དཀར་ཆག
ཀླད་ཀྱི་དོན།…………………………………………………﹙1﹚
ལེའུ་དང་པོ། འཆད་ཉན་ལ་འཇུག་པའི་ཚུལ་དང་ཕན་ཡོན་བསྟན་པ།……﹙3﹚
སྤྱི་དོན་དང་པོ། དམ་པའི་ཆོས་མཉན་པ་དང་བཤད་པའི་ཕན་ཡོན་རིག་པ་བྱ་བ།﹙3﹚
དང་པོ། སྤྱིར་དམ་པའི་ཆོས་ཉན་བཤད་ཀྱི་ཕན་ཡོན་བཤད་པ།……………﹙3﹚
གཉིས་པ། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཉན་བཤད་ཀྱི་ཕན་ཡོན་བཤད་པ།﹙8﹚
སྤྱི་དོན་གཉིས་པ། གང་མཉན་པ་དང་བཤད་པར་བྱ་བའི་ཆོས་ངོས་བཟུང་བ།…﹙9﹚
དང་པོ། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་གྱི་དབྱེ་བ།……………………﹙9﹚
གཉིས་པ། ཆོས་ཀྱི་སྒྲ་དོན།……………………………………﹙10﹚
གསུམ་པ། མཚན་ཉིད།………………………………………﹙11﹚
བཞི་པ། རབ་ཏུ་དབྱེ་བ།………………………………………﹙12﹚
སྤྱི་དོན་གསུམ་པ། དེ་ལ་ཉན་བཤད་ཚུལ་ཇི་ལྟར་སྒྲུབ་ཅིང་ཉམས་སུ་བླང་བ།…﹙32﹚
དང་པོ། བཤད་བྱ་ཆོས་ཀྱི་ཁྱད་པར།……………………………. ﹙33﹚
གཉིས་པ། སློབ་དཔོན་གྱིས་འཆད་ཚུལ་གྱི་ཁྱད་པར།……………….. ﹙35﹚
གསུམ་པ། སློབ་མས་ཉན་ཚུལ་གྱི་ཁྱད་པར།………………………. ﹙43﹚
བཞི་པ། གཉིས་ཀས་ཆོས་ཀྱི་དོན་སྒྲུབ་པར་གདམས་པ།………………﹙48﹚
ལེའུ་གཉིས་པ། སྤྱི་དོན་བཞི་པ་བསྒྲུབ་བྱའི་ཆོས་ཇི་ལྟར་བྱུང་ཚུལ།……... ﹙52﹚
སྤྱིར་འཇིག་རྟེན་དུ་ཆོས་ཇི་ལྟར་བྱུང་ཚུལ།………………………... ﹙52﹚
ལེའུ་གསུམ་པ། ཁྱད་པར་བོད་ཡུལ་དུ་ཆོས་ཇི་ལྟར་བྱུང་ཚུལ་བསྟན་པ།….. ﹙180﹚
དང་པོ། བསྟན་པ་སྔ་དར་གྱི་རྣམ་གཞག………………………….. ﹙180﹚.
གཉིས་པ། བསྟན་པ་ཕྱི་དར་གྱི་རྣམ་གཞག…………………………﹙193﹚
ཞར་བྱུང་།བོད་དུ་དམ་འི་ཆོས་དར་བར་མཛད་པའི་པཎྜི་ཏ་དང་ལོ་ཙཱ་བའི་མཚན་ཐོ།…﹙206﹚
ལེའུ་བཞི་པ། དེ་དག་ཏུ་ཆོས་བསྒྱུར་པའི་རྣམ་གྲངས།…………………﹙212﹚
དང་པོ། མདོ་ཕྱོགས།…………………………………………...﹙212﹚
གཉིས་པ། སྔགས་ཕྱོགས།…………………………………………﹙254﹚
མཇུག་བྱང་།…………………………………………………﹙315﹚
ཞར་བཀོད།
ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བའི་རྣམ་པར་ཐར་པ་སྙིམ་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།
དགེ་སློང་སྒྲ་ཚད་པས་བརྩམས་པ།…………………………………﹙318﹚
ཀླད་ཀྱི་དོན།
བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ།། གང་ཞིག་ཐུགས་བསྐྱེད་དགེ་ཚོགས་བདུ་རྩིའི་ཟས་ཅན་ལས་བྱུང་བརྣག་དཀའི་བཟོད་པས་གཟི་བརྗིད་དཔལ་འབར་བ། ། སྐུ་གསུམ་མཐར་ཕྱིན་རིན་ཆེན་རང་བཞིན་དཔག་ཡས་སྨོན་ལམ་མྱུར་འགྲོ་བདུན་ལྡན་གཟུང་འཛིན་གོས་བྲལ་བས།། སྒྲིབ་གཉིས་ཆུ་འཛིན་བྲལ་བའི་བྱ་ལམ་ཡངས་པར་ཁྲིད་ཅིང་འཆར་ནུབ་བགྲོད་ཚུལ་སྣ་ཚོགས་གཞན་དོན་ཅན།། དྲི་མེད་གསུང་ཟེར་ཚ་ཟེར་བྱེད་པའི་འོད་ཟེར་བྱེ་བ་བརྒྱ་ཕྲག་སྟོང་ལྡན་ཕྱོགས་ཕྱོགས་འཕྲོས་པ་ལས།། རབ་བྱུང་སྦྱིན་དགྲ་ཡིད་ཀྱི་སྲུབས་ཤིང་གཙུག་ན་ཟླ་བ་ལོག་འདྲེན་སྐེམ་བྱེད་མིག་སྟོང་འཚོ་བྱེད་སོགས།། སྲིད་གསུམ་འདི་ན་སྟོན་པར་ཁས་འཆེ་ཆེ་བར་མངོན་རློམ་འོད་ལྡན་གཟའ་ཚོགས་གཟི་བརྗིད་ཀུན་འཇོམས་པ།། ཐུབ་པ་སེར་སྐྱ་རྐང་མིག་པ་དང་རིག་བྱེད་གཞུང་འཛིན་ནམ་མཁའི་གོས་ཅན་ཚུ་རོལ་མཛེས་པ་བ།། རྒྱས་པ་རྔ་བོང་གྲོག་མཁར་བ་སོགས་འབྱུང་པོའི་བྱ་ཚོགས་འདྲེན་བྱེད་ཉམས་བྱེད་རྒྱུ་བ་ཀུན་གཅོད་ཅིང་།། གང་དུ་ཤར་བས་བལྟ་བར་འདོད་དང་དྲི་བསུང་དོན་གཉེར་དབང་པོ་ཚིམ་བྱེད་སྦྲང་རྩིའི་མཆོག་འདོད་པའི།། མངོན་མཐོའི་སྣོད་གྱུར་ཉན་ཐོས་རང་རྒྱལ་རྒྱལ་སྲས་བུང་བ་དྲེགས་པས་མྱོས་པའི་དར་དིར་སྒྲོག་རྣམས་ལ།། མཐོ་རིས་ཟེ་འབྲུའི་ཕྲེང་ལྡན་ཁ་ཕྱེ་ཉེར་ཞིའི་དྲི་བསུང་ཕྱོགས་བཅུར་འཕྲོས་པས་མྱོས་པའི་རྐང་དྲུག་འཁྲིགས།། དོན་གཉིས་མཐར་ཕྱིན་ཀུན་མཁྱེན་སྦྲང་རྩི་ཀུན་ནས་སྐྲུན་བྱེད་ནམ་མཁའི་ནོར་བུ་རྒྱལ་བ་རྒྱལ་གྱུར་ཅིག གང་ཞིག་འཁྲུལ་བ་མཐའ་དག་སྤངས་ཀྱང་རྟག་ཆད་སྨྲ་བའི་ལྟ་བ་ངན་པ་གཞོམ་པ་དང་།། བསྟོད་སྨད་ལ་སོགས་ཆོས་བརྒྱད་སྤངས་ཀྱང་དཀར་ཕྱོགས་ལྷ་རྣམས་འཕྱ་བ་སྤང་བར་བྱ་བ་དང་།། རྗེས་སུ་ཆགས་པ་མཐའ་དག་སྤངས་ཀྱང་འགྲོ་ལ་ཆགས་པས་བསྟན་པ་ཡུན་དུ་གནས་བྱའི་ཕྱིར།། ཆོས་རྣམས་ངག་གི་ཡུལ་ལས་འདས་ཀྱང་ངག་གི་ཕྲེང་བས་ཆོས་རྣམས་སྡུད་མཛད་སྤྱི་བོས་མཆོད།། རྒྱལ་བ་མཆོག་གིས་མཆོག་ཏུ་ལུང་བསྟན་བསྟན་པ་དར་མཛད་མཛད་པ་དྲི་མེད་མངའ།། མངའ་བདག་དམ་པའི་དམ་པའི་ཆོས་ཀུན་ཀུན་ཏུ་གཟུང་ཕྱིར་ཐེག་པ་གསུམ་གྱི་ཚུལ།། ཚུལ་བཞིན་རབ་སྟོན་སྟོན་པའི་གསུང་རབ་རབ་ཏུ་གསལ་བྱེད་བློ་མཆོག་མངའ་བའི་ཐུགས།། ཐུགས་རྗེས་དགོངས་འགྲེལ་འགྲེལ་བཤད་བཤད་པ་མ་ནོར་སྟོན་པ་འཕགས་པའི་ཚོགས་ལའང་འདུད།། ཀུན་མཁྱེན་རྒྱལ་བའི་གངས་རི་ལས་འོངས་ཤིང་།། སྡུད་བྱེད་དམ་པའི་གསུང་རྒྱུན་རབ་བལྟམས་པས།། འགྲེལ་བཤད་འདབ་སྟོང་ལྡན་པས་བརྒྱན་པའི་མཚོ།། ལེགས་བསྒྱུར་ལོ་པཎ་སྐྱེས་མཆོག་གཙུག་གིས་མཆོད།། བསླབ་གསུམ་གསེར་གྱི་དྲ་བས་ལེགས་གཡོགས་ཤིང་།། བསྡུ་བཞིའི་ཡན་ལག་ལེགས་སྐྱེས་མཆེ་བ་བརྟན།། འཆད་རྩོད་རྩོམ་པས་ཕས་རྒོལ་གཡུལ་ལས་རྒྱལ།། ལག་ལྡན་བོད་ཀྱི་མཁས་མཆོག་རྣམས་ལ་འདུད།། གསུང་རབ་རིན་ཆེན་ཁམས་ལས་ལེགས་གྲུབ་ཅིང་།། རྣམ་དཔྱོད་ལྟ་བའི་བྱིན་ཟས་ལེགས་སྦྱངས་ཏེ།། བརྡ་སྤྲོད་ཚིག་གི་དར་གྱིས་རབ་བརྒྱན་ནས།། བདག་བློའི་ཐེ་ཚོམ་དྲ་བ་གཅོད་མཛད་པའི།། རལ་གྲི་རིན་ཆེན་ལྟ་བུའི་བླ་མའི་ཚོགས།། ཡོན་ཏན་ཁུར་གྱིས་ལྕི་བ་བཅུ་ཕྲན་གཉིས།། ཁྱད་པར་བཀའ་དྲིན་ཆེ་བའི་སློབ་དཔོན་དྲུག། རྒྱུན་དུ་དད་པའི་ཡིད་ཀྱིས་སྐྱབས་སུ་མཆི།། མ་ལྟར་བརྩེ་བའི་བླ་མས་ལེགས་བསྐྱངས་ཤིང་།། མི་ཡི་སེང་གེའི་གསུང་རབ་པདྨོའི་ཚལ།། མེ་ཏོག་ལ་དགའི་བུང་བ་ལྟར་བསྟེན་པས།། མུ་མཐའ་ཡས་པའི་ཆོས་ལ་བློ་གྲོས་རྒྱས།། དེ་ལྟས་བདག་ཀྱང་ཤཱཀྱའི་གསུང་རབ་མཚོ།། གཏིང་མཐའ་ཡས་པར་བརྒལ་བར་འདོད་པ་ཡིན།། དེ་ཡི་གཏིང་མཐའ་རྟོགས་པར་མ་ནུས་ཀྱང་།། ངོ་མཚར་དོན་གྱི་རིན་ཆེན་ཅིས་མི་རྙེད།། རྙེད་ཀྱང་དབུལ་པོའི་ལག་གི་རིན་ཆེན་ལྟར།། བདག་གི་ལེགས་བཤད་དྲི་མ་མེད་པ་འདི།། འགྲན་འདོད་ཕྲག་དོག་སྡང་སེམས་ཀྱིས་བསྒྲིགས་ནས།། གཟུར་གནས་ཡིད་ཆེས་གནས་སུ་སུ་ཞིག་ལེན།། ལེན་པ་མེད་ཀྱང་དམ་ཆོས་བདུད་རྩི་ཡིས།། རང་གི་ཡིད་ཀྱི་ཟུག་རྔུ་ཅིས་མི་སེལ།། གལ་ཏེ་འགའ་ཞིག་ལེན་ན་དེ་དག་གི། གདུང་བའི་རིམས་ནད་འཇོམས་པར་མི་འགྱུར་རམ།། དེ་ཕྱིར་རང་བློའི་དབུལ་བ་བསལ་བ་དང་།། ཆོས་ལྡན་དོན་གཉེར་སྐྱེ་བོ་རྣམས་ལ་ཡང་།། རྒྱ་ཆེན་ཆོས་ཀྱི་དགའ་སྟོན་སྤེལ་སླད་དུ།། གསུང་རབ་རིན་ཆེན་མཛོད་ཀྱི་སྒོ་དབྱེའོ།། འདི་ནས་ཐེག་པ་ཆེ་ཆུང་སྣ་ཚོགས་ཀྱི།། དགོངས་པ་ནོར་བུ་མཆོག་དམན་སྣ་ཚོགས་འབྱུང་།། དེ་དག་ཁྱེད་ལ་གེགས་མེད་བྱིན་ཟིན་གྱིས།། དགའ་བའི་ཡིད་ཀྱིས་ཅི་འདོད་བླང་བར་གྱིས།།
ལེའུ་དང་པོ། འཆད་ཉན་ལ་འཇུག་པའི་ཚུལ་དང་ཕན་ཡོན་བསྟན་པ།
འདིར་བདག་ཅག་གི་བླ་མ་ཤཱཀྱའི་རྒྱལ་པོ་རྫུ་འཕྲུལ་གྱི་རྐང་པའི་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པས་ཆུ་སྲིན་རྒྱལ་མཚན་ཅན་གྱི་གཡུལ་ངོ་ཕམ་པར་མཛད་ནས་བསྡུ་བ་བཞིས་གདུལ་བྱ་སྨིན་གྲོལ་གྱི་ཞིང་དུ་བསྡུས་ནས་ཆོས་ཀྱི་འཁོར་ལོ་མ་ལུས་པ་རྣམ་པ་ཐམས་ཅད་དུ་བསྐོར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་དེའི་ཆོས་ཀྱི་རྒྱལ་སྲིད་ཁྱད་པར་དུ་འཕགས་པའི་རྒྱལ་ཚབ་ཆེན་པོ་རྣམས་ཀྱིས་ཡང་དག་པར་ལེགས་པར་བསྐྱངས་པའི་སྲོལ་བཟང་པོ་འདི། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་གཞིར་གྱུར་པ་ཡིན་པས་དེའི་ཚུལ་གཅེས་པར་འཛིན་པར་རིགས་ཤིང་།དེ་ཡང་བཤད་སྒྲུབ་གཉིས་ལས་གཞན་པའི་ཐབས་ཀྱིས་མ་ཡིན་པའི་ཕྱིར་དང་།སྒྲུབ་པའང་འཆད་ཉན་སྔོན་དུ་འགྲོ་བ་ཅན་ཡིན་པས་འཆད་ཉན་ལ་འཇུག་པའི་ཚུལ་ངེས་པར་བྱའོ།།
འདི་ལ་བཞི་སྟེ། དམ་པའི་ཆོས་མཉན་པ་དང་བཤད་པའི་ཕན་ཡོན་རིག་པར་བྱ་བ་དང་། གང་མཉན་པ་དང་བཤད་པར་བྱ་བའི་ཆོས་ངོས་གཟུང་བ་དང་། དེ་ལ་ཉན་བཤད་ཚུལ་ཇི་ལྟར་སྒྲུབ་ཅིང་ཉམས་སུ་བླང་བ་དང་། བསྒྲུབ་བྱའི་ཆོས་ཇི་ལྟར་བྱུང་བའི་ཚུལ་ལོ།།
སྤྱི་དོན་དང་པོ། དམ་པའི་ཆོས་མཉན་པ་དང་བཤད་པའི་ཕན་ཡོན་རིག་པར་བྱ་བ།
དང་པོ་ལ།སྤྱིར་དམ་པའི་ཆོས་ཉན་བཤད་ཀྱི་ཕན་ཡོན་དང་། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཉན་བཤད་ཀྱི་ཕན་ཡོན་གཉིས་ལས།
དང་པོ། སྤྱིར་དམ་པའི་ཆོས་ཉན་བཤད་ཀྱི་ཕན་ཡོན་བཤད་པ།
དང་པོ་ལ། མཉན་པ་དང་། བཤད་པ་དང་། གཉིས་ཀའི་ཕན་ཡོན་གསུམ།
དང་པོ་ནི།བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས་སྡིག་ལས་ལྡོག་པར་འགྱུར།། ཐོས་པས་དོན་མེད་སྤོང་བར་འགྱུར།། ཐོས་པས་མྱ་ངན་འདས་པ་ཐོབ།། ཅེས་གསུངས་པ་ལ། དེའི་དོན་རྣམ་བཤད་རིགས་པར།། དེ་ལ་རྐང་པ་བཞི་པོ་འདིས་ནི་རིམ་པ་ལྟར་ཕྱི་ནང་གི་གྲུབ་མཐའ་ཤེས་པས་བླང་དོར་གྱི་གནས་ཤེས་པ་དང་། ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་ནས་ཉེས་སྤྱོད་ལས་ལྡོག་པ་དང་། སེམས་ཀྱི་བསླབ་པ་ཐོབ་ནས་དོན་མེད་པའི་འདོད་པ་སྤོང་བ་དང་། ཤེས་རབ་ཀྱི་བསླབ་པ་ཐོབ་ནས་དེ་ལ་བརྟེན་ནས་ཟག་ཟད་མངོན་དུ་བྱས་ཏེ་མྱང་འདས་ཐོབ་པ་སྟེ། བཞི་འམ། ཡང་དག་པའི་ལྟ་བ་རྙེད་པ་དང་། ལས་དང་ཉོན་མོངས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་ལས་བརྒལ་བ་སྟེ། བཞི་དང་། ཆོས་འདུལ་བ་ལ་དད་པ་རྙེད་པ་དང་། རབ་ཏུ་བྱུང་བ་དང་། དབང་པོའི་སྒོ་བསྲུངས་པས་འདོད་པ་ལས་འདོད་ཆགས་དང་བྲལ་བས་གནོད་པ་སྤོང་བ་དང་། བདེན་པ་རྟོགས་ནས་མྱང་འདས་ཐོབ་པ་སྟེ། བཞི་ལ་བཤད་དོ།།
རྣམ་བཤད་རིགས་པར། བཅོམ་ལྡན་འདས་ཀྱིས་ཆོས་མཉན་པ་ལ་ཕན་ཡོན་ལྔ་གསུངས་ཏེ། མ་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱིས་ཚིག་དང་དོན་ཟབ་མོར་རྟོགས་པར་འགྱུར་བའོ།། ཞེས་སོ།། དེའི་དོན་རྒྱ་ཆེར་ཐོས་པ་དང་། གསལ་ཞིང་དྲི་མ་མེད་པར་བྱེད་པ་དང་། ངེས་པ་ཐོབ་པ་དང་། ཡང་དག་པར་རྟོགས་པ་དང་། བདེན་པ་རྟོགས་པ་སྟེ། ལྔའོ།། དང་པོ་གཉིས་ཀྱིས་ཐོས་པའི་ཤེས་རབ་ཡོངས་སུ་དག བར་པ་གཉིས་ཀྱིས་བསམ་པའི་ཤེས་རབ་ཡོངས་སུ་དག། མཐའ་མས་སྒོམ་པའི་ཤེས་རབ་ཡོངས་སུ་དག་པར་འགྱུར་བ་བསྟན་ནོ།།
ཡང་དམ་པའི་ཆོས་མཉན་པ་ལ་ཕན་ཡོན་རྣམ་པ་ལྔ་ཡོད་དེ། རྣམ་པར་མི་ཤེས་པ་རྣམ་པར་ཤེས་པར་བྱེད་པ་དང་། ཉེས་པར་གཟུང་བ་འདོར་བ་དང་། ཐེ་ཚོམ་ཟོས་པ་ངེས་པར་བྱེད་པ་དང་། ངེས་པར་བྱས་པ་སྙིང་པོར་བྱེད་པ་དང་། འཕགས་པའི་ཤེས་རབ་ཀྱི་མིག་སྦྱོང་བར་བྱེད་པའོ།། ཞེས་སོ།།
ཡང་ཆུས་ནི། ཕན་པ་རྣམ་པ་ལྔ་བྱེད་དེ། འབྲས་ཐུག་པོ་ཆེ་ལ་སོགས་པ་སྦང་པར་བྱ་བ་རྣམས་བངས་པར་བྱེད་པ་དང་། ལུས་དང་གོས་དང་སྣོད་དག་གི་དྲི་མ་སེལ་བ་དང་། སོས་ཀའི་ལུས་ཀྱི་ཡོངས་སུ་གདུང་བ་སེལ་བ་དང་། སྐོམ་དད་ཆེ་བ་ཞི་བར་བྱེད་པ་དང་། རྩྭ་དང་འབྲུ་དང་ནགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ།། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་ལ་དད་པ་བསྐྱེད་པས་གདུང་བའི་རྒྱུད་བངས་པར་བྱེད་པ་དང་། འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་སེལ་བ་དང་། འདོད་པའི་ཡོངས་སུ་གདུང་བ་སེལ་བ་དང་། ཡང་འབྱུང་བའི་སྲིད་པའི་སྐོམ་པ་ཞི་བར་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཡོན་ཏན་གྱི་རྩ་བ་དང་འབྲུ་དང་ནགས་ཚལ་སྐྱེད་ཅིང་འཕེལ་བར་བྱེད་པ་ཡིན་ནོ།། ཕན་པ་ལྔ་པོ་དེ་ཡང་དད་པ་རྙེད་པ་དང་ལས་དང་བཅས་པ་བསླབ་པ་གསུམ་ལས་བརྩམས་པར་རིག་པར་བྱའོ།། དེ་ལྟ་བས་ན་ཕན་པ་ལྔ་པོ་དེ་འདོད་པས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ།།
