གནས་ཡུལ། མདུན་ངོས། འགྱུར་ཡིག་སྣ་ཚོགས།
 
 
༄༅།། མཚོ་འགྲམ་གྱི་ཁང་ཆུང་། སྨད།
སྤེལ་དུས།2014-08-15   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། འདྲེ་རིག་ལྡན་གྱིས་དབྱིན་ཡིག་ལས་བསྒྱུར།

ལེའུ་དྲུག་པ།  ཕ་འདས་པོ།

        སྨན་པ་སླེབས་དུས་ང་རང་ད་དུང་ཡང་འབོལ་ཁྲིའི་སྟེང་ལ་ཉལ་ནས་བསྡད་ཡོད། ཁོས་ང་ལ་བལྟས་ནས་དྲི་བ་རེ་གཉིས་དྲིས་རྗེས། ལག་པ་གཉིས་ངའི་དཔུང་པར་བཞག་སོང༌། སྐབས་དེར་ངའི་རང་ཉིད་ནི་བྱིས་པ་ཞིག་ཡིན་པའི་སྣང་བ་བྱུང༌།
       
སྐུ་ཞབས་ཁེརལ་ལགས། ཁྱེད་རང་ངེས་བར་དུ་ངལ་གསོ་དགོས་ཀྱིན་འདུག ཁྱེད་རང་ཧ་ཅང་ཐང་ཆད་འདུག་པས་གཉིད་ཁུགས་དགོས་ཀྱིན་འདུག ངས་མཱེ་རི་ལ་བཤད་ནས་ཁྱོད་ལ་ཁུ་བ་ཞིག་གྲ་སྒྲིག་བྱོས་རོགས་ཟེར་ཆོག འདི་ན་སྨན་རིལ་ཁ་ཤས་ཀྱང་ཡོད་པས་འདི་འཐུང་དང་མགྱོག་མྱུར་དྲགས་བསྐྱེད་ཡོང་ཐུབ། མ་ཟད་མཱེ་རི་ཡིས་ཁྱོད་ལ་བལྟ་རྟོག་བྱེད་ངེས་རེད།
       
ཁོས་ང་ལ་དེ་ལྟར་བཤད་རྗེས་མཱེ་རི་རྩར་སོང་ནས་ཅི་ཞིག་བཤད་ཞོར་དུ་ཕྱི་རོལ་ལ་ཕྱིན་སོང༌། སྨན་པ་ཕྱིན་ཚར་བ་དང་མཱེ་རིས་ང་ལ་ཟ་མ་ཞིག་འཁྱེར་འོང་ནས་འབོལ་ཁྲིའི་འཁྲིས་སུ་བསྡད་སོང༌།
       
ཁྱེད་རང་གང་འདྲ་འདུག སྐུ་ཞབས་ཁེརལ་ཨན་ཌར་སོན་ལཊ།?”
       
སྐུ་མཁྱེན། ཁྱེད་ཀྱིས་ང་ལ་ཁེརལ་ཞེས་འབོད་རོགས། ད་ལྟ་ང་རང་བདེ་བོ་རང་མི་འདུག ཡིན་ནའང་ངས་ང་རང་སྨྱོས་འདུག་བསམ་གིན་མི་འདུག སྨན་པས་ང་རང་སྨྱོས་འདུག་བསམ་བཞིན་འདུག ཁོས་བསམ་མི་འདུག་གམ? གང་ལྟར༌། ཁྱེད་རང་གིས་ག་རེ་བསམ་བཞིན་ཡོད་མཱེ་རི?” ངས་དེ་ལྟར་དྲིས།
       
ངས་ཁྱེད་རང་སྨྱོས་འདུག་བསམ་གྱིན་མེད་ཁེརལ། ཡིན་ནའང་ཁྱེད་རང་གིས་བཟའ་ཟླའི་ཆེད་དུ་སེམས་ཁྲལ་ཞེ་དྲགས་བྱེད་ཀྱིན་འདུག དེས་རྐྱེན་གྱིས་ཁྱེད་རང་གིས་མི་ཚང་མས་ཁྱེད་རང་ལ་རྒྱབ་འགལ་བྱེད་ཀྱིན་པ་འདྲ་བོ་མཐོང་བ་རེད།མོས་ང་ལ་སྙིང་ཉེ་བའི་འཛུམ་ཞིག་བསྟན་ཞོར་དེ་ལྟར་བཤད་སོང༌།
       
རེད་རེད། ང་ལ་དངོས་ནས་སེམས་ཁྲལ་ཆེན་པོ་འདུག ངའི་བཟའ་ཟླ་གློ་བུར་ཏུ་མཐོང་རྒྱུ་མེད་པར་གྱུར་སོང༌། དེ་ནས་ཁྱེད་རང་གིས་བཤད་ན་མི་ཞིག་གིས་མོ་རང་མཐོང་འདུག་ཟེར། དེ་ནས་འདི་ལ་མི་སྨྱོན་པ་འདི་འདྲ་ཞིག་འདུག དེའི་རྗེས་སུ་ང་ལ་རྙེད་པ་ནི་ཉ་ཤི་བའི་རོ་ཞིག་མཚོ་འགྲམ་ནས་དང་དེའི་མགོ་བོ་རང་གི་ཉལ་ཁྲིའི་སྟེང་ལ་རེད་འདུག ཁྱེད་ཀྱིས་སོམས་དང་ཁྱེད་རང་ཡིན་ན་གང་འདྲ་དྲན་ས་རེད?” ང་རང་ཁོང་ཁྲོ་དང་མཉམ་དུ་སྐད་གསེང་མཐོན་པོས་དེ་ལྟར་བཤད།
       
