན་དེ་ནས་བཟུང་ང་ཚོ་གཅིག་ཀྱང་མ་ཐུག་པ་འདི་བློ་ཡུལ་ལས་འདས་བ་ཞིག་མ་རེད་དམ ?”
       
ངས་དེ་ལྟར་མུ་མཐུད་དེ། ལིན་ཊའ (Linda) བདེ་མོ་རེད་དམ། ཁྱེད་རང་གཉིས་ལ་ཕྲུག་གུ་སྐྱེས་ཡོད་དམ?”
       
སྐབས་དེར་ཁོའི་གདོང་གི་འཛུམ་མདངས་ཡལ་ཞིང་སྤྱིར་བཏང་མ་ཡིན་པ་ཞིག་གི་སྒོ་ནས་ང་ལ་ཅེ་རེར་བལྟ་ཙམ་བྱས་བྱུང༌། སྐབས་དེར་ངས་རང་ཉིད་ཀྱིས་སྐད་ཆ་མ་འགྲིག་པ་ཞིག་བཤད་ཟིན་པ་ཧ་གོ་སོང་མོད། འོན་ཀྱང་དེ་ནི་ངས་ཁོང་གི་བཟའ་ཟླའི་སྐོར་ལ་སྐད་ཆ་ཞིག་དྲིས་བ་དེ་ཡིན། ལིན་ཊཱ་ཡང་ང་ཚོ་འགྲོ་སའི་མཐོ་སློབ་དེ་རང་ནས་ཡིན་པ་དང་བུ་མོ་མཛེས་མ་ཞིག་ཡོད། ང་ཚོ་ཚང་མ་གྲོགས་པོ་ཡག་པོ་ཤ་སྟག་ཡིན་པ་མ་ཟད། མཐོ་སློབ་སྐབས་སུ་ང་ཚོ་ལྷན་དུ་འཛོམས་དུས་རྩེད་མཚར་དང་ཀུ་རེས་དུས་འདའ་བ་རེད། ཁེརལ་ནི་ནམ་རྒྱུན་ནས་མི་སྤམ་པོ་ཞིག་ཡིན། ཁོས་སློབ་སྦྱོང་ལ་ཧུར་བརྩོན་ཆེན་པོ་བྱས་བ་དང་རྒྱུགས་འབྲས་ཀྱང་ཡག་པོ་ལེན་གྱིན་ཡོད།
       
ངས་ཐབས་ཤེས་སྣ་ཚོགས་འཐེན་ནས་ཕྱི་དྲོའི་དུས་སུ་ཁོ་ཕྱི་རོལ་ལ་འཆམ་འཆམ་ལ་འཁྲིད་པར་བསམ་ཡང༌། ཁོས་རྟག་ཏུ་ང་ལ་ལས་ཀ་མང་པོ་ཡོད་ཅེས་ཁས་ལེན་མི་བྱེད། ངས་བསམ་པར་ལིན་ཊཱ་མོ་མི་རིང་བར་ཁོ་ལ་སུན་སྣང་སྐྱེ་བར་སྙམ་པ་བྱུང༌། སྐབས་རེར། ཁེརལ་གཅིག་པུ་དཔེ་དེབ་དང་ལྷན་དུ་བསྐྱུར་ནས་ལིན་ཊཱ་དང་ངེད་གཉིས་མཉམ་དུ་འཆམ་འཆམ་ལ་ཕྱིན་པ་ཡིན།
       
ལིན་ཊཱ་མོ་ཡང་ཏན་ཏན་ཁོང་གི་གཤིས་ཀ་སྤམ་པའི་གནས་ཚུལ་འདིར་དགའ་ཡོད་ས་རེད། རྒྱུ་མཚན་ནི་ཁོང་གཉིས་མཐོ་སློབ་ནས་ཐོན་རྗེས་ཀྱི་ལོ་གཅིག་གི་རྗེས་སུ་གཉེན་སྒྲིག་བྱས་བ་རེད། དེ་ནི་དངོས་གནས་གཟི་བརྗིད་ལྡན་པའི་གཉེན་སྟོན་ཞིག་དང་ཁོང་གཉིས་ཀྱང་ཧ་ཅང་སྤྲོ་སྣང་གིས་ཁེངས་འདུག་པར་མངོན། ཁོང་གཉིས་ཕན་ཚུན་ལ་བརྩེ་བ་ཆེན་པོ་ཡོད་པ་ཧ་ཅང་མངོན་གསལ་འདུག ཁོང་གཉིས་གཉེན་སྒྲིག་བྱས་རྗེས་སུ་ཅི་ཞིག་བྱུང་སོང་བ་ཡིན་ནམ? ངེས་པར་དུ་དོན་དག་ཞིག་བྱུང་ཡོད་པ་ཁོ་ཐག་རེད། ཡིན་ནའང་དོན་དེར་དྲི་བ་འདྲི་རྒྱུར་ང་ཞེད་སོང༌།
       
ཁེརལ་གྱིས་གཟབ་ནན་གྱིས་ང་ལ་ཅེ་རེར་བལྟ་ཚུལ་ལ་བལྟས་ན་ཁོ་རང་སྐྱིད་པོ་མེད་པ་མཐོང་ཐུབ་པ་འདུག ཁོ་རང་སྟོད་གོས་གོང་ཙེ་ཡོད་པ་ཞིག་གོན་འདུག་ཀྱང་སྐེ་འཆིང་ (tie) བཏགས་མི་འདུག་པས། གནས་སྐབས་འདིར་ཁོས་ལས་ཀ་བྱེད་ཀྱིན་ཡོད་མེད་སྐད་ཆ་ཞིག་འདྲི་འདོད་བྱུང་ཡང་མ་དྲིས། ཆང་འཐུང་ཞོར་དུ་ངས་ཁོ་ལ་འདས་པའི་ལོ་ངོ་བཞིའམ་ལྔའི་རིང་ལ་ལས་ཀ་ཅི་ཞིག་བྱས་བའི་སྐོར་དང༌། མཐོ་སློབ་ནས་ཐོན་པ་དང་ལས་ཀ་ཞིག་རག་པར་དཀའ་ངལ་ཅི་ཙམ་འཕྲད་པའི་སྐོར་བཤད་པ་ཡིན།
       
ཁེརལ་རང་གིས་ཤེས་གསལ་བཞིན། ང་རང་ཁྱོད་ཇི་བཞིན་སློབ་སྦྱོང་ཞིག་བྱེད་མ་ཐུབ་པས། ལས་ཀ་བཙལ་དུས་དངོས་ནས་རྙེད་ཁག་པོ་བྱུང༌། ལོ་ངོ་གཉིས་ཙམ་གྱི་རིང་ལ་ང་རང་གང་སར་སོང་ནས་ཚགས་པར་ཆུང་ཆུང་ཞིག་གི་ལས་ཀ་བྱས་བ་ཡིན།
       
སྒྲིབོན (Devon) ནས་ལོ་ངོ་གཉིས་ཙམ་ལ་བསྡད་པ་ཡིན། ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་རེད་མོད། ཡིན་ནའང་ཧ་ཅང་གི་དབེན་གནས་ཤིག་རེད་འདུག
       
ངའི་བསམ་པར་ཁེརལ་ལ་ང་རང་ཇི་ལྟར་རྒྱལ་ཡོངས་ཀྱི་ཚགས་པར་ཆེན་པོ་ཞིག་གི་སྟེང་ལ་ལས་གནས་སྤོས་བ་དང༌། ངས་ལས་ཀར་བརྩོན་འགྲུས་ཇི་ཙམ་བྱས་ཚུལ་སོགས་ཤེས་འདོད་ཡོད་ཀྱི་རེད་སྙམ་བྱུང༌། འོན་ཀྱང་ཁོ་ལ་དོན་དག་དེ་ཚོར་སྤྲོ་སྣང་ཅི་ཡང་མེད་པ་ངས་མཐོང་སོང༌། ཁོ་རང་སྒེའུ་ཁུང་ལས་ཕྱི་རོལ་གྱི་གཙང་པོ་ལ་ཅེར་རེར་ཧད་འདུག
       
དེ་ནས་མཇུག་མཐར་ཟླ་བ་དྲུག་ཙམ་གྱི་སྔ་རོལ་དེར། ང་རང་ལོན་ཌོན་ལ་ཡོང་རྒྱུའི་ཐག་བཅད་པ་ཡིན། ང་ལ་མཚོན་ན་སྒྲིབོན་ལ་ཞེ་ཐོགས་ས་ཅི་ཡང་མེད། བཟའ་ཚང་མེད། ཁྱེད་ཀྱིས་ཤེས་སམ? ངས་ད་དུང་རང་ཉིད་དང་མཉམ་དུ་མི་ཚེ་སྐྱེལ་འདོད་མཁན་གྱི་བུ་མོ་ཞིག་རྙེད་མ་སོང༌། གཅིག་བྱས་ན་ང་ལ་དེའི་འདོད་མོས་མེད་སོང་བས་ཀྱང་ཡིན་སྲིད་ཀྱི་རེད།
       
ངས་དེ་ལྟར་བཤད། ངས་ཁོང་ལ་ངའི་སྐོར་གྱི་སྐད་ཆ་འདི་དག་བཤད་འགོ་ཚུགས་པ་ནས་བཟུང་ཁོས་ཉན་བཞིན་པ་འདྲ་བོ་འདུག
       
ཁྱེད་རང་གཉེན་སྒྲིག་བྱས་རྗེས་སུ་ལས་ཀ་ལ་དེ་འདྲའི་གཟབ་ནན་མ་བྱས།ཁེརལ་གྱིས་མུ་མཐུད་དེ
       
ངས་ལས་ཀ་ལ་ཧུར་བརྩོན་ཆེན་པོ་བྱས་འབྲས་སུ། ད་གཟོད་ངའི་གཉེན་སྒྲིག་ཀྱང་རྩ་མེད་དུ་བུད་སོང༌།ཟེར།
       
ཨོ། ཅི་ཞིག་བྱུང་སོང་གྲོགས་པོ། ཁྱེད་རང་སྤྲོ་བོ་རང་མེད་པ་འདྲ་ཞིག་མཐོང་སོང༌། ལིན་ཊཱ་ག་པར་ཡོད།
       
སྤྲོ་བོ་ཁྱེད་ཀྱིས་བཤད་པ་བདེན་པ་རེད་རྗོན། ང་རང་དངོས་གནས་སྐྱིད་པོ་མི་འདུག མ་ཟད་ངས་ཡང་བསྐྱར་འཚོ་བ་གསར་པ་ཞིག་གི་འགོ་འཛུགས་མིན་ཡང་མི་ཤེས།
       
ཁོས་བཤད་མཚམས་བཞག་ནས་ཡང་བསྐྱར་སྒེའུ་ཁུང་ལས་ཕྱི་རོལ་ལ་ཅེར་ཞིང༌། ཝུ་ཆང་དེ་ཞབས་བཏེགས་བརྒྱབ་རྗེས་ ཡིན་ནའང་ཁྱེད་ཀྱིས་ངའི་གཏམ་རྒྱུད་འདི་ཤེས་དགོས་མ་རེདཟེར།
       
འོན་ཀྱང་ང་ལ་མཚོན་ན་ཁོའི་གཏམ་རྒྱུད་འདི་ཤེས་དགོས་ཀྱི་འདུག མ་ཟད་ང་ནི་གསར་འགོད་པ་ཞིག་ཡིན་པ་དང༌། ངས་རང་ཉིད་ཀྱི་ལས་འགན་ཇི་བཞིན་གཏམ་རྒྱུད་འབྲི་བ་ཡིན། ང་རང་ནམ་རྒྱུན་ནས་གཏམ་རྒྱུད་ལ་དོ་སྣང་ཡོད་པ་མ་ཟད། ཁེརལ་གྱི་གཏམ་རྒྱུད་འདིར་ཉན་རྒྱུར་དེ་བས་ཀྱང་འདོད་པ་ཆེན་པོ་འདུག རྒྱུ་མཚན་ཁོ་ནི་ངའི་གྲོགས་པོ་ཡིན་པ་ལྟར་ལིན་ཊཱ་ཡང་ངའི་གྲོགས་པོ་ཡིན་པས། ངས་ངེས་བར་དུ་གཏམ་རྒྱུད་འདི་ཤེས་དགོས་ཀྱི་འདུག
       
