གནས་ཡུལ། མདུན་ངོས། ཆོས་འབྱུང་།
 
 
༄༅།།ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ།
སྤེལ་དུས།2009-06-02   ཡོང་ཁུངས་།ཏཱ་ལའི་བླ་མའི་རྣམ་ཐར།    རྩོམ་པ་པོ། རྡེའུ་དཀར་ནག་གིས་ཞུས།

       ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོའི་མཚན་ལ་དགེ་འདུན་གྲུབ་པ་ཞེས་ཟེར། བོད་ཡིག་གི་དགེ་འདུན་གྲུབ་པའི་རྣམ་ཐར་ནང་དུ་བཀོད་པ་ལྟར་ན།བོད་ཀྱི་རབ་བྱུང་༧པའི་ལྕགས་ལུག་ལོར་(སྤྱི་ལོ་༡༣༩༡ལོ།   གོང་མ་མིང་ཐའེ་ཙུའུ་ཡི་ཧུང་ཝུའུ་ཁྲི་ལོ་༢༤པ)དགེ་འདུན་གྲུབ་པ་གཙང་གི་ས་སྐྱའི་ཉེ་འདབས་ཤབ་སྟོད་འབྲོག་སར་སྐུ་འཁྲུངས་ཤིང་།ཡབ་ཀྱི་མཚན་ལ་མགོན་པོ་རྡོ་རྗེ་དང་ཡུམ་གྱི་མཚན་ལ་ཇི་མོ་ནམ་སྐྱིད་ཟེར།   ཁོང་གཉིས་ལ་སྲས་དང་སྲས་མོ་ལྔ་འཁྲུངས་པའི་ནང་ནས་དགེ་འདུན་གྲུབ་པ་ནི་གསུམ་པ་དེ་རེད།   སྐུ་འཁྲུངས་པའི་མཚན་མོ་དེར་ཁྱིམ་ལ་ཇག་པའི་འཕྲོག་བཅོམ་འཁེལ་ནས་འཚོ་བའི་ཐོག་ལ་དཀའ་ངལ་བྱུང་བས་དགེ་འདུན་གྲུབ་པ་སྐུ་ན་ཕྲ་དུས་ཡབ་ཡུམ་རྣམ་གཉིས་ལ་ལུག་མཚོ་རོགས་མཛད་ནས་བཞུགས་དགོས་བྱུང་བ་རེད།

དགེ་འདུན་གྲུབ་པ་དགུང་ལོ་བཅོ་ལྔར་ཕེབས་དུས་(སྤྱི་ལོ་༡༤༠༥ལོ།གོང་མ་མིང་ཁྲེང་ཙུའུ་ཡི་ཡུང་ལེའུ་ཁྲི་ལོ་༣པ)སྣར་ཐང་དགོན་པར་(དེང་སང་གི་བཀྲ་ཤིས་ལྷུན་པོའི་དགོན་པའི་ནུབ་ངོས་སུ་ལེ་དབར་སུམ་ཅུ་ཙམ་གྱི་སར་འདུག་)རབ་ཏུ་བྱུང་ཞིང་།དོན་གྲུབ་མཁས་གྲུབ་མཁན་པོར་བསྟེན་ནས་དགེ་ཚུལ་གྱི་སྡོམ་པ་དང་།དགུང་ལོ་ཉི་ཤུར་ཕེབས་དུས་དགེ་སློང་གི་སྡོམ་པ་བཞེས་པ་རེད།དེ་ནས་དབུས་ཕྱོགས་ཀྱི་ཡུལ་ཁག་ཏུ་གནས་སྐོར་ལ་ཕེབས་དུས་དང་ཐོག་ཁྲ་འབྲུག་དགོན་པར་ཕེབས་ནས་ཀུན་བཟང་པ་དགེ་རྒན་དུ་བསྟེན་ནས་ཚད་མདང་རྩ་ཤེསྦྱོང་བར་མཛད་པ།སྐབས་དེར་ཙོང་ཁ་པས་དབུས་ཕྱོགས་སུ་དགེ་ལུགས་པ་གསར་གཏོད་མཛད་ནས་སྙན་གྲགས་ཡོངས་སུ་ཁྱབ་ཅིང་།སྤྱི་ལོ་༡༤༡༥ལོར་(གོང་མ་མིང་ཁྲེང་ཙུའུ་ཡི་ཡུང་ལེའི་ཁྲི་ལོ་༡༣པ)སྐབས་དེར་བོད་ས་གནས་དབང་སྒྱུར་བྱེད་མཁན་ཕག་གྲུའི་སྲིད་འཛིན་པ་ཁྲི་རབས་ལྔ་བ་གྲགས་པ་རྒྱལ་མཚན་གྱི་གདན་ཞུས་ལྟར་བཀྲ་ཤིས་དོ་ཁ་ཞེས་པའི་ཡུལ་དུ་སེར་སྐྱ་དམངས་ཚོགས་ལ་ཆོས་གསུང་དུས་དགུང་ལོ་ཉེར་ལྔར་ཕེབས་པའི་དགེ་འདུན་གྲུབ་པའང་ཁོང་གི་དགེ་རྒན་ཀུན་བཟང་པ་དང་ལྷན་དུ་ཆོས་གསན་པར་ཕེབས་སྐབས་གཞི་ནས་ཙོང་ཁ་པ་དང་ཞལ་འདྲིས་བྱུང་བ་རེད།

ཙོང་ཁ་པའི་མཚན་ལ་བློ་བཟང་གྲགས་པ་ཞེས་ཟེར།མཚོ་སྔོན་ཞིང་ཆེན་ཁོངས་ཟི་ལིང་གི་ཉེ་འདབས་ཙོང་ཁའི་མི་རེད།གོང་མ་ཡོན་ཧྲུན་ཏིའི་ཀྲི་ཀྲེང་ཁྲི་ལོ་༡༧པར(སྤྱི་ལོ་༡༣༥༧ལོ)འཁྲུངས་ཤིང་།དགུང་ལོ་བདུན་པར་ཕེབས་དུས་རབ་ཏུ་བྱུང་སྟེ་དོན་གྲུབ་རིན་ཆེན་མཁན་པོར་བསྟེན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་རེད།དགུང་ལོ་བཅུ་བདུན་དུ་ཕེབས་དུས་(སྤྱི་ལོ་༡༣༧༣ལོ།གོང་མ་མིང་ཐའེ་ཙུའུ་ཡི་ཧུང་ཝུའུ་ཁྲི་ལོ་༦པ)བོད་ལྗོངས་སུ་ཆོས་གསན་པར་ཕེབས་ཤིང་།དགུང་ལོ་ཉེར་དགུ་ཕེབས་དུས་(སྤྱི་ལོ་༡༣༨༥)ཡར་ཀླུང་རྣམ་རྒྱལ་གྱི་གཙུག་ལག་ཁང་དུ་ཚུལ་ཁྲིམས་རིན་ཆེན་མཁན་པོར་བསྟེན་ནས་དགེ་སློང་གི་སྡོམ་པ་བཞེས་པ་རེད།ཙོང་ཁ་པ་བོད་ལྗོངས་སུ་ཆོས་གསན་པར་ཕེབས་སྐབས་ནི་བོད་ལྗོངས་སུ་ཆོས་ལུགས་གྲུབ་མཐའ་ནགས་ཚལ་ལྟར་ཆགས་པའི་དུས་སྐབས་དེ་རང་རེད།སྐབས་དེར་བོད་ལྗོངས་ཀྱི་ཆོས་ལུགས་རྙིང་མ་དང་།བཀའ་བརྒྱུད།ས་སྐྱ།བོན་པོ་སོགས་སུ་གྱེས་ཡོད་པར་མ་ཟད།ཆོས་ལུགས་སོ་སོའི་ནང་ཁུལ་དུའང་གྲུབ་མཐའ་ཡན་ལག་ཁ་ཤས་རེར་གྱེས་ཡོད་པ་རེད།དེ་ཚོའི་ནང་ནས་སྟོབས་ཤུགས་ཆེ་ཤོས་དང་དད་པ་བྱེད་མཁན་མང་ཤོས་ནི་བཀའ་བརྒྱུད་པ་དང་ས་སྐྱ་པ་གཉིས་རེད།དེར་བརྟེན་གྲུབ་མཐའ་དེ་གཉིས་ཀྱིས་ཕན་ཚུན་ཕྱིའི་སྟོབས་ཤུགས་འཕྲོག་རེས་བྱས་སྟབས་ཆོས་སྤྱོད་ཉམས་ལེན་ངོ་མ་བྱེད་མཁན་ཉིན་རེ་བཞིན་ཉུང་དུ་ཕྱིན་ནས་ཡོན་རྒྱལ་རབས་ཀྱི་དུས་མཇུག་དང་མིང་རྒྱལ་རབས་ཀྱི་དུས་འགོར་སླེབས་དུས་མདོ་སྔགས་ཀྱི་ལུང་རིགས་ཧ་ཅང་ཉམས་དམས་སུ་ཕྱིན་པས།བཙུན་པ་ཉུང་ཤས་ཤིག་གིས་མ་གཏོགས་ཧ་ལམ་གང་ཞིག་འདུལ་ཁྲིམས་ཡིན་ཡང་མི་ཤེས་པ་ཞིག་དང་།དགོན་སྡེའི་ནང་གི་གྲྭ་པ་རྣམས་སྐྱ་བོ་དང་དབྱེ་བ་མེད་པ་ཞིག་ཏུ་གྱུར་པ་རེད།(བོད་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས་ཞེས་པར་གསལ།སངས་རྒྱས་ཆོས་ལུགས་བོད་ལྗོངས་སུ་ཐོག་མར་དར་བ་ནི་བཙན་པོ་སྲོང་བཙན་སྒམ་པོའི་དུས་རབས(སྤྱི་ལོ་དུས་རབས་བདུན་པའི་དུས་སྐེད་ཙམ)ཡིན་ཅིང་།ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེ་ནི་སྐབས་དེར་གསར་དུ་བསྐྲུན་པ་ཞིག་རེད།བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས་(སྤྱི་ལོའི་དུས་རབས་བརྒྱད་པའི་དུས་སྐེད་ཙམ)ལ་སླེབས་དུས་ཡང་བློན་ཆེན་རྒྱ་གར་དུ་མངགས་ནས་སློབ་དཔོན་ནད་མ་འབྱུང་གནས་བོད་ལྗོངས་སུ་ཆོས་སྤེལ་བར་གདན་དྲངས་པར་མ་ཟད།བསམ་ཡས་གཙུག་ལག་ཁང་བཏབ་ནས་བསྙེན་བཀུར་ཞུ་བ་དང་།གྲྭ་པ་བསྡུ་བ།ཆོས་སྒྱུར་བ་བཅས་བྱས་ནས་སངས་རྒྱས་ཆོས་ལུགས་དར་འགོ་ཚུགས་པ་རེད།བཙན་པོ་ཁྲི་དཙུག་ལྡེ་བཙུན་(མིང་ཕལ་པར་ཁྲི་རལ་པ་ཅན་ཟེར་ཞིང་།སྤྱི་ལོ་དུས་རབས་དགུ་པའི་དུས་འགོ་ཙམ)གྱི་དུས་སྐབས་སུ་སླེབས་དུས་གྲྭ་པས་བོད་ལྗོངས་ཀྱི་ཡུལ་ཀུན་ཏུ་ཁྱབ་ཅིང་། དེར་བོད་ཀྱི་དེབ་ཐར་ནང་དུ་བསྟན་པ་སྔ་དར་ཞེས་ཟེར། ཁྲི་དར་མ་འུ་དུམ་བཙན(མིང་འདོགས་ལ་གླང་དར་མ་ཟེར་)རྒྱལ་པོའི་གོ་སར་འཁོད་རྗེས་(སྤྱི་ལོའི་དུས་རབས་དགུ་པའི་སྐེད་ཙམ)སངས་རྒྱས་ཆོས་ལུགས་སྣུབ་པའི་སྤྱོད་ཚུལ་བཟུང་སྟེ་རབ་ཏུ་བྱུང་བ་རྣམས་ལ་བཙན་ཤེད་ཀྱིས་སྐྱ་ནས་གཡོགས་ཏེ་གྲྭ་ལོག་བྱེད་དུ་བཅུགམི་ཉན་པ་རྣམས་དམར་གསོད་བཏང་། གསུང་རབ་ལ་ལ་ས་འོག་ཏུ་སྦས། ལ་ལ་མེར་བསྲེགས། ལ་ལ་ཆུར་བསྐྱུར། ལྷ་ལྡན་གཙུག་ལག་ཁང་དང་ར་མོ་ཆེའི་ཤཱཀྱ་མུ་ནེའི་སྐུ་བརྙན་བཅོམ། བསམ་ཡས་གཙུག་ལག་ཁང་གི་སྒོ་ལ་ཞལ་བ་བྱས་ཤིང་དེ་མིན་ཕལ་ཆེ་བ་གཏོར་(བོད་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས་ལ་གསལ།) ལོ་རྒྱུས་དེ་ལ་བོད་ཀྱི་དེབ་ཐེར་ནང་དུ་བསྟན་པ་སྣུབ་དུསཞེས་ཟེར།སྐབས་དེར་གྲྭ་པ་ཉུང་ཤས་ཤིག་ཁམས་ཕྱོགས་སུ་བྲོས་ནས་རྐྱེན་ལམ་ལས་ཐར་བ་རེད།དེ་ནས་ཡུན་རིང་མ་ཕྱིན་པར་ཁྲི་དར་མ་འུ་དུམ་བཙན་ལྷ་ལུང་དཔལ་རྡོར་གྱིས་བསད་པས་བོད་ལྗོངས་སུ་ཟིང་ཆ་ཆེན་པོ་ལངས་པ་རེད།ཡང་ལོ་ཉི་ཤུ་ལྷག་ཙམ་ཕྱིན་རྗེས་བོད་ལྗོངས་ཀྱི་ས་གནས་ཁག་ཏུ་བྲན་གཡོག་གི་འོས་ལངས་བྱུང་སྟེ་བོད་ཀྱི་རྒྱལ་པོའི་སྲིད་གཞུང་གིས་དབང་སྒྱུར་བྱེད་པའི་ས་ཁུལ་ཕལ་ཆེ་བར་ཁྱབ་ནས་མི་དྲག་ཆེ་གྲས་(བྲན་གཡོག་བདག་པོ)མང་པོ་བསད་པར་མ་ཟད།ཁྲི་དར་མ་འུ་དུམ་བཙན་གྱི་ཚ་བོ་དཔལ་འཁོར་བཙན་ཡང་བསད་པ་རེད།དེ་ནས་དཔལ་འཁོར་བཙན་གྱི་བུ་ཉི་མ་མགོན་གྱིས་མི་ཁག་གཅིག་ཁྲིད་ནས་མངའ་རིས་སུ་བྲོས་ཏེ་ས་ཆ་དེ་གར་རྒྱལ་པོའི་སྲིད་གཞུང་ཆུང་ཆུང་ཞིག་བཙུགས་ཤིང་།དེ་ལ་བོད་ཀྱི་དེབ་ཐེར་ནང་དུ་ཞང་ཞུང་རྒྱལ་པོ་ཞེས་ཟེར་ལ་གུ་གེ་རྒྱལ་པོ་ཞེས་ཀྱང་ཟེར།བྲན་གཡོག་གི་གྱེན་ལངས་ཐེངས་དེ་མི་མཐུད་དེ་ལོ་དགུའི་བར་(སྤྱི་ལོ་༨༦༩ལོ་ནས་༨༧༧ལོའི་བར་)དུ་གནས་ཤིང་།དེ་ནས་བཟུང་བོད་ཀྱི་རྒྱལ་པོའི་སྲིད་གཞུང་རྩ་ཐོར་དུ་ཕྱིན་ཏེ་བོད་ལྗོངས་ཚོ་བ་ཆུང་ཆུང་མང་པོར་ཁ་