མེས་བྱ་བ་བཞི་བྱེད་དེ་སྲེག་པ་དང་། ཆོས་པར་བྱེད་པ་དང་། དྲོ་བར་བྱེད་པ་དང་། གསལ་བར་བྱེད་པའོ།། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་གི་མེས་ཀྱང་རྒྱུད་སྨིན་པ་རྣམས་ལ་ཉོན་མོངས་པ་རྣམས་སྲེག་པ་དང་། རྒྱུད་མ་སྨིན་པ་རྣམས་ལ་དགེ་བའི་རྩ་བ་རྣམས་སྨིན་པར་བྱེད་པ་དང་། སྲིད་པ་ལ་མངོན་པར་དགའ་བ་རྣམས་སྐྱོ་བར་བྱེད་པའི་ཕྱིར་གདུང་བར་བྱེད་པ་དང་། སྐྱོ་བར་གྱུར་པ་རྣམས་དང་ཐེ་ཚོམ་ཟོས་པ་དང་ལམ་ངན་པར་ཞུགས་པ་རྣམས་ལ་ལམ་དང་ལམ་མ་ཡིན་པ་ཡང་དག་པར་རབ་ཏུ་སྟོན་པའི་ཕྱིར་གསལ་བར་བྱེད་པ་ཡིན་ནོ།། དེ་ལྟ་བས་ན་གུས་པས་ཆོས་མཉན་པར་བྱའོ།།
གཞི་ལྔ་དག་གིས་འཇུག་ངོགས་བདེ་བ་ལ་བརྟེན་པར་བྱ་སྟེ་དྲི་མ་མེད་པར་བྱ་བའི་ཕྱིར་དང་།། ཚ་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་།། སྐོམ་པ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང་། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་བྱ་བའི་ཕྱིར་རོ།། སངས་རྒྱས་ཀྱི་གསུང་འཇུག་ངོགས་བདེ་བ་ལའང་དེ་བཞིན་ཏེ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་མེད་པར་བྱ་བའི་ཕྱིར་དང་། འདོད་པའི་ཡོངས་སུ་གདུང་བ་རབ་ཏུ་ཞི་བར་བྱ་བའི་ཕྱིར་དང་། ཡང་འབྱུང་བའི་སྲིད་པ་ཞི་བར་བྱ་བའི་ཕྱིར་དང་། བསམ་གཏན་དང་མངོན་པར་ཤེས་པ་དང་ཚད་མེད་པ་དང་རྣམ་པར་ཐར་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་གྱི་དགའ་བའི་རྩེད་མོ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་དང་། ཚུ་རོལ་གྱི་འགྲམ་འཇིག་ཚོགས་ནས་ཕ་རོལ་གྱི་འགྲམ་མྱ་ངན་ལས་འདས་པར་འགྲོ་བར་བྱ་བའི་ཕྱིར་རོ།། དེ་ལྟ་བས་ན་འཇུག་ངོགས་བདེ་བ་ལ་བརྟེན་པའི་ཡོན་ཏན་འདོད་པ་རྣམས་ཀྱིས་གུས་པར་སངས་རྒྱས་ཀྱི་གསུང་མཉན་པར་བྱའོ།། ཞེས་གསུངས་སོ།།
གཉིས་པ་ལ། སྟོན་པ་སངས་རྒྱས་ལ་མཆོད་པ་བླ་ན་མེད་པར་འགྱུར་བ་དང་། ཟང་ཟིང་གི་སྦྱིན་པ་ལས་མཆོག་ཏུ་གྱུར་ཅིང་ཕན་འདོགས་པའི་མཆོག་ཡིན་པ་དང་། གཟུངས་དང་རིག་པ་ཐོབ་པ་དང་། བསོད་ནམས་འཕེལ་བས་བྱང་ཆུབ་ཐོབ་པ་དང་བཞིའོ།། དང་པོ་ནི། ཇི་སྐད་དུ། གང་ལ་ཕན་ཕྱིར་ང་ཡི་ཆོས།། ཚུལ་བཞིན་བསྟན་པས་མཆོད་འགྱུར་གྱི།། མེ་ཏོག་བྱུག་པ་མར་མེ་ཡིས།། རྒྱལ་བ་ཡང་དག་མཆོད་མ་ཡིན།། ཞེས་སོ།།
གཉིས་པ་ནི། བྱམས་པ་སེང་གེ་སྒྲའི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་།། རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས།། དགའ་རབ་སེམས་ཀྱིས་རྒྱལ་ལ་ཕུལ་བ་དང་།། གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་བྱིན།། རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེན་དེས།། ཚོགས་བཅད་བྱིན་པ་སྙིང་རྗེས་བསྒྲུབས་དེ་ལ།། ཆར་ཡང་མི་ཕོད་གྲངས་སུའང་མ་ཡིན་ན།། གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད།།ཅེས་པ་དང་།གངྒཱའི་བྱེ་སྙེད་རིན་ཆེན་གསེར་དག་གིས།། བཀང་སྟེ་གང་ལ་སྦྱིན་པ་བྱིན་པ་བས།། དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ།།དེ་ཡི་ཕན་ཐོགས་ཇི་འདྲ་དེ་ལ་མེད།།ཅེས་སོ།།
