མཚོ་སྐྱེས་པདྨའི་གདུང་ཚབ་ཉི་མ་གྲགས།སྐྱིད་ཤོད་ཞབས་དྲུང་མཆོག་གི་སྤྲུལ་སྐུ་སྟེ།བསྟན་པའི་སྒྲོན་མེ་གསུམ་ལ་གསོལ་བ་འདེབས།ཞེས་སྟག་ཕུ་དང་། ཉི་གྲགས། ཞབས་དྲུང་བཅས་བླ་ཆེན་གསུམ་ནི། ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་དུ་གྲགས་པའོ།
༡ སྟག་ཕུ་རིམ་བྱོན།
དེང་ཡང་། བསྟན་པའི་སྒྲོན་མེ་རྣམ་གསུམ་གྱི་གཙོ་བོ་གྱུར་པ་སྟག་ཕུ་རྡོ་རྗེ་འཆང་ཆེན་པོའི་འཁྲུངས་རབས་ལོ་རྒྱུས་རགས་བསྡུས་ཙམ་བརྗོད་པ་ལ།
རྒྱལ་བ་ཀུན་ལས་ལྷག་པའི་ཐུགས་རྗེ་ཅན།།
སངས་རྒྱས་ཀུན་གྱི་གསུང་ངོར་གཅིག་བསྡུས་པ།
འགྲོ་བ་ཀུན་ལ་བརྩེ་བའི་བདག་ཉིད་ཅན།
སྙིང་རྗེའི་རང་གཟུགས་ཕྱག་ན་པདྨར་འདུད།
ཞེས་ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་གྱི་ནང་ཚན་སངས་རྒྱས་ཐམས་ཅད་ཀྱི་སྙེང་རྗེའི་རང་གཟུགས་གཅིག་ཏུ་བསྡུས་པ། འགྲོ་བ་ཀུན་ལ་ཐུགས་རྗེའི་སྤྱན་གྱི་རིས་སུ་མ་ཆད་པ་གཟིགས་ཤིང་གདུལ་བྱ་གང་འདུལ་གྱིས་འགྲོ་བ་སྒྲོལ་ཞིང་སྐྱོབས་པར་མཛད་པའི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨའི་རྣམ་འཕྲུལ་ཁྱབ་བདག་སྟག་ཕུ་བ་ཆེན་པོ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་སྔོན་ཚེ་སངས་རྒྱས་འོད་སྲུང་ནས་བཟུང་། མར་གྱུར་སེམས་ཅན་གང་ལ་གང་འདུལ་དེ་ལ་དེར་སྟོན་པར་མཛད་པའི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་ཡོད་ཀྱང་འདིར་རགས་བསྡུས་ཙམ་ཞུས་ན། སྔོན་ཚེ་སངས་རྒྱས་འོད་སྲུང་གི་དུས་སུ། ཤིང་རྟ་འདྲེན་པའི་གྱད་རྒྱལ་པོ་ཤིང་རྟ་གྲགས་པ་དང་། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་ཉན་ཐོས་ཆོས་ཀྱི་བློ་གྲོས། ཐུབ་པའི་གནས་བརྟན་བཅུ་དྲུག་གི་ཞབས་འབྲེང་དགེ་བསྙེན་དྷརྨ་ཏ་ལ། འཛམ་གླིང་རྒྱན་དྲུག་གི་ཡ་གྱལ་མཁས་མཆོག་དབྱིག་གཉེན། ཝ་ར་ཎ་སིར་རྒྱལ་པོ་ལྷ་སྣང་སྟོབས་ལྡན་གྱི་སྲས་རྒྱལ་བུ་ཆོས་ཀྱི་དགའ་བ།(བྱ་མགྲིན་སྔོན་ཟླ་བ་།)སྔར་དར་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན། བར་དར་མཁན་སློབ་ཆོས་གསུམ་གྱི་དུས་སུ། ལྷ་སྲས་མུ་རུ་བཙན་པོ། ཕྱི་དར་ཇོ་འབྲོམ་སྐུ་མཆེད་རྣམ་གསུམ་གྱི་དུས་སུ་བཀའ་གདམས་ཤེས་རབ་རྡོ་རྗེ། བོད་ཀྱི་རྣལ་འབྱོར་ཆེན་པོ་མི་ལ་རས་པའི་ཐུགས་སྲས་སེ་བན་རས་པ་བཅས་སྐྱེས་རབས་ཤེལ་དཀར་གྱི་ཕྲེང་བ་ལྟར་བརྗོད་ཀྱི་མི་ལང་ངོ།
དེང་གླེང་བ་བྱ་བ་ནི། སྟག་ཕུ་ཁྲི་སྤྲུལ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་འཁྲུངས་རབས་ཞིག་བྲི་བར་འདོད་པ་ལ། མཁས་འཇུག་ལས། བསྟན་བཅོས་དམ་པ་བསྟན་པའི་ཕྱིར། །སྟོན་པས་ཐོག་མར་དགོས་པ་བསྟན། །ཡོངས་སུ་རྟོགས་པས་དེ་མཐོང་ན། །དཔྱོད་པ་ལ་ནི་ཅིས་མི་འཇུག །ཅེས་གསུང་པ་ལྟར། རང་ཅག་ཀྱི་རྩ་བའི་བླ་མ་སྟག་ཕུ་རྡོ་རྗེ་འཆང་ཆེན་པོ་སྐུ་ཕྲེང་དང་པོ་ཕེངས་པ་ནས་བཟུང་ད་བར་ལོ་ངོ་དྲུག་བརྒྱ་བཅུ་བདུན་ཙམ་གྱི་ལོ་རྒྱུས་ལྡན་ཞིང་སྐུ་ཕྲེང་བཅུ་ཕེབས་ཡོད་པས། དམ་པ་དེ་རྣམས་ཀྱི་བསྟན་དང་འགྲོ་བའི་དོན་དུ་མཛད་འཕྲིན་དང་། སྙན་པའི་གྲགས་པ་བསམ་གྱིས་མི་ཁྱབ་པ་བླ་ན་འཕགས་པ་ཡོད་པ་དེ་དག་མི་རབས་ནས་མི་རབས་བར་མི་རྣམས་ཀྱི་སེམས་ལ་འདས་དང་མ་འོངས། ད་ལྟར་བཅས་པ་ཉམས་པ་མེད་པར་གནས་པ་ནི་སློབ་དཔོན་དབྱུག་པ་ཅན་གྱིས། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་པ་ལྟོས། །ཞེས་གསུངས་པ་ལྟར་ཡིན། དེ་ལྟར་མ་བྱུང་ཚེ་རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱི་མ་བཤད་ན། གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པ་ལྟར་འགྱུར་ངེས་ཡིན། གལ་ཏེ་དེ་ལྟར་བྱུང་ཚེ། སྟག་ཕུ་སྐུ་ཐོག་རིམ་བྱོན་གྱིས་བཀའ་དང་བསྟན་བཅོས་གྲངས་ལས་འདས་པ་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ལྟ་ཞོག ཐ་ན་མཚན་གྱི་རྣམ་གྲངས་ཙམ་ཡང་རྒྱུས་མངའ་མེད་པ་ཞིག་ཆགས་རྒྱུ་ལས་འོས་མེད། དེའི་འབྲས་བུར། རླུངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཀྱི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡུལ་བོར་བ་དང་འདྲ། ཞེས་གསུངས་པ་ལྟར་ང་ཚོ་མི་ཐོག་འདིའི་ཐོག་ཡོང་རྒྱུ་ཉག་གཅིག་ཡིན། དེར་བརྟེན་ཕྱིན་ཆད་རྗེས་འཇུག་རྣམས་ལ་དེ་ལྟར་མི་འབྱུང་བའི་ཆེད་དུ་ལོ་རྒྱུས་ཞིབ་འཇུག་བྱེད་རྒྱུར་སྐུལ་ལྕག་དང་། སྟག་ཕུ་རིམ་བྱོན་གྱི་མཛད་རྣམ་ཇི་སྲིད་བར་མི་ཉམས་ཡུན་གནས་ཡོང་བ། ལྷག་པར་དུ་སྟག་ཕུ་སྐུ་ཕྲེང་བཅུ་པ་དང་། ཉི་གྲགས་སྐུ་ཕྲེང་བདུན་པ་གསེར་ཁྲིར་མངའ་གསོལ་ལ་རྟེན་འབྲེལ་ཞུ་བའི་མཚོན་བྱེད་དུ། མ་བསྐུལ་རང་མོས་ཐོག་ལྷག་པའི་བསམ་པས་ཀུན་ནས་བསླངས་ཏེ། ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་གྱི་འཁྲུངས་རབས་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་ཞུས་པ་བགྲེས་པོའི་ལྷག་བསམ་གྱི་ཀུན་སློང་ཞེས་པ་འདི་འབྲེལ་ཡོད་དཔྱད་གཞིའི་ཡིག་ཆ་ཁག་ལ་གཞི་བཅོལ་ཞིང་། བདག་བློས་གང་གྲུབ་དཔྱད་བསྡུར་བྱས་ནས་ཕྱོགས་བསྒྲིགས་བྱས་ཁུལ་ལ། རང་གི་ཤེས་ཡོན་ཚད་གཞི་དམའ་བ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་ཞན་པ་སོགས་ཀྱིས་འཁྲུངས་རབས་ལོ་རྒྱུས་འདིའི་ནང་། མ་རྟོགས་པ་དང་། ལོག་པར་རྟོགས་པ་སོགས་ལྟ་ཚུལ་ནོར་འཁྲུལ་མང་དག་ཞིག་གཡོལ་ཐབས་མེད་པ་ཡོང་ངེས་པས་མཁྱེན་ལྡན་རྣམས་ཀྱིས་ལོ་རྒྱུས་ཁུངས་ལྡན་བདེན་དཔང་མཛད་ནས་ཉེས་བཤད་གྱུར་རིགས་ཡོ་བསྲང་གནང་རྒྱུར་སྙིང་ནས་རེ་འདུན་ཞུ་བཞིན་ཡོད།
འདིར་ཐོག་མར་ལོ་རྒྱུས་འཁྲུངས་རབས་དངོས་ལ་མ་འཇུག་པའི་གོང་དུ། གསལ་རྟོགས་དགོས་པའི་དོན་གནད་གཉིས་ཏེ། གཅིག སྟག་ཕུ་ཞེས་པའི་ཐ་སྙད་དེ་གང་ཡིན་ནམ། སྟག་ཕུ་སྐུ་ཕྲེང་དང་པོ་གུ་ཤཱི་དཔལ་ལྡན་དོན་གྲུབ་ཀྱི་ཐོག་མའི་གདན་ས། སྟག་ཕུ་ཆོས་སྡེ་ཟེར། དགོན་པ་དེ་ད་ལྟ་ལྷ་སའི་ཁུལ་མལ་གྲོ་གུང་དཀར་རྫོང་གི་ཁོངས་སུ་གནས་ཡོད། དེ་ཐོག་མར་གུ་ཤྲཱི་ཆེན་པོས་གཙུག་ལག་ཁང་རྙིང་པ་སྐྱར་གསོ་དང་གསར་བཞེངས་གནང་སྟེ་གདན་ས་སྐྱོང་བར་འདྲ། གང་ཞེ་ན《དགའ་ལྡན་ཆོས་འབྱུང་ལས》“སྐྱིད་ཆུ་ཤར་ཁའི་དབུ་སྟོད་སྟག་ཕུ་ཆོས་སྡེ་ནི་སྔོན་ཇོ་བོ་རྗེའི་སློབ་པ་རིན་ཆེན་སྙིང་པོས་གཙུག་ལག་ཁང་རྙིང་པ་བརྩིགས། ལོ་མང་པོ་སོང་རྗེས་ཀུན་དགའ་དོན་གྲུབ་ཨེ་གོང་པོར་འཁྲུངས་ཤིང་ཆོས་ཁང་གསར་དུ་བརྩིགས། འདི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དང་མཇལ་ཞིང་རིང་ལུགས་སུ་གྱུར། གདུལ་བྱ་མང་དུ་འདུས་པ་ལ་ཆོས་གསུངས་པ་ན་རྒྱ་ནག་རྒྱལ་པོས་གུ་ཤཱིའི་ལས་ཀ་གནང་བས་འཕྲིན་ལས་ཆེ་”ཞེས་འཁོད་འདུག ཀུན་དགའ་དོན་གྲུབ་ནི་དཔལ་ལྡན་དོན་གྲུབ་ཡིན་པར་མངོན། 《གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་》ནང་སྟག་ཕུ་དཔལ་ལྡན་དོན་གྲུབ་འཁྲུངས་རབས་ནང་“ཁོང་སྐུ་གཞོན་ནུའི་དུས་ནས་སྟག་ཕུ་དཔལ་ལྡན་རིན་ཆེན་ལས་རབ་ཏུ་བྱུང་”ཞེས་བྲིས་འདུག་པས། དཔལ་ལྡན་དོན་གྲུབ་གོང་དུ་སྟག་ཕུ་ཞེས་པའི་ཐ་སྙད་དེ་ཡོད་འདུག་ལ། ལྗོངས་སྨན་རྩིས་ཁང་གི་ལོ་ཐོའི་ནང་“དབུ་སྟོད་སྟག་ཕུའི་ཆུ་འདྲེན་ཉི་ཐིག་ཟིན”ཞེས་དབུས་དང་ལྷོ་ཁུལ་དུ་ཞིང་ཆུ་ཐོག་མར་གཏོང་བའི་དུས་ཚོད་ཚད་འཛིན་གྱི་ཉི་ཐིག་དེ་ས་ཆ་དེ་རང་ཡིན་པས། ད་ལྟ་སྨན་རྩིས་ཁང་གི་ཉི་ཐིག་སྐྱར་གསོ་གནང་སྐད། གོང་གསལ་གྱི་གནས་ཚུལ་ལ་བཞིགས་ན། སྟག་ཕུ་ཞེས་པའི་ཐ་སྙད་དེ་ས་ཆ་དེའི་མིང་ནས་བྱུང་བར་འདུག་པས་ས་མིང་མི་ལ་ཐོགས་པ་འདྲའོ། །གཉིས་པ། སྟག་ཕུ་སྤྲུལ་སྐུ་ད་བར་སྐུ་ཕྲེང་བཅུ་ཕེབས་ཡོད་པ་ལོ་རྒྱུས་ཁུངས་ལྡན་གྱི་དཔང་རྟགས་ཡོད། 《བོད་ཀྱི་གལ་ཆེའི་ཡིག་ཆ་གདམས་བསྒྲིགས》སུ་བཀོད་པའི《བོད་དང་བར་ཁམས་རྒྱ་སོག་བཅས་ཀྱི་བླ་སྤྲུལ་རྣམས་ཀྱི་སྐྱེ་ཕྲེང་དེབ་གཞུང་》ཞེས་པའི་ནང་དུ་“ནགས་ཤོད་སྟག་ཕུ་སྐུ་ཕྲེང་དང་པོ་ནི་གུ་ཤྲཱི་དཔལ་ལྡན་དོན་གྲུབ་ཨེ་གོང་པོར་འཁྲུངས། འཇམ་དཔལ་དབྱངས་གོང་མ་ཆེན་པོས་གུ་ཤཱིའི་ཆོ་ལོ་དང་། འཇའ་ས། ཐམ་ཀ་བཅས་ཀྱི་གཟེངས་བསྟོད་བདག་རྐྱེན་གནང་བར་གསོལ་རས་ཞུས། དགུང་ལོ་གྱ་ལྔར་གཤེགས། དེའི་སྐུ་སྐྱེ་ཞང་པོ་ཆོས་རྒྱལ་བསྟན་འཛིན་སྟག་ཕུ་རང་གི་གདུང་རྒྱུད་དུ་འཁྲུངས། དགུང་ལོ་ང་བརྒྱད་པར་གཤེགས། དེའི་སྐུ་སྐྱེ་ཆོས་གྲགས་བཟང་པོ་དེ་ཡང་སྟག་ཕུ་རང་གི་གདུང་རྒྱུད་དུ་འཁྲུངས། དགུང་ལོ་ཞེ་གསུམ་ལ་གཤེགས། དེའི་སྐུ་སྐྱེ་བློ་བཟང་བསྟན་པའི་རྒྱལ་མཚན། ཀོང་པོ་དོ་བོ་མགོ་བོར་འཁྲུངས། དགུང་ལོ་ཞེ་བདུན་པར་གཤེགས། དེའི་སྐུ་སྐྱེ་བློ་བཟང་ཆོས་ཀྱིས་དབང་ཕྱུག ཀོང་པོ་རྒྱ་མདར་འཁྲུངས། དགུང་ལོ་ཞེ་གསུམ་ལ་གཤེགས། དེའི་སྐུ་སྐྱེ་གསེར་བུམ་ནས་ཐོན་པ་འབྲུག་ལོ་པ་ངག་དབང་བློ་བཟང་བསྟན་འཛིན་ཆོས་གྱི་འབྱུང་གནས། ད་ལྟ་དགུང་ལོ་བདུན་”ཞེས་སྐུ་ཕྲེང་རིམ་བྱོན་གྱི་གོ་རིམ་གསལ་པོར་སྟོན་གནང་ཡོད། དེ་བཞིན་སྟག་ཕུའི་འཁྲུངས་རབས་གསོལ་འདེབས་ནང་། “འཇམ་མགོན་རྒྱལ་བའི་དངོས་སློབ་སྟག་ཕུ་བ། །དཔལ་ལྡན་དོན་གྲུབ་ཞབས་ལ་གསོལ་བ་འདེབས། ཞེས་པ་ནས། འགྲོ་ཀུན་ཆོས་ཀྱི་ཉི་མ་རྟག་འཆར་བའི། །འདྲེན་མཆོག་དཔལ་ལྡན་བླ་མ་གསོལ་བ་འདེབས། །”ཞེས་པའི་བར། སྟག་ཕུ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཡོངས་སུ་རྫོགས་པ་རིམ་པ་ལྟར་བཀོད་གནང་མཛད་ཡོད་པ་ནི་མཁྱེན་གསལ་ལྟར་ཡིན་པས། ཡིག་ཆ་དེ་གཉིས་དེ་སྔོན་སྟག་ཕུ་སྐུ་ཕྲེང་རིམ་བྱོན་ཐོག བཤད་ཚུལ་འདྲ་མིན་གྱི་དོགས་གཞི་སེལ་བའི་ལོ་རྒྱུས་དཔྱད་གཞིའི་ཡིག་ཆ་ཁུངས་ལྡན་ཡིན་པས། ལོ་རྒྱུས་ཀྱི་རྩ་དོན་དེ་གཞི་བཅོལ་དགོས་ངེས་རེད་སྙམ་གྱི་འདུག དེང་སྐབས་རང་ཁུལ་གྱི་ལོ་རྒྱུས་རྩོམ་ཡིག་འགའ་ཡི་ནང་དུ། སྟག་ཕུ་སྐུ་ཕྲེང་དྲུག་ལས་མ་ཕེབས་པར་བཀོད་འདུག་པས། དེ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན། གང་ཞེ་ན། དཔལ་ལྡན་དོན་གྲུབ་དང་། ཞབས་དྲུང་ཆོས་དབང་གྲགས་པ། དེ་བཞིན་མཁས་གྲུབ་རྗེ། དགེ་འདུན་གྲུབ་པ་སོགས་བླ་མ་དེ་རྣམས་མི་ཐོག་གཅིག་གི་བླ་མ་ཡིན་པས་ད་ལྟ་ཞབས་དྲུང་སྐུ་ཐོག་བཅུ་གཅིག་ལ་ཕེབས་ཡོད་པ་དང་། མཁས་གྲུབ་རྗེ་སྐུ་ཕྲེང་བཅུ་གཅིག དགེ་འདུན་གྲུབ་པ་སྐུ་ཐོག་བཅུ་བཞི་ལ་ཕེབས་ཡོད་པས། དཔལ་ལྡན་དོན་གྲུབ་ཕྲེང་དྲུག་ལས་མ་ཕྱིན་པའི་བཤད་ཚུལ་དེ། ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པ་ཡིན་པར་བསམ་ཞིབ་བཏང་མཁན་སྐྱེ་བོ་ཕལ་པ་ཞིག་གིས་ཀྱང་རྟོགས་པར་ནུས་པས་སོ། །དེ་ལྟར་མཆོད་བརྗོད་དང་། དགོས་ཆེད་མིང་གི་ཐ་སྙད་སྐུ་ཕྲེང་རིམ་བྱོན་གྱི་རྣམ་གྲངས་སོགས་དེ་ཙམ་མོ།