ང་ལ་ཤོད་དང༌། ལིན་ཊཱ་དང་ཁྱོད་གཉིས་བར་ལ་དོན་དག་ཅི་ཞིག་བྱུང་སོང?” ངས་དེ་ལྟར་བཤད།
       
ཁོས་སྐར་མ་གཅིག་ཙམ་གྱི་རིང་ལ་ང་ལ་མིག་གིས་ཅེར་རེར་ཡང་སྙིང་ང་རང་གཟབ་ནན་རེད་འདུག་མི་འདུག་བལྟས་ཤིང༌། གཞི་ནས་ ལིན་ཊཱས་ང་དང་མཉམ་དུ་གཉེན་སྒྲིག་རྒྱུར་མོས་མཐུན་བྱས་བ་ནས་བཟུང༌། ང་ལ་ཡོད་ཚད་ཐོབ་སོང་སྙམ་པ་ཞིག་བྱུང༌། དེ་ནི་དངོས་གནས་མཚར་སྡུག་ལྡན་པ་ཞིག་རེད། ང་ཚོ་མཐོ་སློབ་ནས་ཐོན་མ་ཐག་ཏུ་ང་ལ་ལོན་ཌོན་ནས་ལས་ཀ་ཡག་པོ་ཞིག་རག་སོང༌། དེ་ནི་ལས་ཀ་ཁག་པོ་ཞིག་རེད་འདུག ངས་ཕལ་ཆེར་རེས་གཟའ་སྤེན་པ་དང་ཉི་མ་དག་ལའང་ལས་ཀ་བྱས་ནས་ལོ་ངོ་ཧྲིལ་པོ་གཉིས་ཙམ་ལ་གུང་གསེང་ཞིག་བཞག་མ་མྱོང༌། ཡིན་ནའང་དེ་གར་ཡོང་འབབ་ཧ་ཅང་བཟང་བས་མི་རིང་བར་ང་ཚོར་ཁང་པ་ཞིག་ཉོ་རྒྱུའི་མ་དངུལ་འདང་ངེས་ཤིག་བྱུང་སོང༌། ལིན་ཊཱ་ལ་མོ་རང་གི་གྲོགས་མོ་ཚོ་ཡོད་པ་དང་བལྟས་ཚོད་ལ་མོ་རང་ཡང་རང་ཉིད་ཀྱི་ལས་ཀ་ལ་སྤྲོ་སྣང་ཡོད་པ་འདྲ། ང་ཚོ་ལས་ཀ་གཅིག་མཚུངས་ལས་རྒྱུར་དགའ་བས། ངས་རེ་བ་དང་བསམ་པ་ནི་མི་རིང་བར་ངེད་གཉིས་ལ་མཉམ་འདུག་གི་དུས་ཚོད་མང་ཙམ་འབྱུང་བར་བྱ་རྒྱུ་དེ་ཡིན་་་་་༌།
       
ཁོས་སྐར་ཆ་འགའི་རིང་ལ་བཤད་མཚམས་བཞག་སོང༌། མཚོ་འགྲམ་ནས་ཁང་པ་ཞིག་ཉོ་རྒྱུ་དེ་ལིན་ཊཱ་མོ་རང་གི་བསམ་ཚུལ་རེད། དེ་ནི་ངེད་གཉིས་གཟའ་སྤེན་པ་དང་ཉི་མར་མཉམ་དུ་འགྲོ་ཆོག་པའི་ས་ཆ་ཞིག་ཏུ་འགྱུར་རྒྱུ་དེ་རེད་མོད་་་་་་་་་་། མོ་རང་ས་ཆ་དེར་ཧ་ཅང་དགའ། ཅིའི་ཕྱིར་དུ་ཡིན་པ་ངས་ད་ལྟ་གཞི་ནས་རྟོགས་སོང༌།
       