གསུམ་པ་ནི། སེང་གེས་ཞུས་པ་ལས།། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན།། ཞེས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་བྱིན་པས་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམ་པར་དག་པར་འགྱུར་རོ།། ཞེས་སོ།། ﹙དབུམ﹚རིན་ཆེན་ཕྲེང་བར། ཆོས་ཀྱི་ཆེད་དང་དེ་བཞིན་དུ།། གཞུང་གི་དོན་དག་དྲན་པ་དང་།། ཆོས་ཀྱི་སྦྱིན་པ་དྲི་མེད་པས།། ཚེ་རབས་དྲན་པ་ཐོབ་པར་འགྱུར།། ཞེས་སོ།།
བཞི་པ་ནི།། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས།། བྱམས་པ་གང་རྙེད་པ་དང་བཀུར་སྟི་མི་འདོད་པར་ཆོས་ཀྱི་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན་པ་ཡིན༎ བློ་དང་ལྡན་པ་ཡིན། བློ་གྲོས་དང་ལྡན་པ་ཡིན། མོས་པ་དང་ལྡན་པ་ཡིན། ཤེས་རབ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེས་སུ་རྟོགས་པར་འགྱུར་བ་ཡིན། འདོད་ཆགས་ཆུང་བ་ཡིན། ཞེ་སྡང་ཆུང་བ་ཡིན། གཏི་མུག་ཆུང་བ་ཡིན། བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ལ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་སྲུང་བ་ཡིན། ལྷ་རྣམས་ཀྱིས་དེའི་ལུས་ལ་མདངས་འཇུག་པ་ཡིན། མི་མཛའ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཚིག་གཟུང་བར་འོས་པ་ཡིན། མི་འཇིགས་པ་ཐོབ་པ་ཡིན། ཡིད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན། དེ་ཆོས་ཀྱི་སྦྱིན་པ་དེ་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ། བྱམས་པའི་ཕན་ཡོན་ཉི་ཤུ་པོ་དེ་དག་གོ། ཞེས་པ་དང་། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད།། བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ།། ཞེས་སོ།
གསུམ་པ་ལ། ཐེག་པ་གསུམ་གྱིས་ཁམས་བརྟས་པ། མཁས་པར་གྱུར་པས་ཀུན་གྱིས་བཀུར་བ། བསྟན་པ་གཟུང་བས་བྱང་ཆུབ་ཐོབ་པའོ།། དང་པོ་རྣམ་བཤད་རིགས་པར། དད་པས་མཉན་པ་གང་གིས་ན།། མཐོ་རིས་དགའ་བའི་བསོད་ནམས་དང་།། གང་གིས་མྱ་ངན་འདས་ཐོབ་པའི།། ཤེས་རབ་ས་བོན་བརྟས་པར་འགྱུར།། ཞེས་པ་དང་། ཁམས་བརྟས་བྱེད་དང་། ཞེས་པའི་འགྲེལ་པར། ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱིས་ཡིད་ལ་བྱེད་པའི་ཁམས་བརྟས་པར་འགྱུར་རོ། །ཞེས་སོ། །དེ་ཐོས་པའི་ཕན་ཡོན་ཡིན་གྱི། བཤད་པའི་ཕན་ཡོན་དུ་མི་རིགས་ཏེ། ཐོས་པ་དང་བཤད་པ་ཐ་དད་དོ།། སྙམ་ན། མ་ཡིན་ཏེ། ཀུན་ལས་བཏུས་སུ། འཛིན་པ་དང་ཁ་ཏོན་བྱེད་པ་དང་བཤད་པས་ཐོས་པ་ལས་བྱུང་བར་བལྟའོ།། ཞེས་གསུངས་སོ།།