ཁིཤིས་་་་༌། ལྷོད་ལྷོད་བྱོས།མཱེ་རིས་དེ་ལྟར་བཤད།
       
ངས་སྐད་ཆ་འདི་བཤད་ནས་ཡང་སྙིང་དོན་དག་ག་རེ་བྱུང་མིན་གྱི་འགྲེལ་བཤད་ཅིག་འཚོལ་དགོས་ཀྱིན་འདུག ཡིན་ནའང་ངས་ངག་འཇམ་པོའི་སྒོ་ནས་ ཉ་མགོ་དེ་ངའི་ཉལ་ཁྲིའི་སྟེང་ལ་འཇོག་མཁན་ཀྲོམ་སྨྱོན་པ་ཡིན་པ་ང་ལ་གདེངས་ཚོད་འདུག ཡིན་ནའང་རྒྱུ་མཚན་ཅིའི་ཕྱིརདུ་ཡིན་པ་ངས་ཤེས་མ་སོང༌། དེ་ནི་དངོས་གནས་རྩེད་མཚར་ངན་པ་ཞིག་རེད། ཁོས་ང་ལ་ཏན་ཏན་མ་དགའ་ནས་བྱས་པ་རེད།
       
མཱེ་རིས་ལག་པ་གཡུག་ཞོར་ད མ་རེད་མ་རེད། ཁོས་ཁྱོད་ལ་མ་དགའ་ནས་བྱས་པ་རེད་བསམ་གྱིན་མི་འདུགཟེར་བ་དང༌། མོས་མུ་མཐུད་དེ ངས་བལྟས་ན་དོན་དག་འདི་ཁྱོད་དང་ཁྱོད་ཀྱི་བཟའ་ཟླ་སུ་ལའང་གཟས་ནས་བྱས་པ་ཞིག་རེད་བསམ་གི་མི་འདུག གང་ལྟར་ཉེན་རྟོག་པ་ཚོས་ཁོ་རང་འཚོལ་བཞིན་པ་རེད། ངས་ཉེན་རྟོག་པ་ཚོར་དོན་དག་ག་རེ་བྱུང་མིན་ཚང་མ་བཤད་པ་ཡིན། དེའི་རྗེས་སུ་ཁོང་ཚོ་འདི་གར་ཡོང་ངེས་རེད། ཡིན་ནའང་ད་ལྟ་ཁྱེད་རང་ངེས་བར་དུ་ངལ་གསོ་དགོས་ཀྱིན་འདུག སྨན་པས་ང་ལ་སྨན་རིལ་ཁ་ཤས་སྤྲད་སོང༌། གལ་སྲིད་ཁྱེད་རང་གིས་གཅིག་འཐུང་བ་ཡིན་ན། དེས་ཁྱེད་རང་ལ་གཉིད་ཁུགས་པར་ཕན་ཐོགས་ཀྱི་རེད།
       
མོས་ལག་གཡས་པའི་ནང་སྨན་རིལ་དཀར་པོ་ཞིག་དང་གཡོན་མའི་ནང་ལ་ཆུ་ཤེལ་ཕོར་གང་བཟུང་ནས་བསྡད་འདུག ང་ལ་དེ་ཟ་འདོད་མི་འདུག་མོད། མགོའི་ནང་ལ་ཟུག་གཟེར་དྲག་པོ་རྒྱག་པས་ང་རང་ངེས་བར་དུ་གཉིད་ཅིག་ཁུགས་དགོས་འདུག་པ་ཧ་གོ་སོང༌།
       
ང་གཉིད་ལས་སད་དུས་ནམ་ལངས་འདུག་པ་དང་ཁང་པའི་ནང་དུ་སྐད་སྒྲས་ཁེངས་འདུག་པ་ཐོས་བྱུང༌། དེ་ནི་ཉེན་རྟོག་པ་དང་མཱེ་རི་གཉིས་ཀྱི་སྐད་ཡིན་པ་ཐོས་བྱུང་བས། སྤྱི་གླིང་གི་སྒོ་ཡང་ཕྱེས་འདུག་པ་ཧ་གོ་སོང༌།
       
སྐབས་དེར་མཱེ་རི་ངའི་སྒོ་ཁར་ཡོང་ནས་ ཁྱེད་རང་གང་འདྲ་འདུག་ཁེརལ?” ཟེར།
       
བདེ་བོ་འདུག ཡིན་ནའང་མགོ་ཅུང་ཙམ་ན་གིན་འདུགངས་དེ་ལྟར་བཤད།
       
ང་ད་ལྟ་ཆང་ཁང་དུ་འགྲོ་དགོས་ཡོད། ང་ཚོ་ཅུང་བྲེལ་བ་འདུག་པས་ཁྱེད་རང་གཉིས་ཀྱིས་འདི་གར་ཁ་བརྡ་བྱས་ནས་ཏོག་ཙམ་སྡོད་དང་ཟེར།
       
