| རྨད་བྱུང་ཚོགས་གཉིས་རྒྱ་མཚོའི་དབུས་ན་གནས།།དགྲ་བཅོམ་གསེར་རིའི་ཕྲེང་བས་ཡོངས་སུ་བསྐོར།།བླ་མེད་སྐུ་བཞིའི་བང་རིམ་མངོན་པར་མཐོ།།སྟོབས་བཅུའི་མཁར་འཕགས་ཐུབ་དབང་ལྷན་པོར་འདུད།།ལས་ཉོན་རླབས་ཕྲེང་གཡོ་བའི་ཡིད་མཚོ་ལས།།ངོ་མཚར་ཡོན་ཏན་དྲན་པའི་པདྨ་དཀར།།ཁྱོད་སྐུའི་ཉིན་བྱེད་དབང་པོར་མངོན་ཕྱོགས་ཏེ།། བསྟོད་ཚིག་གེ་སར་བཞད་ལ་བརྩེ་བས་དགོངས།།ལྷར་བཅས་འགྲོ་བའི་སྐྱོབ་པ་བླ་ན་མེད།། འཇིག་རྟེན་གསུམ་གྱི་ཡོན་གནས་ཞིང་གི་མཆོག།སྟོང་ཕྲག་ཉི་མ་འབར་བའི་གཟི་བརྗིད་ཅན།།བསོད་ནམས་བརྒྱ་ཡི་མཚན་དང་ལྡན་པ་ཁྱོད།།སྔོན་ཚེ་བདེ་གཤེགས་རིན་ཆེན་སྙིང་པོའི་དྲུང་།།བྱང་ཆུབ་ཐུགས་བསྐྱེད་སྨོན་ལམ་བརྒྱ་ཕྲག་ལྔས། །ཞིང་འདི་བཟུང་བས་རྒྱལ་ཀུན་མགྲིན་གཅིག་ཏུ།།པད་དཀར་ལྟ་བུར་བསྔགས་ལ་ཕྱག་འཚལ་ལོ།།འཁོར་དང་ལོངས་སྤྱོད་ལུས་སྲོག་གཏོང་བ་སོགས།།གྲངས་མེད་གསུམ་གྱི་བསོད་ནམས་ཡེ་ཤེས་ཚོགས།།རླབས་ཆེན་སྤྱོད་པའི་དཔུང་ཚོགས་ཡན་ལག་བཞིས།།བདུད་བཞིའི་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ།།ཡེ་ཤེས་ཏིང་འཛིན་རྒྱ་མཚོ་མ་གཡོས་པར།།ཆོས་སྐུ་ནམ་མཁའི་དབྱིངས་ལས་སྤྲུལ་བའི་གར།།རྒྱལ་སྲས་དམ་པ་ཏོག་དཀར་སྨྲ་བའི་ཟླ། །དགའ་ལྡན་མགོན་དུ་ཤར་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོས་གཟིགས་པ་རྣམ་པ་ལྔས། །སྒྱུ་འཕྲུལ་ལྷུམས་ཞུགས་ལུམ་བིའི་སྐྱེད་ཚལ་དུ།།མཚན་དཔེ་དཔལ་འབར་གཞོན་ནུ་དོན་ཀུན་གྲུབ། །སྐྱེ་དགུའི་མགོན་དུ་བལྟམས་ལ་ཕྱག་འཚལ་ལོ། །སྡེ་བཞིའི་དཔལ་གྱིས་མངོན་མཐོ་ཤཱཀྱའི་ཡུལ། །གྲོང་ཁྱེར་མཆོག་ཏུ་ངོ་མཚར་རྒྱན་གྱིས་སྤྲས། །སྒྱུ་རྩལ་སྟོབས་འགྲན་རིག་པའི་གནས་ལ་མཁས།།བཙུན་མོ་འཁོར་དགྱེས་རོལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ས་ཡི་དབང་ཕྱུག་ཆེན་པོའི་སྲིད། །ཡོངས་སུ་སྤངས་ཏེ་ཁབ་ལས་ངེས་པར་བྱུང་། །ངུར་སྨྲིག་རྒྱལ་མཚན་ལྷར་བཅས་འགྲོ་བ་ཡི། །བསོད་ནམས་ཞིང་དུ་གྱུར་ལ་ཕྱག་འཚལ་ལོ།།ཕ་རོལ་ཕྱིན་དྲུག་གྲངས་མེད་གསུམ་གྱི་ཚོགས།།དཔག་མེད་བསྐལ་བའི་སྔོན་ནས་རྫོགས་མཛད་ཀྱང་།།དཀའ་སྤྱད་ལས་ཀྱིས་རྣམ་གྲོལ་འཐོབ་བོ་ཞེས། །ལོ་དྲུག་དཀའ་བ་སྤྱད་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདན་གྱི་བྱང་ཆུབ་སྙིང་པོར་གཤེག།།བདུད་སྡེ་དཔུང་ཚོགས་འཇོམས་པའི་ཆོ་འཕྲུལ་བཅས། །བླ་མེད་བྱང་ཆུབ་གོ་འཕང་བརྙེས་པའི་ཚུལ། །གླིང་འདིར་མངོན་སུམ་བསྟན་ལ་ཕྱག་འཚལ་ལོ། །མི་མཇེད་བདག་པོ་ཚངས་པ་ཆེན་པོ་ཡིས། །རྩིབས་སྟོང་གསེར་གྱི་འཁོར་ལོ་ཕུལ་ཏེ་བསྐུལ། །ངོ་མཚར་རྨད་བྱུང་འཕགས་པའི་བདེན་པ་བཞིའི། །ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ། །ཕན་བདེ་ཀུན་འབྱུང་འཇིགས་པ་ཀུན་ལས་སྐྱོབ། །དམ་ཆོས་འདི་པ་ཉིད་ལས་གཞན་མེད་ཅེས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོ་འཕྲུལ་གྱི། །མཛད་ཆེན་ཡང་དག་བསྟན་ལ་ཕྱག་འཚལ་ལོ། །སུམ་ཅུ་རྩ་གསུམ་གནས་སུ་དབྱར་གནས་མཛད། །སྐལ་ལྡན་སྨིན་གྲོལ་ལམ་ལ་ལེགས་བཀོད་དེ། །སྨིན་དྲུག་ཅན་ལ་ཚངས་དབང་འཁོར་ཚོགས་བཅས། །སླར་ཡང་གླིང་འདིར་བྱོན་ལ་ཕྱག་འཚལ་ལོ། །ས་ཆེན་རབ་གཡོས་ལྟས་ཆེན་བཅོ་བརྒྱད་བཅས། །བྱ་རྒོད་ཕུང་པོའི་རི་བོར་རྒྱལ་བའི་ཡུམ། །ཟབ་དང་རྒྱ་ཆེ་ཕ་རོལ་ཕྱིན་པ་ཡི། །ཆོས་འཁོར་གཉིས་པ་བསྐོར་ལ་ཕྱག་འཚལ་ལོ། །སླར་ཡང་གདུལ་བྱའི་ཁམས་དང་བསམ་པ་བཞིན། །དགོངས་པ་ངེས་འགྲེལ་ལང་ཀར་གཤེགས་པ་སོགས། །མཚན་ཉིན་ངོ་བོ་ཡོད་མེད་ལེགས་ཕྱེས་ཀྱི། །འཁོར་ལོ་གསུམ་པ་བསྐོར་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དང་། །ནུབ་ཕྱོགས་ཨོོ་ཊྚི་ཡཱ་ནའི་གླིང་སོགས་སུ། །འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡི། །རྒྱུད་ཆེན་རྣམ་བཞི་གསུངས་ལ་ཕྱག་འཚལ་ལོ། །རྩྭ་མཆོག་གྲོང་དུ་དངོས་ཀྱི་གདུལ་བྱའི་མཐའ། །རྫོགས་པར་མཛད་ཀྱང་སྲིད་པ་ཇི་སྲིད་བར། །རང་རང་སྐལ་བ་ཇི་བཞིན་སྤྲུལ་བའི་སྐུ། །རྒྱུན་མི་ཆད་དུ་འབྱོན་ལ་ཕྱག་འཚལ་ལོ། །བཞེད་པ་ཇི་བཞིན་འཇུག་ལ་མངའ་བརྙེས་པས། །ཕུན་ཚོགས་ཉེར་བཞི་མཛད་ཆེན་བཅུ་གཉིས་དང་། །ཆོ་འཕྲུལ་གསུམ་དང་ལྷུན་གྲུབ་འཕྲིན་ལས་ཀྱིས། །འགྲོ་བའི་ཕན་བདེ་སྒྲུབ་ལ་ཕྱག་འཚལ་ལོ། །དེ་ལྟར་མི་ཕྱེད་དད་པས་ཕྱག་འཚལ་ནས། །མཐའ་ཀླས་ཞིང་གི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་དུས་ནས་བསགས་པའི་སྡིག་ལྟུང་ཀུན། །འགྱོད་པས་བཤགས་ཤིང་སླད་ཆད་ཡང་དག་སྡོམ། །ཐོག་མཐའ་བར་གྱི་མཛད་པ་ཐམས་ཅད་ལ། །སྙིང་ནས་སྨོན་ཞིང་དགའ་བའི་ཡི་རང་ངོ་། །སྐྱེ་དགུ་རྣམས་ཀྱི་བླང་དོར་མཚོན་པའི་མིག། ལེགས་གསུང་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །གང་དུ་འཚོ་གཞེས་སྤྲུལ་སྐུ་ཉིན་མོའི་མགོན། །འགྲོ་ཀུན་གདུང་བར་མི་འགོད་གསོལ་བ་འདེབས། །རིང་ནས་བསགས་པའི་བསོད་ནམས་དངོས་པོ་ཀུན། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་འཛིན་ཅིང་། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཀྱི། །དམ་ཆོས་མཐའ་དག་འཛིན་པའི་རྒྱུ་རུ་བསྔོ། །ཞེས་པ་འདི་ནི་རབ་རྒྱལ་ཆུ་སྟག་ལོའི་སྨིན་དྲུག་ཅན་གྱི་ལྷ་བབས་དུས་ཆེན་ལ་བཙུན་གཟུགས ་༢ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག། །།བཀྲ་ཤིས། |