གསུམ་པ་ནི། བསྟོད་པ་ལས། ཡེ་ཤེས་ཏིང་འཛིན་རྒྱ་མཚོ་མ་གཡོས་པར། །ཆོས་སྐུ་ནམ་མཁའི་དབྱིངས་ལས་སྤྲུལ་བའི་གར། །རྒྱལ་སྲས་དམ་པ་ཏོག་དཀར་སྨྲ་བའི་ཟླ། །དགའ་ལྡན་མགོན་དུ་ཤར་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ།།
དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་ནས་ནི་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་བའི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་པ་དང་། བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་།
རིན་ཆེན་ཕྲེང་བ་ལས། སྙིང་རྗེའི་དབང་དུ་གྱུར་པ་རྣམས། །གཤེགས་དང་བལྟམས་དང་རོལ་བ་དང་། །ཁབ་ནས་འབྱུང་དང་དཀའ་སྤྱོད་དང་། །བྱང་ཆུབ་ཆེད་དུ་བདུད་སྡེ་འཇོམས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །ལྷ་རྣམས་ཀུན་ནས་བབས་པ་དང་། །དེ་བཞིན་དུ་ནི་མྱ་ངན་ལས། །འདས་པ་སྟོན་པའི་མཛད་པ་ཡིན། །ཞེས་གསུངས་པ་ལྟར་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལ་རྟག་ཏུ་མཉམ་པར་བཞག་པ་ལས་གཡོ་བ་མེད་བཞིན་དུ་མཛད་ཆེན་བཅུ་གཉིས་སོགས་སྐུའི་བཀོད་པ་དཔག་ཏུ་མེད་པས་འགྲོ་བའི་དོན་མཛད་པའི་ཚུལ་ནི། དཔེར་ན། ལྷའི་དབང་པོ་བརྒྱ་བྱིན་རྣམ་པར་རྒྱལ་བའི་ཁང་བཟང་དུ་བཞུགས་བཞིན་དུ། དེའི་སྣང་བརྙན་རིན་པོ་ཆེ་བེེཌཱུརྻའི་ས་གཞི་ལ་ཤར་བ་དེས་ལྷའི་འགྲོ་བའི་དོན་བྱེད་པ་བཞིན་ནོ། །ཇི་སྐད་དུ། རྒྱུད་བླ་མ་ལས། ཇི་ལྟར་ས་ཀུན་ཉམ་ངའི་གནས་གཞན་དང་བྲལ་དྲི་མེད་བེེཌཱུརྻ། །གསལ་མཛེས་ནོར་བུའི་ཡོན་ཏན་དྲི་བྲལ་དཔལ་ལྡན་སྟེང་ནི་མཉམ་གྱུར་ཏེ། །དག་ཕྱིར་དར་ནི་ལྷ་གནས་སྣ་ཚོགས་ལྷ་དབང་ལྷ་ཡི་གཟུགས་ཤར་ཏེ། །རིམ་གྱིས་ས་ཡི་ཡོན་ཏན་བྲལ་ཕྱིར་དེ་ནི་སླར་ཡང་མི་སྣང་འགྱུར། །དེ་དངོས་ཐོབ་ཕྱིར་བསྙེན་གནས་བརྟུལ་ཞུགས་ངེས་པར་སྦྱིན་སོགས་ལ་ཕྱོགས་པ། །བུད་མེད་སྐྱེས་ཚོགས་སྨོན་པའི་སེམས་ཀྱིས་མེ་ཏོག་ལ་སོགས་འཐོར་བ་ལྟར། །དག་པ་བེེཌཱུརྻ་འདྲའི་སེམས་ལ་སྣང་བ་ཐུབ་དབང་ཐོབ་བྱའི་ཕྱིར། །རབ་དགའི་སེམས་ལྡན་རྒྱལ་བའི་སྲས་རྣམས་དེ་བཞིན་སེམས་རབ་སྐྱེད་པར་བྱེད། །ཅེས་གསུངས་པ་ལྟར་རོ། །ཆོས་ཀྱི་སྐུ་དེ་ནི། ཤེར་ཕྱིན་སུམ་བརྒྱ་བ་ལས། །གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ་། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་སེམས་ཅན་གང་དག་གིས་དེ་བཞིན་གཤེགས་པ་ལ་མཚན་དཔེས་བརྒྱན་པའི་གཟུགས་ཀྱི་སྐུར་བདེན་གྲུབ་ཏུ་མཐོང་ཞིང་འཛིན་པ་དང་། ཡང་ལ་ལས་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པའི་ཞེས་སྒྲར་བརྗོད་པའི་སྒོ་ནས་བདེན་གྲུབ་ཏུ་འདུ་ཤེས་པ་སོགས་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མཐོང་བ་ལ་ལོག་པར་ཞུགས་ཤིང་སྤོང་བ་སྟེ། སྐྱེ་བོ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མི་མཐོང་ངོ་། །དེ་ཡང་སངས་རྒྱས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཆོས་ཉིད་དུ་བལྟ་བར་བྱ་བ་དང་། འདྲེན་པ་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་དེ་ཉིད་ནི་ཆོས་ཀྱི་སྐུའོ། །ཆོས་ཉིད་ཀྱི་སྐུ་དེ་ནི། བདེན་འཛིན་གྱིས་བཅིངས་པའི་བློས་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ནི་བློ་དེས་རྣམ་པར་ཤེས་མི་ནུས་པར་གསུངས་སོ། །དེས་ན་ཆོས་ཀྱི་སྐུ་དེ་ལས་གཡོ་བ་མེད་བཞིན་དུ་སྐྱེ་བ་མངོན་པར་སྐྱེ་བའི་ཚུལ་ནི། སྔོན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་ན། བཅོམ་ལྡན་འདས་འོད་སྲུངས་འཇིག་རྟེན་དུ་བྱོན་ནོ། །དེའི་དུས་སུ་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་བྲམ་ཟེ་ཁྱེའུ་བླ་མ་ཞེས་བྱ་བར་གྱུར། དེ་ནས་འཕོས་པའི་ཚུལ་བསྟན་ཏེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་སྟོན་པ་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏོ། །
དེར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས། དགའ་ལྡན་གྱི་ལྷ་རྣམས་གཙོ་བྱས་པའི་ལྷ་ལ་སོགས་པའི་འགྲོ་བ་རྣམས་སྨིན་པའི་ཕྱིར་ཆོས་སྟོན་པར་མཛད་དོ། །དུས་དེར་འཛམ་བུའི་གླིང་དུ། ཆུ་ཀླུང་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་ཆུ་བོ་གངྒཱའི་འགྲམ། གྲོང་ཁྱེར་ཆེན་པོ་སེར་སྐྱ་གཞི་ཞེས་བྱ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱུད་ལས་བྱུང་བ་ཤཱཀྱའི་རིགས་རྒྱལ་པོ་སེངྒེ་འགྲམ་ཞེས་བྱ་བས་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་དེ་ལ་སྲས་བཞི་སྟེ། ཟས་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་རྩི་ཟས་སོ། །སྲས་མོ་ཡང་བཞི་སྟེ། གཙང་མ་དང་། དཀར་མོ་དང་། བྲེ་བོ་མོ་དང་། བདུད་རྩི་མོའོ། །ཤཱཀྱའི་གྲོང་ཁྱེར་ལྷས་བསྟན་ཞེས་པ་ཤཱཀྱ་ལེགས་པར་རབ་སད་ཅེས་བྱ་བས་རྒྱལ་སྲིད་སྐྱོང་བ་ལས། རྒྱལ་པོ་དེ་གཉིས་ཀར་ཡང་རྒྱལ་སྲིད་བདེ་ཞིང་ཕུན་སམ་ཚོགས་པ་ཆོས་དང་ལྡན་པས་རྒྱལ་སྲིད་སྐྱོང་ངོ་། །སེར་གེ་འགྲམ་ནི་བདག་གི་རྒྱུད་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་ཡང་ཅི་མ་རུང་ཞེས་སྨོན་པར་བྱེད་དོ། །རྒྱལ་པོ་ལེགས་པར་རབ་སད་ཀྱང་། སེངྒེ་འགྲམ་དང་གཉེན་དུ་འགྱུར་བར་སྨོན་ནོ། །ལེགས་པར་རབ་སད་ལ་བུ་མོ་མཆོག་ཏུ་གྱུར་པ་ཞིག་བཙས་པ་ན། སྐྱེ་བོ་ཐམས་ཅད་ཀྱིས་འདི་ནི་མིའི་བུ་མོ་མ་ལགས་ཏེ། ལས་ཐམས་ཅད་ཀྱིས་སྤྲུལ་པའི་སྒྱུ་འཕྲུལ་ལོ་ཞེས་ཟེར་བས། དེའི་མིང་སྒྱུ་འཕྲུལ་མར་བཏགས་ཤིང། དེ་ནས་ཡང་ཕྱིས་ཤིག་ན་ལེགས་པར་རབ་སད་ཀྱི་བཙུན་མོ་ལ་བུ་མོ་སྔ་མ་ལས་ཀྱང་ཆེས་ལྷག་པའི་བུ་མོ་ཞིག་བཙས་པར་གྱུར་ཏེ། དེའི་མིང་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བཏགས་ཤིང་། མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། འདི་ལས་ནི་སྲས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་འཁྲུངས་པར་འགྱུར་ཞིང་། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་ཕྱི་ཞིག་ན་ལེགས་པར་རབ་སད་ཀྱིས། རྒྱལ་པོ་སེང་གེ་འགྲམ་ལ་འཕྲིན་དུ་སྤྲིངས་ཏེ། བདག་ལ་མཆོག་ཏུ་གྱུར་པའི་བུ་མོ་གཉིས་ཤིག་མཆིས་པ་ལས། གང་བཞེད་པ་ཞིག་གཞོན་ནུ་ཟས་གཙང་གི་བཙུན་མོར་བཞེས་ཤིག སེངྒེ་འགྲམ་གྱིས་སླར་སྤྲིངས་པ། བུ་མོ་གཉིས་ཀ་ཡང་གཞོན་ནུ་ཟས་གཙང་ལ་དགོས་པ་ཞིག་ཡོད་མོས་ཀྱི། རེ་ཞིག་ཆུང་བ་བླང་སྟེ་ཅིག་ཤོས་ཀྱང་བརྟག་པར་བྱའོ་ཞེས་སྤྲིངས་ནས་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་གཞོན་ནུ་ཟས་གཙང་མའི་བཙུན་མོ་བླངས་སོ། །དེ་ནས་དུས་གཞན་ཞིག་ན། ཤཱཀྱ་པ་རྣམས་ཀྱི་དགྲ་སྐྱ་བསེང་ཞེས་བྱ་བའི་རྒྱལ་རིགས་རི་ཁྲོད་པ་དག་ཡོད་དེ། དེ་རྣམས་འདུལ་བར་གཞོན་ནུ་ཟས་གཙང་མངགས་ཤིང་། དེ་ནས་དེས་སྐྱ་བསེང་གི་ཚོགས་རྣམས་ལེགས་པར་ཐུལ་ཏེ་འཁོར་བ་ན། ཤཱཀྱ་རྣམས་རིགས་མཉམ་པ་ལས་ཆུན་མ་བཞག་པར་མི་བྱ་བའི་ཁྲིམས་དང་ལྡན་པ་ཡིན་པས། ཤཱཀྱའི་ཚོགས་རྣམས་ཀྱིས་གནང་བ་བྱིན་ནས། སྒྱུ་འཕྲུལ་མ་འཁོར་ལྔ་བརྒྱ་དང་བཅས་པ། དཔལ་དང་འབྱོར་བ་ཆེན་པོས་གཞོན་ནུ་ཟས་གཙང་གི་བཙུན་མོར་བླངས་སོ། །ཕྱི་ཞིག་ན་རྒྱལ་པོ་སེང་གེ་འགྲམ་འདས་ཏེ། སྲས་ཀྱི་ཐུ་བོ་རྒྱལ་པོ་ཟས་གཙང་མ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ལོངས་སྤྱོད་ཅིང་། དེའི་མངའ་འབངས་རྣམས་ཀྱང་མཆོག་ཏུ་འབྱོར་ཞིང་བདེ་བ་རྒྱལ་པོ་སྔ་མ་ལས་ཀྱང་ལྷག་པ་ཙམ་དུ་གྱུར་ཏོ།།
༡.དགའ་ལྡན་ནས་འཕོས་པ།
དགའ་ལྡན་ནས་འཕོས་ཏེ་ལྷུམས་སུ་ཞུགས་པ་སོགས་ནི། བསྟོད་པ་ལས། ཐུགས་རྗེ་ཆེན་པོས་གཟིགས་པ་རྣམ་པ་ལྔས། །སྒྱུ་འཕྲུལ་ལྷུམས་ཞུགས་ལུམ་བིའི་སྐྱེད་ཚལ་དུ། །མཚན་དཔེ་དཔལ་འབར་གཞོན་ནུ་དོན་ཀུན་གྲུབ། །སྐྱེ་དགུའི་མགོན་དུ་བལྟམས་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ།།
དེའི་ཚེ་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོས་འཛམ་བུའི་གླིང་དུ་གཟིགས་པ་རྣམ་པ་ལྔ་མཛད་དེ། རིགས་དང་། ཡུལ་དང་། དུས་དང་། རྒྱུད་དང་། ཡུམ་ལ་གཟིགས་པའོ། །དེ་ཡང་རིགས་གྱི་མཆོག་ཤིན་ཏུ་བཙུན་པར་བཀུར་པའི་རྒྱལ་རིགས་དང་། ཡུལ་ཀྱི་མཆོག་ཡུལ་དབུས་ཀྱི་གྲོང་ཁྱེར་དམ་པ་དང་། དུས་ཀྱང་ཡིད་འབྱུང་བ་དང་སྐྱོ་ཤས་ཆེ་ཞིང་ཧ་ཅང་རང་སྙིགས་མ་ལྔ་བདོ་བ་ཡང་མ་ཡིན་པ་ཚེ་ལོ་བརྒྱ་བའི་དུས་དང་། རྒྱུད་ནི་མང་པོས་བཀུར་པའི་རྒྱལ་པོའི་རྒྱུད་པ་ཡང་ཡིན་ལ། ཕ་མེས་དང་མ་མེས་བདུན་རྒྱུད་ཀྱི་བར་དུ་སྐྱོན་མེད་པ་དང་། ཡུམ་ནི་བུད་མེད་ཀྱི་སྐྱོན་ཀུན་སྤངས་ཤིང་། ཡོན་ཏན་ཀུན་ཚང་ལ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་ནུས་པའི་བསོད་ནམས་བསགས་པ་དང་། །སྔོན་གྱི་རྒྱལ་བ་ལ་མཆོད་དེ་སངས་རྒྱས་ཀྱི་ཡུམ་དུ་འགྱུར་བར་སྨོན་ལམ་བཏབ་པ་སྟེ་དེ་དག་དགོས་པ་ལས། ལྷ་མོ་སྒྱུ་འཕྲུལ་ལ་དེ་ཡང་ཚང་བར་གཟིགས་སོ། །དེ་ནས་ལྷ་རྣམས་ལ། གྲོགས་པོ་དག་ཆོས་སྣང་བའི་སྒོ་བརྒྱ་རྩ་བརྒྱད་པོ་འདི་དག་ནི། རྒྱལ་སྲས་འཆི་འཕོ་བའི་ཚེ་བསྟན་པར་བྱའོ། །དད་པ་ནི། ཆོས་སྣང་བའི་སྒོ་སྟེ། བསམ་པ་ཕྱེད་པར་འགྱུར་རོ། །དད་པ་ནི། ཆོས་སྣང་བའི་སྒོ་སྟེ། སེམས་རྙོག་མ་ཅན་དང་བར་འགྱུར་བའི་ཕྱིར་རོ། །ཞེས་པ་ནས། དབང་བསྐུར་པའི་ས་ནི། ཆོས་སྣང་བའི་སྒོ་སྟེ། མངལ་དུ་འཇུག་པ་ནས་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པའི་བར་འགྱུར་རོ༑༑ ཞེས་པའི་བར་དུ་གསུངས་ནས། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོ་ཚེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲས་པ་ནི། །གྲོགས་དག་བག་མེད་སྤྱོད་པ་སྤོང་བར་གྱིས། །ཞེས་སོགས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དགའ་ལྡན་དུ་གནས་པ་ལ་སོགས་པའི་འདོད་པའི་ལྷ་རིགས་དྲུག་ལ་ལན་གསུམ་དུ་འདི་སྐད་ཅེས་བསྒྲགས་ཏེ། ང་ནི་དགའ་ལྡན་གྱི་ལྷའི་རིགས་འདི་ནས་འཕོས་ཏེ་འཛམ་བུའི་གླིང་དུ་རྒྱལ་པོ་ཟས་གཙང་གི་བུར་གྱུར་ནས་བདུད་རྩི་རྟོགས་པར་བྱ་ཡི༑ ཁྱེད་ཅག་བདུད་རྩིའི་དོན་དུ་གཉེར་བ་རྣམས་ཡུལ་དབུས་ཀྱི་མིར་ཉིང་མཚམས་སྦྱོར་བ་ལོངས་ཤིག་ཅེས་སོ། །དེར་དགའ་ལྡན་གྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་མཁྱེན་པར་མཛོད་ཅིག་ད་ལྟ་འཇིག་རྟེན་ནི་སྡིག་པས་གོས་ལ། སྐྱེ་དགུ་ནི་མ་རུངས་པའོ། །འཛམ་བུའི་གླིང་ནི། འོད་སྲུངས་རྫོགས་བྱེད་དང་། གནག་ལྷས་ཀྱི་བུ་ཀུན་ཏུ་རྒྱུ་དང་། ཡང་དག་རྒྱལ་བ་ཅན་དང་། མི་ཕམ་སྐྲའི་ལྭ་བ་ཅན་དང་། ཀ་ཏའི་བུ་ནོག་ཅན་དང་། གཉེན་གྱི་བུ་གཅེར་བུ་པ་སྟེ་རྟོག་གེ་པ་དྲུག་དང་། བྲམ་ཟེ་རྒྱུད་རྒྱལ་དང་། བྲམ་ཟེ་གནག་ལྡོག་དང་། བྲམ་ཟེ་བཟང་ལྡན་དང་། བྲམ་ཟེ་ཚངས་པའི་པའི་ཚེ་དང་། བྲམ་ཟེ་པདྨའི་སྙིང་པོ་དང་། བྲམ་ཟེ་དམར་པོ་སྟེ་རྗེས་སུ་སྒྲོག་པ་དྲུག་དང་། རེངས་བྱེད་ཀྱི་བུ་ལྷག་སྤྱོད་དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་། ཀུན་ཏུ་རྒྱུ་རབ་བཟང་དང་། བྲམ་ཟེའི་ཁྱེའུ་ཀུན་རྒྱལ་དང་། དྲང་སྲོང་ཉོན་མོངས་མེད་དང་། ལྟེང་རྒྱས་འོད་སྲུངས་རལ་བ་ཅན་ཏེ་སྙོམས་འཇུག་པར་དྲུག་གོ། དེ་ལྟར་སྟོན་པ་བཅོ་བརྒྱད་ཀྱིས་དཀྲུགས་པ་ལགས་པས། གཤེགས་པའི་སྐབས་མ་ལགས་སོ། །ཞེས་གསོལ་ཏོ༑༑ དེ་ནས་བྱང་ཆུབ་སེམས་དཔས། གྲོགས་པོ་དག་རོལ་མོའི་ཆ་བྱད་ཐམས་ཅད་རྡུངས་ཤིག་ཅེས་པས། དེ་རྣམས་ཀྱིས་རོལ་མོ་ཐམས་ཅད་བརྡུངས་པ་ན། བྱང་ཆུབ་སེམས་དཔས་ཀྱང་དུང་འབུད་པར་མཛད་ནས། འདི་རྣམས་ལས་སྒྲ་ལྷག་པར་ཆེ་བ་གང་ཡིན། གསོལ་བ། དུང་གི་སྒྲ་ལགས་སོ། །བཀའ་སྩལ་པ། དུང་གི་སྒྲས་རོལ་མོའི་སྒྲ་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། ངས་ཀྱང་དེ་དག་ཟིལ་གྱིས་མནན་ཏེ། བདུད་རྩིས་འགྲོ་བ་ཚིམ་པར་བྱའོ། །སེང་གེ་གཅིག་གིས་གཅན་གཟན་ཚོགས་ནི་དུ་མ་འཇོམས། །རྡོ་རྗེ་གཅིག་གིས་བྲག་རྩེ་དུ་མ་རྣམ་པར་འཇིག། བརྒྱ་བྱིན་གཅིག་གིས་ལྷ་མིན་དབང་པོ་དུ་མ་འཇོམས། །ཉི་མ་གཅིག་གིས་མུན་པ་དུ་མ་རྣམ་པར་སེལ། །ཞེས་སོ། །དེ་དག་གི་ཚེ་བར་སྣང་ལ་རྒྱུ་བའི་ལྷ་རྣམས་ཀྱིས། ད་སྟེ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་བསྒྲགས་པས། འཛམ་བུའི་གླིང་ན་རང་སངས་རྒྱས་ལྔ་བརྒྱ་ཙམ་བཞུགས་པ་དེ་དག་ཕན་ཚུན་གཅིག་ནས་གཅིག་ཏུ་འདུས་ཏེ་ཝ་རཱ་ན་སིར་བྱོན། ད་ནི་སངས་རྒྱས་མྱུར་དུ་འབྱོན་པས་བདག་ཅག་གིས་འགྲོ་བའི་དོན་བྱ་མི་དགོས་སོ་སྙམ་དུ་དགོངས་ནས། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །གདུང་ལ་རང་བྱུང་གི་མེ་འབར་ཏེ་ནམ་མཁར་སོང་བ་ལས་རིང་བསྲེལ་རྣམས་སའི་སྟེང་དུ་ལྷུང་བར་གྱུར་ཏོ། །དེ་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱིས། གལ་ཏེ་མགོན་པོ་ཁྱོད་འཛམ་བུའི་གླིང་དུ་གཤེགས་ན། དགའ་ལྡན་གྱི་གནས་འདི་ངན་པར་འགྱུར་རོ་ཞེས་པས། བཀའ་སྩལ་པ། དེང་ཕྱིན་ཆད་མི་ཕམ་པས་ཆོས་སྟོན་པར་འགྱུར་རོ། །ཞེས་རིན་པོ་ཆེའི་ཅོད་པན་རྒྱལ་བ་མི་ཕམ་མགོན་པོ་ལ་ཕུལ་ཏེ་རྒྱལ་ཚབ་ཏུ་བསྐོས་སོ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱི༎ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་སྐུ་ལ་གཟི་མདངས་བསྐྱེད་ཅིང་། ལྷུམས་ཀྱང་གཙང་མར་བྱས་སོ། །ཆུ་སྟོད་ཀྱི་ཟླ་བའི་ཚེས་བཅོ་ལྔ་ལ་བབ་སྟེ། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡང་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པར་བླངས་ཤིང་གནས་པ་ལ། བྱང་ཆུབ་སེམས་དཔའ་ནམ་གྱི་གུང་གི་ཐུན་ལ་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས་སོ། །དེའི་ཚེ་ས་ཆེན་པོ་གཡོས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་སྣང་བས་ཁྱབ་པར་གྱུར་ཏོ། །ཡུམ་གྱི་རྨི་ལམ་དུ་གླང་པོ་ཆེ་མཆོག་གིས་ཡུམ་ཉིད་ཀྱི་གཡས་ཕྱོགས་ཀྱི་རུམ་དྲལ་ནས་ཞུགས་པ་དང་། སྟེང་གི་ནམ་མཁར་འགྲོ་བ་དང་། རི་བྲག་ཆེན་པོ་ལ་འཛེག་པ་དང་། སྐྱེ་བོ་མང་པོས་རང་ལ་ཕྱག་བྱེད་པ་སོགས་རྨིས་ཏེ། ཇི་སྐད་དུ། གསེར་གྱི་དྲ་བས་ལེགས་གཡོག་སྤྱི་གཙུག་དམར། །ཐལ་དཀར་མཆེ་བ་དྲུག་དང་རབ་ལྡན་ཞིང་། །དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡི། །གླང་པོའི་མཆོག་ཅིག་ཁོང་དུ་སོང་སྙམ་བྱེད། །དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། །སྔོན་ཆད་མཐོང་ཐོས་མྱོང་བར་མ་གྱུར་བའི། །གྱ་ནོམ་བདེ་བས་ཤིན་ཏུ་བདེར་གྱུར་ཏེ། །བསམ་གཏན་མཉམ་པར་བཞག་པ་བཞིན་དུ་གྱུར། །ཅེས་སོ། །རྨི་ལྟས་དེ་དག་རྒྱལ་པོས་རྨི་ལམ་སྟོད་མཁན་སོགས་ལ་དྲིས་པ་ན། དེ་རྣམས་ཀྱིས་སྨྲས་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྲས་ཤིག་བལྟམས་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་ཕོ་བྲང་གི་སྐྱེད་མོས་ཚལ་དུ་ཡོ་བྱད་དང་། འབྱོར་པ་དཔག་ཏུ་མེད་པ་དང་བཅས་ཏེ་སྡུག་བསྔལ་དང་ཡིད་མི་བདེ་བའི་རྐྱེད་ཐམས་ཅད་སྤངས་ཏེ། དགའ་ཚལ་གྱི་ལྷའི་བུ་མོ་བཞིན་དུ་གནས་པ་ལས། ནམ་ཞིག་ན་རྒྱ་མཚོ་བཞིའི་ཆུ་བཏུང་བར་འདོད་པ་སྐྱེས་ནས། རྒྱལ་པོ་ལ་ཞུ་ཞིང་། རྒྱལ་པོས་མཚན་མཁན་རྣམས་ལ་དྲིས་ཏེ། ཀུན་ཏུ་རྒྱུ་མིག་དམར་ཞེས་བྱ་བ་སྒྱུ་འཕྲུལ་གྱི་རིགས་སྔགས་ལས་བྱང་བ་ཞིག་ཡོད་པ་བོས་ནས། དེས་རིགས་སྔགས་ཀྱིས་སྤྲུལ་པའི་རྒྱ་མཚོ་བཞི་བསྟན་ཏེ། དེ་བཞིའི་ཆུ་བླུད་ནས་ཚིམ་པར་བྱས་སོ། །གཞན་ཡང་། སྐྱེ་བོ་དུ་མ་སྦྱིན་པས་ཚིམ་པར་བྱའོ་སྙམ་པ་ཡང་རྒྱལ་པོས་དེ་བཞིན་དུ་མཛད། སྐྱེད་མོས་ཚལ་སྣ་ཚོགས་གཟིགས་པར་འདོད་པ་ཡང་དེ་བཞིན་དུ་མཛད་དོ།།
༢.སྐུ་བལྟམས་པ།
དེ་ལྟར་ལྷུམས་སུ་ཟླ་བ་བཅུ་ལོན་ཏེ། ལྗོན་ཤིང་དང་མེ་ཏོག་ཐམས་ཅད་ནི་རབ་ཏུ་རྒྱས། བྱ་རྣམས་ནི་དགའ་བས་སྐད་འབྱིན། ཤིང་ས་ཧ་ཀ་རའི་འབྲས་བུ་ཡང་སྨིན་ཅིང་དུད་པར་གྱུར། དཔྱིད་ཟླ་ཐ་ཆུང་གི་ཡར་ངོ་ལ་བབ་པ་ན། ལྷ་མོ་སྒྱུ་འཕྲུལ་ཆེན་མོས་བསམ་པ་བདག་ལྷས་བསྟན་གྱི་སྐྱེད་མོས་ཚལ་དུ་འདུག་པར་བྱའོ་སྙམ། དེ་ལྟར་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་ཀྱང་གནང་སྟེ། གྲོང་ཁྱེར་ལྷས་བསྟན་དང་ཉེ་བའི་ལུམ་བིའི་ཚལ་དུ་འབྱོན་པར་ཆས་ནས་། རིན་པོ་ཆེ་སྣ་བཞིའི་ཁྱོགས་བཤམས་པ་ལ་བཞུགས་ཤིང་།གཡོག་མོ་དུ་མས་ཡོངས་སུ་བསྐོར། རྒྱལ་པོ་ཟས་གཙང་མ་ཡང་དཔུང་ཚོགས་ཡན་ལག་བཞི་དང་བཅས་པ། སེར་སྐྱ་གཞིའི་གྲོང་ཁྱེར་ནས་འཕགས་ཏེ། ལུམ་བི་ནི་ཡི་སྐྱེད་ཚལ་དུ་ཕེབས་སོ། །ཡུམ་གྱིས་ཕྱོགས་ཀུན་ཏུ་གཟིགས་པས། ཤིང་མྱ་ངན་འཚང་མེ་ཏོག་རབ་ཏུ་རྒྱས་པ་ཞིག་གཟིགས་ཏེ། དེའི་ཡལ་ག་ལ་ཕྱག་གཡས་པས་བཟུང་སྟེ་བལྟམས་པར་འདོད་པ་ན། བརྒྱ་བྱིན་གྱིས་བདག་ཉིད་མ་མ་རྒན་མོའི་ཆ་བྱད་དུ་སྤྲུལ་ནས་མདུན་དུ་བསྡད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡུམ་ལ་གནོད་པ་མེད་པར་གོས་དང་བཅས་པར་ཡུམ་གྱི་དཀུ་གཡས་པ་བརྟོལ་ཏེ་བྱོན་པ་ནི། དཔེར་ན། སྐྱེས་བུ་ཞིག་སྒོ་ཕྱེ་སྟེ་ཕྱི་རོལ་ཏུ་ཐོན་ནས་ཡང་སྒོ་བཅད་པ་བཞིན། བལྟམས་ཟིན་པ་ན་རྨའི་སྒོ་མངོན་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་སྐུ་བལྟམས་མ་ཐག་ཏུ་ས་ཆེན་པོ་ནི་རྣམ་པ་དྲུག་ཏུ་གཡོས། འོད་ཀྱི་སྣང་བ་ཆེན་པོས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེ་མ་ཐག་ཏུ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བར་མཛད་དེ། འདི་སྐད་ཅེས། འདི་ནི་ཤར་ཕྱོགས་ཡིན་ཏེ། མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། །འདི་ནི་ལྷོ་ཕྱོགས་ཡིན་ཏེ། འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ། །འདི་ནི་ནུབ་ཕྱོགས་ཡིན་ཏེ། ང་ཡི་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བྱང་ཕྱོགས་ཡིན་ཏེ། སྲིད་པའི་རྒྱ་མཚོ་ལས་བརྒལ་བར་བྱའོ་ཞེས་སོགས་གསུངས་སོ། །དེའི་ཚེ་ནམ་མཁའ་ནས་ཚངམས་པ་དང་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་དང་། ཀླུ་དགའ་བོ་དང་ཉེ་དགའ། གཞན་ཡང་ལྷའི་བུ་མང་པོས་སྐུ་ཁྲུས་གསོལ་ཞིང་། མེ་ཏོག་འཐོར། གདུགས་དཀར་དང་བ་དན་དང་རྔ་ཡབ་སོགས་ཀྱང་ལྷའི་བུ་རྣམས་ཀྱིས་སྟེང་ཕྱོགས་སུ་འཛིན། རོལ་མོའི་སྒྲ་ཡང་བསྒྲགས་སོ། །དེ་ལྟར་སྐུ་བལྟམས་པར་གྱུར་པའི་འོད་ཟེར་ཏེ། རི་བོ་ཀུན་འཛིན་གྱི་ཕུག་པ་ན། དྲང་སྲོང་ཉོན་མོངས་མེད་རང་གི་ཚ་བོ་མེས་བྱིན་དང་ལྷན་ཅིག་བསམ་གཏན་བྱེད་པས། ཕུག་པ་དེ་སྣང་བའི་ཁྱབ་པ་མཐོང་སྟེ། མེས་བྱིན་གྱིས། འདི་ནི་ཉི་མ་ཐམས་ཅད་དག། ཅིག་ཆར་ཤར་བར་གྱུར་ཏམ་ཅི། །འདི་ལྟར་རི་ནི་ཕུག་བཅས་པ། །འོད་གཅིག་གིས་ནི་གསལ་བར་གྱུར། །ཅེས་དྲིས་པ་ན། དྲང་སྲོང་ནག་པོ་པས། ཉི་མའི་འོད་ནི་རྒྱུན་དུ་རྣོ། །བུ་གཅིག་སྣང་བའི་འོད་འདི་དག། ཡན་ལག་རེག་ན་བདེ་བསིལ་བས། །ངེས་པར་ཐུབ་པ་དེ་ཡི་འོད། །ཅེས་སྨྲས་པས། མེས་བྱིན་བྱང་ཆུབ་སེམས་དཔའ་འཕྲལ་དུ་མཇལ་འདོད་སྐྱེས་པ་ལ། དྲང་སྲོང་གིས། ད་ལྟ་ལྷ་དབང་ཆེ་བ་རྣམས་ཀྱིས་བསྐོར་ཅིང་བཞུགས་པས། འོ་སྐོལ་གྱིས་སྐབས་རྙེད་པར་མི་འགྱུར་གྱི། སེར་སྐྱ་གཞིར་བྱོན་པའི་ཚེ་བལྟ་བར་བྱའོ་ཞེས་སྨྲས་སོ། །ཉི་མ་དེ་ཉིད་ལ་ཕྱོགས་བཞིའི་རྒྱལ་པོ་རྣམས་ལ་ཡང་བུ་རེ་རེ་སྐྱེས་ཏེ། མཉན་ཡོད་དུ་རྒྱལ་པོ་རྩིབས་ཀྱི་རིང་འཕུར་གྱི་བུ་བཙས་པ་ན། ཡུལ་བྲ་ཕབ་པ་བཞིན་གསལ་བས་མིང་ལ་གསལ་རྒྱལ་དང་། རྒྱལ་པོའི་ཁབ་ཏུ་རྒྱལ་པོ་པདྨ་ཆེན་པོའི་བུ་བཙས་པ་ན། ཉི་མའི་གཟུགས་ཤར་བ་ལྟར་སྣང་ཞིང་གཟུགས་ཅན་མའི་བུ་ཡིན་པས་མིང་གཟུགས་ཅན་སྙིང་པོ་དང་། ཀཽ་ཤམྦི་རུ་རྒྱལ་པོ་དམག་བརྒྱ་བའི་བུ་བཙས་པ་ན། འཇིག་རྟེན་དུ་ཉི་མ་ཤར་བ་ལྟར་གྱུར་པས་མིང་ལ་ཤར་བ་དང་། འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་བཙས་པ་ན། འཇིག་རྟེན་སྒྲོན་མེས་སྣང་བ་ལྟར་གྱུར་པས་མིང་ལ་རབ་སྣང་ཞེས་བཏགས་ཤིང་། དེ་ཡང་བྱང་ཆུབ་སེམས་དཔའ་སྐུ་བལྟམས་པའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་ལ་དྲས་ནས་སོ་སོར་དེ་ལྟར་མིང་བཏགས་སོ། །གཞན་ཡང་ཉིན་དེ་ལ༑ བཟང་ལྡན་ལ་སོགས་པའི་ཤཱཀྱའི་བུ་ལྔ་བརྒྱ་ཡང་བཙས། རྒྱལ་པོའི་རིམ་གྲོ་བ་སོགས་ལ་བུ་བདུན་པ་ལ་སོགས་པ་ལྔ་བརྒྱ་དང་། བུ་མོ་མདུན་མ་ལ་སོགས་པ་ལྔ་བརྒྱ་ཡང་བཙལ། གླང་མོ་ལྔ་བརྒྱ་ལ་ཕྲུ་གུ་འབྲངས། རྒོད་མ་ལྔ་བརྒྱ་ལ་ཡང་རྟེའུ་འབྲངས། གཏེར་ལྔ་བརྒྱ་ཡང་ཁ་ཕྱེ་བར་གྱུར་ཏོ། །འཛམ་བུ་གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་ཨ་ཤྭཏྠའི་སྡོང་པོ་སྐྱེས། མཚོ་མ་དྲོས་པའི་འགྲམ་དུ་ཨུ་དུམ་ཝ་རིའི་མེ་ཏོག་ཁ་འབུས། གླིང་ཕྲན་རྣམས་སུ་ཙན་དན་གྱི་ཚལ་དང་། འབབ་ཆུ་རོ་ཧི་ཏའི་འགྲམ་དུ་ཤིང་དགེ་བའི་སྙིང་པོ་ཡང་སྐྱེས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མས། བདག་གི་བུ་འདི་བཙས་པ་ན་དོན་ཐམས་ཅད་གྲུབ་པར་གྱུར་པས། གཞོན་ནུའི་མཚན་དོན་ཐམས་ཅད་གྲུབ་པར་བཏགས་སོ། །ཞེས་བརྗོད་དེ། དེ་ལྟར་གྲགས་སོ། །དེ་ལྟར་གཞོན་དུ་དོན་ཐམས་ཅད་གྲུབ་པ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བའི་སར་མེ་ཏོག་པདྨ་བྱུང་བ་སོགས་དང་འབྲེལ་བར། དབྱིབས་ཟླུམ་པོ་པདྨའི་རྣམ་པ་ཅན། བང་རིམ་བཞི་བའམ་བདུན་བརྒྱད་དུའང་བཤད་པ། པདྨ་དང་འཁོར་ལོས་སྤྲས་པ་པདྨ་སྤུངས་པའི་མཆོད་རྟེན་ནི་རྒྱལ་པོ་ཟས་གཙང་མ་སོགས་ཀྱིས་བཞེངས་སོ།།
འདིར་སྨྲས་པ། རིན་ཆེན་གཞི་དང་སྙིང་པོ་མེ་ཏོག་གིས། །ཡོངས་སུ་བརྒྱན་པའི་སྟོང་གསུམ་མི་མཇེད་ཞིང་། །དུམ་བུར་ཆགས་པའི་གླིང་བཞིའི་འཇིག་རྟེན་ཁམས། །ལྷོ་ཕྱོགས་འཛམ་བུ་པྲིཀྵས་མཚན་པའི་གླིང་། །དེ་ཡི་དབུས་སུ་སེར་སྐྱ་གཞི་ཞེས་པ། །གྲོང་ཁྱེར་ཆེན་པོའི་ཕུན་ཚོགས་དཔལ་འབྱོར་སོགས། །སུམ་ཅུ་རྩ་གསུམ་འཆི་མེད་ལྷ་ཡི་ཡུལ། །འཛམ་གླིང་འཛིན་མའི་རྒྱན་དུ་འཕོས་པ་བཞིན། །ཉི་ཟླའི་ཕྲེང་བ་ལྟར་མཛེས་རྒྱལ་པོའི་ཁབ། །གསེར་གྱི་ཁང་བཟང་ནམ་མཁའི་དབྱིངས་ཀྱི་རྒྱན། །དེ་ན་མི་ཡི་དབང་པོ་ཟས་གཙང་རྗེས། །བགྲང་ཡས་སྐྱེ་དགུ་བྱམས་པས་བུ་བཞིན་སྐྱོང་། །གྲགས་པའི་ཟླ་བ་བསོད་ནམས་འོད་སྣང་གིས། །རབ་མཛེས་ས་ཡི་ཚངས་པ་ཆེན་པོ་དེ། །ཡན་ལག་བཞི་ཡི་དཔུང་གི་དབུས་ན་བརྗིད། །དྲེགས་ལྡན་ཡོངས་ཀྱི་གཙུག་ཏུ་རྐང་རྟེན་འཆའ། །སྟོབས་ཀྱི་དབང་ཕྱུག་མཛེས་སྡུག་རྫོགས་པའི་སྐུ། །གཞོན་ནུ་ལང་ཚོ་དར་བའི་སྐབས་ཤིག་ན། །སྐྱོན་ལྔ་དག་ཅིང་ཡོན་ཏན་བརྒྱད་དང་ལྡན། །རྒྱལ་ཡུམ་ལྷ་མོས་སྒྱུ་འཕྲུལ་ཁབ་ཏུ་བསུས། །གང་ཚེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་ནས། །རྒྱལ་སྲས་ཚུལ་བཟུང་དམ་པ་ཏོག་དཀར་པོས། །འཛམ་བུའི་གླིང་དུ་གཟིགས་པ་རྣམ་ལྔ་མཛད། །གླིང་འདིར་ཕེབས་ལ་མངོན་དུ་ཕྱོགས་པར་གྱུར། །དེའི་ཚེ་དགའ་ལྡན་ལྷ་རྣམས་མྱ་ངན་གྱིས། །ཁྱོད་ནི་འཛམ་བུའི་གླིང་དུ་གཤེགས་གྱུར་ན། ལྷ་ཡི་འཇིག་རྟེན་འདི་ནི་སྟོང་བར་གྱུར། །ད་ནི་མགོན་སྐྱབས་སུ་ལ་འཆའ་ཞེས་གསོལ། །ལྷ་ཡི་འཁོར་ལ་ཀུན་དགའ་སྐྱེད་པའི་ཕྱིར། །ཉིད་ཀྱི་རིན་ཆེན་མཛེས་པའི་ཅོད་པན་དཀར། རྗེ་བཙུན་མི་ཕམ་མགོན་པོའི་དབུ་ལ་ཕུལ། །རྒྱལ་ཚབ་དམ་པ་ཉིད་དུ་དབང་ཡང་བསྐུར། །ནམ་ཞིག་ཆུ་སྟོད་ཟླ་བ་རྒྱས་པའི་ཚེ། །ལྷ་ཡི་ཡུལ་དུ་མི་སྣང་ལྟར་མཛད་ནས། །གླང་ཆེན་དཀར་པོ་མཆེ་བ་དྲུག་ལྡན་གྱི། །རྣམ་པས་ཡུལ་གྱི་ལྷུམས་སུ་ཞུགས་པར་གྱུར། །དེ་ལྟར་ལྷུམས་སུ་ཟླ་བཅུ་འདས་པ་ན༑༑ དཔྱིད་ཀྱི་ཕོ་ཉས་རབ་སྙན་གླུ་དབྱངས་སྒྲོག། ས་གཞི་སྔོ་ལྗང་གཡུ་ཡི་མཎྜལ་སྟེང་། །མེ་ཏོག་སྣ་ཚོགས་ཕྲ་ཚོམ་བཀོད་པ་བཞིན། །རབ་མཛེས་དབྱར་གྱི་དགའ་སྟོན་རྒྱས་པའི་དུས། །སྐབས་གསུམ་དགའ་བའི་ཚལ་གྱི་རྗེས་འགྲོ་བའི། །ལྷས་བསྟན་ལུམྦི་ནི་ཡི་སྐྱེད་ཚལ་དུ། །འཇིག་རྟེན་གསུམ་གྱི་མགོན་པོ་ཡང་དག་བལྟམས། །དེའི་ཚེ་བཀྲ་ཤིས་སྣང་བ་དཀར་པོས་མ་ལུས་འཇིག་རྟེན་ཁམས་ཀུན་གསལ། །གསེར་བུམ་ཐོགས་པའི་ལྷ་རྣམས་ཀྱིས་ནི་མཚན་དཔེ་སྐུ་ལ་ཁྲུས་ཀྱང་གསོལ། །ངོ་མཚར་རོལ་མོ་སྣ་ཚོགས་བརྡུངས་པས་ཕྱོགས་ཀྱི་འཁོར་ལོ་མ་ལུས་ཁྱབ། །གདུགས་དཀར་རྔ་ཡབ་རྒྱལ་མཚན་སོགས་ཀྱིས་འཆི་མེད་ལྷ་ཡི་ལམ་ཡང་གང་། །ང་ནི་འཇིག་རྟེན་ཀུན་གྱི་མཆོག་གྱུར་ཡོན་གནས་བླ་ན་མེད་པའོ་ཞེས། །ཡངས་པའི་ས་ཆེན་འདི་ཡི་ཕྱོགས་བཞིར་གོམ་པ་བདུན་རེ་ཕེབས་པར་མཛད། །ཞབས་ཀྱི་བཀྲ་ཤིས་རི་མོ་བྲིས་སར་ངོ་མཚར་པདྨ་དག་ཀྱང་བྱུང་། །ལྷར་བཅས་འགྲོ་བ་ཐམས་ཅད་དགའ་ཞིང་ས་ཡང་རྣམ་པ་དྲུག་ཏུ་གཡོས། །འཛམ་གླིང་དབུས་སུ་བྱང་ཆུབ་ཤིང་སྐྱེས་ཨུ་དུམ་ཝ་རའི་ཚལ་ཡང་རྒྱས། །ཕྱོགས་བཞིར་རྒྱལ་སྲས་བཞི་ཡང་འཁྲུངས་ལ་རིན་ཆེན་གཏེར་ཁ་ཕྱེ་བ་སོགས། །ངོ་མཚར་ལྟས་བཟང་དཔག་མེད་བྱུང་བས་གཞོན་ནུ་དོན་ཀུན་གྲུབ་པ་ཞེས། །བཀྲ་ཤིས་མཚན་གྱི་མེ་ཏོག་ཕྲེང་བ་དཔལ་ལྡན་ཟས་གཙང་རྒྱལ་པོས་ཕུལ། །གང་གི་ཕྱག་ཞབས་མཛེས་ཤིང་དམར་ལ་ཤིན་ཏུ་འཇམ་པས་པདྨ་འདྲ། །སོར་མོ་རིང་ཞིང་མཛེས་པར་འབྲེལ་བས་ངང་བའི་རྒྱལ་པོ་ཇི་བཞིན་ནོ། །ཕྱག་ཞབས་བཀྲ་ཤིས་འཁོར་ལོས་མཚན་ཞིང་སེན་མོ་དམར་བའ་ཟངས་མདོག་བཞིན། །གསང་བ་མཛེས་པར་སྦུབས་སུ་ནུབ་པས་གླིང་ཆེན་རྟ་མཆོག་ཅང་ཤེས་ལྟར། །སྐུ་ནི་མཛེས་ཤིང་ཆུ་ཞེང་གབ་པས་ནྱ་གྲོ་དྷ་ཡི་ལྗོན་པ་བཞིན༎ ཤིན་ཏུ་གསལ་ཞིང་གཟི་བརྗིད་འབར་བས་གསེར་གྱིས་མཆོད་སྡོང་ཆེན་པོ་འདྲ། །སྐུ་ལ་རྡུལ་དང་དྲི་མ་མེད་པས་བེེཌཱུརྻ་ཡི་རིགས་སུ་མཐུན། །ཟླུམ་ལ་རྒྱས་པའི་གཙུག་གཏོར་ལྡན་པའི་དབུ་ནི་རིན་ཆེན་གདུགས་ལྟ་བུ། །དཔྲལ་བའི་དབྱེས་ཆེ་ལྟ་ན་སྡུག་པའི་ཡར་གྱི་ཟླ་བ་ཚེས་པ་བཞིན། །རིམ་པ་སོ་གཉིས་གཡས་སུ་འཁྱིལ་བའི་མཛོད་སྤུ་ཉ་རྒྱས་ཟླ་བ་འདྲ། །སྤྱན་གཉིས་མཐོན་མཐིང་དཀྱུས་རིང་གཡོ་བས་ཨུཏྤལ་སྔོན་པོའི་འདབ་མ་བཞིན། །འགྲམ་པའི་དཀྱིལ་འཁོར་ཟླུམ་ལ་འཚམ་པས་སེངྒེའི་འགྲམ་པ་དག་དང་མཚུངས། །ཤངས་ནི་གཙང་ཞིང་དྲི་མ་མེད་པས་པདྨའི་སྦུབས་དང་ཡང་དག་མཚུངས། །མཆུ་ནི་དམར་ཞིང་ཤིན་ཏུམཛེས་པ་བིམ་པའི་མདངས་ཀྱི་མཛེས་པ་འཕྲོག། ཚེམས་འཕྲེང་བཞི་བཅུ་དཀར་ཞིང་གསལ་བས་ཟླ་བའི་འོད་ཟེར་འབྱེད་པ་བཞིན། །སྲབ་ཡངས་ཞལ་གྱི་དཀྱིལ་འཁོར་ཁེབས་པས་ལྗགས་ནི་པདྨའི་འདམ་ལ་ལྟར། །ཤིན་ཏུ་སྙན་ཞིང་འཇེབས་པའི་གསུང་ནི་ཀ་ལ་པིང་ཀའི་དབྱངས་དང་མཚུངས། །ཀུན་ཏུ་ཁྱབ་ཅིང་ཤིན་ཏུ་བརྗིད་པས་འབྲུག་སྒྲ་ངག་གི་གཉེན་པོར་གྲུབ། །ཕྱག་ཞབས་བོལ་སོགས་བདུན་ནི་མཐོ་ཞིང་སྐུ་སྟོད་བརྗིད་པས་སེངྒེ་འདྲ། །བྱིན་པ་རྒྱས་ཤིང་ཟླུམ་ལ་འཚམ་པས་རི་དྭགས་ཨེ་ན་ཡའི་ལྟ་བུ། །འཕགས་པའི་ཚོགས་ཀྱི་ཐོག་མར་གཤེགས་པས་ཁྱུ་མཆོག་དག་གི་འགྲོས་དང་མཚུངས། །རྒྱུ་སྐར་ལམ་ནས་གཤེགས་ཤིང་འབྱོན་པས་ངང་བའི་རྒྱལ་པོར་ཡང་དག་མཚུངས། །སྐུ་ཡི་འོད་ཀྱི་དཀྱིལ་འཁོར་གསལ་བས་ཉི་མ་བྱེ་བའི་གཉེན་པོར་གྲུབ། །མགྲིན་པ་བཀྲ་ཤིས་རི་མོ་སུམ་ལྡན་དྲི་མེད་དུང་གི་དཔེ་རུ་བྱས། །ཞལ་གྱི་དཀྱིལ་འཁོར་རབ་ཏུ་རྒྱས་པས་ཆ་ཤས་གང་བའི་ཟླ་བ་འདྲ། །སྲིད་པ་གསུམ་ན་ཤིན་ཏུ་དཀོན་པས་ཨུ་དུམ་ཝ་རའི་མེ་ཏོག་བཞིན། །སྐུ་ལས་དྲི་ཞིམ་ཕྱོགས་སུ་འཕྲོ་བས་འཆི་མེད་ཡོངས་འདུའི་ལྗོན་པ་ལྟར། །སྐལ་ལྡན་ཀུན་གྱི་འདོད་པ་འཇོ་བས་ཡིད་བཞིན་དབང་གི་རྒྱལ་པོ་འདྲ། །སྟོང་གསུམ་སྟོང་གི་གཙོ་བོར་གྱུར་པས་ཚངས་པ་ཆེན་པོའི་ཁེངས་པ་ཟུམ། །འཇིག་རྟེན་ཀུན་གྱི་མགོན་དུ་གྱུར་པས་སྲིད་པ་གསུམ་ན་དཔེ་དང་བྲལ། །ཐུགས་ཀར་དཔལ་གྱི་བེའུས་མཚན་པའི་སྐྱེས་བུ་ཆེན་པོ་ཁྱོད་ལ་འདུད། །སྐུ་ལ་མཚན་དཔེ་དཀྱིལ་འཁོར་རྫོགས་པའི་དོན་ཀུན་གྲུབ་པ་ཁྱོད་ལ་འདུད། །ལྷར་བཅས་འགྲོ་བའི་སྙིང་གི་མུན་སེལ་གཞོན་ནུ་ཉི་མ་ཁྱོད་ལ་འདུད། །སྟོང་གསུམ་མི་མཇེད་ཞིང་གི་རྒྱན་གཅིག་ཟས་གཙང་སྲས་པོ་ཁྱོད་ལ་འདུད། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