མོས་སྡོད་ཁང་གི་སྒོ་བརྒྱབ་ནས་ཕྱིན་པ་དང་ཉེན་རྟོག་པ་ཡོང་ནས་ངའི་ཁ་གཏད་ཀྱི་རྐུབ་སྟེགས་སྟེང་ལ་བསྡད་སོང༌། ང་རང་འདི་གར་ཡོང་ནས་ཀྲོམ་པག་ཀེར་འཛིན་བཟུང་བྱས་པའི་སྐོར་གྱི་གནས་ཚུལ་ཁ་ཤས་ཤིག་བཤད་དགོས་བསམ་པ་ཡིན། ད་ལྟ་ཁོ་རང་ཉེན་རྟོག་ལས་ཁུངས་སུ་ཡོད། ཁྱེད་རང་གི་ཉལ་ཁྲིའི་སྟེང་ལ་ཉའི་མགོ་འཇོག་མཁན་ཁོ་རང་རེད་འདུག ཁོས་དེའི་སྐོར་གྱི་གནས་ཚུལ་ཚང་མ་ང་ཚོར་བཤད་སོང༌། སྤྱིར་བཏང་ནས་བཤད་ན་་་་་༌། ཁོས་དེ་ཉ་མགོ་ཞིག་རེད་བསམ་མི་འདུག ཁོའི་བསམ་པར་དེ་ཁོའི་ཨ་ཕ་རེད་སྙམ་འདུག ཁོའི་ཨ་ཕ་མཚོ་ཁ་ནས གྲོངས་པ་རེད་་་༌། ཁོས་ད་དུང་ཁོའི་དགའ་རོགས་བུ་མོ་དེ་མཚོའི་ནང་ནས་ཡོང་གི་ཡོད་པའི་སྐོར་ཞིག་ཀྱང་བཤད་སོང༌། གང་ལྟར། ཉ་དེ་ཁོས་མཚོ་འགྲམ་ནས་རྙེད་པ་རེད། ཁོའི་བསམ་པར་དེ་ནི་ཁོའི་ཨ་ཕ་རེད་འདུག་སྙམ་པ་དང༌། དེའི་རྐྱེན་གྱིས་ཁོས་དེ་ནང་ལ་འཁྱེར་ཡོང་ནས་ཉལ་ཁྲིའི་སྟེང་ལ་བཞག་པ་རེད། སྐད་ཆ་འདི་ཚོ་ཁོས་ང་ཚོ་ལ་གང་བཤད་པ་དེ་ཡིན། དངོས་གནས་ཡིད་སྐྱོ་བ་ཞིག་རེད། དེ་འདྲ་མ་རེད་དམ?”
       
ཁོའི་ཨ་ཕ? ད་ངས་མི་དེ་དངོས་གནས་སྨྱོན་པ་ཞིག་ཡིན་པའི་ཁོ་ཐག་ཆོད་སོང༌། ཡིན་ནའང་ཁོས་ཅིའི་ཕྱིར་ཉ་དེ་ཁོའི་ཨ་ཕ་རེད་བསམ་པ་ཡིན་ནམ?”
       
རེད། ཀྲོམ་པག་ཀེར་ཁོང་ནམ་རྒྱུན་ནས་ཅུང་སྤྱིར་བཏང་མ་ཡིན་པ་ཞིག་རེད། ཁོའི་བསམ་པར་མཚོ་ནང་དུ་འཆི་མཁན་གྱི་མི་སུ་འདྲ་ཞིག་ཡིན་ནའང་སླར་ཡང་གསོན་པོར་ཕྱིར་ལོག་ཐུབ་པར་འདོད་པ་རེད། དཔེར་ན་ཁོས་ང་ཚོར་བཤད་རྒྱུར། ཁོའི་ཨ་ཕ་ཁོའི་སར་ཕྱིར་ལོག་ཡོང་གི་ཡོད་པར་འདོད་པ་དང་དེ་ལ་བརྟེན་ནས་ཁོས་ཉལ་ཁྲིའི་སྟེང་ལ་བསྙལ་བ་ཡིན་ཟེར།
       
དེ་དངོས་གནས་སྨྱོན་པ་རེད། ངས་དེ་ལྟར་བསམ་གཞིགས་བྱས།
       
ཀྲོམ་གིས་ངའི་བཟའ་ཟླ་ལ་ག་རེ་བྱས་འདུག? ཁྱེད་ཀྱིས་ཤེས་སམ་གཞན་གྱིས་མོ་རང་ཤིང་ཟམ་གྲོང་ནས་རེས་གཟའ་པ་སངས་ཉིན་མོར་མཐོང་འདུག སྐབས་དེར་མོ་རང་མི་ཞིག་དང་མཉམ་དུ་འདུག་ཟེར། གཅིག་བྱས་ན་་་་ཀྲོམ་གིས་མོ་རང་མེ་འཁོར་འབབ་ཚིགས་ནས་གཞན་ཞིག་ལ་འཁྲིད་ནས་་་་་་་་ཉེན་རྟོག་པ་ལ་དེ་ལྟར་བཤད་ཞོར་དུ་ང་རང་སླར་ཡང་ཁོང་ཁྲོ་ལངས་སོང༌།
       
ཉེན་རྟོག་པ་ཡར་ལངས་ནས་འགྲོ་རྩིས་བྱས། ངའི་བསམ་པར་ད་ནི་ཉེན་རྟོག་པས་ང་རང་ཀྲོམ་ལས་ཀྱང་སྨྱོན་པ་ཚ་བ་ཞིག་རེད་བསམ་ཡོད་པར་སྙམ་བྱུང༌།
       
ངས་ཁྱེད་རང་གི་བཟའ་ཟླའི་སྐོར་ལ་གང་ཡང་ཤེས་མ་སོང་སྐུ་ཞབས་ལགས། མ་ཟད་ཀྲོམ་གིས་ཀྱང་དེའི་སྐོར་གང་ཡང་ཤེས་ཀྱིན་མི་འདུག
       
ཁྱེད་རང་གིས་ཀྲོམ་ལ་ངའི་བཟའ་ཟླའི་པར་དེ་བསྟན་ནམ? ཁོས་ག་རེ་ཟེར་བཞིན་འདུག?”
       
བསྟན་མེད་སྐུ་ཞབས་ལགས། པར་དེ་ངས་མེ་འཁོར་འབབ་ཚིགས་ཀྱི་རྩིག་པའི་སྟེང་ལ་སྦྱར་བ་ཡིན། འདི་ལྟར་བྱས་ན་གལ་སྲིད་མི་སུ་འདྲ་ཞིག་གིས་མཐོང་སོང་ན་ང་ཚོར་བརྡ་སྤྲོད་རྒྱུ་རེད། ད་ནས་བཟུང་ཀྲོམ་ཁོ་རང་ཁྱོད་ཀྱི་ཁྱིམ་ལ་འཛུལ་ནས་ཅིག་བྱས་བསྡད་ན་འགྲིག་གི་མ་རེད། བྱས་ཙང་ང་ཚོས་ཁོའི་ལག་ནས་ལྡེ་མིག་ཁ་ཤས་ཤིག་བླངས་ནས་འཁྱེར་ཡོད། ང་ཚོས་ལྡེ་མིག་འདི་ཚོའི་ནང་དུ་ཁྱེད་རང་གི་ལྡེ་མིག་ཡོད་མེད་ཅིག་བལྟས་ན་ཡག་པོ་འདུག
       
ཁོ་ལ་ངའི་ཁང་པའི་ལྡེ་མིག་ཡོད་པ་ཡིན་ནམ?” ངས་ཧང་སངས་བཞིན་དེ་ལྟར་དྲིས། ངས་རང་གི་ཁུགས་མ་ལས་ལྡེ་མིག་རྣམས་བཏོན་ནས་ཁང་པ་དེའི་ལྡེ་མིག་ཁོང་ལ་སྤྲད་པ་ཡིན། ཉེན་རྟོག་པས་ལྡེ་མིག་འཁྱེར་ནས་ཕྱི་ལ་ཐོན་པ་དང༌། སྐར་མ་གཅིག་ཙམ་གྱི་རྗེས་སུ་ཡང་བསྐྱར་སླེབས་སོང༌།
       
རེད། ལྡེ་མིག་འདི་གཉིས་གཅིག་པ་རེད་འདུགཁོས་དེ་ལྟར་བཤད།
       
ཁོ་ལ་ལྡེ་མིག་ཇི་ལྟར་བྱུང་བ་རེད?
       
དེ་ང་ཚོས་ཧ་གོ་མ་སོང་སྐུ་ཞབས་ལགས། ང་རང་ཁྱོད་ཀྱི་ཁང་པར་སོང་ནས་སྐོར་བལྟ་ཞིག་བྱས་ན་འགྲིག་གི་རེད་དམ?”
       
རེད། འགྲིག་གི་རེད། ཡིན་ནའང་ང་རང་ཡང་ཁྱོད་དང་མཉམ་དུ་འགྲོ་དགོས་ཡོད། དང་པོ་དེར་ངས་ཁ་པར་ཁ་ཤས་ཤིག་གཏོང་དགོས་རྒྱུ་འདུགང་རང་འབོལ་ཁྲི་ལས་ཡར་ལངས་མ་ཐག་ཡང་བསྐྱར་མྱུར་སྟབས་ཀྱིས་མར་བསྡད་པ་ཡིན། ང་རང་ཏོག་ཙམ་བདེ་བོ་རང་མེད་པ་ཤེས་སོང༌།
       
ངས་བལྟས་ན་དེ་ཐབས་ལམ་ཡག་པོ་ཞིག་རེད་བསམ་གྱིན་མི་འདུགཉེན་རྟོག་པས་མུ་མཐུད་དེ ཁྱེད་རང་གིས་ཁ་པར་གཏོང་ནས་སྡོད་དང༌། ང་རང་ཕར་ཕྱིན་ནས་ཉའི་མགོ་དེ་ཇི་ལྟར་བྱེད་དགོས་འདུག་བལྟ་ཆོག ཁྱེད་རང་ངལ་གསོ་བྱེད་དགོས་ཀྱིན་འདུག ངའི་བསམ་པར་ཁྱེད་རང་གི་ལྕམ་མོ་ལིན་ཊཱ་ཨན་ཌར་སོན་ལགས་བདེ་ལེགས་ངང་ནས་ཁྱིམ་ལ་འབྱོར་རྒྱུ་རེད།
       
ཉེན་རྟོག་པ་ཕྱིན་ཚར་བ་དང་མཱེ་རི་ནང་ལ་འཛུལ་ནས་སླེབས་སོང༌། ཉེན་རྟོག་པས་ང་ལ་ཀྲོམ་གི་སྐོར་བཤད་སོང༌། ད་སེམས་ཁྲལ་མ་བྱེད་དང༌། ངས་ང་ཚོ་ལ་གུང་ཟས་ཤིག་གྲ་སྒྲིག་བྱེད་ཀྱིན་ཡོད། དེའི་རྗེས་སུ་ང་ཚོ་ཁྱེད་རང་གི་ཁང་པར་འགྲོ་ཆོག་གི་རེད། གལ་སྲིད་ཁྱེད་རང་འཐད་པ་ཡིན་ན་ངས་ཁྱོད་ལ་ཉལ་ཁང་ནང་གཙང་མ་བཟོ་རོགས་བྱས་ཆོགམཱེ་རི་ཡིས་དེ་ལྟར་བཤད།
       
དེ་དངོས་ནས་སེམས་བཟང་རེད། ཡིན་ནའང་དང་པོ་དེར་ངས་ཁ་པར་ཞིག་གཏང་དགོས་རྒྱུ་འདུག ལོན་ཌོན་གྱི་ཁྱིམ་ནང་ཁ་པར་ཞིག་གཏང་ནས་གལ་སྲིད་དེ་གར་མི་མེད་ན་མཱེ་ལི་ས྄་ལ་གཏང་གི་ཡིན། རེས་གཟའ་པ་སངས་ཉིན་མོར་མོ་རང་མཱེ་ལི་ས྄་དང་མཉམ་དུ་ཡོད་རེད། དེ་བཞིན་མོའི་ཕ་མ་གཉིས་ལའང་ཁ་པར་གཏང་དགོས་འདུག་བསམ་བཞིན་ཡོད། ངས་བལྟས་ན་ཁོང་ཚོས་ཧ་གོ་ཡོད་རྒྱུ་རེད། ཁྱེད་ཀྱིས་བལྟས་ན་གང་འདྲ་འདུག?”
       
ང་རང་སེམས་ཁྲལ་ཆེན་པོ་བྱས་པས་དོན་དག་ག་རེ་ཡིན་ནའང་རང་ངོས་ནས་ཐག་གཅོད་བྱེད་རྒྱུ་ཁག་པོ་ཆགས་འདུག
       
ཐབས་ཤེས་ཡག་པོ་འདུག་ཁེརལ། ཁྱེད་ཀྱིས་ཁ་པར་འདི་ནས་གཏང་ན་འགྲིག་གི་རེད།
       
མཱེ་རི་ཡིས་ང་རང་ཁེར་རྐྱང་དུ་བཞག་ནས་ཁ་པར་གཏང་བཅུག་ནས་མོ་རང་ཐབ་ཚང་ནང་ལ་ཕྱིན་སོང༌། དང་པོ་ངས་ལོན་ཌོན་གྱི་ཁྱིམ་ལ་ཁ་པར་ཞིག་བཏང་ཡང་དེ་གར་མི་སུ་གཅིག་ཀྱང་མི་འདུག་པ་མ་ཟད། མཱེ་ལི་ས྄་ཡང་མོའི་ནང་ལ་བསྡད་མི་འདུག་པས། ངས་གཞི་ནས་ལིན་ཊཱ་ཡི་ཕ་མ་གཉིས་ལ་བཏང་བ་ཡིན། མོའི་ཨ་མས་ཁ་པར་བཀྱགས་པ་དང་ངའི་སྐད་གོ་རྗེས་མོ་རང་ཧང་སངས་སོང༌། ནམ་རྒྱུན་ནས་ངས་ཁོང་ཚོར་ཁ་པར་བཏང་མ་མྱོང༌།
       
ཁེརལ། ཁྱེད་རང་གི་སྐད་གོ་བས་དངོས་གནས་དགའ་བོ་བྱུང༌། ཁྱེད་རང་གང་འདྲ་འདུག?”
       
མོ་རང་གིས་དོན་དག་ཅི་ཡང་ཧ་གོ་མི་འདུག་པ་མངོན་གསལ་རེད་འདུག་པས། ངས་མོ་ལ་སྐད་ཆ་མང་པོ་བཤད་འདོད་བྱུང་མ་སོང༌།
       
རྗོའན། (Joan) ང་ད་ལྟ་མཱོར་ཊོན་ཆུང་བར་ཡོད་པའི་ཁྱིམ་ལ་ཡོད། ང་རང་འདི་གར་ལིན་ཊཱ་ལ་སྒུག་ནས་བསྡད་ཡོད། མོ་རང་མདང་དགོང་སྤྲོ་ཚོགས་ལ་ཕྱིན་པ་རེད། ཁྱེད་ཀྱིས་ཁ་སང་མོ་དང་མཉམ་དུ་སྐད་ཆ་བཤད་རྒྱུ་བྱུང་ངམ? ངས་འདི་ནས་ལོན་ཌོན་ལ་ཁ་པར་བཏང་ཡང་ནང་ལ་མི་སུ་གཅིག་ཀྱང་མི་འདུགངས་རང་ཉིད་ཀྱི་སེམས་འཚབ་འདི་ཕྱིར་མི་མངོན་པའི་རེ་བ་ཆེན་པོས་དེ་ལྟར་བཤད།
       
ངས་རེས་གཟའ་ལྷག་པའི་ཉིན་མོར་མོ་དང་མཉམ་དུ་སྐད་ཆ་ཞིག་བཤད་པ་ཡིན། ངས་བལྟས་ན་ཁྱེད་གཉིས་བར་གྱི་དོན་དག་ཡག་པོ་རང་མེད་པ་འདྲ། གང་ལྟར་ངའི་ཕྱོགས་ནས་སྒྲུབ་ཐུབ་པའི་ལས་ཀ་དེ་འདྲ་ཡོད་ན་་་་་་་༌།
       
ལིན་ཊཱ་ཡིས་འདི་ལྟར་ངེད་གཉིས་བར་གྱི་དཀའ་ངལ་འདི་བཞིན་མོའི་ཨ་མ་ལ་བཤད་འདུག་པ་འདི་ངའི་སྣང་བར་དེ་འདྲ་རང་ཕྱིན་མ་སོང༌། རེད་རེད། ཡིན་ནའང་ད་ལྟ་ཡོད་ཚད་བདེ་ལེགས་ངང་ཡོད། ང་ཚོས་གཟའ་འཁོར་འདིའི་གུང་གསེང་མཱོར་ཊོན་ཆུང་བ་ནས་གཏོང་རྩིས་བྱས་ཡོད་པས། ངས་མོ་རང་མེ་འཁོར་གང་གི་ནང་དུ་ཡོང་གི་ཡོད་མེད་ཧ་གོ་ན་བསམ་པ་ཙམ་ཡིན། ད་བྱས་དུས་ང་རང་མེ་འཁོར་ས་ཚིགས་སུ་སོང་ན་ཡག་པ་འདྲ། བདེ་མོ་བྱོས་རྗོའན།
       
ངས་གང་མགྱོགས་ཀྱིས་ཁ་བརྡ་འདི་མཚམས་བཞག་འདོད་ནས་དེ་ལྟར་བཤད་པ་ཡིན།
       
ཨོ། ཡོད་ཚད་བདེ་ལེགས་ངང་ཡོད་ན་ངའི་བློ་བདེ་སོང༌། བྱས་ན་གུང་གསེང་ལ་སྤྲོ་བོ་ཡོང་བར་སྨོན།མོས་དེ་ལྟར་བཤད། ངས་བལྟས་ན་མོ་རང་གི་སྐད་ཆ་དེ་ཏག་ཏག་རང་ཡིན་པ་འདྲ་བོ་མི་འདུག་པ་དང་ངས་ཀྱང་སྔ་མོ་ནས་ཁ་པར་མ་བཏང་ན་ཏག་ཏག་ཡིན་བསམ་སོང༌།
       
མཱེ་རི་ཡིས་ཟ་མ་ཞིག་ཁྱེར་ནས་ནང་ལ་སླེབས་སོང་ཡང་ང་ལ་ཟ་མ་བཟའ་འདོད་ཅིག་ཁྱོན་ནས་མི་འདུག
       
ལིན་ཊཱ་ཡིས་མོ་རང་སྐྱིད་པོ་མེད་ཚུལ་ང་ལ་ཚིག་གཅིག་ཀྱང་མ་བཤད་པའི་སྔོན་ལ་མོ་རང་གི་ཨ་མ་ལ་བཤད་དགོས་པ་ཅིའི་ཕྱིར་ཡིན་ནམ?” དེ་ནས་ངས་ཉེན་རྟོག་པས་བཤད་པའི་སྐད་ཆ་དེ་དྲན་སོས་བྱུང༌།
       
མཱེ་རི། ཀྲོམ་གི་དགའ་རོགས་དེ་སུ་རེད། མོ་ལ་ཅི་ཞིག་བྱུང་བ་རེད?”
       