ད་ལམ་སྐབས་སུ་བབ་པ་ལོ་རྒྱུ་འཁྲུངས་རབས་དངོས་ལ་འཇུག་པ་ནི་དེ་ཡང་སྟག་ཕུ་སྐུ་ཕྲེང་དང་པོ། གུ་ཤཱི་དཔལ་ལྡན་དོན་གྲུབ་མཆོག་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་དངོས་སློབ། ཁྲི་སྟེང་མཛེས་པའི་བླ་མ་བཞི་ཡི་ཡ་གྱལ་ཡིན་ཞིང་། ཁོང་ནི་རབ་བྱུང་དྲུག་པའི་ཆུ་ཕོ་ཁྱི་ལོ་སྟེ་སྤྱི་ལོ་༡༢༨༢ལོར་ལྷོ་ཁ་ཨེ་གོང་པོར་འཁྲུངས། སྐུ་གཞོན་ནུའི་དུས་ནས་སྟག་ཕུ་དཔལ་ལྡན་རིན་ཆེན་ལས་རབ་ཏུ་བྱུང་། དེ་ནས་བྱང་སེམས་རྭ་སྒྲེང་པ་དང་། འཇམ་དཀར་བ། རྒྱལ་ཚབ་དར་མ་རིན་ཆེན་སོགས་མཁས་པའི་དབང་པོ་དུ་མར་བསྟེན་ནས། མདོ་སྔགས་རིག་གནས་བཅས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་སྦྱོང་མཛད། རྗེ་ཙོང་ཁ་པའི་དྲུང་དུ་བསྙེན་པར་རྫོགས། བྱང་ཆུང་ལམ་གྱི་རིམ་པ་སོགས་དམ་པའི་ཆོས་ཀྱི་བདུད་རྩི་དཔག་མེད་ཐོབ། དགུང་ལོ་ཉེར་གསུམ་པར་ལྷ་ས་སྐྱིད་ཆུ་ཤར་ཁའི་སྟག་ཕུ་ཆོས་སྡེའི་གདན་སར་ཕེབས། སྐབས་དེར་ཁོང་ལ་གོང་མ་ཆེན་པོས་གུ་ཤྲཱིའི་མཚན་སྙན་གནང་བས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། རང་ཁུལ་དུ་ཕེབས་ཏེ་སྟག་གདོང་རི་བོ་དཔལ་འབར་དང་། ལྷ་རི་བདེ་ཆེན་ཆོས་འཁོར་གླིང་སོགས་ཕྱག་བཏབ། དེ་ནས་རིམ་བཞིན་ཀོང་པོ་རྒྱ་མདའི་ཁུལ་གྱི་ཉང་པོ་དང་། བླ་རུ་དགོན་སོགས་གཞིས་དགོན་འགའ་ཡང་ཞོར་འཛིན་མཛད་པ་སོགས། བསྟན་པའི་བྱ་བ་འཛིན་སྐྱོང་སྤེལ་གསུམ་མཛད། དགུང་ལོ་གྱ་ལྔ་ལ་ཕེབས་པ་རབ་བྱུང་བརྒྱུད་པའི་མེ་ཕོ་ཁྱི་ལོ་སྟེ་སྤྱི་ལོ༡༩༦༦ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ། ཁོང་གི་གསུང་རྩོམ་ནི། ཆོ་ག་དང་རྣམ་བཤད། སྔོན་འགྲོ། རྗེས་དབང་། བར་དོ་ངོ་སྤོད། དྲིས་ལན་བཅས་པོ་ཏི་གཅིག་བཞུགས།
སྟག་ཕུ་སྐྲུ་ཕྲེང་གཉིས་པ་ཆོས་རྒྱལ་བསྟན་འཛིན་ནི་《བོད་དང་བར་ཁམས་རྒྱ་སོག་བཅས་ཀྱི་བླ་སྤྲུལ་རྣམས་ཀྱི་སྐྱེ་ཕྲེང་དེབ་གཞུང་》ནས། དེའི་སྐུ་སྐྱེ་ཞང་པོ་ཆོས་རྒྱལ་བསྟན་འཛིན་སྟག་ཕུ་རང་གི་གདུང་རྒྱུད་དུ་འཁྲུངས། དགུང་ལོ་ང་བརྒྱད་པར་གཤེགས་ཞེས་འཁོད་ཡོད། 《དགའ་ལྡན་ཆོས་འབྱུང་》ནས་སྐྱིད་ཆུ་ཤར་ཁའི་དབུ་སྟོད་སྟག་ཕུ་ཆོས་སྡེའི་ལོ་རྒྱུས་ནས་“དེས་དབོན་པོ་ཆོས་རྒྱལ་བསྟན་འཛིན་འདིས། སྟག་ཕུ། ཉང་པོ་རྒྱ་ནང་བླ་རུ་དགོན། བྱང་ཧ་རི་ཎ། རྒྱས་ཤོད་བན་མཁར་རྣམས་ཀྱི་བླ་མ་མཛད་”ཞེས་དང་། སྟག་གདོང་རི་བོ་དཔལ་འབར་དང་། རྒྱས་ཤོད་བན་མཁར། ལྷ་རི་བདེ་ཆེན་གླིང་སོགས་ཀྱི་ལོ་རྒྱུས་བླ་རབས་ནང་ཆོས་རྒྱལ་བསྟན་འཛིན་འཁོད་འདུག་པས། སྟག་ཕུ་སྐུ་ཕྲེང་གཉིས་པ་ཆོས་རྒྱལ་བསྟན་འཛིན་མཆོག་གི་རྣམ་ཐར་ཅུང་རྒྱས་ཙམ་ཞིག་མཇལ་རྒྱུ་མ་བྱུང་ཡང་གོང་གསལ་ལོ་རྒྱུས་ལ་གཞིགས་ན། ཁོང་གི་སྐུ་ཕྲེང་གོང་མ་གུ་ཤྲཱི་ཆེན་པོའི་རྗེས་འཛིན་གནང་སྟེ། གུ་ཤྲཱི་ཆེན་པོའི་མཛད་འཕྲིན་སྐྱོང་མྱོང་བའི་གཞིས་དགོན་གནས་དགོན་ཁག་ལ་ཕེབས་བཞུགས་གནང་སྟེ་སྐུ་གོང་མའི་མཛད་འཕྲིན་ཉམས་པ་སོར་ཆུད་མ་ཉམས་པ་གོང་འཕེལ་གཏོང་བ་བཅས་བསྟན་འགྲོའི་ཕན་བདེའི་མཛད་བཟང་བླ་ན་འཕགས་པ་སྐྱོང་མཁན་ཞིག་ཡིན་པ་ནི་དོན་གྱི་རྟོགས་ནུས་སོ།
མཆན། གོང་གསལ་གྱི་ཡིག་ཆ་འདིའི་ནང་“ཆོས་རྒྱལ་བསྟན་འཛིན་དགུང་ལོ་ང་བརྒྱད་པར་གཤེགས་”ཞེས་འཁོད་འདུག་པས་དེ་མི་འཐད་ཞིང་། གང་ཞེ་ན། དཔལ་ལྡན་དོན་གྲུབ་སྤྱི་ལོ་༡༩༦༦ལོར་སྐུ་གཤེགས་པ་ནས་ངག་དབང་ཆོས་གྲགས་བཟང་པོ་སྤྱི་ལོ༡༩༡༣ལོར་སྐུ་འཁྲུངས་པའི་བར་བོད་རྩིས་བྱེད་ན་ལོ་ངོ་ཉེར་བརྒྱད་ལས་མེད་པས། ཆོས་རྒྱལ་བསྟན་འཛིན་དགུང་གྲངས་ང་བརྒྱད་བཞུགས་པར་མི་སྲིད། དེས་ན་དགུང་གྲངས་ཉེར་བརྒྱད་དང་ང་བརྒྱད་གཉིས་ཡིག་ནོར་ཐེབས་པ་མིན་འགྲོ་སྙམ་གྱི་འདུག ལར་ཁོང་དགུང་ལོ་ང་བརྒྱད་བར་བཞུགས་ཡོད་ན། ཁོང་གི་མཚན་སྙན་དང་མཛད་འཕྲིན་མང་པོ་ཞིག་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ལ་འཁོད་སྲིད་ཀྱང་། དེ་འདྲའི་རྣམ་ཐར་ཤིན་ཏུ་དཀོན་པས་ཁོང་སྐུ་ཚེ་རིང་པོར་བཞུགས་མེད་པ་འདྲའོ་སྙམ་པས། ལོ་རྒྱུས་མཁས་ཅན་རྣམས་ཀྱིས་མུ་མཐུན་དཔྱད་པར་ཞུ།
སྟག་ཕུ་སྐུ་ཕྲེང་གསུམ་པ་ངག་དབང་ཆོས་གྲགས་བཟང་པོ་ནི་རབ་བྱུང་བརྒྱད་པའི་ཆུ་གླང་(སྤྱི་ལོ་༡༩༩༣)ལོར་སྟག་ཕུར་སྐུ་བལྟམས། སྐུ་ཆུང་ངུའི་དུས་ནས་སྟག་ཕུ་ཆོས་སྡེར་ཕེབས་ནས་རབ་ཏུ་བྱུང་། ཐོག་མར་ཡི་གེ་འབྲི་ཀློག་ལ་སྦྱངས་པས་ཚེགས་མེད་མཁྱེན་ཅིང་། དེ་ནས་མདོ་སྔགས་ཀྱི་གཞུང་ཟབ་མོ་ལ་ཐོས་བསམ་རྩེ་གཅིག་ཏུ་གནང་ནས་མཁས་པར་གྱུར་ཏེ་རྒྱུད་སྨད་དུ་འཆད་ཉན་མཛད། དེ་ནས་དགའ་ལྡན་བྱང་རྩེར་ཕེབས། དགུང་གྲངས་དྲུག་ཅུ་བཞེས་པར་རབ་བྱུང་དགུ་པའི་ཆུ་ཁྲི(སྤྱི་ལོ་༡༥༥༣)ལོར་དགའ་ལྡན་གསེར་ཁྲི་ཆེན་པོར་འཁོད་པས་ན་དགའ་ལྡན་ཁྲི་རབས་ཉི་ཤུ་པ་ཡིན། གནས་བརྟན་བཅུ་དྲུག་གི་གོས་སྐུ་གསར་བཞེངས་མཛད། དགུང་ལོ་རེ་གཉིས་པ། ཤིང་སྟག་(སྤྱི་སོ་༡༥༥༩)ལོར་སེ་ར་ཐེག་ཆེན་གླིང་གི་ཁྲི་ཐོག་བཅུ་བཞི་པའི་ཁྲིར་ཕེབས། རབ་བྱུང་དགུ་པའི་ས་ལུག་(སྤྱི་ལོ་༡༥༥༩)ལོའི་བོད་ཟླ་དགུ་པའི་ཚེས་༡༠ཉིན་དག་ཞིང་དུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་བཞེངས་ཏེ་དངུལ་གདུང་རིན་པོ་ཆེ་གཡས་གྲལ་གཉིས་པ་བཞུགས་སོ། །
སྟག་ཕུ་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པའི་རྒྱལ་མཚན་(མཚན་གཞན་བློ་གྲོས་རྒྱ་མཚོ་ཞུ་)མཆོག་ནི། ཀོང་སྟོད་ཉང་པོ་རྒྱ་ནང་དུ། གནུབས་ཀྱི་རིགས་སུ་ཡབ་སྔགས་འཆང་དཀོན་མཆོག་སྙན་གྲགས་དང་། ཡུམ་འཛོམས་པ་སྐྱིད་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་(སྤྱི་ལོ་༡༧༡༩)ལོར་འཁྲུངས། སྐུ་ཆུང་ངུའི་དུས་དོ་བོ་མགོའི་བླ་ཟུར་ཆུ་མཁར་སྤྲུལ་སྐུའི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ངག་དབང་ཡེ་ཤེས་གསོལ། དགུང་ལོ་ལྔ་ལ་སོན་སྐབས་མཁས་པ་རྡོ་རྗེ་རྒྱལ་མཚན་གྱིས་ཡེ་གེ་འབྲི་ཀློག་བསླབས། དགུང་ལོ་བཅུ་གཉིས་ལ་བསང་དོ་བོ་དགོན་གྱི་བླ་མ་མཛད། དགུང་ལོ་བཅུ་གསུམ་ལ་སྟག་ཕུ་ངག་དབང་ཆོས་གྲགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་བཅོ་ལྔ་པ་ཉང་པོ་བྲག་དཀར་ལྷ་ཆུའི་དགོན་པར་ཟབ་མོ་ཏིང་ངེ་འཛིན་ལ་སྒྲུབ་པ་རྩེ་གཅིག་ཏུ་བཞུགས། དགུང་ལོ་བཅུ་དྲུག་པར་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་དྲུང་དུ་རབ་བྱུང་སྒྲུབ་ཞིང་མཚན་ལ་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་གསོལ། ལོ་དེར་ནགས་ཤོད་སྟག་ཕུ་བན་མཁར་དགོན་དུ་གདན་དྲངས། ཆོས་རྗེ་ཡོན་ཏན་དར་རྒྱས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་དགུ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། དགེ་བཤེས་འཇམ་དབྱངས་ཕུན་ཚོགས་དང་ལྷོ་པ་དགེ་འདུན་བདེ་ལེགས་སོགས་ལ་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་གསན་བཞེས་མཛད། དགུང་ལོ་ཉེར་བདུན་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། དེ་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་། རྩ་བའི་བླ་མ་གྲུབ་དབང་འཇམ་དཔལ་རྒྱ་མཚོ་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉེར་བརྒྱད་སྐབས་རྩིས་རིགས་དཀར་ནག་སོགས་གསན་སྦྱོངས་གནང་། དགུང་ལོ་སུམ་ཅུ་པར་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་ནགས་ཤོད་དུ་ཆིབས་བསྒྱུར་གནང་སྟེ་གོང་ས་མཆོག་གི་བཀའ་ལུང་ལྟར་ཐུགས་རྗེ་ཆེན་པོའི་རྟེན་འབྲེལ་སྨོན་ལམ་མཐུས། སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། གནས་གཏེར། གསང་གཏེར་སོགས་བསྟན་འགྲོ་ཕན་བདེའི་མཛད་འཕྲིན་ཁྱད་དུ་འཕགས་པ་ཡོད་པར་དགོངས་ནས་དབེན་གནས་བཀའ་གདམས་ཆོས་ཀྱི་ཕོ་བྲང་། (ད་ལྟའི་དགེ་འཕེལ་བྱང་ཆུབ་གླིང་)ཕྱག་བཏབ། རབ་བརྟན་སོགས་ནགས་ཤོད་དགོན་ཁག་ལ་གཞི་གསུམ་ཕྱག་ལེན་དང་། མདོ་སྔགས་ཀྱི་ཆོས་འཁོར་བསྐོར། རྗེ་འདིས་གསུང་རྟེན་རྒྱལ་བའི་བཀའ་འགྱུར་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས་པར་མཛད། ཁོང་གི་གསུང་རྩོམ་ནི་《རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་རིམ་གཉིས་ཟབ་མོའི་ཉམས་ལེན་བེེཌཱུརྱ་ཞུན་མའི་ཐེམ་སྐས།》《ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་འདེབས།》《བྱང་ཆུབ་ཀྱི་སེམས་མངའ་བ་བྱ་མགྲིན་སྔོན་ཟླ་བའི་རྟོགས་པ་བརྗོད་པ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པ་མཐོང་བ་རྣམས་ཀྱི་རྣ་རྒྱན།》《དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེང་ཆེན་འཛིན་གཏོར་ལ་བརྟེན་ནས་རྒྱུན་གྱི་ཉམས་ལེན་བྱ་ཚུལ་།》《སྟག་གདོང་རི་བོ་དཔལ་འབར་གྱི་བཅའ་ཡིག་ཆེན་མོ།》《འཇམ་དབྱངས་ཀྱི་བསྟོད་པ་གདུང་ཤུག་ང་རོ།》སོགས་ཆོས་ཚན་དྲུག་ཅུ་ལོན་པའི་པོད་གཉིས་བཞུགས། དགུང་ལོ་ཞེ་དགུ་ལ་ཕེབས་པར་རབ་བྱུང་བཅུ་གསུམ་པ་ཆུ་རྟ། (སྤྱི་ལོ་༡༧༦༢)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། རྗེ་འདིའི་སྐབས་འབྲས་སྤུངས་ཚོགས་ཆེན་སྤྲུལ་སྐུའི་གོ་གནས་དང་། མདོ་དར། སུས་སྣ་ཆ། རྟ་དར་བཅས་༧གོང་ས་མཆོག་གིས་བསྩལ། སྟག་ཕུ་མཁན་སྤྲུལ་གྱི་མཚན་གསོལ་བ་འཇམ་དབྱངས་གོང་མ་ཆེན་པོས་ཆོ་ལོ་དང་། གཟེར་ཐམ་བཅས་གནང་བ་སོགས་སྙན་པའི་གྲགས་པ་ཕྱོགས་ཐམས་ཅད་དུ་ཁྱབ་བོ།
མཆན་གོང་གསལ་གྱི་ལོ་རྒྱུས་ལ་གཞིགས་ན། སྟག་ཕུ་སྐུ་ཐོག་འདིས་དབེན་གནས་བཀའ་གདམས་ཆོས་ཀྱི་ཕོ་བྲང་ཕྱག་བཏབ་པ་ནས་བཟུང་ནགས་ཤོད་སྟག་ཕུ་རི་ཕུག་ཏུ་གདན་ས་གཏན་འཁེལ་གནང་བ་འདྲའོ།