ཁོས་དེ་ལྟར་བཤད་ཞོར་དུ་ཡིད་སྐྱོ་བའི་ཉམས་དང་བཅས་དགོད་ཙམ་བྱས།
       
ལིན་ཊཱ་ཡིས་བཤད་ན་ལོན་ཌོན་གྱི་ཁ་དབུགས་བཙོག་པ་དང༌། ཟང་ཟིང་ཆེ་བ་མ་ཟད་ད་དུང་ཁང་པ་འདི་ཧ་ཅང་ཅ་ཟིང་པོ་ཞིག་འདུག་ཟེར། རྗོན་རང་གིས་ཤེས་གསལ་རེད། གལ་སྲིད་མོ་རང་དངོས་པོ་ཞིག་ལ་མ་དགའ་ན་རྟག་པར་དེ་ཅ་ཟིང་པོ་འདུག་ཟེར་བ་རེད།
       
ཁོས་བཤད་མཚམས་ཡུད་ཙམ་རིང་བཞག་རྗེས་སླར་ཡང་ཅུང་ཁྲོ་བའི་ངག་གིས ངས་ཁང་པ་དེ་གཏན་ནས་མིག་གིས་མ་མཐོང་ན་ཅི་མ་རུང་སྙམ་གྱི་འདུག་་་་་༌། རྗོན་རང་གིས་བློ་དོགས་བྱེད་མི་དགོས། ཁྱེད་ཀྱིས་འདིའི་སྐོར་ཚང་མ་གོ་ཡང་དགོས་མ་རེད།ཟེར།
       
ང་ལ་ཅུང་དོགས་མི་བདེ་བའི་ཚོར་བ་ཞིག་བྱུང༌། འདི་ནི་ངས་སྔོན་ཆད་ངོ་ཤེས་པའི་ཁེརལ་རེད་མི་འདུག སྐབས་དེར་ངས་མཁྲིག་མའི་ཆུ་ཚོད་ལ་བལྟ་ཙམ་བྱས་དུས། ཆུ་ཚོད་གཉིས་པ་ཟིན་ལ་ཉེ་བས། ང་རང་ལས་གནས་སུ་འགྲོ་རན་འདུག མ་ཟད་ངས་རང་ཉིད་ཀྱི་གྲོགས་པོ་རྙིང་པ་འདིར་ཡང་སྙིང་ཅི་ཞིག་བྱུང་བ་དང༌། རྒྱུ་རྐྱེན་ཅི་ཞིག་གིས་ད་གཟོད་ཁོ་རང་འདི་ལྟར་འགྱུར་བ་ཕྱིན་ལུགས་ཤེས་འདོད་འདོད་ཆེན་པོ་འདུག
       
དགོངས་པ་མ་ཚོམ་ཁེརལ། ང་ལ་དངོས་གནས་ཁྱོད་ཀྱི་གཏམ་རྒྱུད་འདི་ཉན་འདོད་ཆེན་པོ་ཡོད། ཡིན་ནའང་ད་ལྟ་ང་རང་ལས་གནས་སུ་ལོག་ལ་རན་འདུག་པས་་་་་་་་་་་༌། ལྟོས་དང༌། ང་ཚོ་མཚན་གཅིག་ལ་ས་ཆ་གཞན་ཞིག་ནས་ཐུག་ན་མི་ཆོག་གམ?”
       