མོའི་མིང་ལ་རྗེན་ནིས་ (Jenny) ཟེར། མོ་རང་ཀྲོམ་གི་དགའ་རོགས་དངོས་གནས་མ་རེད། དོན་དངོས་སུ་མོ་རང་ཀྲོམ་གི་ཕུ་བོ་བྷིལ (Bill) ལ་དགའ་གི་ཡོད་རེད། ཡིན་ནའང་བྷིལ་གིས་མོ་རང་ལ་སྣང་འཇོག་མ་བྱས་བས། མོ་རང་རྟག་པར་ཀྲོམ་དང་མཉམ་དུ་ཕྱིན་ནས་བྷིལ་ལ་ཐག་ཉེ་བོ་བྱ་ཐབས་བྱས་པ་རེད། དེ་ནས་བདུན་ཕྲག་ཁ་ཤས་སྔོན་གྱི་ཉིན་ཞིག་ལ་མོ་རང་མཐོང་རྒྱུ་མེད་པར་གྱུར་སོང༌། མ་ཟད་ཉིན་ཤས་ཀྱི་སྔོན་ལ་མི་ཚོས་མོ་རང་གི་བེམ་པོ་གཙང་པོའི་འགྲམ་ནས་རྙེད་འདུག
       
ཨོ་རེད།ངས་ཚགས་པར་སྟེང་གི་གཏམ་རྒྱུད་དེ་དྲན་སོས་སོང༌། མོའི་བེམ་པོ་གཙང་པོའི་ནང་ནས་རྙེད་པ་མ་རེད་དམ? མ་ཟད་མོའི་མགོ་བོ་བཅད་འདུག་ཟེར།ངའི་ཡིད་ལ་ང་རང་གི་ཉལ་ཁྲིའི་སྟེང་གི་ཉ་མགོ་དེ་འཁོར་བྱུང༌།
       
དེ་ཚོ་ཚགས་པར་སྟེང་ལ་གང་བཤད་པ་དེ་རེད། ཡིན་ནའང་ང་ཚོས་ཧ་གོ་མ་སོང༌། གང་ལྟར་དོན་དག་དེ་ཀྲོམ་དང་འབྲེལ་བ་གཏན་ནས་མི་འདུག དུས་སྐབས་དེར་ཁོ་རང་ཁོའི་ཕུ་བོ་དང་མཉམ་དུ་འདུག ངའི་བསམ་པར་ཁོང་ཚོ་ལོན་ཌོན་ལ་ཡོད་པ་ཡོད།མཱེ་རི་ལ་དེའི་སྐོར་གྱི་སྐད་ཆ་བཤད་འདོད་མེད་པ་འདྲ། མོས་ཟ་མ་མི་ཟ་ན་ཤོག་དང༌། ང་ཚོ་སོང་ནས་ཉལ་ཁང་དེ་གཙང་མ་བཟོ་ཆོགཟེར། དེ་ལྟར་ང་ཚོས་མཱེ་རིའི་རླངས་འཁོར་བསྐོར་ནས་ཕྱིན་པ་ཡིན།
       
མོའི་བསམ་པར་ང་རང་རླངས་འཁོར་བསྐོར་མི་རུང་སྙམ་འདུག ང་ཚོ་མཚོ་འགྲམ་གྱི་ཁང་པར་འབྱོར་དུས་ཀྱང༌། མོས་ང་ལ་སྐར་མ་ཁ་ཤས་རིང་ལ་ཕྱི་རོལ་ནས་རླངས་འཁོར་ནང་ལ་སྡོད་ཟེར།
       
དང་པོ་དེར་ང་རང་གཅིག་པུ་ནང་ལ་ཕྱིན་ནས་གང་འདྲ་འདུག་ཅིག་བལྟ་ཡོངཟེར་བས། ངས་ཀྱང་དེ་ལྟར་ཁས་ལེན་བྱས་ནས་མོ་རང་གཅིག་བུར་བཏང་བ་ཡིན། ང་དངོས་གནས་འཇིགས་སུ་རུང་བའི་དྲི་མ་དེ་དང་ཉ་མགོ་དེ་ཚོ་ཡང་བསྐྱར་མཐོང་འདོད་མི་འདུག ང་རང་ཕྱི་རོལ་ནས་ཁང་པ་དེར་ཅེར་རེར་བལྟ་ཞོར། ཁང་པ་དེ་ལ་ཁོང་ཁྲོ་ལངས་འགོ་ཚུགས་སོང༌། སྐར་མ་ཁ་ཤས་ཀྱི་རྗེས་སུ་མོ་རང་ཉལ་ཆས་ཁ་ཤས་འཁྱེར་ནས་ཕྱི་ལ་ཐོན་ནས་སླེབས་སོང༌།
       
ནང་ལོག་ལ་ཛོར་པོ་ཞེ་དྲགས་རང་མི་འདུག ཉེན་རྟོག་པས་ཉ་མགོ་དེ་ཕྱི་ལ་གཡུགས་པ་འདྲ། ཉལ་ཆས་འདི་ཚོ་སྤྱི་གླིང་དུ་འཁྱེར་ནས་ངས་འཁྲུ་ཆོག ཨོ་་་་༌།སྐབས་དེར་མོས་ལག་པ་གཅིག་ཁུག་མའི་ནང་ལ་བཅུག་ནསའདིར་ཁྱེད་རང་ལ་ཡི་གེ་ཞིག་འདུགཟེར་ནས་རླངས་འཁོར་གྱི་སྒེའུ་ཁུང་ལས་ང་ལ་འཕྲིན་ཡིག་ཅིག་སྤྲད་བྱུང༌།
       