སྟག་ཕུ་སྐུ་ཕྲེང་ལྔ་པ་གར་དབང་བློ་བཟང་ཆོས་ཀྱི་དབང་ཕྱུག་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད། ཡུལ་ཉང་ལོང་ཀོང་གསུམ་དུ་གྲགས་པའི་བྱེ་བྲག་ཉང་པོའི་མྱིང་ཕུ་ལུང་དུ། ཡབ་ཕུན་ཚོགས་བསྟན་འཛིན་དང་། ཡུམ་བདེ་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་བྱ་(སྤྱི་ལོ་༡༧༦༥)ལོར་འཁྲུངས། དགུང་ལོ་ལྔ་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྲུལ་སྐུར་ངོས་འཛིན་མཛད་ནས་མཚན་བློ་བཟང་ཆོས་ཀྱི་དབང་ཕྱུག་གསོལ་ཏེ་ཁྲི་འདོན་མཛད། དགུང་ལོ་བདུན་པར་དཀའ་བཅུ་བློ་བཟང་ཐབས་མཁས་སློབ་དཔོན་དུ་བསྟེན་ནས་ཀློག་བསླབས། དགུང་ལོ་བཅུ་གཅིག་པར་དབུས་སུ་ཕེབས་ཏེ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་དུ་གཙུག་ཕུད་ཕུལ་ཏེ་མཚན་ལ་བློ་བཟང་བསྟན་འཛིན་དབང་ཕྱུག་གསོལ། ལོ་དེར་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོའི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། མེས་པོ་ཀུན་དགའ་བསྟན་འཛིན་བཞད་པ་ལས། དཀར་ནག་རྩིས་དང་གསོ་རིག་སྨན་དཔྱད་ལ་ཐུགས་གཉེར་མཛད། དེ་ནས་དཀའ་བཅུ་བསྟན་འཛིན་ཤེས་རབ་དགེ་རྒན་དུ་བསྟེན་ནས་བསྡུས་གྲྭ་སོགས་སྦྱངས་པ་མཛད། དགུང་ལོ་བཅུ་བདུན་སྐབས་དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་གྲྭར་བཞུགས་དེ་མཁན་པོ་མུ་ལི་བློ་བཟང་སྦྱིན་པ་དང་། ཏྲེ་ཧོར་བློ་བཟང་བསམ་གཏན་རྣམ་གཉིས་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་ལ་གསན་སྦྱོངས་མཛད། དགུང་ལོ་བཅུ་དགུ་ལ་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྗེ་དྲུང་བློ་བཟང་རབ་རྒྱས་ལས་ལཉྪ་དང་ཝ་རྟུ་སོགས་ཀྱི་ཡིག་སྣ་སྦྱངས་བརྩོན་མཛད། དེ་རྗེས་ཁོང་གི་རྩ་བའི་བླ་མ་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་གཙོས་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། ཀུན་མཁྱེན་འཇམ་དབྱངས་བཞད་པ་དཀོན་མཆོག་འཇིགས་མེད་དབང་པོ། སྟག་ཕུའི་ཡོངས་འཛིན་ཆུ་བཟང་ཡེ་ཤེས་རྒྱ་མཚོ་སོགས་མཁས་ཆེན་དུ་མར་ཡོངས་འཛིན་བསྟེན་ནས་མདོ་སྔགས་རིག་གནས་ཀྱི་གཞུང་ལུགས་མང་པོ་གསན་སྦྱོངས་མཐར་ཕྱིན་པ་མཛད་ཅིང་། ཟབ་ཁྲིད་དབང་ལུང་རྗེས་གནས་སོགས་ཀྱང་ཤིན་ཏུ་མང་པོ་ཞུས། རྒྱུད་སྡེ་རྣམས་ཀྱི་དགོངས་དོན་ཟབ་དགུ་རྒྱ་ཆེར་བཀྲོལ་བ་ལ་ཟླ་བྲལ་གྱི་གདེང་ཐོབ། ཁལ་ཁའི་རྗེ་བཙུན་དམ་པ་ལྟ་བུ་བླ་ཆེན་རྣམས་ནས་ཀྱང་གཞུང་དོན་དཀའ་གནད་འདྲི་བའི་སློབ་དཔོན་དུ་བསྟེན། སྐུ་ཚེ་ཕལ་མོ་ཆེ་བཅད་མཚམས་བཞུགས་པ་སོགས་ཉམས་ལེན་བསྙེན་སྒྲུབ་ཁོ་ནར་མཛད། བླ་མ་རྡོ་རྗེ་འཆང་དེས་བློ་གྲོས་ཀྱི་མཁྱེན་གཏེར་ཡངས་པའི་གསུང་རྩོམ་དུ་མ་མཛད་ཡོད་པ་སྟེ།《དབེན་གནས་བོ་ངྷི་དི་བའི་གནས་ཀྱི་ཡོན་ཏན་བརྗོད་པའི་གཏམ་》《དགའ་ལྡན་ཕྱག་རྒྱ་ཆེན་པོའི་མན་ངག་ལས་རྩམ་པའི་དྲིས་ལན་ཟབ་དོན་》《བསྟན་སྲུང་དམ་ཅན་རྒྱ་མཚོའི་འཕྲིན་བཅོལ་གཉེར་གཏན་མངའ་གསོལ་རྟེན་འཛུགས》《རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་》《ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་ཤིན་ཏུ་བསྡུས་པ་》《དཔྱོད་ལྡན་མགུ་བ་བསྐྱེད་པའི་འཕྲིན་ཡིག་གི་རིམ་པ》《དཔལ་ལྡན་ས་སྐྱ་པའི་གསེར་ཆོས་བཅུ་གསུམ་གྱི་བྱིན་རླབས་རྗེས་གནང་གི་རིམ་པའི་ཕྱོགས་བསྒྲིགས་བཀླག་ཆོག་ཏུ་བཀོད་པ་རྒྱུད་ལྡན་དྲང་སྲོང་བླ་མའི་ཞལ་ཆབ་འཁྲུལ་བའི་རྙོག་པ་བྲལ་བའི་གངྒའི་ཆུ་རྒྱུན་》སོགས་དང་། བླ་མའི་རྣལ་འབྱོར། འཁྲུངས་རབས། ཞབས་བརྟན་གསོལ་འདེབས། ཆབ་ཤོག་བསླབ་བྱ་བཅས་ཆོས་ཚན་བརྒྱད་ཅུ་གྱ་བརྒྱད་བྲིས་མ་བཞུགས། མདོར་ན་དམ་པ་དེ་ཉིད་ཀྱི་འགྲོ་ཀུན་བདེ་བ་མཆོག་གི་དབྱིངས་སུ་འདྲེན་པའི་མཛད་པ་འཕྲིན་ལས་ཀྱི་སྙན་པའི་གྲགས་པ་གངས་ཅན་སྟོད་སྨད་ཀུན་ལ་ཁྱབ་ཅིང་། གཞུང་ས་ནས་ཐོབ་ཐང་དང་འགྱོགས་བྱམས་གནང་བ་དང་སྦྲགས་ནགས་ཤོད་སྟག་ཕུའི་གདན་ས། ཕོ་བྲང་དགེ་འཕེལ་བྱང་ཆུབ་གླིང། ཞེས་མཚན་སྙན་གསོལ། ཕོ་བྲང་དེར་ཐུབ་སྐུ་མཐོང་བ་དོན་ལྡན། གསུང་རབ་གླེགས་བམ་བརྒྱ་ཕྲག་མ་ཎི་དུང་འཁོར་སོགས་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་དུ་འཕགས་པ་དུ་མར་བཞེངས་པར་གནང་མཛད། ལྷག་པར་དུ་ཙ་རི་མཁས་འགྲོ་སྙིང་རྫོང་གི་གསང་གསུམ་གྱི་ཡོན་ཏན་གསལ་བར་ཤར་ཞིང་། གནས་ཡིག་རྩ་བ་མེ་ཏོག་ཆུན་པོ་སོགས་གསུངས། སྐུ་ལུས་མ་སྤངས་པར་རི་བོ་གྲུ་འཛིན་དང་། གཡུ་ལོ་བཀོད་པའི་ཞིང་། ཨོ་རྒྱན་གསང་མཛོད་སོགས་ལ་ཕེབས་ཞིང་། གསང་བ་བཅུ་གསུམ་གྱི་གསང་གཏེར་ངོ་མཚར་ཅན་བཞེས་པ་དང་། ཝཱ་རཱ་ཎ་སཱིར་དང་། བྲག་ཕུག་རྔམ་པ་སྒྲ་སྒྲོགས་སུ་ཕེབས་ཞིང་མཁའ་འགྲོ་འབུམ་གྱི་ཚོགས་དཔོན་མཛད་ཅིང་ཉིན་ཞག་གཅིག་ཙམ་ཚོགས་ལ་རོལ་ནས། ཚོགས་རྗས་ཨ་རུ་སོས་མ་སོགས་ཤིང་འབྲས་ངོ་མཚར་ལྡན་པ་བསྣམས་ཏེ་གཟིམ་ཆུང་དུ་ཕེབས་པ། གསོལ་དཔོན་དང་ཞབས་ཞུ་བ་རྣམས་ཀྱི་མིག་མཐོང་ལག་ཟིན་བྱུང་བ་ཡི་རང་ངོ་མཚར་ངོ་མཚར་གྱི་གནས་སུ་གྱུར། གཞན་ཡང་མཚོ་སྔོན་དང་། མེས་རྒྱལ་ནང་ཁུལ་གྱི་ས་གནས་ཁ་ཤས་ལ་སྟག་ཕུའི་གསང་བ་བཅུ་གསུམ་དང་། རྒྱུད་སྡེ་བཞི། རྡོར་ཕྲེང་བརྒྱ་རྩ། སྣར་ཐང་བརྒྱ་རྩ། རྒྱ་ཅན་ཉེར་ལྔ་སོགས་ཆོས་འཁོར་བླ་ན་འཕགས་པ་བསྐོར་ཏེ་བསྟན་འགྲོའི་ཕན་བདེའི་མཛད་འཕྲིན་མཐའ་ཡས་པ་བསྐྱངས། དགུང་ལོ་བཞི་བཅུ་ཞེ་གསུམ་ཕེབས་པ་བོད་མེ་ཡོས་(སྤྱི་ལོ་༡༨༠༧)ལོར་སྐུ་གཤེས་སོ།
མཆན་《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་》ཞེས་པའི་ནང་གར་དབང་དགུང་ལོ་ཉེར་བརྒྱད་ལ་ཕེབས་པ་རབ་བྱུང་གསུམ་པའི་ཆུ་ཁྱི་ལོ་(སྤྱི་ལོ་༡༦༩༢)དགོངས་པ་གཞན་དོན་དུ་གཤེགས། ཞེས་འཁོད་འདུག་པས། དེ་མི་འཐད་ཅིང་གང་ཞེ་ན།《གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་》ནང་། སྟག་ཕུའི་ཡོངས་འཛིན་ཡེ་ཤེས་རྒྱ་མཚོ། ནགས་ཤོད་སྟག་ཕུ་སྤྲུལ་སྐུ་གར་གྱི་དབང་ཕྱུག་གི་ཡོངས་འཛིན་བྱེད་མྱོང་བས་སྟག་ཕུའི་ཡོངས་འཛིན་ཞེས་གྲགས། ཅེས་དང་《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ་》ནང་ཆུ་བཟང་ཡེ་ཤེས་རྒྱ་མཚོ་ནི། རྗེ་འདི་ཤར་ཕྱོགས་ཀོང་ཡུལ་ཡབ་ཚེ་འཕེལ་དང་། ཡུམ་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་བྱ་ལོ་(སྤྱི་ལོ་༡༧༨༩)འཁྲུངས། དགུང་གྲངས་དྲུག་ཅ་ཐམ་པ་ཕེབས་པའི་ལོ་དེར་སྟག་ཕུའི་ཡོངས་འཛིན་མཛད། མཐར་དགུང་ལོ་རེ་བརྒྱད་དུ་ཕེབས་པ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་(སྤྱི་ལོ་༡༨༥༦)ལོར་སྐུ་གཤེགས། ཅེས་འཁོད་འདུག་པས། ཡེ་ཤེས་རྒྱ་མཚོ་དགུང་ལོ་དྲུག་ཅུར་ཕེབས་སྐབས་གར་དབང་དགུང་ལོ་སོ་གཉིས་ཕེབས་འདུག། ཡོངས་འཛིན་སྐུ་གཤེགས་སྐབས་གར་དབང་དགུང་ལོ་བཞི་བཅུར་ཕེབས་འདུག དེ་བཞིན་《གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད》ནས་གར་དབང་ནི། ཁལ་ཁའི་རྗེ་བཙུན་དམ་པ་ལྟ་བུའི་བླ་ཆེན་རྣམས་ནས་ཀྱང་གཞུང་དོན་དཀའ་གནད་འདྲི་བའི་སློབ་དཔོན་དུ་བསྟེན། ཞེས་བྲིས་འདུག 《གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ།》ནང་ཁལ་ཁ་བྲག་རི་དམ་ཚིག་རྡོ་རྗེ་དཔལ་གྱི་ལོ་རྒྱུས་ནས། ཁོང་ནི་རབ་བྱུང་བཅུ་གསུམ་པའི་ལྕགས་གླང་(སྤྱི་ལོ་༡༧༨༡)ལོར་འཁྲུངས། དགུང་ལོ་ཉེར་བཞི་ལ་ཁལ་ཁ་རྗེ་བཙུན་སྐུ་ཕྲེང་བཞི་པ་དང་ལྷན་དུ་དབུས་སུ་ཕེབས། ཞེས་འཁོད་འདུག ཁལ་ཁ་རྗེ་བཙུན་དབུས་སུ་ཕེབས་པའི་ལོ་དེར། གར་དབང་དགུང་ལོ་བཞི་བཅུ་ལ་ཕེབས་པས། གར་དབང་དགུང་ལོ་ཉེར་བརྒྱད་ལ་སྐུ་གཤེགས་པ་ཟེར་བ་དེ་ལོ་རྒྱུས་ཀྱི་དོན་དངོས་དང་ཅུང་མཐུན་པ་མི་འདུག་སྙམ་པས། མཁྱེན་ལྡན་རྣམས་ཀྱིས་དཔྱད་པ་ཞུ།
སྟག་ཕུ་སྐུ་ཕྲེང་དྲུག་པ་ངག་དབང་བློ་བཟང་ཆོས་ཀྱི་འབྱུང་གནས་ནི། 《བོད་དང་བར་ཁམས་རྒྱ་སོག་བཅས་ཀྱི་བླ་སྤྲུལ་རྣམས་ཀྱི་སྐྱེ་ཕྲེང་དེབ་གཞུང་》ནང་། གསེར་བུམ་ནས་ཐོན་པ་འབྲུག་ལོ་པ་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་འབྱུང་གནས། སྟག་ཕུ་རིན་ཆེན་ནོར་བུ་འཁྲུངས། ད་ལྟ་དགུང་ལོ་བདུན། ཞེས་འཁོད་འདུག གོང་གསལ་ལོ་རྒྱུས་ཡིག་ཆ་ཐོ་འགོད་བྱེད་པའི་དུས་ཚོད་རབ་བྱུང་བཅུ་བཞི་པ་ཤིང་ཁྱི་(སྤྱི་ལོ་༡༨༡༩)ལོར་ཡིན་ཞིང་། བླ་སྤྲུལ་ཁག་གི་དགུང་གྲངས་ཡིག་ཆེན་ཐོག་འཁོད་པ་དེ་ནི་ཤིང་ཁྱི་ལོ་དེ་རང་གི་དགུང་གྲངས་ཡིན་པ་དང་། དེ་རྗེས་ཡོས་(སྤྱི་ལོ་༡༨༡༩)དང་། ལྕགས་འབྲུག་(སྤྱི་ལོ་༡༨༣༠)ལོར་བསྐྱར་ཞིབ་བྱེད་སྐབས། ལོ་དེ་གའི་དགུང་གྲངས་གཤམ་དུ་ཨང་འགོད་བྱེད་པ་ཡིན་འདུག་པས། ཡིག་ཆེན་དང་ཨང་བཀོད་ཀྱི་དགུང་གྲངས་བར་ཕལ་ཆེ་བ་ལོ་དྲུག་གི་ཁྱད་པར་བྱུང་བ་ནི། ཤིང་ཁྱི་ལོ་ནས་ལྕགས་འབྲུག་ལོའི་བར་ལོ་དྲུག་གི་ཁྱད་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ། །ཞེས་གསལ་བཤད་གནང་འདུག་པས། ཆོས་ཀྱི་འབྱུང་གནས་ས་འབྲུག(སྤྱི་ལོ་༡༨༠༨)ལོར་སྐུ་བལྟམས་ཤིང་། ཤིང་ཁྱི་ལོ་དགུང་ལོ་བདུན་དང་། ལྕགས་འབྲུག་ལོ་དགུང་ལོ་བཅུ་གསུམ་ལ་ཕེབས་པ་ནི་གསལ་པོ་རྟོགས་ཐུབ།
སྟག་ཕུ་སྐུ་ཕྲེང་བདུན་པ་ཆོས་ཀྱི་རྒྱ་མཚོ་ནི། ཆོས་སྡེ་དགོན་གྱི་སྟག་ཕུའི་འཁྲུངས་རབ་ཉུང་བསྡུས་ཟིན་བྲིས་ཤིག་གི་ནང་སྟག་ཕུ་ཆོས་ཀྱི་འབྱུང་གནས་དང་། ཆོས་ཀྱི་རྒྱ་མཚོ་གཉིས། སྣོད་མ་དང་། དཀར་ལྡན་གཉིས་སུ་འཁྲུངས། གསང་བ་བཅུ་གསུམ་གྱི་ཁ་སྐོང་སོགས། ཆོས་ཚན་མང་པོ་ལྗགས་རྩོམ་གནང་སྟེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཡོད། འོན་ཀྱང་སེམས་ཅན་བསོད་ནམས་དམན་སྟབས་དགུང་ལོ་བཅོ་བརྒྱད་དང་ཉེར་གཉིས་ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་རེད། ཅེས་བྲིས་འདུག《བོད་བྱང་ནགས་ཤོད་འབྲི་རུའི་ལོ་རྒྱུས་》དང་། 《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་》ཞེས་པའི་ནང། སྟག་ཕུ་སྐུ་ཕྲེང་བཞི་པ་ཆོས་ཀྱི་རྒྱ་མཚོ། དཀར་ལྡམ་གཉིས་སུ་འཁྲུངས། ཞེས་དང་། སེམས་ཅན་བསོད་ནམས་དམན་སྟབས་དགུང་ལོ་བཅོ་བརྒྱད། (ཉེར་གཉིས་ཡང་བཞེད་སྲོལ་ཡོད་)ཅེས་འཁོད་འདུག ཡིག་ཆ་དེ་གཉིས་ཀྱི་ཚིག་སྦྱོར་ལ་བལྟས་ན་ཆོས་སྡེ་དགོན་གྱི་སྟག་ཕུའི་འཁྲུངས་རབས་ཉུང་བསྡུས་ཟིན་བྲིས་ལ་གཞི་བཅོལ་བ་འདྲ་ཡང་། སྟག་ཕུ་ཆོས་ཀྱི་འབྱུང་གནས་དང་། དེའི་འཁྲུངས་ཡུལ་སྣོད་མ། ཞེས་པའི་ཡི་གེ་མེད་པར་བྱས་པ་དང་དགུང་གྲངས་བཅོ་བརྒྱད་དང་ཉེར་གཉིས་ཞེས་པ་དེ་བཅོ་བརྒྱད་(ཉེར་གཉིས་ཡང་བཞེད་སྲོལ་ཡོད་)ཅེས་ཚིག་ཁ་གསལ་དུ་བཏང་ནས། བླ་མ་གཅིག་གི་མཚན་དང་འཁྲུངས་ཡུལ། དགུང་གྲངས་མ་བྲིས་པའམ་ཟླ་སྒྲིལ་བཏང་བ་སོགས་གནང་སྟེ། ཆོས་ཀྱི་འབྱུང་གནས་མེད་པར་གྱུར་འདུག འོན་ཀྱང་ཆོས་ཀྱི་འབྱུང་གནས་དང་ཆོས་ཀྱི་རྒྱ་མཚོ་རྣམ་གཉིས། སྟག་ཕུ་སྐུ་ཕྲེང་གོང་འོག་ལྟར་ཕེབས་པ་མ་ཟད། དམང་གཙོ་བཅོས་བསྒྱུར་གོང་ཁོང་རྣམ་གཉིས་ཀྱི་སྐུ་གདུང་སྟག་ཕུ་བླ་བྲང་དགེ་འཕེལ་བྱང་ཆུབ་གླིང་གི་གསེར་གདུང་ཁང་དུ་བཞུགས་ཡོད་པ་ནི་ཚང་མས་མཁྱེན་གསལ་ལྟར་རེད། འདིར་ཞུ་དགོས་པ་ཞིག་ནི་བླ་རབས་འདི་གཉིས་ཀྱི་ལོ་རྒྱུས་མཛད་རྣམ་ཅུང་ཆ་ཚང་བ་ཞིག་ད་བར་མཇལ་རྒྱུ་མ་བྱུང་བས། བླ་མ་འདི་རྣམ་གཉིས་ཀྱི་མཛད་འཕྲིན་གང་ཡོད་རྒྱུས་མངའ་མེད་པ་ཞིག་ཆགས་འདུག་པས། སྟག་ཕུ་བླ་དགོན་གྱི་ཤེས་ལྡན་གསར་བུ་རྣམས་ཀྱིས་ལོ་རྒྱུས་དཔྱད་པ་དང་། བཙལ་འཚོལ་བཅས་ཤིན་ཏུ་གལ་ཆེ་བར་ལགས་སོ།