གྱེས་ནང་རང་ཡུལ་རང་བཟུང་དང་།རང་ཐག་རང་གཅོད་བྱེད་ཐོག་ཕན་ཚུན་རྒྱུས་ཆད་མེད་པར་བཅོམ་རེས་བྱེད་ཅིང་།སངས་རྒྱས་ཆོས་ལུགས་ཀྱང་ཉམས་རྒུད་ཆེས་ཆེ་བ་ཞིག་བྱུང་ཡོད་པ་རེད།སྐབས་དེར་གྲྭ་པ་ཉུང་ཤས་ཙམ་གྱིས་ཁྱིམ་ནང་དུ་སངས་རྒྱས་ཆོས་ལུགས་འཆད་ཉན་བྱེད་ཀྱི་ཡོད་པ་དེར་མི་རབས་རྗེས་མ་རྣམས་ཀྱིས་རྙིང་མ་བ་ཟེར།གནས་ཚུལ་དེ་མུ་མཐུད་དེ་ཧ་ལམ་དུས་རབས་གཉིས་བར་དུ་གནས་པ་རེད།སྤྱི་ལོ་༡༠༤༢ལོར་(གོང་མ་སུང་རེན་ཙུང་གི་ཆིང་ལིའི་ཁྲི་ལོ་༢པ)སླེབས་དུས་གུ་གེ་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་དུ་མི་མངགས་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གུས་པས་གདན་ཞུ་བྱས་ཏེ་མངའ་རིས་སུ་ཆོས་གསུང་པར་ཕེབས་པར་མ་ཟད།རིན་ཆེན་བཟང་པོར་ཆོས་སྒྱུར་རོགས་ཀྱང་མཛད་པས་དམངས་ཚོགས་ཀྱིས་སངས་རྒྱས་ཆོས་ལུགས་ལ་དོ་སྣང་བྱེད་འགོ་ཚུགས་པ་རེད།དེ་རྗེས་ཨ་ཏི་ཤ་དབུས་གཙང་ཕྱོགས་སུ་བྱོན་ཏེ་ཆོས་གསུང་བ་དང་འབྲེལ་སློབ་མ་སྡུད་སྐབས་རྗེས་སུ་འབྲང་མཁན་ཧ་ཅང་མང་པོ་བྱུང་བ་སྟེ་དཔེར་ན།བྱང་ཆུབ་འོད་དང་། ནག་ཚོ་ཚུལ་ཁྲིམས་རྒྱ་མཚོ།འབྲོམ་སྟོན་པ་སོགས་མང་པོ་བྱུང་བ་ལྟ་བུ་ཡིན་ཅིང་།དེ་ཚོའི་ནང་ནས་སྙན་གྲགས་ཆེ་ཤོས་ནི་འབྲོམ་སྟོན་པ་རེད།ལོ་རྒྱུས་དུམ་བུ་དེ་ལ་བོད་ཀྱི་དེབ་ཐེར་ནང་དུ་བསྟན་པ་ཕྱི་དར་ཞེས་ཟེར།

སྤྱི་ལོ་༡༠༥༤ལོར་(གོང་མ་སུང་རེན་ཙུང་གི་ཀྲི་ཧོའི་ཁྲི་ལོ་༡པོ)ཨ་ཏི་ཤ་སྙེ་ཐང་དུ་སྐུ་གཤེགས་པ་རེད།དེ་ནས་ཁོང་གི་སློབ་མ་འབྲོམ་སྟོན་པས་ཆོས་རྒྱུན་བཟུང་ནས་མུ་མཐུད་དེ་ཆོས་སྤེལ་ཞིང་སློབ་མ་བསྐྱངས་ཡོད་པ་རེད།སྤྱི་ལོ་༡༠༥༧ལོར་(གོང་མ་སུང་རེན་ཙུང་གོ་ཅ་ཡིའུ་ཁྲི་ལོ་༢པ)འབྲོམ་སྟོན་པས་བོད་ལྗོངས་ཀྱི་བྱང་རྒྱུད་དུ་རྭ་སྒྲེང་དགོན་པ་