གཉིས་པ་ནི། ལུང་རྣམ་འབྱེད་ལས། མང་དུ་ཐོས་པ་ལ་ཕན་ཡོན་རྣམ་པ་ལྔ་ཡོད་དེ། ཕུང་པོ་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་པ་དང་། དེའི་གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན་ནོ་ཞེས་སོ།། སྐྱེས་རབས﹙དཔའ་བོའི་﹚ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།། ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག། ཅེས་པ་དང་། གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན།། ཡ་རབས་རྣམས་དང་ཕྲན་ན་སྐྱེས་ཀྱི་མཆོག། ཚོགས་ཀྱི་ནང་ན་མཁས་པ་དགའ་བར་འགྱུར།། ཕས་ཀྱི་རྒོལ་ལ་ཉི་མའི་འོད་དང་འདྲ།། ཞེས་པ་དང་།། དུལ་ཞིང་རབ་ཏུ་གསལ་བའི་སྤོབས་པ་སྐྱེ།། གྲགས་པ་ཆེན་པོ་འཕྲལ་དུ་འབྱུང་བར་བྱེད།། སྨྲ་ལྕེ་བདེར་འགྱུར་ཁྱད་པར་ཅན་གྱི་རྒྱུ།། ཐོས་པའི་དཔལ་བསྒོམས་དོན་གསལ་རྟོགས་པར་འགྱུར།། ཐོས་དང་ལྡན་ན་འགལ་བ་མེད་པ་ཡི།། འཁོར་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར།། ཐོས་པའི་རྗེས་འཇུག་སྒྲུབ་ལ་སྙིང་པོར་བྱེད།། སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར།། ཞེས་པ་ལ་སོགས་པ་གསུངས་སོ།།
གསུམ་པ་ནི།། བཤད་ཉན་ནི། བསྟན་པའམ་ཆོས་འཛིན་པར་འགྱུར་ཏེ། མཛོད་ལས། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ན་ཡིན།། ཞེས་སོ།། ཆོས་འཛིན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པའི་གསང་བ་བསྟན་པ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི།། སངས་རྒྱས་ཀུན་གྱིས་ནན་ཏན་དུ།། བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་།། མཐའ་མར་ཕྱིན་པར་འགྱུར་མ་ལགས།། ཞེས་སོ།། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། རྒྱལ་བ་རྣམས་ཀྱིས་ཡོངས་སུ་གཟུང་བར་འགྱུར།། ལྷ་དང་ཀླུ་དང་མིའམ་ཅི་རྣམས་དང་། བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་བཟུང་།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར།། ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན།། མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་།། ཞེས་པ་ནས། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་།། འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར།། བདེ་དང་ཡིད་བདེ་བྱང་ཆུབ་དེ་འཚང་རྒྱ།། ཞེས་པ་ལ་སོགས་པ་ཕན་ཡོན་མང་པོ་གསུངས་སོ།།
གཉིས་པ། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཉན་བཤད་ཀྱི་ཕན་ཡོན་བཤད་པ།
གཉིས་པ་ཐེག་ཆེན་གྱི་ཆོས་ཀྱི་བཤད་ཉན་གྱི་ཕན་ཡོན་ནི། གཞིའི་དུས་སུ་ཐེག་དམན་གྱི་དགེ་བ་ཟིལ་གྱིས་གནོན་ཅིང་རིགས་གསོས་ཐེབས་པ་དང་། ལམ་གྱི་དུས་སུ་སྒྲིབ་པ་མ་ལུས་པར་སྤོང་བས་བསོད་ནམས་གཞན་ལས་ལྷག་པ་དང་། འབྲས་བུའི་དུས་སུ་རྣམ་མཁྱེན་ཐོབ་པར་ངེས་པའོ།།
དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ལ། དགྲ་བཅོམ་པ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། བསྒོམས་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། བསོད་ནམས་ཀྱི་ཕུང་པོ་དེ་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མང་ལགས་སོ།། བདེ་བར་གཤེགས་པ་མང་ལགས་སོ།། བཀའ་སྩལ་པ།ཀུན་དགའ་བོ་དེ་བས་ཀྱང་སུ་ཞིག་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཐ་ན་ཉི་མ་གཅིག་བཏོན་ན་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུས་སྐྱེའོ།། ཞེས་པ་ནས། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་ཀྱི་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ་བ་ཐམས་ཅད་དང་། རང་སངས་རྒྱས་ཀྱི་ཐེག་པ་བའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ཟིལ་གྱིས་གནོན་པའོ།། ཞེས་གསུངས་སོ།།
གཉིས་པ་ནི། རྒྱུད་བླ་མར། གང་ཞིག་བྱང་ཆུབ་དོན་དུ་གཉེར་བས་གསེར་ཞིང་ནོར་བུས་སྤྲས་པ་ནི།། སངས་རྒྱས་ཞིང་རྡུལ་མཉམ་པ་ཉིན་རེར་ཆོས་རྒྱལ་རྣམས་ལ་རྟག་འབུལ་ལ།། གཞན་གང་འདི་ལ་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་ནི།། སྦྱིན་པ་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར།། བློ་ལྡན་གང་ཞིག་བླ་མེད་བྱང་ཆུབ་འདོད་པས་བསྐལ་པ་དུ་མར་ཡང་།། ལུས་ངག་ཡིད་ནི་འབད་པ་མེད་པར་ཚུལ་ཁྲིམས་དྲི་མེད་སྲུང་བྱེད་ལ།། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི།། ཚུལ་ཁྲིམས་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་ཐོབ་པར་འགྱུར།། གང་ཞིག་འདི་ན་སྲིད་པ་གསུམ་གྱི་ཉོན་མོངས་མེ་འཇིལ་བསམ་གཏན་ནི།། ལྷ་དང་ཚངས་གནས་མཐར་སོན་རྫོགས་པའི་བྱང་ཆུབ་འཕོ་མེད་ཐབས་སྒོམ་ལ།། གཞན་གང་འདི་ལས་ཚིག་ཙམ་ཐོས་ཤིང་ཐོས་ནས་ཀྱང་ནི་མོས་ན་འདི།། བསམ་གཏན་ལས་བྱུང་དགེ་བ་དེ་ལས་བསོད་ནམས་ཆེས་མང་འཐོབ་པར་འགྱུར།། གང་ཕྱིར་སྦྱིན་པས་ལོངས་སྤྱོད་དག་ནི་སྒྲུབ་བྱེད་ལ།། ཁྲིམས་ཀྱིས་མཐོ་རིས་བསྒོམས་པས་ཉོན་མོངས་སྤོང་བྱེད་ལ།། ཤེས་རབ་ཉོན་མོངས་ཤེས་བྱ་ཀུན་སྤོང་དེ་ཡི་ཕྱིར།། འདི་མཆོག་ཉིད་དེ་དེ་ཡི་རྒྱུ་ནི་འདི་ཐོས་ཡིན།། ཞེས་སོ།།
གསུམ་པ་ནི། མདོ་སྡེ་རྒྱན་ལས། གང་ཞིག་ཚིག་གམ་དོན་གོ་ནས།། ཚིགས་བཅད་གཉིས་འཛིན་རབ་སྦྱོར་བ།། སེམས་ཅན་བློ་ལྡན་མཆོག་དེ་ཡིས།། ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ།། ཁམས་ནི་ཟད་པར་བརྟས་པ་དང།། འཆི་བའི་ཚེ་ན་རབ་དགའ་ཐོབ།། ཇི་ལྟར་འདོད་པར་སྐྱེ་བ་དང་།། ཀུན་ཏུ་ཚེ་རབས་དྲན་པ་དང་།། སངས་རྒྱས་རྣམས་དང་ཕྲད་པ་དང་།། དེ་ལ་ཐེག་མཆོག་ཐོས་པ་དང་།། མོས་པ་བློ་དང་བཅས་པ་དང་།། སྒོ་གཉིས་བྱང་ཆུབ་མྱུར་ཐོབ་པའོ།། ཞེས་གསུངས་ཤིང་། གཞན་ལས་ཀྱང་མང་དུ་གསུང་མོད་ཀྱི། མང་བས་འཇིགས་པས་མ་བྲིས་སོ།། དེ་དག་ཀྱང་རྣམ་བཤད་རིགས་པར། མདོ་དོན་ཆེ་བ་ཉིད་ཐོས་ནས།། ཉན་པ་དང་ནི་འཛིན་པ་ལ།། ཉན་པ་པོ་ནི་གུས་བྱེད་པས།། ཐོག་མར་དགོས་པ་བརྗོད་པར་བྱ།། ཞེས་པ་བཞིན་ཡིན་ནོ།། མུ་འགོད།