སྟག་ཕུ་སྐུ་ཕྲེང་བརྒྱད་པ་རྗེ་བཙུན་ངག་དབང་བློ་བཟང་འཇམ་དཔལ་བསྟན་པའི་དངོས་གྲུང་བམ། གཏེར་ཆེན་པདྨ་བཛྲ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ནི། བོད་མེ་བྱི་(སྤྱི་ལོ་༡༨༧༦)ལོར་པད་འབར་རྗོང་སྟག་རྩེ་གྲོང་དུ་སྐུ་བལྟམས། དགུང་གྲངས་ལྔ་ལ་ཕེབས་སྐབས། སྟག་ཕུ་བསྟན་པའི་རྒྱལ་མཚན་དང་སྟག་ཕུ་གར་དབང་སོགས་སྟག་ཕུ་སྐུ་ཕྲེང་རིམ་བྱོན་གྱི་དག་པ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དང་ཐབས་གཅིག་ཏུ་རོལ་བའི་གནས་མཆོག་གང་གི་སྙན་གྲགས་ཀྱི་གཟི་བྱིན་འོག་མིན་མཁའ་ལ་སྤྱོད་པའི་ཞིང་དང་གཉིས་སུ་མེད་པ་ལྟ་བུའི་གདན་ས་བཀའ་གདམས་ཆོས་ཀྱི་ཕོ་བྲང་ངམ། དགེ་འཕེལ་བྱང་ཆུབ་གླིང་དུ་གསེར་ཁྲི་ལ་མངའ་གསོལ། དེ་ནས་བཟུང་ཡོངས་འཛིན་དུ་མའི་དྲུང་དུ། ཡི་གེ་སྦྱོར་ཀློག་དང་བློ་འཛིན་བྱས་ཏེ། མདོ་སྔགས་རིགས་གནས་སྦྱང་བའི་གཞི་ལེགས་པར་བཙུགས། དགུང་ལོ་བཅུ་གསུམ་སྐབས་དབུས་སུ་ཕེབས་ཏེ་གདན་ས་དཔལ་ལྡན་འབྲས་སྤུངས་སུ་ཆོས་བཞུགས་གནང་ནས། དགེ་བའི་བཤེས་གཉེན་དུ་མར་ཡོངས་འཛེན་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་གསན་སྦྱོངས་དང་བཅུ་ཕྲག་རིག་པའི་གནས་ལ་སྦྱངས་པ་ལྷོད་མེད་གནང་སྟེ། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ་སོགས་གང་ལ་ཐོགས་མེད་མཁྱེན་ཅིང་། མདོ་སྔགས་བཤད་སྒྲུབ་གཉིས་ལྡན་གྱི་བདག་པོར་གྱུར། དགུང་ལོ་བཅུ་དགུའི་ལོར་གདན་སར་ཕྱིར་ཕེབས་མཛད་དེ། གདུལ་བྱ་མང་པོ་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནང་། ལྷག་པར་དུ་ལྷ་དང་བླ་མ་རྣམས་ཀྱིས་བསྟན་འགྲོའི་ཆེད་དུ། བཀས་བབ་གཏེར་གྱི་འགྲོ་དོན་སྐྱོང་དགོས་པའི་ལུང་བབས་བཞིན་དགུང་ལོ་ཉེར་ལྔའི་དུས་སུ། འཁྲུངས་ཡུལ་དུ་ཕེབས་སྐབས། གླང་ཆེན་རིའམ་མཧཱ་གརྫ་རུ་སྒྲུབ་པ་མཛད་པའི་ཚེ་གུ་རུ་དྲག་པོའི་ཞལ་གཟིགས་ཐོབ། ཐུགས་གཏེར་བཞེས། དེ་ནས་བཟུང་གཏེར་གཉིས་བདག་པོར་གནང་ནས ཡང་གཏེར། གནམ་གཏེར། དགོངས་གཏེར། ཟབ་གཏེར་སོགས་བཞེས། གཏེར་གསར་ལྷ་ངོ་སུམ་ཅུ་ཙམ་གཏན་ལ་ཕབས་ཏེ། སྟག་ཕུའི་གཏེར་གསར་གྱི་གསང་ཐང་སུམ་ཅུའི་སྐོར་བཞེངས། གསང་རྣམ་པོད་གཅིག་གཏེར་གསར་སྒྲུབ་ཐབས་ཆོ་ག་ཕྱག་ལེན་དང་བཅས་པ་མཛད། དགུང་ལོ་སུམ་ཅུ་པར་བོད་ཡུལ་གྱི་གནས་ཆེན་ཁག་ལ་གནས་མཇལ་ཕེབས་ཏེ། གྲུབ་མཐའ་རིས་མིན་ཀྱི་སྤྲུལ་སྐུ་དང་སེར་སྐྱ་ཕོ་མོ་རྣམས་ཀྱི་དད་འདོད་ལྟར། གཙུག་ལག་ཁང་། ཤིང་ར། རྡོ་རིང་། ཀེའུ་ཚང་བྲག་ཕུག་སོགས་གནས་ས་ཁག་ལ་གཏེར་གྱི་ཟབ་ཆོས་ཁྱབ་བརྡལ་གནང་བ་མ་ཟད་ས་དགེ་རྙིང་གསུམ། བཀའ་བརྒྱུད་སོགས་གྲུབ་མཐའ་རིས་མེད་ལ་གཏེར་གྱི་ཡང་ཟབ་ཕྱེ་ནས་བསྟན་འགྲོའི་དོན་བླ་མེད་སྐྱོང་བས་མདོ་དབུས་སྟོད་སྨད་ཆོས་དད་མང་ཚོགས་རྣམས་ཀྱི་གཙུག་ནོར་དུ་གྱུར། དགུང་ལོ་སོ་གསུམ་སྐབས་བཀའ་གདམས་ཆོས་ཀྱི་ཕོ་བྲང་དུ་ཕྱག་ཕེབས། བློ་བཟང་ཐུབ་དབང་རྡོ་རྗེ་འཆང་དང་མི་གཉིས་པའི་དྲུང་དུ་ལམ་རིམ་མྱོང་ཁྲིད་ཞུས་སྐབས། ཇོ་བོ་ཆེན་པོའི་རྣམ་ཐར་རྒྱས་པར་བཀའ་སྩལ་བའི་རྐྱེན་བྱས། ཨུ་པཱ་སི་ཀའི་དུས་ཀྱི་རྗེས་དྲན་ཅུང་ཟད་རྙེད་དེ་སྐྱོ་ཤས་དྲག་པོས་ཡིད་གདུང་བས་དབང་མེད་དུ་མཆི་མ་དཀུ་བཞིན་ད་ལྟ་རང་མཇལ་ན་སྙམ་པའི་གསོལ་བ་དྲག་ཏུ་བཏབ་པའི་མོད། ཐོ་བོ་རྗེ་ཆེན་པོ་རྒྱ་གར་པཎ་ཆེན་གྱི་ཆ་བྱད་ཅན་མཐོང་བ་ཙམ་གྱི་ཡིད་འཕྲོག་པ་ཞིག་བྱོན་ནས། ང་ཡི་སྐྱེས་བུ་གསུམ་གྱི་ཆོས་ལུགས་འདི་ཤིན་ཏུ་རྩ་ཆེ། ལོ་ཙཱ་བ་ཆེན་པོས་འཆད་པ་དེ་དོན་དྲིལ། གོ་བདེ། སེམས་ལ་ཕན་པ་ཡོད་པས་མ་གཡེངས་པར་རྩེ་གཅིག་ཏུ་བསྒྲིམས་ཏེ་མཉན་ཞིང་སེམས་ལ་གཅགས་པར་གྱིས་ལ་ཐུན་བཞིར་ཉམས་ལེན་སྐྱོངས། དྲོད་རྙེད་པར་གྱུར་གྱི་ཞེས་གསུང་པ་སོགས་སྟག་ཕུ་རྡོ་རྗེ་འཆང་གི་ཕྱག་བྲིས་ངོ་མ་བཀོད་པ་གསང་རྣམ་ནས་མཇལ་རྒྱུས་ཡོད། དགུང་ལོ་སོ་དགུ་པར་སླར་ཡང་དབུས་རི་ལ་བསྐོར་བ་ཕེབས་ནས། མྱང་ཕུག་གུ་རུའི་སྒྲུབ་ཕུག་ལ་བཅན་རྒྱར་བཞུགས་སྐབས་ཚེས་ཉེར་ལྔའི་ཉིན་མཁའ་འགྲོའི་བརྡ་ཡིག་ཆར་ལན་གསུམ་བབས་ཏེ། གུ་རུ་ཡར་ཡུམ་དང་མཇལ། རྗེ་འབངས་ཉེར་ལྔའི་ཞལ་གཟིགས་བྱུང་ཞེས། ལོ་རྒྱུས་འགའ་ཞིག་ནང་འཁོད་ཡོད། སྟག་ཕུ་རྡོ་རྗེ་འཆང་དང་སྐྱབས་རྗེ་ཕ་བོང་ཁ་རྣམ་གཉིས་བཀར་གདམས་སྐུ་མཆེད་རྣམ་གསུམ་གྱི་རྣམ་ཐར་ལྟར། འཁྲུངས་རབས་དུ་མར། ཡབ་སྲས་སུ་དགེ་བའི་ལས་ཀྱི་འབྲེལ་ཞིང་ཕན་ཚུན་ཐུགས་གཅུག་པར་བརྟེན་སྔར་ནས་ཐུགས་འབྲེལ་ཆེ་ཞིང་། དེང་སྐབས་ཀྱང་ཡི་དམ་ལྷས་སྔར་བསྐུལ་གསང་ལུང་བཞིན། སྟག་ཕུ་རྡོ་རྗེ་འཆང་ཆེད་ཕེབས་ཀྱི་སྐྱབས་རྗེ་ཕ་བོང་ཁ་དང་མཇལ་འཕྲད་ཐོག ཆུ་བཟང་ཡང་དབེན་རྟག་བརྟན་ཨེ་གསང་ཕུག་ཅེས་པ་ཞིག་ཡོད་འདུག་པ་དེ་ཧེ་རུ་ཀཿཡབ་ཡུམ་གྱི་གནས་རི་ཁྱད་པར་ཅན་ཡིན་པས། དེར་གཟིམ་ཕུག་བཏབ་སྟེ་སྒྲུབ་པ་ཉམས་བཞེས་མཛད་ན་སྔོན་གྱི་ཐུགས་དམ་ལ་གསོས་ཐེབས་ཏེ་ཉམས་རྟོགས་ཁྱད་པར་ཅན་ལ་བོགས་མྱུར་དུ་ཐོན་པར་འགྱུར་བ་དང་། སྐུ་ཚེ་མཛད་འཕྲིན་རྒྱས་པའི་རྟེན་འབྲེལ་གྱི་གནད་ཟབ་མོ་ཡོད་བཅས་ལུང་སྟོན་པར་མཛད་ཅིང་ཐུགས་སྲས་སློབ་བུ་དུ་མས་རྗེ་བླ་མ་ཉེད་ཀྱི་སྐུ་ཕྲེང་སྔ་མའི་འཁྲུངས་རབས་ཀྱི་རིམ་པ་ཇི་ལྟར་བྱོན་པ་དང་། སྐུ་ཚེའི་ཚད། སྐུ་ཚེ་འདིའི་དགུང་སྐེག་དང་བར་གཅོད་རྐྱེན་འཕྲང་ཇི་ལྟར་ཡོད་མེད་སོགས། སྟག་ཕུ་རིན་པོ་ཆེར་ཞུ་གནང་མཛད་དགོས་པའི་གསོལ་བ་ལན་བརྒྱར་བཏབ་པ་དང་། སྔོན་དུས་རྣམས་ནས་རྒྱལ་བའི་གསུང་རབ་ཀུན་གྱི་ཡང་སྙིང་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་སྤྱི་དང་། བྱང་ཆུབ་སེམས་སྦྱོང་གི་མན་ངག་ཡོངས་སུ་རྫོགས་པ། འཇམ་མགོན་རྒྱལ་བ་གཉིས་པའི་དགོངས་པ་ཕྱིན་ཅི་མ་ལོག་པ་ཞིག་གསན་པའི་ཡུལ་གང་ཡོད་ན་སྙམ་དུ་དགོངས་ཏེ་དབུས་གཙང་མདོ་ཁམས་དང་བཅས་པའི་དོན་གཉེར་ཅན་དུ་མར་འདྲི་རྩད་ཞིབ་ཏུ་གནང་བར། ནམ་ཞིག་ན་ཤར་ཕྱོགས་དྭགས་པོའི་ཡུལ་དུ་དྭགས་པོ་སྐྱབས་མཆོག་བླ་མ་རིན་པོ་ཆེ་འགྲན་གྱི་དོ་མེད་ཅིག་ཏུ་ཡིན་པར་གསན་ཏེ། སྟག་ཕུ་རྡོ་རྗེ་འཆང་ཆེན་པོར། དྭགས་པོ་བླ་མའི་དྲུང་དུ་དུས་སྔ་ཕྱི་དང་ཡུན་རིང་ཐུང་སོགས་ཇི་ཙམ་བཅར་དགོས་པ་རྣམས་ཆབས་ཅིག་ཏུ་གསོལ་འདེབས་ཞུ་གནང་མཛད་དགོས་ཚུལ་གསུངས་པར། རིང་མིན་ཞིག་ཏུ་ཁྱབ་བདག་སྟག་ཕུ་བ་ཆེན་པོས་ཆུ་བཟང་དུ་རྗེ་བླ་མ་མཆོག་ལ་ཞབས་པད་བསྐལ་བརྒྱར་བརྟན་པར་གསོལ་བའི་ཆོ་ག་རྒྱས་པར་མཛད་སྐབས། སྟག་ཕུ་རིན་པོ་ཆེའི་གཟིགས་སྣང་དུ། ལྷ་མོ་མཁར་གྱི་ཨེ་གསང་ཕུག་ཏུ་སླེབས་པའི་ཉམས་ཀྱི་ཕུག་དེར་གཙོ་མཆོག་ཧེ་རུ་ཀཿ གཡས་གཡོན་དུ་འཕགས་བོད་པཎ་གྲུབ་རྣལ་འབྱོར་མ་རྣམས་དངོས་སུ་མཇལ་བ་དང་། ཧེ་རུ་ཀཿ གནས་འགྱུར་དགེ་སློང་དྲི་མ་མེད་པའི་རྣམ་པས་ཕྱག་སྤྱི་བོར་བཞག་སྟེ། གོང་གསལ་གྱི་གསོལ་འདེབས་ཞུ་གནང་མཛད་པའི་བཀའ་ལུང་གསལ་པོར་གནང་བ་སོགས་ངོ་མཚར་རྨད་དུ་བྱུང་བའི་དག་པའི་གཟིགས་སྣང་《གསང་ལུང་ཁ་ཊྭཱི་རྒྱ་ཅན་》ཞེས་བྱ་བ། སྟག་ཕུ་རྡོ་རྗེ་འཆང་ཆེན་པོས་ཕྱག་བསྟར་མས་བྲིས་སུ་བཏབ་སྟེ་སྐྱབས་རྗེ་ཉིད་ལ་ཕུལ་འདུག ཡང་སྐབས་ཤིག་སྟག་ཕུའི་གསང་ལུང་ལྟར་གྱི་སྒྲུབ་གནས་གསར་སྐྲུན་གནང་རྒྱུའི་ས་གནས་འཚོལ་གནང་མཛད་པར་སྟག་ཕུ་རྡོ་རྗེ་འཆང་དང་། རྗེ་བླ་མ་མཆོག་སེར་སྨད་གཞུང་པ་ཆུ་བཟང་དགེ་སློང་ཡེ་ཤེས་སྦྱིན་པ། གསང་ཡུམ་རིན་པོ་ཆེ་སོགས། སྟོན་འཁོར་རྣམས་སྤྲོ་སང་དུ་ཕེབས་ཟོལ་གྱིས་དབུ་གདུགས་རིར་ཕེབས་ཏེ། བླ་མ་ཡི་དམ་སྲུང་མ། གནས་གཞིའི་བདག་པོ་བཅས་ལ་གསོལ་འདེབས། འཕྲིན་སྐྱེམས། བསངས་མཆོད། སྐུ་ཀླུང་དང་ལྕོགས་སོགས་སྒྲོན་འབུལ་མཛད་ནས། མཁའ་འགྲོའི་ཚོགས་གཞོང་སོགས་རི་བྲག་གཡས་གཡོན་རྣམས་སུ་སྐོར་གཡེང་གནང་བར་སྐབས་ཤིག་ནས་བྱ་རོག་གནག་ལ་སྣུམ་འོད་ཆགས་པ་ཞིག་གཤོག་འགྱུར་སྣ་ཚོགས་དང་བཅས་ཏེ། བླ་མ་ཡབ་སྲས་སོགས་བཞུགས་པའི་སྐུ་འཁྲིས་སུ་བབས་ཏེ་སྐད་སྒྲོག་ཅིང་སྙན་པ་མང་དུ་སྒྲོག་ནས་དབུ་གདུགས་རིའི་ཤམ་བུ་འོག་མའི་ཐད་ཀྱི་ཕར་རིའི་བྲག་ཁུང་། ད་ལྟའི་རྟག་བརྟན་གྱི་སྒྲུབ་ཕུག་ཡོད་པ་དེར་བབས་ཤིང་། དེ་ནས་སླར་ཡང་སྐད་སྒྲོག་བཞིན་མྱུར་བར་འཕུར་ཏེ་བླ་མ་ཡབ་སྲས་སོགས་ཀྱི་ཉེ་གཞོགས་སུ་བབས་ནས་སྐད་སྒྲོག་ཅིང་སླར་ཡང་ད་གིན་ཕྱོགས་སུ་འགྲོ་བ་སོགས་སྔར་གྱི་རྣམ་འགྱུར་ཇི་མ་ཇི་བཞིན་དུ་ལན་ཁ་ཡར་གྱིས་སྒྲུབ་གནས་དེའི་ས་གནས་འདིར་ཡོད་བྱ་བའི་བརྡ་སྟོན་གྱི་ཚུལ་ཤིན་ཏུ་གསལ་པོ་བྱུང་བར་བརྟེན། རྡོ་རྗེ་འཆང་རྣམ་གཉིས་ནས་དཔལ་འཁོར་ལོ་སྡོམ་པའི་བཀའ་སྲུང་བྱ་རོག་གི་རྣམ་པས། གསང་བའི་སྒྲུབ་ཕུག་བསྟན་པར་མཁྱེན་ནོ། །དེ་འཕྲལ་ནས་བྲག་ཕུག་དེའི་ཕྱོགས་སུ་འབྱོན་པར། གནས་དེར་ཕེབས་པ་ཙམ་གྱི་ཐུགས་སྣང་འགྱུར་ནུས་པས། ས་གཞི་བྱིན་ཆེ་ལ་བག་དྲོ་བ། ས་དཔྱད་ཕུན་སུམ་ཚོགས་ཤིང་། གཡས་གཡོན་གྱི་རི་བྲག་སོགས་ཀྱང་རྣལ་འབྱོར་སྒྲུབ་ལ་བསྐུལ་བའི་ཉམས་དུ་མས་བརྗིད་ལ་རྒྱལ་བའི་སྔགས་པའི་དབེན་པའི་གནས་ཀྱི་ཡོན་ཏན་མང་པོ་དང་ལྡན་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