བཏབ་ཅིང་།རྗེས་སུ་གྲྭ་པ་ཇེ་མང་དུ་ཕྱིན་ནས་ཆོས་ལུགས་ཀྱི་གྲུབ་མཐའ་ཞིག་ཆགས་པ་དེའི་མིང་ལ་བཀའ་གདམས་པ་ཟེར།རྗེས་སོར་གྲུབ་མཐའ་དེ་ཙོང་ཁ་པས་གསར་དུ་གཏོད་མཛད་པའི་དགེ་ལུགས་པ་དང་ཟླ་སྒྲིལ་བཏང་བས་དེང་སང་བོད་ལྗོངས་སུ་གྲུབ་མཐའ་དེ་མེད་པར་གྱུར་པ་རེད།
    
སྤྱི་ལོ་༡༠༧༣ལོར་(གོང་མ་སུང་ཧྲེན་ཙུང་གི་ཞི་ཉིང་ཁྲི་ལོ་༦པ)གཙང་གི་མི་གྲགས་ཅིག་གི་བུ་ཕྲུག་མང་ལ་འཁོན་དཀོན་མཆོག་རྒྱལ་པོ་ཟེར་བ་དེས་གཙང་གི་ས་སྐྱར་ས་སྐྱ་དགོན་བཏབ་ནས་སློབ་མ་བསྡུས་ཏེ་གསང་སྔགས་ཁོ་ན་འཆད་ཉན་བྱེད་ཀྱི་ཡོད་ཅིང་།གོ་ཐོས་སུ་སྤྱིར་རྒྱུད་སྡེ་བདུན་ཅུ་དོན་གཉིས་ཀྱི་མན་ངག་དང་།ཁྱད་པར་དུ་ལྕགས་རི་མི་འདའ་བའི་ཟབ་ཆོས་བཅུ་བཞི་ལ་བརྟེན་ནས་སྒོམ་སྒྲུབ་ལུས་གསོ་ཁོ་ན་བྱེད་ཀྱི་ཡོད་པ་རེད་ཅེས་ཟེར།གྲུབ་མཐའ་དེས་བུ་སྐྱེས་རྗེས་ད་དུང་བུད་མེད་དང་ཉེ་པོ་བྱས་མི་ཆོག་པ་ཐག་བཅད་ཡོད་པ་མ་གཏོགས་མནའ་མ་བླངས་ནས་བུ་ཕྲུག་སྐྱེ་རིགས་བཀག་འགོག་མི་བྱེད།འཁོན་དཀོན་མཆོག་རྒྱལ་པོས་ད་དུང་དབུས་དང་ཁམས་ཀྱི་ས་ཆ་ཁག་ཏུ་མི་བཏང་ནས་ཆོས་སྤེལ་བ་དང་།གྲྭ་པ་བསྡུ་བ།དགོན་པ་འདེབས་པ་བཅས་བྱེད་དུ་བཅུག་ཅིང་།   མཐར་དེ་ཆོས་ལུགས་ཀྱི་གྲུབ་མཐའ་ཞིག་ཆགས་ནས་མིང་ལ་ས་སྐྱ་པ་ཞེས་ཟེར།དེ་དང་དུས་མཉམ་དུ་བོད་ལྗོངས་ལྷོ་བྲག་གི་མི་མར་པ་(༡༠༡༢ལོ་ནས་༡༠༩༧ལོའི་བར།གོང་མ་སུང་ཀྲེན་ཙུང་གི་ཏ་ཀྲུང་ཞང་ཧྥུའི་ཁྲི་ལོ་༥པ་ནས་གོང་མ་སུང་ཀྲེ་ཙུང་གི་ཧྲའོ་ཧྲེང་ཁྲི་ལོ་༢པའི་བར་)རྒྱ་གར་དུ་ཆོས་གསན་པར་ཕེབས་ཤིང་།བོད་ལྗོངས་སུ་ཕྱིར་ཕེབས་རྗེས་རང་ཉིད་ཀྱིས་གྲུབ་མཐའ་ཞིག་གསར་གཏོད་མཛད་ནས་མིང་ལ་དྭགས་པོ་བཀའ་བརྒྱུད་ཅེས་ཟེར་བ་དང་།དེ་མིན་ཁྱུང་པོ་རྣལ་འབྱོར་པས་གྲུབ་མཐའ་ཞིག་གསར་གཏོད་བྱས་ནས་མིང་ལ་ཤངས་པ་