ཡིག་སྐོག་སྟེང་ལ་བལྟས་པས་དེ་ནི་ལིན་ཊཱའི་ཡིག་གཟུགས་ཀྱིས་ངའི་མིང་བྲིས་འདུག་པ་མཐོང༌། ངས་མྱུར་སྟབས་ཀྱིས་ཡིག་སྐོགས་ཁ་ཕྱེ་བ་དང་མཉམ་དུ་ལག་པའང་འདར་སིག་སིག་བྱེད་ཀྱིན་འདུག
       
བརྩེ་བའི་ཁེརལ་ལགས།
       
ངས་ཁྱོད་ལ་དགོངས་པ་མ་ཚོམ་རོགས་ཞུ་རྒྱུ་ཡིན། ཡིན་ནའང་ངེད་གཉིས་བར་གྱི་ཡོད་ཚད་འདས་ཟིན་པ་རེད། དེའི་ཕྱིར། སྐུ་མཁྱེན་ད་ནས་བཟུང་ང་ཁྱོན་ནས་མ་འཚོལ་རོགས། ང་རང་བདེ་འཚམས་ཡིན།
       
སྤྲོ་བོ་གནང་རོགས།
       
བདེ་བར་སྨོན།
       
ལིན་ཊཱ་ནས།
       
སྐར་མ་གཅིག་གཉིས་རིང་ལ་ངས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་འཕྲིན་ཡིག་དེར་བལྟས་ནས་བསྡད་པ་ཡིན། ང་རང་དེ་ལ་ཡིད་ཆེས་ཐུབ་མ་སོང༌། མཱེ་རི་ཡིས་རླངས་འཁོར་གྱི་རྒྱབ་སྒོ་ཕྱེས་ནས་ཉལ་ཆས་རྣམས་འཇུག་བཞིན་འདུག་པ་དང༌། ངས་མགོ་བོ་ལག་པས་སྐྱོར་ནས་ཡོད་པ་མཐོང་བ་དང༌། དོན་དག་ཅི་ཞིག་འདུག་ཁེརལ། འཕྲིན་ཡིག་དེ་སུའི་བསྐུར་བ་རེད?”ཟེར།
       
ངས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་འཕྲིན་ཡིག་མོ་ལ་སྤྲད་པ་ཡིན། མོས་ཐེངས་གཅིག་བཀླགས་རྗེས་སུ
       
ཨོ་ཙི་ཁེརལ། ང་རང་དངོས་གནས་བློ་ཕམ་བྱུང་ཟེར།
       
ཡིག་སྐོགས་དེ་ད་དུང་ངའི་ལག་པར་ཡོད་པས་ངས་མྱུར་སྟབས་ཀྱིས་རྟགས་ཐམ་ (stamp) ལ་བལྟས་པ་ཡིན། ངས་བསམ་བློ་ཞིབ་ཚགས་པོར་བཏང་མེད་མོད། འོན་ཀྱང་རྒྱུ་རྐྱེན་ཅི་ཞིག་གིས་ངས་ཡིག་སྐོགས་དེའི་སྟེང་ལ་ཅུང་སྤྱིར་བཏང་མ་ཡིན་པ་ཞིག་འདུག་པ་མཐོང་སོང༌། མཱེ་རི། འདི་བདེན་པ་རེད་མི་འདུག འདིར་ལྟོས་དང༌།
       
ངས་མོ་ལ་ཡིག་སྐོགས་བསྟན།
       
འདི་ཤིང་ཟམ་གྲོང་ནས་བསྐུར་འདུག གལ་སྲིད་མོ་རང་ང་དང་ཁ་བྲལ་འདོད་ན་ཤིང་ཟམ་གྲོང་ལ་ཅིའི་ཕྱིར་དུ་འོང་བ་རེད?” གློ་བུར་དུ་ངས་འཕྲིན་ཡིག་དེ་བདེན་པ་མ་རེད་བསམ་སོང༌།
       
མི་ཞིག་གིས་མོ་ལ་བཙན་གྱིས་འཕྲིན་ཡིག་འདི་འབྲིར་བཅུག་པ་རེད། ཀྲོམ་སྨྱོན་པས་མོ་ལ་ཅིག་བྱས་ཡོད་པ་ངས་གཏན་འཁེལ་ནས་བཤད་ཐུབ་པ་འདུག ལྟོས་དང༌། ཁོས་བུ་མོ་དེ་དང་ཉ་དེ་གཉིས་ལ་གང་འདྲ་བྱས་འདུག ད་ལྟ་ཁོས་ལིན་ཊཱ་འཇུས་ཡོད་པ་དང་ཁོས་གཏན་ནས་གློད་རྒྱུ་མ་རེད། རྗེན་ནིས་ཇི་བཞིན་་་་་་༌། ཨོ་་་་་ངའི་བརྩེ་བའི་ལིན་ཊཱ། ད་ངས་ག་རེ་བྱེད་དགོས་རེད།མཱེ་རི་ཡིས་ང་རང་སྨྱོས་ཟིན་པ་མིན་ནམ་སྙམ་ནས་ཅེར་རེར་ཧད་འདུག ཡིན་ནའང་ངའི་བསམ་པར་ང་རང་བདེ་བོ་ཡོད་པ་མ་ཟད་ངས་དྲི་བ་དེའི་ལན་ཡང་ཤེས་ཀྱིན་ཡོད།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005