་ཏུ་ཡོད་པར་གཟིགས་ཤིང་། སྟག་ཕུ་རྡོ་རྗེ་འཆང་ཆེན་པོ་ནི་ངོ་མཚར་བའི་དག་པའི་གཟིགས་སྣང་འབྱམས་ཀླས་པ་མང་པོ་བྱུང་གནང་། དེ་ལྟ་བུའི་གནས་དེར་བླ་མ་ཡབ་སྲས་གཉིས་ཀས་ཐུགས་དམ་བདེན་སྟོབས་ཀྱི་རིམ་པ་དང་ས་གཞི་བྱིན་གྱི་བརླབས་པའི་རྣམ་འབྱོར་ཟབ་མོའི་རིམ་པ་སྒོ་སྣ་ཚོགས་ནས་གནད་དུ་སྨིན་པར་བསྐྱངས་ཤིང་། རྟེན་འབྱུང་ཤིས་པར་བརྗོད་པའི་བདེན་ཚིགས་གི་མེ་ཏོག་འབུམ་ཕྲག་ཆར་དུ་བསྙིལ་བར་མཛད་དེ་སླར་ཡང་ཆུ་བཟང་རི་ཁྲོད་དུ་ཕྱིར་ཕེབས། དེ་ནས་སྟག་ཕུ་རྡོ་རྗེ་འཆང་ཆེན་པོར་རྗེ་བླ་མ་ཉིད་ནས་ཞུ་གནང་མཛད་དེ་སྟག་ཕུའི་དག་སྣང་གསང་བ་བཅུ་གསུམ་དབང་ཆོག་བཀའ་རྩོམ་གསར་བྲིས་མའི་ཐོག་ནས་ཞུ་མི་རྗེ་བླ་མ་ཉིད་ཀྱི་དབུས། བླ་སྤྲུལ་བཅོ་ལྔ་སོགས་ལ་གསང་ཆོས་བཅུ་གསུམ་གྱི་རྗེས་གནང་ཉིན་བདུན་བརྒྱད་ཙམ་གྱི་རིང་གནང་། ཡང་རིང་མིན་ཞིག་ཏུ་སྟག་ཕུ་རིན་པོ་ཆེས། སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོའི་སྐུ་གེགས་སེལ་ཕྱིར་ཆེད་བྱོན་བཞིན་ལྷ་སར་ཕེབས་ཐོག་ཐུགས་རིང་བའི་ཚུལ་གྱི་ཆུ་བཟང་རི་ཁྲོད་དུ་བརྟན་བཞུགས་འབུལ་གནང་གི་ཚེ་ཁྲིད་བརྒྱུད་པའི་བླ་མ་སྤྱན་འདྲེན་སྐབས། གྲུབ་ཆེན་མི་ཏྲ་ཛོ་ཀི་ནུབ་ཕྱོགས་ཀྱི་བར་སྣང་ནས་དངོས་སུ་བྱོན་ནས་བྱིན་གྱི་བརླབས་པའི་ཉམས་སྣང་དང་། དར་ཐག་གཅོད་དུས་ཕྱོགས་གཞན་གསུམ་གྱི་དར་ཐག་བསྡུས་སོང་ཡང་། ནུབ་ཕྱོགས་ཀྱི་དར་ཐག་བསྡུ་མ་འདོད་པ་ན་དཔལ་རྟ་མགྲིན་གྱི་བསྐྱེད་རིམ་གསལ་བཏབ་པས། ལྷ་སྐུ་དྲག་པོ་སྲིད་པའི་གཏོས་དང་མཉམ་པ་ཞིག་ཏུ་ངང་གི་གྱུར་ནས་པད་དབྱུག་ཕྱར་བས། འཇིག་རྟེན་ལས་འདས་པའི་དཔའ་བོ་ཌ་ཀི་རྣམས་སྐྲག་སྟེ། མིང་པོ་འཇིག་རེ་ཆེ་ཞེས་འུར་དིང་གིས་འཕུར་ནས་སོང་། འཇིག་རྟེན་པའི་ཤ་ཟ་མཁའ་འགྲོ་མགོ་བརྙན་སྣ་ཚོགས་པ་མང་པོ་ཞིག་ད་དུང་འགྲོར་མ་ཉན་པར་འཕྲན་ཅིང་སྡོད་པ་ལ། པད་དབྱུག་བརྡེགས་པས། ལ་ལ་དུམ་བུར་བཏུབས། ལ་ལར་ཕྱེད་ཚལ་དུ་བཤགས་ཏེ་ཚར་བཅད། ལྷག་མ་རྣམས་རྒྱ་མཚོའི་ཕ་རོལ་དུ་བསྐྲད་དེ་སྐུ་ཚེའི་འགལ་རྐྱེན་གྱི་གཡུལ་ངོ་མཐའ་དག་ལས་རྒྱལ་བར་མཛད་པས། དེ་ནས་རིང་པོར་མ་ཐོག་བར་སྙུན་གཞི་ལས་དྭངས་ཞེས་འཁོད། ཡང་ཉིན་གཅིག་རྡོ་རྗེ་འཆང་རྣམ་གཉིས་ལྷན་ཅིག་རྟག་བརྟན་ཨེ་གསང་ཕུག་ཏུ་ཕེབས་སྐབས། དཔའ་བོ་མཁའ་འགྲོ་མཐའ་ཡས་པ་ཞིག་གིས་བདེ་བ་ཆེན་པོའི་རོལ་རྩེད་སྣ་ཚོགས་པས་བསྔུན་བསུས་ཤིང་གཟིམ་ཕུག་གི་སྟེང་ནས་དཔལ་འཁོར་ལོ་སྡོམས་པ་ཡེ་ཤེས་ཀྱི་སྐུ་དངོས་ཀྱི་གཟིགས་པ་མཇལ།དེ་ནས་རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གང་གིས། སྟག་ཕུ་རིན་པོ་ཆེ་ལ་བརྟན་བཞུགས་ཤིག་འབུལ་གནང་མཛད་པར། དེའི་ཚེ་གཟིམ་ཕུག་དེ་ཡང་། ད་ལྟའི་གུ་དོག་གི་རྣམ་པ་དེ་འདྲ་མིན་པར་ཡངས་ཤིང་རྒྱ་ཆེ་ལ་གྲུ་བཞི་རྟ་བབས་དང་བཅས་པ་གཞལ་ཡས་ཁང་གི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཞིག་ཏུ་གནས་འགྱུར་ཞིང་། ཚོགས་ཀྱི་འཁོར་ལོ་ཡོ་བྱད་དང་བརྡ་དང་བརྡ་ལན་དྲི་འཇལ། གླུ་གར་དང་རོལ་མོ་འབུད་བརྡུང་རྣམས་ཀྱང་དཔའ་བོ་དང་ཌ་ཀི་མ་རྣམས་ཀྱིས་མཛད། དེའི་ཚེ་སྟག་ཕུ་རྡོ་རྗེ་འཆང་རིན་པོ་ཆེས་བླ་མ་རྡོ་རྗེའི་འཆང་འདི་ཉིད་ཀྱི་སྐུ་ལུས་ཀྱི་ནང་ན་གནས་པའི་རྩ་དབུ་རྐྱང་རོ་གསུམ་གནས་ཡུལ་གྱི་རྩ་ཁམས་ཐིག་ལེའི་བཞུགས་ཚུལ་རྣམས་གསལ་བར་གཟིགས་པ་དང་ཆབས་ཅིག་སྟག་ཕུ་རང་གི་སྐུ་ལུས་རྫ་མ་ཉིད་ནང་དབུ་མར་ཐིམ་པའི་ཉམས་དང་། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་མནན་པས་མི་ནོན་པ་ལྟ་བུ་འཁྲུངས་ཤིང་། དེའི་ཚེ་མཆོད་ཡུལ་གྱི་ཚོགས་ཞིང་ཡང་བེམ་སྐུ་བྲིས་འབུར་གྱི་རྣམ་པ་ཅན་མ་ཡིན་པར། ཡེ་ཤེས་ཀྱི་ལྷ་ཚོགས་དངོས་སུ་གནས་པར་གསལ་བའི་གསེབ་ནས། རྒྱལ་བ་འབྲོམ་སྟོན་པ་མདུན་གྱི་ཐད་ཀར་ཡེར་གྱི་བྱོན་ཏེ་བུ་པདྨ་བཛྲ་ཁྱེད་ཀྱི་རྒྱུད་ལ་ད་ལྟ་བདེ་བ་ཆེན་པོའི་ཉམས་མྱོང་ཁྱད་པར་ཅན་སྐྱེས་པ་འདིས་མཚོན་དུས་གསུམ་གྱི་ལེགས་ཚོགས་ཐམས་ཅད་བླ་མ་དགེ་བའི་བཤེས་གཉེན་འདི་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བས། དུས་རྟག་ཏུ་བཀུར་སྟི་དང་དྲིན་བཟོའི་མཆོད་པས་མཉེས་པར་བྱེད་པ་གལ་ཆེ་ཞེས་དང་སྤྱི་སྒོས་ལ་བདེ་དོག་ཇི་འདྲ་ཡོང་བའི་འབྱུང་གྱུར་གྱི་ལུང་བསྟན་ཚིགས་སུ་བཅད་པ་འགའ་ཞིག་ཀྱང་བསྩལ་ཏོ། ཞེས་རྗེ་སྟག་ཕུ་བ་ཆེན་པོ་ཉིད་ཀྱི་ཕྱག་བསྟན་མའི་བསྙེལ་བྱང་ཟིན་བྲིས་ལས་བྱུང་ཞེས་པ་སོགས་བདེ་བ་མཆོག་གི་རྣམ་རོལ་དག་པའི་གཟིགས་མོར་ཤར་བའི་གསང་གསུམ་གྱི་མཛད་འཕྲིན་ངོ་མཚར་རྨད་དུ་བྱུང་བ་འདི་རྣམས་《སྐྱབས་གཅིག་ཕ་བོང་ཁ་བདེ་ཆེན་སྙིང་པོའི་རྣམ་ཐར་ཚངས་པའི་དབྱངས་སྙན་》ནས་མཇལ་རྒྱུ་ཡོད།
དམ་པ་དེ་ཉིད་དགུང་ལོ་ཞེ་དྲུག་ཕེབས་སྐབས། གོང་ས་བཅུ་གསུམ་པ་མཆོག་གིས། མཚན་བཟང་གསེར་གྱི་བཀའ་ལུང་སྤྱིར་བོར་ཕེབས་ཏེ་བཀའ་བབ་དུས་སུ་སྨིན་པ་བསམ་ཡས་གཉིས་པ་གསང་སྔགས་དཔལ་གྱི་སྒྲིབ་སྡེ་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་ཕྱག་བཏབ། དུས་མཚུངས་《ཁྱབ་བདག་སྟག་ཕུའི་ཨར་གཞས》ལེའུ་སུམ་ཅུ་ལྷག་ཙམ་ལྗགས་རྩོམ་གནང་བ་དང་། གར་དང་རས་པ་ལ་སོགས་རིག་རྩལ་གསར་སྤེལ་གནང་ནས། ཆོས་དང་འཇིག་རྟེན་འདི་དང་ཕྱི་མ། འདས་དང་མ་འོངས་སོགས་བརྗོད་བྱའི་དོན་ཕུན་སུམ་ཚོགས་ལ་བརྗོད་བྱེད་ཚིག་གི་སྦྱོར་བ་ཁྱད་དུ་འཕགས་པ། སྙན་པའི་དབྱངས་མཛེས་པའི་ཞབས་བྲོ་སོགས་མི་རྣམས་ཡིད་དབང་འཕྲོག་ཅིང་སྒྱིད་ལུག་དང་ངལ་དུབ་ལས་སད་དེ་ལས་ལ་བརྩོན་པ་མ་ཟད། རྒྱུན་དུ་མི་རྣམས་ཀྱི་འཚོ་བ་དང་ཀུན་སྤྱོད་ཐོག་སྤང་བླང་ཀྱི་གཞི་འཛིན་ས་ཞིག་རྩིས་ཏེ་སྤྱི་བོར་བཀུར། ཁོང་གིས་དགེ་འཕེལ་བྱང་ཆུབ་གླིང་དུ་སྒྲུབ་པ་མཛད་པའི་ཚེ། ཙ་རི་མཁའ་འགྲོ་སྙིང་རྫོང་གི་གསང་གསུམ་གྱི་ཡོན་ཏན་ལྷུན་གྱི་གྲུབ་པའི་གཟིགས་མོར་ཤར་ནས་གནས་སྒོ་དབྱེ་ཞིང་བྱིན་བརླབས་མཛད། དེ་ནས་བཟུང་ད་བར་སྐྱེ་བོ་སེར་སྐྱ་ཀུན་གྱི་འདི་ཕྱིའི་བསོད་ནམས་གསོག་པའི་ཞིང་ས་ཁྱད་པར་ཅན་ཞིག་རྩིས་ཏེ་ཆོས་དད་མང་ཚོགས་ཚོས་ཟམ་མ་ཆད་པ་ཕྱག་སྐོར་དང་གསོལ་འདེབས་བྱེད་ཀྱི་ཡོད་པ་རེད། དམ་པ་དེ་ཉིད་སྐབས་ཤིག་རིང་། གོང་ས་བཅུ་གསུམ་པ་མཆོག་གི་བོད་ཡོངས་ལ་གཏེར་མིན་གཏེར་རྫུ་ཡི་སེལ་ཞུགས་གླེང་ཕྱོགས་སེལ་བའི་ཆེད་དུ་བཀའ་བཀྱོན་གྱི་སྐབས་དང་བསྟུན་ནས་བོད་གཞུང་གི་བཙོན་བཅུག་བྱས་ཏེ་མེར་བསྲེགས་གཏོང་གྲབས་བྱེད་སྐབས། རྫུ་འཕྲུལ་ངང་ཡེ་ཤེས་ཀྱི་མེ་འབར་ཞིང་། གཞན་གྱི་མེ་སྤར་བའི་བརླག་མ་རྙེད་པར་བཙོན་ཁང་སྒོ་ལྕགས་རྣམས་རྫུ་འཕྲུལ་གྱི་བཀོད་པ་སོ་སོར་འཐོར་སྐབས་བཙོན་སྲུང་དམག་མི་རྣམས་དད་པ་དབང་མེད་དུ་སྐྱེས་ནས་མཚོན་ཆ་རང་སར་བཞག་སྟེ་གུས་པའི་ཕྱག་མཚལ་ནས་འགྱོད་བཤགས་ཕུལ། འགའ་ཞིག་དེ་རང་དུ་སྡོམ་པ་ཞུས་ནས་གྲྭ་པ་སྒྲུབ་པ་སོགས་བཤད་རྒྱུན་ཡོད།
དེ་རྗེས་བོད་གཞུང་གི་སྐུ་དྲག་འགའ་ཞིག་གིས་གསོལ་སྟོན་གདན་ཞུས་ཚུལ་གྱིས་དུག་ཕྲལ་ཏེ་བཀྲོང་རྩིས་བྱས་སྐབས། དུག་བླུགས་པའི་དཀར་ཡོལ་ཕྱག་གིས་ཁ་སྡམ་སྟེ་ཨམ་ཕྲག་དུ་བཅུག་གནང་ནས། འདི་ནི་ངས་རྙེད་པར་དཀའ་བའི་སྨན་ཡིན་ཞེས་གསུངས་ནས་ཕྱིར་ཕེབས། ཕ་ཡུལ་དུ་ཕེབས་རྗེས་སུ་དུག་དེ་དུག་ནད་གསོ་བའི་སྨན་དུ་བསྒྱུར་ཏེ། དགུ་ཕོག་པ་ནད་པ་བཅུ་དྲུག་ལ་སྲོག་སྐྱོབ་གནང་བའི་གནས་ཚུལ་རྒན་རབས་རྣམས་ཀྱི་དངོས་སུ་མཐོང་ཚུལ་བཤད་རྒྱུ་ཡོད།
གང་དེའི་མཛད་པ་དེ་དག་བཅུ་གསུམ་པ་ཆེན་པོས་མཁྱེན་རྗེས། གོང་ས་མཆོག་གི་སྐུ་གེགས་སེལ་ཕྱིར། སྟག་ཕུ་གཏེར་ཆེན་མཆོག་ལ་ཚེ་སྒྲུབ་མཛད་དགོས་པའི་བཀའ་ཕེབས་པ་ལྟར། ཚེ་སྒྲུབ་མཛད་སྐབས་ཚེ་རིལ་མང་པོ་འཕེལ་ཞིང་། ཚེ་མདའ་ཡང་མཐོ་གང་ཙམ་རིང་དུ་སོང་། མཐར་ཚེ་འདའ་དེ་ཚེ་མདུད་གནང་ཏེ། སྐྱབས་མགོན་མཆོག་ལ་ཕུལ་བས་སྐྱབས་མགོན་མཆོག་ལ་ཕུལ་བས་སྐྱབས་མགོན་མཆོག་ཐུགས་དགྱེས་ཚོར་ཆེན་པོས་གཏེར་ཆེན་མཆོག་ལ་མཚན་སྙན་དང་གོ་གནས་བསྩལ་བ་མ་ཟད། ཐུབ་བསྟན་རྒྱ་མཚོ་མཆོག་གི་ཐུགས་ཡིད་ཆེས་པའི་བླ་ཆེན་དུ་གྱུར། ཚེ་མདུད་གནང་བའི་ཚེ་མདའ་དེ་ད་ལྟ་ཐུབ་བསྟན་རྒྱ་མཚོའི་གསེར་གདུང་གི་ནང་རྟེན་གཙོ་བོའི་གྲས་སུ་བཞུགས་ཡོད་བཅས་བཤད་སྲོལ་ཡོད། གང་དེའི་གསང་རྣམ་ལས། དྲུག་ཅུའི་ཁང་རྒན་མེ་ལ་བསྲེགས། ། ཉི་ཟླ་གཉིས་ཀྱང་དགུང་ལ་ཡལ། །ཞེས་གསུངས་པ་བཞིན། བོད་ཤིང་ཕག་(སྤྱི་ལོ་༡༩༣༥)ལོར་བོད་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་སྟག་ཕུ་རྡོ་རྗེ་འཆང་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་དང་། ཚེས་ཉེར་བཞི་ཉིན་གསང་ཡུམ་ཞི་བར་གཤེགས་སོ།
ཁོང་གི་གསུང་རྩོམ་ད་དུང་།《གར་གྱི་དབང་ཕྱུག་པའི་འཁྲུལ་འབྱམས་གསང་བའི་ལོ་རྒྱུས་རྒྱ་ཅན་སྐོར་》དང་《དཔལ་སྟག་ཕུའི་གསང་ཆོས་རྒྱ་ཅན་བཅུ་གསུམ་གྱི་སྨིན་བྱེད་དབང་ཆོག་ཆུ་འབབས་སུ་བཀོད་པ་དོན་གཉིས་འབྲས་བུས་བརྗིད་པའི་ཡོངས་འདུའི་དབང་པོ》མཆོག་དམན་མགྲོན་ལ་བས་བསང་དང་གསེར་སྐྱེམས་འབུལ་ཚུལ་དང་། འཕྲིན་བཅོལ། སྙན་དར་སྨོན་ཚིག བླ་མའི་རྣལ་འབྱོར་གྱི་གསོལ་འདེབས། གསུང་མགུར་ཞལ་གདམས་སོགས་ཆོས་ཚན་དྲུན་ཅུ་ལྷག་ཙམ་ཕྱོགས་གཅིག་ཏུ་བསྡེབས་པ་པོད་གཉིས་ཙམ་བཞུགས་པ་སོགས་ལོ་རྒྱུས་ཡིག་ཆ་ཁག་ནང་བཀོད་འདུག