ངེད་གཉིས་ཀྱིས་ཕྱི་ཉིན་དགོང་དྲོར་ངེད་གཉིས་ཆས་ཧ་གོ་བའི་སྤྱི་གླིང་ཞིག་དུ་འཛོམས་རྒྱུར་ཐག་བཅད་པ་ཡིན། དེ་ནི་ང་རང་སྡོད་ས་དང་ཅུང་ཐག་ཉེ་ན་ཡོད་པ་དང༌། གྲུ་བའི་སྤྲོ་སྐྱིད་སྤྱི་གླིངའདི་དང་བསྡུར་ན་ཅུང་ཁ་ཁུ་སིམ་པོ་ཡང་ཡོད་པས། ངའི་བསམ་པར་དེ་ནི་ཁེརལ་གྱིས་ང་ལ་ཁོ་རང་གི་གཏམ་རྒྱུད་འདི་བཤད་པར་སྟབས་བདེ་བའང་ཡོད་པར་སྙམ་བྱུང༌།
       
ཕྱི་ཉིན་དེར་ང་རང་ལས་གནས་ནས་ལོག་རྒྱུར་ཅུང་འགོར་སོང་བས། ང་རང་སྤྱི་གླིང་དེར་འབྱོར་དུས་ཁེརལ་ཁོ་སྔ་ས་ནས་དེ་གར་འབྱོར་འདུག ཁོ་རང་སྒོ་ཞིག་ལ་རྒྱབ་གཏད་ནས་ཅུང་ཁུ་སིམ་པའི་གྲུ་ཟུར་ཞིག་དུ་བསྡད་འདུག
       
ང་རང་ཁོའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་དང་ཁོ་རང་ཡར་ལངས་སོང༌། ཁོ་ལ་དངོས་ནས་སེམས་སྡུག་དྲག་པོ་ཡོད་པ་ལྟ་བུར་སྣང༌།
       
ཁྱེད་རང་འདི་གར་འབྱོར་བར་ང་ཧ་ཅང་དགའ་བོ་བྱུང༌། ངའི་བསམ་པར་ཁྱེད་རང་མ་ཡོང་བ་ཡིན་རྒྱུ་རེད་བསམ་སོང༌།ཁོས་དེ་ལྟར་བཤད།
       
ང་ཡོང་དང་ཡོང༌། དེ་གར་བཞུགས་དང་ང་སོང་ནས་ཝུ་ཆང་ཞིག་འཁྱེར་ཡོང༌།
       
ངས་ཝུ་ཆང་གཉིས་ཉོས་ནས་ཕྱིར་འབྱོར་མ་ཐག་ཁེརལ་གྱིསཁྱེད་རང་ཡོང་བ་ཐུགས་རྗེ་ཆེ། ངས་བསམ་བློ་མང་པོ་བཏང་བ་ཡིན། ངའི་བསམ་པར་ངས་ངེས་པར་དུ་རང་ཉིད་ལ་ཅི་ཞིག་བྱུང་བའི་སྐོར་འདི་མི་ཞིག་ལ་བཤད་དགོས་ཀྱི་འདུག ཁ་སང་ཁྱེད་རང་མཐོང་བ་ནས་བཟུང་ད་ལྟའི་བར་ལས་ཀ་ཅི་ཡང་བྱས་མེད། ཐ་ན་མདང་དགོང་གཉིད་ཀྱང་ཁུག་ཐུབ་མ་སོངཟེར།
       
ཁོ་རང་ཧ་ཅང་ཐང་ཆད་འདུག་པ་དངོས་ནས་མཐོང་ཐུབ་པ་འདུག ཁོས་མུ་མཐུད་དེ རྒྱུ་མཚན ཁྱེད་རང་གིས་ལིན་ཊཱ་ངོ་ཤེས་བར་མ་ཟད། ད་དུང་གྲོགས་པོ་ཡང་ཡིན་པས་་་་་་་༌།
       
རེད་རེད། ཁྱེད་ཀྱིས་དེའི་སྐོར་ང་ལ་ཤོད་དང་ཁེརལ། ང་དངོས་གནས་ཁྱེད་རང་འདི་ལྟར་ཉམས་ང་བ་མཐོང་འདོད་མི་འདུག ལིན་ཊཱ་ལ་ཅི་ཞིག་བྱུང་བ་རེད། ཁྱེད་རང་གཉིས་བར་ལ་དོན་དག་ཅི་ཞིག་བྱུང་སོང༌།?”

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005