གནས་ཡུལ། མདུན་ངོས། རྣམ་ཐར།
 
 
༄༅།།རྗེ་དཔལ་ལྡན་སྒམ་པོ་བ་ཆེན་པོའི་རྣམ་ཐར།
སྤེལ་དུས།2007-12-16   ཡོང་ཁུངས་།   རྩོམ་པ་པོ། ཁོན་ཐར་གྱིས་ཞུས།

       ༄༅། །ན་མོ་གུ་རུ། །མཁྱེན་གཉིས་ཡོན་ཏན་མཆོག་གི་སྐུ། །སྲིད་ཞི་ཀུན་གྱི་དཔལ་གཅིག་པོ། །མཚུངས་མེད་ཡོངས་གྲགས་སྒམ་པོ་བ། །འགྲོ་མགོན་བླ་མའི་ཞབས་ལ་འདུད། །འདྲེན་པ་ཆོས་རྗེ་རིན་ཆེན་གྱི། །ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་། །མཐོང་ཐོས་མོས་གུས་བསྐྱེད་བྱའི་ཕྱིར། །མཛད་སྤྱོད་རྣམ་ཐར་ཅུང་ཟད་འབྲི། །འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་གྱུར་པ། །གདུལ་བྱ་རིགས་ཅན་རྣམས་ལ་སྤྲུལ་བའི་སྐུ་སྣ་ཚོགས་འཆར་ཞིང་། གསོལ་བ་བཏབ་པས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པར་འབྱུང་བ། མདོ་སྡེ་དུ་མ་ལས་ལུང་བསྟན་པའི་སངས་རྒྱས་འཇིག་རྟེན་དུ་བྱོན་པ། མཚན་བརྗོད་པར་དཀའ་བའི་བླ་མ་རིན་པོ་ཆེ་སྒམ་པོ་བའི་རྣམ་པར་ཐར་བ་ལ་གཉིས་ཏེ། སྔོན་བྱུང་གི་རྣམ་ཐར་དང་། ད་ལྟའི་རྣམ་ཐར་གཉིས་ལས། དང་པོ་ནི། རྗེ་སྒམ་པོ་བ་ཆེན་པོ་འདི་སྐྱེ་བ་ཐོག་མ་མེད་པ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྤྱད་དེ། དེ་ཡང་སྔོན་གྱི་དུས་སུ་སྐྱེ་བ་བཞེས་པ་ནི། མདོ་ཏིང་ངེ་འཛིན་རྒྱལ་པོའི་ལེའུ་སུམ་ཅུ་རྩ་དྲུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཚད་མེད་པ་བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པ་མཚུངས་བ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་བཅོན་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་པདྨའི་ཟླ་བ་རྣམ་པར་དག་པ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ། །དེའི་སྐུ་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་དགུར་གྱུར་ཏོ། །དེ་ཉི་མ་རེ་རེ་ཞིང་ཡང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པ་ལ་བཀོད་དོ། །རབ་ཏུ་བཀོད་ཅིང་ཡོངས་སུ་མྱ་ངན་ལས་འདས་ནས་སེམས་ཅན་དཔག་ཏུ་མེད་པ་རྣམས་ཟག་པ་ཟད་པ་དགྲ་བཅོམ་པ་ཉིད་ལ་བཀོད་དོ། །རབ་ཏུ་བཀོད་ཅིང་མྱ་ངན་ལས་འདས་ན་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་དེ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་རོ། །བཅོམ་ལྡན་འདས་དེ་མྱ་ངན་ལས་འདས་ནས་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ། དམ་པའི་ཆོས་རབ་ཏུ་འཇིག་པར་འགྱུར་བ་ན། ཡུལ་ཁམས་དེར་རྒྱལ་པོ་དཔའ་བས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་དཔའ་བས་བྱིན་ལ་བཙུན་མོའི་འཁོར་བུད་མེད་བརྒྱད་ཁྲི་བཞི་སྟོང་ཡོད། བུ་སྟོང་ཡོད། བུ་མོ་ནི་ལྔ་བརྒྱ་ཡོད་དོ། ། དེའི་ཚེ་དེའི་དུས་རྒྱལ་པོ་དཔའ་བས་བྱིན་གྱིས་ཕོ་བྲང་འཁོར་རིན་ཆེན་ལྡན་ཞེས་བྱ་བ་ཡངས་ཤིང་རྒྱ་ཆེ་ལ་སྒོ་བཞི་ཡོད་པ། སྟེགས་བུ་དང་སྒོ་ཁང་། རྟ་བབས་དང་། སྐར་ཁུང་དང་པུ་ཤུ་དང་ཁང་པ་དང་ཁང་པ་བརྩེགས་པ་དང་། སྐྱེད་མོས་ཚལ་གྱིས་བརྒྱན་ཅིང་རྣམ་པར་བཀྲ་བ་ལྟ་ན་སྡུག་པ། ལྷའི་གནས་བཞིན་དུ་སྣང་བ། སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་གནས་སུ་གྱུར་པ་ཞིག་ཡོད་དོ། ། ཀུན་དགའ་བོ་དེའི་དུས་ན་མདོ་སྡེ་འདི་ལྟ་བུ་དག་ནི་སྐྱེ་བོ་མང་བོས་སྨད་ཅིང་སྤངས་ཏེ་སྐྱེ་བོ་མང་པོ་དང་མི་འཕྲོད་ཅིང་བོར་བར་གྱུར་ཏེ། འཇིགས་པ་ཆེན་པོ་མི་བཟད་པའི་དུས་སུ་གྱུར་པ། འཚེ་བ་མང་ཞིང་ཆར་ཆེ་བའི་དུས། ཆར་མི་འབབ་པའི་དུས། དུས་མ་ཡིན་པར་ཆར་འབབ་པའི་དུས། སྦྲུལ་འབྱུང་བའི་དུས། ལྕེ་འབབ་པའི་དུས། མུ་གེ་འབྱུང་བའི་དུས། ལོག་པར་ལྟ་བའི་དུས། ཡང་དག་པ་མ་ཡིན་པར་ལྟ་བའི་དུས། མུ་སྟེགས་ཅན་གྱི་སྔགས་འཚོལ་བའི་དུས། །སངས་རྒྱས་ཀྱི་བསྟན་པ་འཇིག་པར་འགྱུར་བའི་དུས། བྱང་ཆུབ་སེམས་དཔའ་བདུན་སྟོང་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དང་། ལྗོངས་ནས་བསྐྲད་ནས་དེ་དག་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ཞེས་བྱ་བ་བཞུགས་པ་དང་ལྷན་ཅིག་ཏུ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་ནགས་ཁྲོད་དེར་རྟེན་ཅིང་གནས་ཏེ། མེ་ཏོག་ཟླ་མཛེས་དེ་ཡང་དགེ་སློང་དེ་དག་ལ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་སྟོན་ཏོ། །ནགས་ཁྲོད་དེ་ཡང་དུས་ཐམས་ཅད་དུ་སྣང་བའི་མེ་ཏོག་སྣ་ཚོགས་དང་། སྙེ་མ་དང་འཁྲི་ཤིང་དང་འབྲས་བུ་དག་དང་ལྡན་པ། དཔག་བསམ་འཁྲི་ཤིང་དང་འདྲ་བའི་ཤིང་སྣ་ཚོགས་ཀྱིས་གང་ཞིང་། ས་གཞི་ཡང་གཟུགས་དང་ཁ་དོག་དུ་མ་དང་མྱུ་གུ་ཐམས་ཅད་ཀྱིས་བརྒྱན་པ། བྲག་དང་རྡོ་བ་སྣ་ཚོགས་མཛེས་ཤིང་དྲི་མ་མེད་པ་ཡངས་ཤིང་མཐོ་བ། གསེར་གྱི་རི་དྭགས་ཀྱིས་མཛེས་པར་བྱས་ཤིང་འདུག་པ། རིགས་སྔགས་འཆང་དང་དྲི་ཟ་དང་སྐྱེས་བུ་དང་དྲང་སྲོང་དང་མིའམ་ཅི་དག་གནས་པ། བྱད་གཟུགས་དང་ཁ་དོག་ཆེ་ཞིང་རྣམ་པ་སྣ་ཚོགས་མང་པོ་དག་གནས་པ། སངས་རྒྱས་མང་པོ་བཞུགས་པ། དགའ་ཚལ་དང་འདྲ་བ། ཀུན་ཏུ་བཟང་ཞིང་རྣལ་འབྱོར་དང་མཐུན་པའི་ནགས་ཚལ་དམ་པ་ཀུན་ཏུ་བཟང་པོ་དེ་ན། བྱང་ཆུབ་སེམས་དཔའ་དེ་དག་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་གནས་པར་གྱུར་ཏོ། ཀུན་དགའ་བོ་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དེ་གཅིག་པུ་དབེན་པར་སོང་ནས། ནང་དུ་ཡང་དག་འཇོག་ལ་ཞུགས་ཏེ། ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་བལྟས་པ་ན། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་མང་པོ་དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་ཀྱི་ཞིང་སྣ་ཚོགས་འདིར་སྐྱེས་ཏེ། དེ་དག་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་རྙེད་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། གལ་ཏེ་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་མ་རྙེད་ན། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མཐོང་ངོ་། །དེ་ནས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་དྲན་ཞིང་ཤེས་བཞིན་དུ་ཏེང་ངེ་འཛིན་དེ་ལས་ལངས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་ག་ལ་བ་ཡོད་པ་དེར་སོང་སྟེ་ཕྱིན་ནས། བྱང་ཆུབ་སེམས་དཔའི་ཚོགས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་དག་ཁོ་བོ་ནི་འགྲོའོ། །གྲོང་དང་གྲོང་ཁྱེར་དང་གྲོང་འདབས་དང་། ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་སྟེ། སེམས་ཅན་རྣམས་ལ་ཆོས་བསྟན་པར་བྱའོ་ཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་སྨྲ་བ་མེ་ཏོག་ཟླ་མཛེས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནགས་ཁྲོད་འདི་ནས་གྲོང་དང་གྲོང་ཁྱེར་དང་། གྲོང་འདབས་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་བོའི་ཕོ་བྲང་དུ་འགྲོ་བ་ནི་ཁོ་བོ་ཅག་འདོད་པ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ལྷག་པའི་ང་རྒྱལ་ཅན་མང་པོ་དམ་པའི་ཆོས་སྤོང་པའི་དུས་ལ་བབ་ཀྱི། དེ་དག་གིས་ཚེ་དང་ལྡན་པ་སྲོག་གཅོད་པར་གྱུར་ན་མ་ལེགས་སོ། །ཚེ་དང་ལྡན་པ་ཁྱོད་ནི་ཤིན་ཏུ་མཛེས་ཤིང་བྱད་བཞིན་བཟང་ལ་བལྟ་ན་སྡུག་སྟེ། དང་པོའི་ལང་ཚོ་དང་ལྡན་ཞིང་ན་ཚོད་དར་ལ་བབ་སྟེ། མདོག་ནི་གསེར་བཙོ་མ་དང་འདྲ། དཔྲལ་བ་ནི་དུང་དང་ཟླ་བ་དང་། མེ་ཏོག་ཀུན་དའི་ཁ་དོག་ལྟ་བུའི་མཛོད་སྤུས་བརྒྱན། སྐྲ་དང་ཐོར་ཚུགས་ནི་མཐོན་མཐིང་ལྕང་ལོར་འཁྱིལ་བ་ཡིན་པས། རྒྱལ་པོའམ་རྒྱལ་བོའི་བློན་པོའམ། དེ་ལྟ་བུ་གཞན་དག་ཀྱང་ཕྲག་དོག་དང་འཇུངས་པས་ནོན་པའི་སེམས་ཀྱིས་ཁྱོད་ཀྱི་སྲོག་བཅད་ན་མ་ལེགས་སོ། །དེ་བས་མི་གཤེགས་པར་གསོལ་ཞེས་པ་ལ། མེ་ཏོག་ཟླ་མཛེས་ཀྱིས་བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་དེ་ལ་འདི་སྐད་དུ། གལ་ཏེ་ཁོ་བོས་བདག་ཉིད་བསྲུང་བ་བྱས་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་བསྲུང་བར་མི་འགྱུར་རོ། །

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060