སྟག་ཕུ་སྐུ་ཕྲེང་དགུ་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་ནི། སྟག་ཕུ་པདྨ་བཛྲ་གྱིས་གསུང་ལས། ཕ་གཅིག་སྤ་ཕ་རྒན་པོ། །སེམས་ཆུང་བསམ་པ་བཟང་བྱུང་། བསམ་པ་བཟང་བའི་མ་ཚད། །འཕུར་བའི་གཤོགས་པ་གཡས་པ། །མ་གཅིག་ཨ་མ་རྒན་མོ། །ལྐུགས་པའི་ངང་ལས་འདས་སོང་། སེམས་པ་སྐྱོད་དགོས་མི་འདུག །འཕུར་བའི་གཤོག་པ་གཡོན་པ། །མ་བགོས་སྤྱི་ཡི་ནོར་བུ། ནོར་བུ་ནོར་ཉམས་དགོངས་ན། །ཁ་གང་རིན་པ་མི་དགོས། ནོར་བུ་ལག་ཏུ་ཐེབས་ཡོང་། །ཞེས་གསུང་པ་ལྟར། བོད་མེ་བྱི་(སྤྱི་ལོ་༡༩༣༦)ལོར་དཔལ་འབར་རྫོང་ཁོངས། ཛི་ཐོ་ལ་ཞིག་གྲོང་དུ། ཡབ་བསྟན་འཛིན་ཞེས་པ་བོད་དམག་གཙང་གི་མི་སེམས་བཟང་ཞིག་དང་། ཡུམ་ནི་(མཚན་མ་ངེས།)སྲས་འཁྲུངས་ནས་དུས་མི་རིང་བར་འདའ་གྲོངས་སོང་བའི་མི་ཁྱིམ་དབུལ་ཕོངས་ཤིག་ཏུ་སྐུ་བལྟམས། རྨོ་བོ་དང་ཨ་ཞང་གཉིས་ཀྱི་ལྷ་སྐྱོང་བྱས་པའི་བྱིས་པ་མཚན་ལྡན་སྐྱེ་བ་སྔོན་མའི་བག་ཆགས་སད་པ་ཞིག་ཡོད། ཁོང་གིས་བླ་མའི་སྐུ་སྐྱེ་བཙལ་འཚོལ་བྱེད་མཁན་གྱི་མི་རྒྱང་རིང་ནང་མཐོང་བ་ཙམ་གྱི་འདི་ངས་ཕ་ཡུལ་གྱི་མི་ཆེ་གེ་མོ་རེད། ཁོ་ཚོ་ང་བཙལ་མཁན་རེད་ཅེས་པ་སོགས་ངོ་མཚར་ཆེ་བའི་གསུང་གནང་མང་པོ་ཡོད། དགུང་ལོ་ལྔའི་སྐབས་སྟག་ཕུའི་ཡང་སྲིད་ངོས་འཛིན་ཞུས་ཏེ་ཕོ་བྲང་དུ་གདན་འདྲེན་སྐབས། ཛི་ཐོ་བླ་བྲང་གི་ཆིབས་བཀྱག་སྟེགས་བུའི་སྟེང་ནས། སྐུ་གོང་མའི་ཆིབས་རྟ་སྨུག་གུ་ཞེས་པའི་རྟ་རྒན་མཚན་བཟང་དེ་ལ་རིན་ཆེན་རྒྱན་ཆས་སྤྲས་ཏེ་སྐུ་སྐྱེ་རིན་པོ་ཆེ་ཆིབས་ལ་བཅིབས་ཏེ། ཆིབས་ཁ་བསྒྱུར་མ་ཐག ཆིབས་སྨུག་གུའི་གོམ་པ་དང་པོས། ཆིབས་བཀྱག་སྟེག་བུའི་མདུན་གྱི་རྡོ་གཅལ་སྟེང་དུ། འདམ་རྫབ་ནང་དུ་འཛུལ་བ་ལྟར་རྨིག་པའི་རྗེས་གཞག་པ་སོགས་ངོ་མཚར་བའི་མཚན་ལྟས་དུ་མར་བྱུང་བ་སོགས་དེའི་སྐབས་ཀྱི་གདན་འདྲེན་ཞུ་མིའི་སྐུ་འཁོར་རྣམས་ཀྱི་བཤད་རྒྱུན་ཡོད། དེ་ནས་ཕོ་བྲང་དགེ་འཕེལ་བྱང་ཆུབ་གླིང་དང་མ་དགོན་རི་བོ་དཔལ་འབར་ཆོས་སྡེ་གླིང་དུ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་རྒྱ་ཆེན་སྤེལ་བ་སོགས་ལྷ་མི་ཀུན་གྱི་གཙུག་རྒྱན་དུ་དབང་བསྐུར། དེ་ནས་བཟུང་བླ་ཟུར་ཤེས་རབ་ཕུན་ཚོགས་དང་། མགྲོན་གཉེར་འཇམ་དཔལ་ཀུན་བཟང་སོགས་ལ་བསྟེན་ནས། ཡི་གེ་འབྲི་ཀློག་སྦྱང་བརྩོན་མཛད་པས་ཚེགས་མེད་མཁྱེན། དགུང་ལོ་བཅུ་གསུམ་སྐབས་བོད་དུ་ཕེབས་ཏེ། འབྲས་སྤུངས་གོང་པོ་ཁམས་ཚན་དང་། བློ་གླིང་སོགས་ལ་ཆོས་བཞུགས་མཛད་ནས་ཡོངས་འཛིན་བློ་བཟང་སྨོན་ལམ་སོགས་དགེ་བའི་བཤེས་གཉེན་དུ་མའི་དྲུང་དུ་གཞུང་ཆེན་བཀའ་པོད་ལྔ་གསན་སྦྱོངས་གནང་། དགུང་ལོ་བཅུ་བདུན་སྐབས། རང་གི་གདན་སར་ཞབས་སོར་གནང་བ་དང་ཆབས་ཅིག་ཡོངས་འཛིན་བློ་བཟང་སྨོན་ལམ་གདན་འདྲེན་ཞུས་ཏེ་མུ་མཐུད་གནས་ལྔ་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟར་གསན་སྦྱོངས་གནང་བ་དང་། གཞན་ཡང་མ་དགོན་རི་བོ་དཔལ་འབར་ཆོས་སྡེ་གླིང་དུ། དེ་གའི་དགེ་འདུན་པ་རྣམས་དང་། གཡག་འཁྲབ་དགོན། སྒྲུབ་སྡེ་དགོན། སོག་ཙནྡ་དགོན་སོགས། དགེ་འདུན་ཆིག་སྟོང་ཉེ་བ་ལ་ལམ་རིམ་ཆེན་མོ་དང་། འཇིགས་བྱེད་དཔའ་གཅིག་གི་དབང་ཆེན་གནང་བ། འབྲི་རུ་ཆོས་གླིང་དགོན་དུ། འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆེན་གནང་བ། གཞན་ཡང་ཙི་ཏྟ་མ་ཎི་དང་ངན་སོང་ཀུན་གྲོལ་གྱི་དབང་དང་སྙིང་ཞུགས་སོགས་འབྲི་རུ་དང་སོག་རྫོང་གི་ས་གནས་ཁག་ལ་ཆོས་འཁོར་བླ་མེད་སྐོར་ཏེ།བསྟན་འགྲོ་ཕན་བདེའི་མཛད་པ་ཁྱད་དུ་འཕགས་པ་སྐྱོང་གནང་མཛད་ཡོད། སྟག་ཕུ་རྡོ་རྗེ་འཆང་འདི་པས། གུང་ཁྲན་ཏང་བོད་ལ་ཕེབས་ཏེ་བོད་ཞི་བའི་བཅིངས་བཀྲོལ་བཏང་བ་ནས་བཟུང་། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། མའོ་ཀྲུའུ་ཞི་ལ་དགའ་ཞེན་གནང་སྟེ་རྒྱལ་གཅེས་བྱེད་དགོས་པའི་སློབ་སྟོན་གནང་གི་ཡོད། ཁོང་གི་སྐུ་འགག་གོང་བའི་སྟེང་དུ། ཀྲུའུ་ཞིའི་སྐུ་པར་རྟགས་མ་ཟུར་དུ་འབྲས་སྙིས་སྐོར་བ་ཞིག་རྒྱུན་དུ་བཏགས་གནང་གི་ཡོད། ཁོང་གིས་རྟག་ཏུ་གུང་ཁྲན་ཏང་གི་སྲིད་ཇུས་ཡག་པོ་ཡིན་པ་དང་། མའོ་ཙེ་ཏུང་གི་གསུང་ནི་བདེན་དོན་ཡིན་པའི་ངོས་འཛིན་གནང་སྟེ། ང་ཚོ་ལ་རྒྱུན་དུ་སློབ་གསོ་གནང་བར་བརྟེན། མི་རྣམས་ལ་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། སྤྱི་ལོ་༡༩༥༦ལོར་བོད་ཟླ་བཅུ་པའི་ཉིན་ཞིག་ལྷ་སར་ཕེབས་གྲབ་ཡོད་པའི་སྐབས་སུ། དགོན་པའི་དགེ་ཚུལ་གྱི་འཛིན་གྲྭར་ཕེབས་ཏེ་ལྷ་གོས་དང་བསྲུང་བ། ཊམ་དཀར་རེ་བཅས་གསོལ་རས་བསྩལ་ཏེ་གསུངས་པར། ང་ཕྱིན་པའི་རྗེས་སུ། ཁྱེད་ཚོས་རྒྱུད་སྡེ་ཁག་བློ་འཛིན་ཡག་པོ་བྱེད་དགོས། རྒྱུད་སྡེ་རེ་བློ་འཛིན་ཚར་རྗེས། ང་རང་སར་རྒྱུད་སྡེ་འདི་བློ་འཛིན་བྱས་ཡོད་ཅེས་པའི་ཡི་གེ་སྐུར་ན། དེ་ནི་ང་ལ་སྤྲད་པའི་འབུལ་ཚན་ཆེ་ཤོས་ཡིན། དེ་བཞིན་ཁྱེད་ཚོས་དགོན་པའི་སྒྲིག་ལམ་དང་། དགེ་འདུན་གྱི་འདུལ་ཁྲིམ་ཡག་པོ་སྲུང་དགོས། ཕན་ཚུན་མཐུན་སྒྲིལ་ཡག་པོ་བྱེད་དགོས། གུང་ཁྲན་ཏང་གི་མཐུན་སྒྲིམ་བྱེད་རྒྱུ་གལ་ཆེན་ཞིག་ལ་རྩིས་ཀྱི་ཡོད། རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན། མི་དམངས་ཀྱི་མཐུན་སྒྲིལ་དང་། མི་རིགས་དབར་གྱི་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། ང་ཚོ་དགོན་པ་ཞིག་གི་ངོས་ནས་བཤད་ན་མཐུན་སྒྲིལ་དང་ཐུགས་མཐུན་ཁྲིམས་གཙང་བྱེད་རྒྱུ་དང་། རྒན་པ་ལ་བཀུར་སྟི་དང་། གཞོན་པ་ལ་གཅེས་སྐྱོང་བྱེད་རྒྱུ་ནི་ཆོས་དང་འཇིག་རྟེན་གཉིས་ཀར་མཐུན་ཡོད། གལ་ཏེ་ངས་བཤད་པ་དེ་དག་མ་ཉན་པ་དང་། དེ་ལས་ལྡོག་སྟེ་ཚུལ་མིན་གྱི་བྱ་བ་བྱས་ན། ང་རང་མགྱོགས་པོ་ལོག་གི་མིན་དཱ་ཞེས་ཞལ་དྲོན་མོས་བཀའ་སློབ་གནང་བྱུང་། དེ་ནི་ཕྲན་གྱི་ངོས་ནས་བཤད་ན། ཁོང་གི་གནང་བའི་གསུང་མཐའ་མ་དེ་ཡིན་ཞིང་། དེ་ནས་བཟུང་བགྲངས་བྱ་བཞི་བཅུ་རྩ་གསུམ་རིང་མཇལ་བའི་སྐལ་བ་མ་བྱུང་བས། དེ་ནི་བླ་མའི་བཀའ་དང་འགལ་བའི་ཉེས་པ་ཡིན་པ་སྨྲོས་མི་དགོས། སྟག་ཕུ་པདྨ་བཛྲ་གྱིས། ཨར་གཞས་ལས། ཞིམ་པ་སེངྒའི་འོ་མ། །འོ་མ་བརྒྱ་ཡི་མི་དོ། །གསེར་གྱི་ཕོར་པ་མེད་ན། །གང་བྱུང་མ་བྱུང་མི་ཡོང་། །འཐུང་འདོད་འདོད་པ་ཡོད་ན། །བཞེས་དང་བཞེས་རྒྱུ་ལོས་ཡོད། །ཉི་མའི་དྲོད་གཅིག་མེད་ན། །འཇུ་བའི་ཐབས་དེ་དཀའ་མོ། ཞེས་གསུངས་པ་ལྟར། རང་ཅག་རྣམས་ཀྱི་རྩ་བའི་བླ་མ་སྟག་ཕུ་རྡོ་རྗེ་འཆང་ཆོས་ཀྱི་ཉི་མ་མཆོག་ནི། བོད་མེ་སྤྲེལ་(སྤྱི་ལོ་༡༩༥༦)ལོར། དབུས་སུ་ཕེབས་པའི་ལམ་བར་དུ་སྙུང་གཞི་ཚབས་ཆེན་ཕོགས་པར་བརྟེན། ཕོ་བྲང་དུ་ཕྱིར་ཞབས་སོར་འཁོར་རྗེས་སྨན་བཅོས་དང་ཞབས་རིམ་ཇི་ལྟར་བྱས་ཀྱང་སྙུན་ལས་མ་གྲོལ་ཞིང། བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་དགུང་ལོ་ཉེར་གཅིག་སྐབས་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།
ཁོང་གི་གསུང་ཆོས་ནི། སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་སོགས་གསོལ་འདེབས་ཞལ་གདམས་བཅུ་ཕྲག་ལ་ཉེ་བ་དང་། གསེར་ཟངས་ལས་གྲུབ་པའི་བདེ་མཆོག་ཚེ་ལྷ་དཀར་པོའི་སྐུ་མི་ཚད་གཅིག་སོགས། སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་གནང་མཛད་ཡོད་དོ།
སྟག་ཕུ་སྐུ་ཕྲེང་བཅུ་པ་རྗེ་བཙུན་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན། མཚན་གཞན་རྣམ་རྒྱལ་དབང་ཕྱུག་མཆོག་ནི་སོག་རྫོང་ཁོངས། ཚ་རོག་ཤང་། དབྲོག་རྡ་གྲོང་དུ་ཡབ་རྟེང་པ་རྒྱལ་མཚན་ནོར་བུ་དང་། ཡུམ་བསོད་ནམས་དར་སྒྲོན་གཉིས་ཀྱི་སྲས་སུ། བོད་ས་ཁྱི་ལོ། 《སྤྱི་ལོ་༡༩༥༦》སྐུ་བལྟམས། འོན་ཀྱང་དུས་བབ་ཀྱི་འཕོ་འགྱུར་དང་། ཕྱི་ནང་གང་གི་ཆ་རྐྱེན་མ་འཛོམས་པའི་སྟབས་ཀྱིས། དུས་ཡུན་རིང་པོ་བདག་མེད་རང་དགར་དུ་ལུས། ད་ལམ་ཏང་གི་ཡང་དག་པའི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ཀྱིས་འོད་སྟོང་འཕྲོ་བའི་འོག། སྐྱབས་རྗེ་རྗེ་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་གཙོ་བོར་གནང་བའི་སྟག་ཕུ་བླ་བྲང་དང་། མ་དགོན་རི་བོ་དཔལ་འབར་ཆོས་ཀྱི་སྡེ་པོའི་འདུས་མང་ཡོངས་ཀྱིས་ལོ་མང་རིང། ཡང་སྲིད་བཙལ་འཚོལ་ཐེངས་མང་བྱས་པའི་བརྒྱུད་རིམ་ནང་ལུང་བསྟན་དང་། རྟོགས་དཔྱོད་ཀྱི་རྟགས་མཚན་གསལ་པོར་བྱུང་བ་དང་། ལྷག་པར་དུ་རྗེ་སྤྲུལ་རིན་པོ་ཆེའི་ངོ་མཚར་རྨད་དུ་བྱུང་བའི་དག་པའི་གཟིགས་མོར་མཐའ་ཀླས་པ་བྱུང་བ་སོགས་ལ་བརྟེན་ནས། ནགས་ཤོད་སྟག་ཕུ་རྡོ་རྗེ་འཆང་ཆེན་པོ་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་འཁྲུལ་བའི་དྲི་མ་དང་བྲལ་བ་འདི་ཉིད། ལྗོངས་སྲིད་གཞུང་གི་གཏན་འབེབ་ལྟར། ནག་ཆུ་ས་གནས་སྲིད་གཞུང་དང་འབྲེལ་ཡོད་ཚན་པ་བཅས་ཀྱི་ཆོག་མཆན་གནང་བ་ལྟར། ད་ལམ་གསེར་ཁྲི་ལ་མངའ་གསོལ་གནང་བ་རེད། དེ་ནི་སྟག་ཕུ་པདྨ་བཛྲ་གྱིས། བཀའ་ལ་བབས་པ་དགའ། ལུང་གི་ཟུན་པ་སྐྱིད། བཀའ་བབས་ལུང་ཟིན་འདི་འདྲ། ནམ་ཡང་བྱུང་བ་དཀའ། ནམ་ཡང་འབྱུང་བ་དཀོན་ལགས། དམ་ཚིག་གཙང་མ་དཀའ། དམ་སེལ་མེད་པ་སྐྱིད། སེལ་མེད་དམ་གཙང་འདི་འདྲ། ནམ་ཡང་བྱུང་བ་དཀའ། ནམ་ཡང་འབྱུང་བ་དཀོན་ལགས། ཞེས་གསུང་པ་ལྟར། བླ་མ་རྡོ་རྗེ་འཆང་ཆེན་པོ་འདི་པས། འགྲོ་བ་རྣམས་ལ་ཕན་པ་མང་པོ་སྤྱོད། །གསུངས་པ་ལྟར་བསྟན་དང་འགྲོ་བའི་དོན་དུ་མཛད་པ་བླ་ན་འཕགས་པ་སྐྱོང་བ་གདོན་མི་ཟའོ། །དེ་ལྟར་སྟག་ཕུ་རིམ་བྱོན་གྱི་འབྱུང་བ་བརྗོད་པ་རེ་ཞིག་རྫོགས་སོ།
མཚམས་འདིར། ཆུ་བཏུང་ཁར་ཁྲོན་པ་དྲུ་མཁན་བརྗེད་མི་རུང་ཞེས་པའི་དཔེ་ལྟར། སྟག་ཕུའི་སྐུ་ཐོག་རིམ་བྱོན་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཐུགས་ཀྱི་སྲས་མཆོག་རྗེ་སྤྲུལ་རིན་པོ་ཆེའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། ཆུ་ཐིགས་ཙམ་ཞིག་རྟེན་འབྲེལ་མཚོན་བྱེད་དུ་ཞུ་རྒྱུ་འདི་ལྟར། 《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་》ལས། དཔལ་ལྡན་མར་མེ་མཛད་ཀྱི་མཛད་ཀྱི་སྤྲུལ་པ། བླ་མ་དྲི་མེད་དཔལ་ལྡན་གྱིས། སྤྲུལ་པའི་བྱིའུ་མགྲིན་སྔོན་ཟླ་བ་ལ། །སྤྲན་རས་གཟིགས་དབང་སྤྲུལ་པའི་སྐུ། ད་ལྟ་ཁྱེད་ཀྱི་འཁོར་དུ་མཆིས། འོད་ཟེར་ལྡན་པའི་མཚན་མངའ་བ།