བཀའ་བརྒྱུད་ཅེས་ཟེར་བ་དེ་གཉིས་ཀ་བཀའ་བརྒྱུད་པ་རེད།ཆོས་ལུགས་གྲུབ་མཐའ་འདིའང་གསང་སྔགས་ཀྱི་གྲས་ཤིག་ཡིན་ཞིང་།དེས་གྲི་མིད་མེ་སྐྱུག་དང་རྩ་རླུང་བསྒོམས་ནས་ཕུང་པོ་ཡར་འཕུར་བ་ཁོ་ནར་སྦྱོང་བ་དང་།གཏུམ་མོ་མེ་དྲོད་བསྒོམས་ནས་འཁྱག་ལྟོགས་གཉིས་བཟོད་དང་།ཆུར་འཛུལ་ན་མི་འབྱིང་བ།མེར་འཛུལ་ན་མི་འཚིག་པ།ནམ་མཁར་རྒྱུ་འགྲུལ་བྱེད་སྐབས་བདེ་ཐང་དུ་འགྲོ་བ་ལྟར་སྐྱོད་ཐུབ་པ་བཅས་ཡོང་གི་ཡོད་པ་རེད། (བོད་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས་ལ་གསལ།)མར་པ་ལ་སློབ་མ་ཧ་ཅང་མང་པོ་ཡོད་ཅིང་།མར་པ་སྐུ་གཤེགས་དུས་ཆོས་བརྒྱུད་དེ་མི་ལ་རས་པར་གཏད་ཅིང་།མི་ལ་རས་པས་སྒམ་པོ་བ་དྭགས་པོ་ལྷ་རྗེར་གཏད།རྗེས་སོར་སྒམ་པོ་བ་དྭགས་པོ་ལྷ་རྗེས་དྭགས་ལྷ་སྒམ་པོ་(ལྷ་སའི་ཤར་ལྷོའི་རྒྱུད་)དུ་དགོན་པ་བཏབ་(ཧ་ལམ་སྤྱི་ལོ་༡༡༢༡ལོ།གོང་མ་སུང་ཧུའེ་ཙུང་གི་ཞོན་ཧོའི་ཁྲི་ལོ་༣པ)པས་མི་རྣམས་ཀྱིས་དེ་ལ་དྭགས་པོ་བཀའ་བརྒྱུད་ཅེས་ཟེར།ཡང་ཁམས་པ་ཕག་མོ་གྲུ་པས་༡༡༥༨ལོར་(ནན་སུང་གོང་མ་ཀའོ་ཙུང་གོ་ཧྲའོ་ཞིང་ཁྲི་ལོ་༢༨པ)བོད་ལྗོངས་ལྷོ་རྒྱུད་ཀྱི་ཕག་མོ་གྲུར་གདན་ས་མཐིལ་ཞེས་པ་བཏབ་ནས་གཞིས་ཆགས་པས་དེ་ལ་མི་རྣམས་ཀྱིས་ཕག་གྲུ་བཀའ་བརྒྱུད་ཅེས་ཟེར།གཞན་ཡང་དུས་གསུམ་མཁྱེན་པས་༡༡༨༧ལོར་(ནན་སུང་གོང་མ་ཞའོ་ཙུང་གོ་ཁྲུན་ཞིའི་ཁྲི་ལོ་༡༤པ)མཚུར་ཕུ་(ལྷ་སའི་ནུབ་ངོས་)རུ་ཀརྨ་པའི་གདན་སའ་བཏབ་པས་དེ་ལ་མི་རྣམས་ཀྱིས་ཀརྨ་བཀའ་བརྒྱུད་ཅེས་ཟེར།ཡང་རྗེས་སོར་བཀའ་བརྒྱུད་པས་ཁམས་དང་ནང་སོག་གི་ས་ཆ་ཁག་ཏུ་མི་བཏང་ནས་ཆོས་སྤེལ་ཞིང་དགོན་པ་བཏབ་པས་དེའི་སྟོབས་ཤུགས་ཀྱིས་ས་སྐྱ་པར་དོ་ཟླ་བྱེད་ཐུབ་པ་ཞིག་ཏུ་གྱུར།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060