མ་འོངས་རྒྱལ་བའི་སྲས་ཀྱི་མཆོག །ལྷ་ཡི་རྗེ་གྱུར་སྤུལ་པའི་སྐུ། དོན་དམ་དབྱིངས་སུ་མ་ཉམ་དང་། །ནམ་མཁའ་ལྟ་བུར་རོ་ཡང་གཅིག །འདི་ནི་རྒྱལ་བུ་རྗུན་མའི་ཚབ། དམ་པ་དེ་ཡི་བྱེད་པར་འགྱུར། ཞེས་དང་། བཙུན་མོ་མ་ཏི་མ་ཧྭས། ཀྱེ་ལྷ་སྣང་རྒྱལ་པོ་ཁྱོད་ཀྱི་བུ་ཆོས་ཀྱི་དགའ་བ་ཉིད་དང་རྒྱུད་གཅིག་ཏུ་གྱུར་པའི་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་ཏོག་ཅེས་བྱ་བ་དེས། བློན་པོའི་རྣམ་ཤེས་འཕྲོག་ཏེ། ད་ལྟ་བྱང་ཆུབ་སེམས་དཔའང་ཡོད་དོ། །ཞེས་ལུང་བསྟན་པའོ། །དེས་ན། རྗེ་སྤྲུལ་རིན་པོ་ཆེ་མཆོག་ནི། སྟག་ཕུ་རྡོ་རྗེ་འཆང་དང་རྒྱུད་གཅིག་ཏུ་གྱུར་པ། འཕགས་པ་སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་ཏོག་ཅེས་བྱ་བ་འོད་ལྡན་གྱི་རྣམ་འཕྲུལ་ཡིན་པ་དང་། དེ་ནས་ཝཱ་རཱ་ཎ་སཱིའི་རྒྱལ་སྲིད་གྲོགས་པོ་འོད་ལྡན་གྱི་སྐྱོང་དགོས་པའི་ལུང་ལྟར། འཕགས་པ་ལོ་ཀི་ཤཱ་རཱས་བཀའ་ཡི་དབང་བསྐུལ་བའི་ནུབ་ཕྱོགས་ཨོ་རྒྱན་གྱི་ཌ་ཀིའི་གཙོ་མོ། མ་ཧཱ་སིངྔྷིག་རཱ་ཛ་ནི་རུས་སྤྲིན་གྱི་གསེབས་ནས། ཌཱ་མ་རུ་དང་། ཅང་ཏེའུ་ཁྲོལ་ཞིང་ཕེབས་ཏེ། ཕཊཿཡིག་བརྗོད་པས། རྒྱལ་བུ་རྫུན་མའི་རྣམ་ཤེས་མཐོ་རིས་སུ་འཕངས། ཕཊཿཡིག་གཉིས་པ་བརྗོད་པས། གྲོགས་པོ་འོད་ལྡན་གྱི་རྣམ་ཤེས་བཏོན་ནས། ཝཱ་རཱ་ཎ་སཱི་རུ། སྐད་གཅིག་ཉིད་ལ་འཕོ་བར་བྱས་པའོ། །དེ་ནས་འོད་ལྡན་རྒྱལ་ཁབ་ཏུ་བྱོན་ཏེ་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་མཛད་བཟང་ནི། སྔར་རབ་སྐྱོང་རྒྱལ་པོ་ཉིད་ལས་ཆེས་ལྷག་པར་གྱུར་ཅིང་། མངའ་འོག་སྐྱེ་བོ་ཀུན་ཀྱང་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཏེ། ཐམས་ཅད་ཀྱིས་ཨེ་མ་ཧོཿ ད་ནི་རྒྱལ་བུ་འདི་སེམས་བརྙེད་དོ། དེ་ལྟ་བུའི་མཛད་བཟང་རྨད་དུ་བྱུང་ངོ་། །ཞེས་ཡིད་ལ་དགའ་བདེས་ཁྱད་བོ། །རྒྱལ་བུ་ཟླུ་བས། གྲོགས་པོ་འདོ་ལྡན་ལ། འགྲོ་བའི་དོན་བཟང་སྒྲུབ་པ་ལ། ངལ་ཞིང་དུབ་པར་མ་མཛད་ཅིག །ཅེས་ཐུགས་རེ་བཅོལ་བ་ལྟར། སྟག་ཕུ་རིན་པོ་ཆེའི་སྐུ་དུས་གང་ལ་ཉམས་ཆག་བྱུང་སྐབས། སྐུ་ངལ་དང་ཀྱག་ཀྱོག་གང་ལ་མ་འཛེམས་པ་ཉམས་པ་སོར་ཆུད་མ་ཉམས་པ་གོང་འཕེལ་གཏོང་བའི་མཛད་རྗེས་བླ་ན་འཕགས་པ་འཇོག་གནང་ཡོད། དཔེར་ན་སྔོན་ཚེ་རྒྱལ་བུ་ཆོས་ཀྱི་དགའ་བ་སྡིག་གྲོགས་ཀྱིས་བླུས་པའི་དབང་གིས། རྒྱལ་གཞིས་བདུད་ཀྱིས་འཕྲོགས་ཏེ། སྡུག་བསྔལ་མུན་ནག་དུ་ལྷུང་བའི་དུས་དེར། གྲོགས་པོ་འོད་ལྡན་གྱིས་བླ་མའི་བཀའ་ལྟར། བདུད་བློན་གྱི་རྣམ་ཤེས་འཕྲོགས་ཏེ་རྒྱལ་སྲིད་སྐྱོང་བས། སྔར་བཞིན་མངའ་ཐང་རྒྱས་པ་དང་། རྗེ་སྤྲུལ་སྐུ་ཕྲེང་དང་པོ་བློ་བཟང་ཟླ་བ་ཡིས། སྟག་ཕུ་སྐུ་ཕྲེང་བརྒྱད་པ་པདྨ་བཛྲ་དགོངས་པ་ཆོས་དབྱིངས་སུ་གཤེགས་སྐབས། སྟག་ཕུ་བླ་དགོན་གྱི་ཐུགས་འགན་ཡོངས་རྫོགས་ཁུར་དུ་བཞེས་ནས། རྡོ་རྗེ་འཆང་ཆེན་པོའི་གདུང་མཆོད་ཟབ་རྒྱས་གནང་བ། གསེར་གདུང་བཞེངས་པ། ཡང་སྲིད་བཙལ་འཚོལ་བྱས་པ་དང་ཆབས་ཅིག བླ་དགོན་གྱི་སྐུ་གཞིས་སྔར་ལས་འཕེལ་རྒྱས་གཏོང་བ་སོགས་གནང་སྟེ། སྟག་ཕུ་སྐུ་ཕྲེང་དགུ་པ་ཆོས་ཀྱི་ཉི་མ་གསེར་ཁྲི་ལ་མངའ་གསོལ་གནང་ནས་བསྟན་འགྲོའི་དོན་དུ་མཛད་རྗེས་བླ་ན་མེད་པ་འཇོག་གནང་ཡོད། ད་ལྟ་འཚོ་ཞིང་གཞེས་པའི་རྗེ་སྤྲུལ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་མཆོག་གི་ལོ་བཅུའི་གུད་ཆག་གིས་རྐྱེན་པས་བླ་དགོན་རྨེག་མེད་འཐོར་ཞིག་ཏུ་ཕྱིན་ཡོད་ན་ཡང་། ཏང་གི་ཡང་དག་པའི་སྲིད་ཇུ་ཀྱིས་འཁྲིད་སྟོན་འོག། རྗེ་རིན་པོ་ཆེ་མཆོག་གིས་རང་ཆིས་ཐེག་པ་ཁུར་བཞེས་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་ནས། ཐོག་མར་མ་དགོན་རི་བོ་དཔལ་འབར་ཆོས་སྡེ་གླིང་སྐྱར་བཞེངས་གནང་བ་དང་སྐུ་གསུང་ཐུགས་རྟེན་སྔར་རྒྱུན་ལྟར་བཞེངས་པ། དགོན་གྱི་འདོན་ཆོག་དང་ཕྱག་ལེན་སྒྲིག་སྲོལ་བཅས་སྐྱར་གསོ་དང་འཕེལ་རྒྱས་བཏང་བ། དགའ་ཚལ་གུ་རུ་ལྷ་ཁང་སྐྱར་བཞེངས་དང་། ཐ་ན་ཙ་རིའི་ལྷ་ཐོ་ཙམ་ཡིན་ཡང་སྔར་བཞིན་སྐྱར་གསོ་གནང་ཡོད། ལྷག་པར་དུ་སྟག་ཕུ་རིམ་བྱོན་གྱི་ཕོ་བྲང་དགེ་འཕེལ་བྱང་ཆུབ་གླིང་སྔར་ལས་ལྷག་པའི་སྐྱར་བཞེངས་གནང་བ་མ་ཟད། སྟག་ཕུ་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་གསེར་ཁྲི་ལ་མངའ་གསོལ་མཛད་མཁྲིན་མཐའ་ཡས་པ་གནང་དང་གནང་མུས་ཡིན་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལག་སོ།།
༢ རིག་འཛིན་ཉི་མ་གྲགས་པ།
ནགས་ཤོད་བསྟན་པའི་སྒྲོན་མེ་རྣམ་གསུམ་གྱི་ཡ་གྱལ་རིག་འཛིན་ཉི་མ་གྲགས་པ་ཞེས་མཚན་སྙན་ཡོངས་སུ་གྲགས་པ་འདི་ཉིད། མདོ་ཁམས་ཟལ་མོ་སྒང་གི་སའི་ཆ་ལུང་པ་བན་དུ་གྲུ་ཡ་གྲོང་ཞེས་བྱ་བར། ཡབ་ཀརྨ་རྣམ་རྒྱལ་དང་། ཡུམ་བསོད་ནམ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཕག་(སྤྱི་ལོ་༡༦༤༧)ལོར་སྐུ་བལྟམས། སྐུ་ན་ཕྲ་བའི་དུས་ནས་དད་པ་དང་སྙིང་རྗེས་ཐུགས་རྒྱུད་ལེགས་པར་གཏམས་ཤིང་། སྤྱིར་བཏང་བྱིས་པ་ཕལ་པའི་ངང་ཚུལ་ཡོངས་སུ་མི་མཐུན་པར་ཡི་གེ་འབྲི་ཀློག་གི་སྐུ་ཡོན་སྒྲོན་པ་ཙམ་གྱིས་ཚེགས་མེད་མཁྱེན་པ་བཅས་སྐྱེས་སྟོབས་ཀྱི་ཤེས་རབ་ལྷག་པར་ཆེ། གྲུབ་ཐོབ་རྫོགས་ཆེན་པདྨ་རིག་འཛིན་སར་དགེ་བསྙེན་གྱི་སྡོམ་པ་བཞེས། རྒྱལ་དབང་ལྔ་པ་སོགས་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་མང་པོ་བསྟེན་ནས། མདོ་རྒྱུད་བཀའ་འགྲེལ་རྣམས་ཀྱི་དགོངས་འགྲེལ་མན་ངག་ཉམས་ཁྲིད་དང་། ཐ་སྙད་རིག་པའི་གནས་ཐམས་ཅད་ལ་ཐོས་བསམ་རྒྱ་ཆེར་གནང་ཞིང་། འཆད་རྩོམ་གྱི་མཛད་འཕྲིན་སྤེལ། ཆགས་རི་ཉི་གྲགས་དགོན་ནས་སྲིང་རྫོང་འོད་གསལ་སྒྲུབ་སྡེ་ཕྱག་བཏབ་ཅིང་འཛིན་སྐྱོང་མཛད
མདོ་སྨན་ཁུལ་སྟག་མོ་སོགས་དགོན་སྡེ་མང་པོ་གསར་བཞེངས་ཐོག གཙུག་ལག་ཁང་ཁག་དང་དགོན་པ་གཞན་ཉམས་གསོ་དང་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས། བྱ་བཏང་མཛད་ནས། ལུམ་བཱའི་ཚལ་སོགས་སྟོན་པའི་མཛད་ཆེན་རྣམས་ཀྱིས་གཙོས་འཕགས་ཡུལ་དང་། བལ་བོད་ཀྱི་གནས་ཆེན་ཁག། སློབ་དཔོན་རིན་པོ་ཆེ་དང་རྗེ་བཙུན་མི་ལའི་སྒྲུབ་གནས་སོགས། གངས་ཅན་ལྗོངས་ཀྱི་དགོན་པ་དང་གནས་ཆེན་ཁག་ལ་ཞབས་ཀྱིས་བཅགས། གཏེར་ལུང་དང་རྩེ་མཐུན་ཟབ་གཏེར་མང་དུ་བཞེས་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། མཐར་རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་(སྤྱི་ལོ་༡༧༩༠)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།
ཉི་གྲགས་སྐུ་ཕྲེང་གཉིས་པ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་ནམ་རིག་འཛིན་བསྟན་སྐྱོང་རྒྱ་མཚོ་ནི། ཡུལ་ནགས་ཤོད་བསྣོལ་མ་གྲོང་དུ་ཡབ་ལྷ་མོ་དར་དང་། ཡུམ་ངག་དབང་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པ་ཆུ་ཕོ་འབྲུག་ལོ། (སྤྱི་ལོ་༡༧༡༢)ལོར་སྐུ་འཁྲུངས། དགུང་ལོ་ལྔ་པར་གདན་སར་ཕེབས། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་དང་། རྒྱལ་སྲས་རིན་པོ་ཆེ་སྐལ་བཟང་དབང་ལྡན་སོགས་ཡོངས་འཛིན་དུ་མར་བསྟེན་ཏེ། མཁས་བཙུན་གྲུབ་པའི་ཕ་རོལ་དུ་སོན་པས། བསྟན་འགྲོའི་དགེ་བའི་བཤེས་གཉེན་ཞེས་བསྔགས། དམ་པ་དེས་ཕོ་བྲང་ལྕང་ལོ་ཅན་དང་། ཉི་འོད་རབ་གསལ། གནས་བརྟན་བྲག་རི་མ་སོགས་གཙུག་ལག་ཁང་དང་། སྐུ་རྟེན་ཕྱག་རྡོར་གྱིས་གཙོས་སྐུ་སུམ་བརྒྱ་ཙམ་དང་། གསུང་རྟེན་གཏེར་གསར་གྱི་པོད་ཉེར་གཅིག་གསར་བཞེངས་གནང་བ། ཐུགས་རྟེན་བཀའ་གདམས་མཆོད་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་བཅས་མཛད་འཕྲིན་བླ་མེད་སྐྱོང་གནང་བར་གྲགས།
སྐུ་ཕྲེང་གསུམ་པ། མི་འགྱུར་ཕན་བདེའི་རྒྱ་མཚོ་ནི། བྱང་ཡིད་ལྷུང་དུ་གླིང་གི་རིགས་སུ་འཁྲུངས། རྫོགས་ཆེན་བསྟན་འཛིན་བཟང་པོའི་སྐུ་དུང་དུ། སྔ་འགྱུར་རྙིང་མའི་བཀའ་མའི་རིགས་སྤྱི་དང་། ཁྱད་པར་ཉི་གྲགས་གཏེར་ཆེན་གྱི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་གསན། དཔའ་བོ་ལས་རབ་རྩལ་དང་། ཀུན་མཁྱེན་འཇིགས་མེད་གླིང་པ་སོགས་ལ་བསྟེན་ནས། ཐོས་བསམ་སྒོམ་པའི་ཡོན་ཏན་ལ་དབང་འབྱོར། རིགས་གསུམ་སེམས་དཔའི་རྣམ་སྤྲུལ་ཆོས་འདིའི་བདག ཞེས་འཇིག་གླིང་གིས་ཆོས་བདག་ཏུ་མངའ་གསོལ། གཞན་ཡང་། ཐེག་མཆོག་གླིང་དུ་འདུ་ཁང་ཆེན་མོ་ཀ་བ་༦༧ཡོད་པ། ཕོ་བྲང་གྲུ་འཛིན་ཡང་རྩེ། སྐུ་ཕྲེང་གཉིས་པའི་གསེར་གདུང་ཁང་། གཏེར་གསར་ལྷ་ཁང་སོགས་སྟེང་འོག་བར་གསུམ་ཚང་མར་ཀ་བ་༡༨༠རྟེན་དང་བརྟེན་པར་བཅས་པ་བཞེངས། གསེར་ཟངས་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནི། གུ་རུ་སྣང་སྲིད་ཟིལ་མནོན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མཐའ་ཡས་པར་འཇོག་པར་གནང་འདུག
ཉི་སྤྲུལ་བཞི་པ། འཇིགས་མེད་ཆོས་དབྱིངས་རྡོ་རྗེ་ནི། དྭགས་པོ་གཏེར་ཆེན་རྡོ་རྗེ་རྒྱལ་པོའི་སྲས་སུ་འཁྲུངས། རྫོགས་ཆེན་མི་འགྱུར་ནམ་མཁའི་རྡོ་རྗེ་གཙོས་མཁས་ཞིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་མང་པོར་བསྟེན་པས་མཁས་གྲུབ་ཆེན་པོར་འགྱུར། ཁོང་གིས་བསྟན་འགྲོའི་དོན་དུ་ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པ་བསྐོར་བས་མཁས་པའི་གྲགས་པ་ཐོབ། སྒྲུབ་པའི་རྒྱལ་མཚན་སྒྲེངས། གཞན་ཡང་ཁོང་གིས། སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་དང་། གསེར་ཟངས་ལས་གྲུབ་པའི་གུ་རུ་མཚན་བརྒྱད་ཀྱི་འདྲ་སྐུ། གསུང་རྟེན་བཀའ་འགྱུར་དང་། བསྟན་འགྱུར་གིས་གཙོས་གྲུབ་མཐའ་རིས་མེད་ཀྱི་བཀའ་འབུམ་མང་པོ་བཞེངས་པར་མཛད་དོ།
སྐུ་ཕྲེང་ལྔ་པ། བསྟན་འཛིན་འཕྲིན་ལས་དབང་ཕྱུག་ནི། ཆོས་རྒྱལ་གདུང་རྒྱུད་ལྷ་རྒྱལ་རིར་འཁྲུངས། རྒྱལ་རོང་ཀུན་བཟང་ཐེག་མཆོག་རྡོ་རྗེའི་དྲུང་དུ་སྔ་འགྱུར་རྙིང་མའི་བཀའ་གཏེར་རིགས་སྤྱི་དང་། ཉི་གྲགས་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་གསན། སྔ་འགྱུར་རྙིང་མའི་རང་ལུགས། སྨིན་གྲོལ་གླིང་གི་མཁན་ཆེན་ཆོས་དཔལ་བཟང་པོའི་ཕྱག་ལེན་ལྟར། གསོ་སྦྱོང་དང་། དབྱར་གནས། དགག་དབྱེ་བཅས་གཞི་གསུམ་ཆོ་ག་གསར་དུ་བཙུགས་པར་མཛད། ཁོང་གིས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལྷ་ཚོགས་ཀྱི་གཙོས་པས་གསེར་ཟངས་ལས་གྲུབ་པའི་སྐུ་རྟེན་དང་། གསེར་འཁྲུ། རྒྱལ་མཚན་སོགས་བཞེངས་གནང་ཡོད།
ཉི་སྤྲུལ་སྐུ་ཕྲེང་དྲུག་པ། ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ་ནི། རབ་བྱུང་བཅོ་ལྔའི་ཤིང་སྟག་(སྤྱི་ལོ་༡༩༡༤)ལོར་རྟོགས་ལྡན་ཤཱ་ཀྱ་ཤྲཱིའི་གདུང་སྲས་ཚེ་དབང་རིག་འཛིན་གྱི་སྲས་སུ་འཁྲུངས། རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། མཁན་ལྷ་རྒྱལ། མཁན་ཐུབ་སྙན། རྟོགས་ལྡན་ཤཱཀྱ་ཤྲཱི། འགྲོ་འདུལ་རིན་པོ་ཆེ། མཁན་ཆེན་ངག་དབང་རྣམ་རྒྱལ་སོགས་དགེ་བའི་བཤེས་གཉེན་དུ་མར་བསྟེན་ནས་གཞུང་ཆེན་བཅུ་གསུམ་དང་། རིག་ཆེན་ལྔ་སོགས་སྦྱང་བརྩོན་གནང་བ། སྡེ་དགེ་རྫོགས་ཆེན་དུ་ལོ་བརྒྱད་ལ་ཆོས་བཞུགས་གནང་སྟེ། ཐོས་པ་རྒྱ་མཚོའི་ཕ་མཐར་ལས་བརྒལ་བའི་མཁས་པར་གྱུར། དམ་པ་དེས། ལོ་མཚམས་དང་། ཟླ་མཚམས་ལོ་ཟླ་སྦྲེལ་མ་སོགས་ལོ་ཉི་ཤུ་ལྷག་ཙམ་རིང་བཅད་རྒྱ་མཛད་དེ། བསྙེན་སྒྲུབ་མཐང་ཡས་པ་སྐྱོང་གནང་ཡོད། གཞན་ཡང་སྤྲང་པོ་ལ་སྦྱིན་པ་རླབས་པོ་ཆེ་གཏོང་བ། དད་འབུལ་བྱས་པའི་མཚོན་ཆ་དང་། འཕྲུལ་མདའི་རིགས་བདེ་མེད་བཟོས་ཏེ་སྲོག་འཕྲོ་བཅད་པ། སེམས་ཅན་མང་པོ་སྲོག་བླུ་དགེ་བསྐུལ་ཅི་རིགས་བྱས་པ། རྒྱུན་དུ་སྐུ་ངལ་ལ་མ་འཛེམས་པ་ཟུག་རྔུས་མནར་བའི་ནད་པ་ལ་སྨན་བཅོས་བྱེད་པ་སོགས་གཞན་ཕན་བརྩེ་བ་ཆེན་པོས་བཀའ་དྲིན་སྩལ། ཁོང་གིས་གུ་རུ་སྟོང་སྐུ་དང་། གསེར་དངུལ་གྱི་མཆོད་ཆས་སོགས་རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་བཞེངས་པར་གནང་ཡོད། སྤྱི་ལོ༡༩༦༢དགོངས་པ་ཆོས་དབྱིངས་སུ་གཤེགས་སོ། །
ཉི་སྤྲུལ་སྐུ་ཕྲེང་བདུན་པ། ཡོན་ཏན་བཟང་པོ་ནི། ལྗོངས་མི་དམང་སྲིད་གཞུང་གི་གཏན་འབེབས་ལྟར། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་འབྲེལ་ཡོད་ཚན་པས་ཆོག་མཆན་ཐོབ་པ་རྒྱུད། སྤྱི་ལོ་༡༩༩༩ལོར། ཆགས་རི་སྲིང་རྫོང་འོད་གསལ་སྒྲུབ་སྡེ་ཨོ་རྒྱན་དམ་ཆོས་གླིང་དུ་གསེར་ཁྲི་ལ་མངའ་གསོལ་ཞུས་ཏེ། ད་ལྟ་མཛད་འཕྲིན་སྐྱོང་བཞིན་ཡོད།
༣ཞབས་དྲུང་ཆོས་དབང་གྲགས་པ།
ནགས་ཤོད་བསྟན་པོའི་སྒྲོན་མེ་རྣམ་གསུམ་གྱི་ནང་ཚན། ཞང་ཞུང་ཆོས་དབང་གྲགས་པའམ། ཞབས་དྲུང་ཆོས་དབང་གྲགས་པ། ཞེས་སྙན་པའི་གྲགས་པ་ས་གསུམ་ན་གྲགས་པ་འདི་ཉིད། སྟོད་མངའ་རིས་སྐོར་གསུམ་ཞེས་པའི་ཆར་གཏོགས་པ། ཞང་ཞུང་ཞེས་པར་གྲགས་པ་ལ། ཡང་ཡུམ་རིགས་རུས་ཆོ་འབྲང་ཕུལ་དུ་ཕྱིན་པའི་རྒྱུད་དུ་རབ་བྱུང་བདུན་པའི་ཤིང་སྦྲེལ་(སྤྱི་ལོ་༡༤༠༤)ལོར་སྐུ་འཁྲུངས། ཆུང་དུས་ཡི་གེའི་ཕྱི་མོ་སློབ་པ་ནས་བཟུང་། བསླབ་པར་བྱ་བའི་ཆོས་གང་དང་གང་ལའང་། སློབ་དཔོན་གྱི་ཞལ་ནས་ལན་རེ་གཉིས་ཐོས་ཙམ་གྱིས་ཚེགས་ཆུང་ངུས་ཐུགས་སུ་ཆུད། དེ་རྗེས་དབུས་སུ་བྱོན་ཏེ་རྗེ་རྒྱལ་བ་ཡབ་སྲས་གསུམ་དང་། མཚུངས་མེད་ཆོས་རྗེ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ནས། མདོ་རྒྱུད་ཀྱི་བཤད་ལུང་དང་། ཟབ་མོའི་དབང་ཁྲིད་རྗེས་གནང་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང་། སྒྲ་ཚད་སྙན་ངག་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་ཡང་སྦྱང་པ་མཐར་ཕྱིན་མཛད་པས་ཟླ་མེད་མཁས་པའི་གོ་འཕང་བརྙེས་ཏེ་ཞང་ཞུང་ཆོས་དབང་གྲགས་པ་ཞེས་རྒྱལ་བ་འཇམ་དཔལ་སྙིང་པོའི་སློབ་མའི་ནང་། མུས་སད་པ་བློ་གྲོས་རིན་ཆེན་སེང་གེ་དང་། འདི་པ་གཉིས་རྣམ་དཔྱོད་ཕུལ་བྱུང་བའི་མཁས་པ་གཞིས་སུ་གྲགས། དགུང་ལོ་སོ་ལྔ་པ་ས་རྟ། (སྤྱི་ལོ་༡༤༣༨)ལོར། རྒྱལ་པོ་རཱ་ཎའི་རྟོགས་བརྗོད་མཛད། རྗེ་འདི་ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་དབང་འབྱོར་བས། དགའ་ལྡན་པའི་བསྟན་པ་འཛིན་པའི་ནང་ལ་སྙན་ངག་འདི་ལས་མཁས་པ་མ་བྱུང་སྐད། དེ་ནས་ནགས་ཤོད་སྦུས་མདའི་གདན་སར་ཕེབས་ནས། ལེགས་པར་བཤད་པའི་དགའ་སྟོན་གྱི་བློ་གསལ་གྱི་ཚོགས་སྐྱོང་བར་མཛད། ཝིག་ཆོས་རྫོང་དགོན་བཏབ་ནས། འཕགས་པ་ལྷ་མཐོང་བ་དོན་ལྡན་ལ་ཕུལ། དགུང་ལོ་ང་ལྔ་པར་རབ་བྱུང་བརྒྱད་པའི་ས་སྟག་(སྤྱི་ལོ་༡༤༥༨)ལོར། ཐར་འདོད་སྐྱེ་བོའི་འཇུག་ངོགས། ཆབ་མདོ་བྱམས་གླིང་ཞེས་གྲགས་པའི་ཆོས་སྡེ་ཆེན་་པོའི་ཁྲི་ཐོག་གཉིས་པ་ལ་མངོན་པར་འཛེགས་ཏེ། ཕར་ཕྱིན་དང་རྒྱུད་སྡེ་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། གཞན་དགོན་སྡེ་ཆེན་པོ་གུ་ར་དཔལ་འཁོར་གྱི་ཁྲི་ལ་ཞབས་པད་བཀོད་དེ་མཁས་པའི་བྱ་བ་རྣམ་གསུམ་གྱི་བསྟན་འགྲོར་སྨན་པའི་མཛད་འཕྲིན་སྤེལ།
དགུང་ལོ་དྲུག་ཅུ་རེ་དྲུག་པ་རབ་བྱུང་བརྒྱད་པའི་ས་གླང་(སྤྱི་ལོ་༡༤༦༩)ལོར་ནགས་ཤོད་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་སྐུ་གཤེགས། རྗེ་འདིས་རྣམ་ངེས་འཐད་ལྡན་གྱི་འགྲེལ་བཤད་དང་། དུས་འཁོར་གྱི་བསྐྱེད་རྫོགས་སོགས་ལྗགས་རྩོམ་མཛད་ཅིང་། མཁས་གྲུབ་རིན་པོ་ཆེའི་དུས་འཁོར་ཊཱིཀ་ཆེན་རྩོམ་འཕྲོ་ལུས་པ་མཇུག་རྫོགས་པར་མཛད། གཞན་ཡང་སྙན་ངག་གི་ཡོངས་སུ་སྤུད་པའི་ལྷ་དང་བླ་མའི་བསྟོད་པ། རཱ་མ་ཎའི་རྟོགས་བརྗོད་ལ་སོགས་པ། གངས་ཅན་བོད་ཀྱི་སྙན་ངག་མཁན་ཀུན་གྱི་གཙུག་གི་ནོར་བུ་ལྟར་གྱུར་པའི་སྙན་ངག་གི་ལམ་ནས་དྲངས་པའི་བཀའ་རྩོམ་ཡང་མང་པོ་མཛད།
ཞབས་དྲུང་སྐུ་ཕྲེང་གཉིས་པ་ནས་བཟུང་བདུན་པའི་བར་ས་ཕྱོགས་གཞན་དུ་འགྲོ་དོན་བསྐྱངས་པར་བརྟེན། སྐུ་ཕྲེང་འདི་རྣམས་ཀྱི་ཞིབ་ཕྲའི་མཛད་འཕྲིན་གྱི་ལོ་རྒྱུས་ཡིག་ཆ་མཇལ་རྒྱུ་མ་བྱུང་བས། འདིར་ཞུ་སྤོབས་མ་མཆིས་ཀྱང་། རྣམ་ཐར་གསོལ་འདེབས་ཀྱི་དགོངས་དོན་མཚན་བྱང་ལྟར་ཞུས་ན། ཞབས་དྲུང་སྐུ་ཕྲེང་གཉིས་པ། མཁས་དབང་ཤར་ཆེན་ནམ་མཁའ་རྒྱལ་མཚན། གསུམ་པ། རྗེ་བཙུན་བསྟན་འཛིན་བློ་བཟང་རྒྱ་མཚོ། བཞི་པ། སྐྱིད་ཤོད་ངག་དབང་བསྟན་འཛིན་འཕྲིན་ལས། ལྔ་པ། མངོན་སྦྱོད་མཐུ་མངའ་སངས་རྒྱས་མཐུ་སྟོབས། དྲུག་པ། ངག་ལ་དབང་སྒྱུར་བློ་བཟང་རྒྱ་མཚོ། བདུན་པ། མདོ་སྔགས་མངའ་བདག་བློ་བཟང་རྒྱལ་མཚན་བཅས་སོ།
སྐུ་ཕྲེང་བརྒྱད་པ། ངག་དབང་བློ་བཟང་བསྟན་པའི་དབང་ཕྱུག་ནི། འབྲི་རུ་སྡེ་དགོན་གྱི་ཁྲི་རུ་དྲིལ་མདའ་དགོན་ནས་ངོས་འཛིན་ཐུབ་པ་དང་། གཟིམ་ཁང་གསར་བཞེངས་བྱེད་དེ། འབྲི་རུ་དགོན་རྣམ་རྒྱལ་དཔལ་འབར་གླིང་དུ་གདན་འདྲེན་གྱི་ཞབས་སོར་འཁོད། བླ་མ་སྐུ་ཐོག་འདི་པས། རྔོན་པའི་ཚུལ་གནང་སྟེ། རྔོན་རྒྱག་པ་དང་། རྔོན་རྒྱག་གི་ཕྱག་མདའ་ཉི་མའི་ཟེར་ལ་འགེལ་བ། སྐབས་རེ་རི་དྭགས་བསད་པ་རྣམས་ཀྱི་རུས་གཞི་ཚང་མ་པགས་པའི་ནང་བླུགས་ནས། ཐུགས་སྨོན་དང་འབྲེལ། སེ་གོལ་རྟོག་པ་ཙམ་གྱིས་རི་དྭགས་སྔར་བཞིན་གསོན་པོར་བཏང་གནང་བ་སོགས་ངོ་མཚར་གྱི་མཛད་པ་འབྱམས་ཀླས་པ་ཡོད་སྐད། ཁོང་དགོངས་པ་གཞན་དུ་གཤེགས་སྐབས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གར་སྟབས་སུ་བསྐུར་བཞེངས་ཡོད་པ་སོགས་ལོ་རྒྱུས་ཟིན་ཐོ་ལས་གསལ།
ཞབས་དྲུང་སྐུ་ཕྲེང་དགུ་པ། ངག་དབང་དགེ་ལེགས་ནི། འབྲི་རུ་ཁུལ་རྦ་གོང་གྲོང་དུ་འཁྲུངས། སྐུ་གཞོན་ནུས་དུས་ནས་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བརྩོན་གནང་། གདན་ས་ཆེན་པོར་ཆོས་ཞུགས་གནང་ནས་མཁས་པའི་གོ་འཕངས་ཐོབ། རང་དགོན་དུ་ཕེབས་བཞུགས་གནང་སྟེ། དགོན་པའི་འདོན་ཆོག་ཕྱག་ལེན་རྣམས་དག་ཐེར་མཛད། ཉམས་པ་སེར་ཆུད་དང་། མ་ཉམས་པ་གོང་འཕེལ་བཏང་བ་སོགས་དང་། ལྷག་པར་དུ་ཁོང་གི་སྐྱེ་འགྲོ་རྣམས་ཚོགས་བསགས་སྒྲིབ་སྦྱོང་གི་ཆེད་དུ་དྲི་མེད་མཆོད་རྟེན་མཐོང་བ་ཙམ་གྱི་ཡིད་འཕྲོག་པ་སྐུ་ཚད་ཀྱང་། རྒྱལ་རྩེའི་མཆོད་རྟེན་དང་འགྲན་པ་ཞིག་བཞེངས། ནང་ཞུགས་ཆོས་སྐུའི་རིང་བསྲེལ་གྲངས་མང་སོགས་རྩ་ཆེའི་བྱིན་རྟེན་རྣམས་བཞུགས། ཁོང་གི་གསུང་ནི། མགོན་དཀར་ཡིད་བཞིན་ནོར་བུའི་སྒོ་ནས་ཐོག་བུམ་གཏོར་མའི་གཡང་སྒྲུབ་རྒྱས་པ་དང་། དཔལ་ལྡན་ལྷ་མོའི་ཟློག་མདོས་ཀྱི་གཙང་སྒྲུབ་རྒྱས་པ། མྱུང་མཛད་ཡེ་ཤེས་མགོན་པོའི་བསྟོད་སྐུལ་རྒྱས་པ་སོག་འཕྲིན་བཅོལ་དང་། སྤེལ་ཚིག་འདོད་གསོལ། ལྷ་བསང་བཅས་གསུང་རྩོམ་མང་པོ་བཞུགས།
ཞབས་དྲུང་སྐུ་ཕྲེང་བཅུ་པ། བློ་བཟང་ཡེ་ཤེས་ནི། འབྲི་རུ་ཆུ་མ་གཞུང་དུ་སྐུ་འཁྲུངས། སྐྱེས་བུ་དམ་པ་དེ་ཉིད་ཕྱི་ཚུལ་དུ་སྦྱངས་སྟོབས་ཀྱི་ཡོན་ཏན་དེ་ཙམ་མེད་ཚུལ་བསྟན་ཀྱང་བོད་གངས་ཅན་ལྗོངས་ཀྱི་གདན་ས་ཆེན་པོར་ཆོས་བཞུགས་གནང་སྐབས་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ། གཞུང་ཆེན་བཀའ་པོད་ལྔ་གང་ནས་རྩོད་ཀྱང་རྩོད་ཀྱང་རྩོད་ལན་ཐོགས་པ་མེད་པ་གནང་བ་དང་། སྦྱིར་ན་ཁོང་གི་གྲུབ་ཐོབ་ཀྱི་སྦྱོད་ཚུལ་གནང་ནས་གྲུབ་རྟགས་ངོ་མཚོར་ལྡན་པ་སྣ་ཚོགས་སྟོན་གནང་མཛད་ཡོད་པ་སོགས་ལོ་རྒྱུས་ཡིག་ཆའི་ནང་བྲིས་འདུག།
ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་ནི། གཙང་མེ་རླུང་བླ་བྲང་དུ་འཁྲུངས། དགུང་ལོའི་བཞིའི་དུས་སུ་འབྲི་རུ་དགོན་རྣམ་རྒྱལ་དཔལ་འབར་གླིང་དུ་ཁྲིར་འཁོད། ཡོངས་འཛིན་རྣམས་ཀྱི་དྲུང་དུ་ཤེས་བྱ་རིག་པའི་གནས་ལ་སྦྱང་བརྩོན་ལྷོད་མེད་གནང་ནས། རང་དགོན་དུ་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་གནང་བ་དང་། དེ་རྗེས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ལ་ཆོས་བཞུགས་གནང་ནས་རིགས་ཆུང་དང་། ཕར་ཕྱིན་སོགས་ཀྱི་གཏོང་སྒོ་རིམ་པར་བཏང་ནས་ལྷ་རམས་དགེ་བཤེས་ཆེན་མོའི་མཚན་རྟགས་ཀྱི་གཏོང་སྒོ་གནང་། དགུང་ལོ་ཉི་ཤུར་རང་དགོན་དུ་ཞབས་སོར་བཀོད་ནས་ཟབ་པ་དང་རྒྱ་ཆེས་བླ་མེད་སྐོར་ཏེ། འགྲོ་རྣམས་སྨིན་གྲོལ་གྱི་ལམ་དུ་བཀོད་པའི་མཛད་པ་བསྐྱངས། སྔོན་ཞབས་དྲུང་ཆོས་དབང་གྲགས་པའི་རང་དགོན་འདི་ཕྱག་བཏབ་གནང་རིང་བཞུགས་གནས་ཆོས་གླིང་རི་ཁྲོད་དེ། སླར་གསོ་དང་རྒྱ་བསྐྱེད་གནང་སྟེ་ཆོས་གླིང་དགོན་ཞེས་མཚན་གསོལ་བ་དང་ཆབས་ཅིག་དགོན་པ་དེའི་འདོན་ཆོས་ཡོངས་རྫོགས་དཔལ་རྒྱུད་སྨད་གྲྭ་ཚང་གི་ཕྱག་ལེན་ཇི་ལྟ་བ་བཞིན་འཛུགས་པར་མཛད་པའོ། དེ་ལྟར་སྒྲོན་མེ་རྣམ་གསུམ་གྱི་འཁྲུངས་རབས་རེ་ཞིག་རྫོགས་སོ། །སླར་སྨྲས་པ། དམ་པའི་མཛད་རྣམ་མཐའ་ཡས་རྒྱ་མཚོ་ལས། །ཚན་ལྡན་ཡིག་ཆར་བྱུང་བའི་ལོ་རྒྱུས་རྣམས། །བདག་བློའི་གྲུབ་པ་ཆུ་ཐིགས་ཙམ་བླངས་ཏེ། སྤེལ་བས་འདིའི་ནང་ནོངས་པ་ཅི་མཆིས་བཤགས།།
དཔྱད་གཞིའི་ཡིག་ཆ།
《སྐྱབས་རྗེ་ཕ་བོང་ཁ་བདེ་ཆེན་སྙིང་པོའི་རྣམ་ཐར་མཐོང་བ་དོན་ལྡན་ཚངས་པའི་དབྱངས་།》《དགའ་ལྡན་ཆོས་འབྱུང་།》《གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད》《བོད་དང་བར་ཁམས་རྒྱ་སོག་བཅས་ཀྱི་བླ་སྤྲུལ་རྣམས་ཀྱི་སྐྱེ་འཕྲེང་དེབ་གཞུང་》《བོད་ལྗོངས་ནག་ཆུ་ས་ཁུལ་ལོ་རྒྱུས་རིག་གནས་》《བོད་བྱང་ནགས་ཤོད་འབྲི་རུའི་ལོ་རྒྱུས》《སྟག་ཕུའི་འཁྲུངས་རབས》《ཁྱབ་བདག་སྟག་ཕུའི་ཨར་གཞས》ཆོས་སྡེ་དགོན་གྱི་《སྟག་ཕུའི་ལོ་རྒྱུས་ཟིན་ཐོ་ཉུང་བསྡུས་》《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》བཅས་སོ།།
འབྲུག་མོས་ཞུ་དག་བྱས།