༣.གྲོང་ཁྱེར་སེར་སྐྱའི་གཞིར་བྱོན་པ།
དེ་ནས་གྲོང་ཁྱེར་སེར་སྐྱའི་གཞིར་བྱོན་པ་སོགས་ནི། བསྟོད་པ་ལས།སྡེ་བཞིའི་དཔལ་གྱིས་མངོན་མཐོ་ཤཱཀྱའི་ཡུལ། །གྲོང་ཁྱེར་མཆོག་ཏུ་ངོ་མཚར་རྒྱན་གྱིས་སྤྲས། །སྒྱུ་རྩལ་སྟོབས་འགྲན་རིག་པའི་གནས་ལ་མཁས། །བཙུན་མོ་འཁོར་དགྱེས་རོལ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ།།
དེ་ཡང་སྙན་ངག་མེ་ལོང་ལས། སྔོན་བྱུང་གཏམ་ལས་གྱུར་པའམ། །ཅིག་ཤོས་ལེགས་པ་ལ་བརྟེན་པ། །སྡེ་བཞིའི་འབྲས་བུའི་དབང་གྱུར་དང་། །མཁས་ཤིང་རྒྱ་ཆེའི་འདྲེན་པ་ཅན། །ཞེས་གསུངས་པ་ལྟར། ནོར་གྱི་སྡེ་དང་། འདོད་པའི་སྡེ་དང་། ཆོས་ཀྱི་སྡེ་དང་། ཐར་པའི་སྡེ་སྟེ། ཕུན་སུམ་ཚོགས་པའི་སྡེ་བཞི་སོགས་དཔལ་དང་འབྱོར་བས་ཡོངས་སུ་གཏམས་པའི་ཤཱཀྱའི་ཡུལ་དུ་གནོད་སྦྱིན་ཤཱཀྱ་འཕེལ་ཞེས་བྱ་བ། ཤཱཀྱ་པ་རྣམས་ཀྱིས་ལྷར་བསྟེན་པ་ཞིག་ཡོད་པ་དེ་ལ། །ཤཱཀྱའི་བུ་དང་བུ་མོ་གང་སྐྱེས་ཀྱང་ཐོག་མར་ཕྱག་འཚལ་དགོས་པའི་སྲོལ་ཡོད་པས། རྒྱལ་པོས་ཀྱང་། གཞོན་ནུ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་སྣ་བཞིའི་ཁྱོགས་ལ་སྤྱན་དྲངས། རྒྱལ་བློན་འཁོར་ཚོགས་དུ་མ་དང་བཅས་ཏེ་སེར་སྐྱ་གཞིའི་གནས་སུ་ཞུགས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེར་སྐྱ་གཞིར་བྱོན་པ་ན། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་དག་ཀྱང་སྤྱོད་ལམ་དུལ་ཞིང་ཞི་བ་ཅན་དུ་གྱུར་ཏེ། །དཔེར་ན། བརྟུལ་ཞུགས་ལ་རབ་ཏུ་བྱུང་བའི་ཐུབ་པ་བཞིན་དུ་གྱུར་ཏོ། །དེའི་ཚེ་ཤཱཀྱ་མ་རུངས་པ་རྣམས་ཐུབ་པ་ལྟར་གནས་པ་ཡང་བྱང་ཆུབ་སེམས་དཔའི་མཐུ་ཡིན་པར་ཤེས་ནས། །ཤཱཀྱ་ཐུབ་པ་ཞེས་མཚན་གསོལ་ཏོ། །གནོད་སྦྱིན་ཤཱཀྱ་འཕེལ་བསྟེན་པའི་གནས་དང་ཁད་ཉེ་བར་བྱོན་པ་ན། །གནོད་སྦྱིན་དེས་རང་གི་གཟུགས་མངོན་སུམ་དུ་བསྟན་ནས་གནས་ཁང་གི་ཕྱི་རོལ་དུ་ཐོན་ནས། བྱང་ཆུབ་སེམས་དཔའི་ཞབས་ལ་གཏུགས་ཤིང་ཕྱག་འཚལ་བ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་མཐོང་བས། སྐྱེ་བོ་རྣམས་ཀྱིས། ལྷ་གནོད་སྦྱིན་འདིས་ཀྱང་གཞོན་ནུའི་ཞབས་ལ་གཏུགས་ཤིང་ཕྱག་འཚལ་ན། གཞོན་ནུ་འདི་ནི་ལྷ་ཡི་ཡང་ལྷའོ་ཞེས་བསྒྲགས་པས། མཚན་གྱི་རྣམ་གྲངས་གཞན་ལྷ་ཡི་ལྷ་ཞེས་ཐོགས་སོ། །དེ་ནས་གཞོན་ནུ་བྱང་ཆུབ་སེམས་དཔའ་མ་མ་བརྒྱད་ལ་རྗེས་སུ་གཏད་ཅིང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་དོ། །དེའི་ཚེ་བྲམ་ཟེ་ལྟས་མཁན་སོགས་མཚན་མཁན་ཐམས་ཅད་བོས་ཏེ་དྲིས་པ་ལས། །ཕལ་ཆེར་གྱིས་གཞོན་ནུའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོད་པར་མཐོང་ནས། མཚན་འདི་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་ནི་གཉིས་སུ་འགྱུར་གྱི་གཞན་དུ་མ་ཡིན་ནོ༑༑ གལ་ཏེ་ཁྱིམ་དུ་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ལ༑ ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །གཞོན་ནུ་སྐུ་བལྟམས་ནས་ཞག་བདུན་ལོན་པ་ན། ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་སྐུ་གཤེགས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ། །དུས་དེ་ཙམ་ཉིད་ནས་བྱང་ཆུབ་སེམས་དཔའ་ནི། སྐུ་བལྟ་བས་ངོམས་པ་མེད་པ། གསུང་སྙན་ཞིང་འཇེབས་པ། ཉིན་མཚན་ཀུན་ཏུ་ཁོ་ར་ཁོར་ཡུག་ཏུ་གཟིགས་པ། དོན་ཟབ་མོའི་ཚིག་དང་ཡི་གེ་དག་སོ་སོར་འབྱེད་པར་མཛད་དོ། །དེ་ནས་དྲང་སྲོང་ཉོན་མོངས་མེད་སློབ་མ་མེས་བྱིན་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་མཇལ་བའི་ཕྱིར་ཆས་པ་ན། ཅི་ཙམ་བར་དུ་རྫུ་འཕྲུལ་གྱིས་འོངས་ཀྱང་། སེར་སྐྱ་དང་ཉེ་བར་སླེབས་པ་ན། བྱང་ཆུབ་སེམས་དཔའི་གཟི་བྱིན་གྱིས་མནན་ཏེ། རྫུ་འཕྲུལ་གྱིས་འགྲོ་བར་མ་ནུས་ནས་རྐང་བས་སོང་སྟེ། གྲོང་ཁྱེར་སེར་སྐྱའི་ཕོ་བྲང་གི་སྒོར་སོན་པ་དང་སྒོ་པ་ལ་སྦྲན་ནོ། །དེས་ཀྱང་རྒྱལ་པོ་ལ་རིག་པར་བྱས་པ་ན། རྒྱལ་པོས་བཀུར་སྟི་དང་བཅས་ཏེ་ནང་དུ་སྤྱན་དྲངས། སྟན་མཆོག་ལ་བཞུགས་སུ་གསོལ། ཡང་དག་པའི་གཏམ་གྱིས་ཀུན་དགའ་བར་བྱས་ཏེ། དྲང་སྲོང་ཆེན་པོ་དགོས་པ་ཅི་ཞིག་གི་ཕྱིར་དུ་འདིར་བྱོན། དྲང་སྲོང་གིས་སྨྲས་པ། རྒྱལ་ཆེན་བདག་ཅག་འདིར་མཆིས་པ། ཁྱེད་ཀྱི་སྲས་ནི་མཐོང་བར་འཚལ། །འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །ཐུབ་པ་དེ་ནི་བལྟ་བར་འཚལ། །ཞེས་གསུངས་པ་ལ། རྒྱལ་པོས་སྨྲས་པ། ད་ལྟ་གཞོན་ནུ་གཟིམས་ཀྱི། མ་སད་ཀྱི་བར་དུ་བཞུགས་ཤིག དེས་སྨྲས་པ། ལྷ། མནལ་པ་ཉིད་ལ་བལྟའོ། །དེ་ནས་དྲང་སྲོང་གིས་བལྟས་པ་ན། བྱང་ཆུབ་སེམས་དཔའ་སྤྱན་མ་བཙུམ་པར་གཟུགས་རྣམས་ལ་གཟིགས་པ་མཐོང་ནས། དྲང་སྲོང་གིས་སྨྲས་པ། རིགས་དང་ལྡན་པའི་རྟ་རྣམས་ནི། །མཚན་མོའི་བཞི་ཆ་ཉལ་བ་ལྟར། །དགོས་པ་དོན་གཉེར་རྣམས་ཀྱི་གཉིད། །མིག་ལ་ཡུན་རིང་མི་གནས་སོ། །ཞེས་ཏེ། སྐྱེས་བུ་མཆོག་ཏུ་རིག་པར་བྱས་ཤིང་། དེ་ནས་མ་མའི་གཙོ་བོས་དྲང་སྲོང་ལ་གཏད་ཅིང། དེས་ཀྱང་ལེགས་པར་བརྟགས་ནས། རྒྱལ་པོ་ལ་སྨྲས་པ། ལྷ། གཞོན་ནུ་འདི་ལ་མཚན་མཁན་རྣམས་ཀྱིས་ལུང་ཇི་ལྟར་བསྟན། རྒྱལ་པོས། སྐྱེས་བུ་ཆེན་པོ་འདི་ཡི་འགྲོ་བ་ནི་གཉིས་ཏེ། ཞེས་སོགས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་རྣམས་རྒྱས་པར་བཤད་པས། དྲང་སྲོང་གིས་སྨྲས་པ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །ཞེས་ལུང་བསྟན་ཏོ། །དེ་ནས་དྲང་སྲོང་གི་མངོན་ཤེས་ཀྱིས་བརྟགས་པ་ན། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྔོན་རོལ་ཏུ། རང་ཉིད་འཆི་བར་མཐོང་སྟེ། ཆོས་ཀྱི་དགའ་སྟོན་མི་ཐོབ་པར་ཤེས་ནས། མིག་ནས་མཆི་མ་བྱུང་ངོ། །དེ་རྒྱལ་པོས་མཐོང་ནས་གཞོན་ནུའི་སྐུ་ལ་དོགས་པ་འཚལ་བ་དོགས་ནས་རིངས་པ་རིངས་པར་དྲིས་པ་ན། དྲང་སྲོང་གིས་སྨྲས་པ། རྡོ་རྗེ་སེར་བ་དྲག་པོ་བབས་གྱུར་ཀྱང་། །གཞོན་ནུ་འདི་ལ་གནོད་པར་མི་འགྱུར་གྱི། །མི་དབང་བདག་གི་རྒུད་པ་མཐོང་ནས་ནི། །གང་ཕྱིར་ཞི་བ་མི་ཐོབ་བདག་ངུ་མོད། །ཆོས་ཀྱི་མཛོད་མཆོག་འདི་དང་འཕྲད་ནས་ནི། །དོན་མ་ཐོབ་པར་བདག་ནི་འཆི་བར་འགྱུར། །ཞེས་སོགས་སྨྲས་སོ། །དེ་ནས་དྲང་སྲོང་ཉོན་མོངས་མེད་ཕྱིར་ཕེབས་པའི་ཚེ། ལམ་སྲང་ཐམས་ཅད་བརྒྱན་ཅིང་མཛེས་པར་བྱས། རྒྱལ་པོ་བློན་པོའི་ཚོགས་དང་བཅས་པས་གྲོང་ཁྱེར་གྱི་ཕྱི་སྒོའི་མཐར་བསྐྱལ། དྲང་སྲོང་རང་གི་གནས་སུ་སོངས་ཞིང་། རྫུ་འཕྲུལ་ཡང་བསྐྱེད་དོ། །དེ་ནས་ཡར་སྐྱེས་ནས་བྱང་ཆུབ་སེམས་དཔའ་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཡི་གེའི་སློབ་དཔོན་ཀུན་གྱི་བཤེས་གཉེན་གྱི་ཡི་གེའི་གྲྭར་བྱོན་པ་ན། སློབ་དཔོན་གྱིས་ཡི་གེ་གཅིག་བྲིས་ཏེ་ཕུལ་པས། འདི་ནི་ངས་ཤེས་ཀྱི་གཞན་དག་སྨྲོས་ཤིག དེ་ཡང་ཡིག་རིགས་ལྔ་བརྒྱའི་བར་དུ་བྲིས་ཏེ་ཕུལ་པས་ཀྱང་། དེ་བཞིན་དུ་ཤེས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཡི་གེ་ཞིག་བྲིས་ཏེ། དེ་ལ་ཕུལ་པས། དེས་མ་ཤེས་སོ། །བཀའ་སྩལ་པ། ཡི་གེ་འདི་ནི་འཇིག་རྟེན་དུ་བྱང་ཆུབ་སེམས་དཔའ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བ་ན་དར་བར་འགྱུར་རོ་ཞེས་པས། ནམ་མཁའ་ནས་ཚངས་པས་ཀྱང་དེ་བཞིན་ནོ། །ཞེས་སྨྲས་སོ། །སློབ་དཔོན་ཀུན་གྱི་བཤེས་གཉེན་ངོ་མཚར་ཏེ། །སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལ་བསླབས་གྱུར་ཀྱང་། །འཇིག་རྟེན་འཇིག་རྟེན་རྗེས་བསྙེག་ཕྱིར། །ཡི་གེའི་གྲྭར་ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང་། །བདག་གིས་ཤེས་པར་མ་གྱུར་པ། །དེ་ལ་འདི་ནི་བྱང་གྱུར་ཀྱང་། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྩིས་ཀྱི་སློབ་དཔོན་སྲིད་སྒྲུབ་ཀྱི་དྲུང་དུ་བྱོན་ནས། དེ་རྩིས་ཀྱི་གནས་བསྟན་པ་ཐམས་ཅད་བྱང་ཆུབ་སེམས་དཔས་སྔར་ནས་མཁྱེན་ཟིན་ཅིང་། དེས་ཆ་ཙམ་ཡང་མ་རིགས་པའི་གྲངས་དང་རྩིས་ཀྱི་གནས་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔས་གསུངས་སོ། །དེ་བཞིན་དུ། ཉིད་ཀྱི་ཞང་པོ་བཟང་ལེན་ལ། གླང་པོ་ཆེའི་གཉར་བྱོན་པ་ལ་སོགས་པ་དང་། འཕོང་གི་སློབ་དཔོན་ལྷར་བཅས་ལ། གནས་ལྔ་ལ་སོགས་པ་མཚོན་ཆའི་འཕྲུལ་འཁོར་རྣམས་སློབ་པ་ན། བྱང་ཆུབ་སེམས་དཔའ་ནི། སློབ་དཔོན་རྣམས་ཀྱིས་བསྟན་པ་ལ་མ་ལྟོས་པར་མཁྱེན་པ་ཡིན་ལ། ཤཱཀྱ་གཞོན་ནུ་ལྔ་བརྒྱ་པོ་རྣམས་ཀྱིས་ནི། ལེགས་པར་བསླབས་པས་བྱང་བར་གྱུར་ཏོ། །གནས་ལྔ་ནི། རྒྱང་ནས་འཕོག་པ་དང་། མི་འཆོར་བར་འཕོག་པ་དང་། སྒྲ་གྲག་པར་འཕོག་པ་དང་། གནད་དུ་འཕོག་པ་དང་། ཚབས་ཆེ་བར་འཕོག་པའོ། །དུས་གཞན་ཞིག་ན། ཡངས་པ་ཅན་པའི་ལོ་ཙཱ་བྱི་རྣམས་ཀྱིས་གླང་པོ་ཆེ་མཚན་ལྡན་ཞིག་རྙེད་ནས། ཟས་གཙང་གི་སྲས་འཁོར་ལོས་སྒྱུར་བར་འགྱུར་གྱི། དེའི་མཐུ་ལས་གླང་པོ་རིན་པོ་ཆེ་འདི་བྱུང་བ་ཡིན་པས། འདི་དེ་ཉིད་ལ་འབུལ་ལོ། །ཞེས་སེར་སྐྱ་གཞིར་ཕྱིན་ཏེ། ཕོ་བྲང་གི་སྒོར་གླང་པོ་ཆེ་དེ་ཁྲིད་ནས་བསྡད་པ་ན། ལྷས་བྱིན་ཕྱིར་བྱུང་བས་མཐོང་སྟེ། གླང་པོ་དམ་པ་འདི་ཅི་ཞེས་དྲིས་པ་ན། དེ་དག་གིས་སྔར་བཞིན་བསྙད་པས། ལྷས་བྱིན་ཕྲག་དོག་སྐྱེས་ཏེ། དེ་འཁོར་ལོས་སྒྱུར་བར་མ་སོང་བའི་སྔོན་རོལ་ནས་གླང་པོ་ཆེ་འབུལ་ལམ། ཞེས་ཐལ་ལྕག་བསྣུན་པས་གླང་པོ་ཆེ་བསད་དོ། །དགའ་བོས་དེ་མཐོང་ནས། ལྷས་བྱིན་གྱིས་ནི་རང་གི་མཐུ་བསྟན་གྱི། བདག་གིས་ཀྱང་བསྟན་ནི་སྙམ་ནས། དེ་མཇུག་མ་ནས་བཟུང་སྟེ་གོམ་པ་བདུན་ཙམ་སོང་ནས་མཐའ་གཅིག་ཏུ་བོར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱོན་ནས། དེ་གཟིགས་ནས་དྲི་བ་མཛད་པས། སྔར་བཞིན་རྒྱས་པར་བསྙད་དོ། །འོ་ན་བདག་གིས་ཀྱང་མཐུ་སད་པར་བྱའོ་སྙམ་དུ་དགོངས་ནས། དེའི་མཇུག་མ་ནས་ཕྱག་གིས་བཟུང་སྟེ་བཏེག་ནས་རྒྱང་དུ་འཕངས་པས། ལྕགས་རི་རིམ་པ་བདུན་དང་། འོབས་རིམ་པ་བདུན་འདས་ཏེ། རྒྱང་གྲགས་ཙམ་གྱི་ཕ་རོལ་ཏུ་ལྷུངས་ཤིང་། ཕྱོགས་དེར་ས་ལ་གཞོང་བུ་དོད་པས། གླང་པོའི་གཤོང་ཞེས་གྲགས་ཤིང་དེར་མཆོད་རྟེན་ཡང་བྱས་སོ། །དུས་གཞན་ཞིག་ན། ཤཱཀྱ་རྒན་རབས་དག་གིས་རྒྱལ་པོ་ལ། མཚན་མཁན་དག་གིས་གཞོན་ནུ་འདི་ཁབ་བཞེས་ན། འཁོར་ལོས་སྒྱུར་བར་འགྱུར་རོ་ཞེས་ལུང་བསྟན་ན་བཙུན་མོ་བླང་བར་བགྱིའོ། །རྒྱལ་པོས། གཞོན་ནུའི་ཚུལ་དང་མཐུན་པའི་བུ་མོ་གང་ན་ཡོད་ལྟོས་ཤིག ཅེས་སོ། །དེ་ནས་ཤཱཀྱ་ལྔ་བརྒྱ་ཙམ་གྱིས་ངེད་ཀྱི་བུ་མོ་མཐུན་ནི་ཟེར་རོ། །རྒྱལ་པོས། །གཞོན་ནུ་ཉིད་ལ་དྲིས་ཤིག་ཟེར་ནས་དྲིས་པས། དགོང་བདུན་ནས་ལན་བྱའོ་གསུངས་ཏེ་བསམ་པས། འདོད་པའི་སྐྱོན་ནི་བདག་གིས་མཐའ་ཡས་མཐོང་། །འཐབ་མོ་འཁོན་བཅས་མྱ་ངན་སྡུག་བསྔལ་རྩ། །འཇིགས་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །བདག་གི་བུད་མེད་ཚོགས་དང་མཛེས་མ་ཡིན༎ བསམ་གཏན་ཏིང་འཛིན་བདེ་བས་ཞི་སེམས་སུ། །བདག་ནི་མི་སྨྲ་ནགས་ཚལ་གནས་པར་བྱ། །ཞེས་དང་། ཡང་ཞིག་བརྟག་ན། འདམ་དང་ལྕགས་ཤིག་ཁྲོད་ན་པདྨ་རྣམ་པར་འཕེལ། །མི་རྣམས་གང་གི་ནང་ན་རྒྱལ་པོ་མཆོད་པ་ཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། །དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་འཆི་མེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟན། །འོན་ཀྱང་འདོད་པའི་ཆགས་མེད་བསམ་གཏད་བདེ་མ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །སྙམ་སྟེ་བུད་མེད་ཀྱི་ཡོན་ཏན་ཡི་གེ་ལ་བྲིས་ནས་འདི་འདྲ་བ་བདག་ལ་གསོལ། ཞེས་བཀའ་བསྩལ་ཏོ། །དེ་ནས་རྒྱལ་པོས། རྒྱལ་རིགས་བྲམ་ཟེའི་བུ་མོ་དང་། རྗེའུ་རིགས་དམངས་རིགས་དེ་བཞིན་ཏེ། །སུ་ལ་ཡོན་ཏན་འདི་ཡོད་པའི། །བུ་མོ་དེ་ནི་འདིར་འོན་ཞིག། ང་ཡི་བུ་འདི་རིགས་དག་དང་། རུས་དག་ངོ་མཚར་འཛིན་མ་ཡིན། །ཡོན་ཏན་ལྡན་པ་ཆོས་ཀྱི་སྣོད། །དེ་ལ་འདི་ཡི་ཡིད་དགའོ། །ཞེས་སྨྲས་ཏེ། ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་གྲགས་འཛིན་མ་དང་། ཤཱཀྱ་དྲིལ་བུ་སྒྲའི་བུ་མོ་ས་འཚོ་མ་ཞེས་བྱ་བ་དག་ལ་ཡོན་ཏན་དེ་རྣམས་ཚང་བས་ཁབ་ཏུ་བཞེས་སོ། །དེ་ཡང་རྒྱན་སྣང་ལས། འདི་ལྟར། བདག་ཡོད་ན་ནི་གཞན་དུ་འདུ་ཤེས་ཤིང་། །བདག་གཞན་ཆ་ལས་ཡོངས་སུ་འཛིན་དང་སྡང་། །འདི་གཉིས་དང་ནི་ཀུན་ཏུ་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར་བ་ཡིན། །ཞེས་བྱ་བའི་ཚུལ་གྱིས་བདག་དང་བདག་གིར་འཛིན་པའི་མངོན་པར་ཞེས་པ་སྔོན་དུ་འགྲོ་བ་ཉིད་ཀྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འདི་ཐམས་ཅད་སྡུག་བསྔལ་གྱི་རྣམ་པར་སྨིན་པའི་རྒྱུར་འགྱུར་བ་ཡིན་ལ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམས་པས་ཉོན་མོངས་པ་ལ་དབང་ཐོབ་པའི་ཕྱིར། སེམས་ཅན་གདུལ་བའི་ཕྱིར་བསམ་པའི་ཁྱད་པར་གྱིས་སྒྱུ་མའི་སྐྱེས་བུ་ལྟར་འདོད་པ་ལ་ཡོངས་སུ་སྤྱོད་པའི་རྒྱལ་པོའི་སྲས་པོ་རྣམས་ལ་ནི་ཉེས་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཁྱིམ་པས་ནི། །སྐྱེ་བ་ཀུན་ཏུ་རྟག་པར་ཡང་། །འཁོར་ལོས་སྒྱུར་བར་གྱུར་ནས་ནི། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཐབས་ཆེན་པོ་དང་ལྡན་པ་ལ། །འཁོར་བ་ཞི་བའི་བདག་ཉིད་དང་། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེའི་ཕྱིར་རྒྱལ་སྲས་བསམ་མི་ཁྱབ། །ཅེས་བཤད་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གདུལ་བའི་ཐབས་སུ་འདོད་པ་ལ་ཡོངས་སུ་ལོངས་སྤྱོད་པར་སྟོན་པ་ལ་ཉེས་པ་མེད་ཀྱི། སྡོམ་པ་བཟུང་བ་ཉིད་ཀྱིས་འདོད་པ་ལ་ལོངས་སྤྱོད་པ་ནི་ཉམས་པར་འགྱུར་བ་ཡིན་པའི་ཕྱིར་རོ༑༑ ཞེས་གསུངས་སོ།།
༤.ངེས་པར་འབྱུང་བ།
དེ་ནས་ངེས་པར་འབྱུང་བའི་ཚུལ་ནི། བསྟོད་པ་ལས། དཔལ་ལྡན་ས་ཡི་དབང་ཕྱུག་ཆེན་པོའི་སྲིད། །ཡོངས་སུ་སྤངས་ཏེ་ཁབ་ལས་ངེས་པར་འབྱུང་། །ངུར་སྨྲིག་རྒྱལ་མཚན་ལྷར་བཅས་འགྲོ་བ་ཡི། །བསོད་ནམས་ཞིང་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ།།
དེ་ནས་དུས་གཞན་ཞིག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སིལ་སྙན་གྱི་སྒྲ་ལས་བསྐུལ་བའི་ཚིགས་སུ་བཅད་པ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང་། ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ཡང་སྨོན་ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྦྱོར་བ་དང་། །འགྲོ་ཕན་བྱ་ཞེས་སྨོན་ལམ་དྲན་པར་བྱོས། །འདི་ནི་ཁྱོད་ཀྱི་དུས་དང་ཚོད་ཡིན་གྱིས། །དྲང་སྲོང་མཆོག་རབ་ཁྱིམ་ནས་འབྱུང་བར་བྱོས། །ཞེས་སོགས་ཀྱིས་བསྐུལ་ཅིང་། བཙུན་མོ་རྣམས་ཀྱི་རོལ་མོའི་སྒྲ་ལས་ཀྱང་། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འཆི་མེད་རབ་འབར་འདི་ནི་མགོན་མེད་པ། །སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །འགྲོ་བོའི་ཚེ་སྲོག་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་སོགས་དང་། །སྔོན་གྱི་སྤྱོད་དེ་རྗེས་སུ་དྲན་གྱིས་ལ། །གཏེ་མུག་མ་རིག་མུན་པས་སྒྲིབ་པ་ཡི། །འགྲོ་ལ་ཤེས་རབ་དམ་པོ་འོད་བཟང་བ། །ཆོས་མིག་དྲི་མེད་ཉོན་མོངས་མེད་པ་བྱིན། །ཅེས་དང་། །ལྷའི་བུ་འབུམ་ཕྲག་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་། འཆི་འཕོ་བ་ནི་ཤིན་ཏུ་བསྟན། །སྐྱེས་བུ་སེང་གེ་ཚེ་ཡང་བསྟན། །བཙུན་མོའི་འཁོར་ཡང་བསྟན་པར་མཛད། །ཁྱོད་ཀྱིས་འཇིག་རྟེན་རྗེས་མཐུན་མཛད། །མངོན་པར་འབྱུང་བའི་བློ་དགོངས་པའི། དེ་ཡི་དུས་ལ་ད་བབ་བོ། །ཞེས་སོགས་ཀྱིས་ཀྱང་བསྐུལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་པོ་ལ་གསུངས་པ། ཀྱེ་ཁ་ལོ་སྒྱུར་བ་པོ། གཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག སྐྱེད་མོའི་ཚལ་དུ་འགྲོའོ། །དེས་ཀྱང་བཀའ་བཞིན་འཚལ་ཞེས་ཇི་ལྟར་བསྒོ་བ་བཞིན་བཤམས་ཏེ། དུས་ལ་བབ་པ་ན་ཤིང་རྟར་ཞུགས་ཏེ་བྱོན་པའི་ལམ་དུ། མི་རྒས་ཤིང་འཁོགས་པ་འཁར་བ་ལ་བརྟེན་ནས་འགྲོ་བ་ཞིག་གཟིགས་སོ། །མདུན་པ་ལ་གསུངས་པ། ཁ་ལོ་སྒྱུར་པ་མི་རིད་ཉམ་ཆུང་ཞིང་། །ཤ་ཁྲག་སྐེམས་ལ་རྒྱུས་པགས་ཉི་ཚེས་དཀྲིས། །མགོ་དཀར་སོ་རྣར་ལུས་ནི་རབ་སྐེམས་ལ། །འཁར་བར་བརྟེན་ཅིང་མི་བདེ་འཁྱོར་འགྲོ་སུ།།
དེས་སྨྲས་པ། ལྷ་གཅིག་མི་འདི་རྒས་པས་ཟིལ་གྱིས་ནོན། །དབང་པོ་ཉམས་ཤིང་སྡུག་བསྔལ་བརྩོན་སྟོབས་ཉམས། །གཉེན་གྱི་སྐྱེ་བོས་བརྙས་ཤིང་མགོན་མེད་གྱུར། །དོན་བགྱིད་མི་ནུས་ནགས་ཁྲོད་ཤིང་ལྟར་བོར།།
བྱང་ཆུབ་སེམས་དཔས་སྨྲས་པ། འདི་ཡི་ཆོས་འདི་རིགས་ཀྱི་ཡིན་ནམ་འོན་ཀྱང་ནི། །འགྲོ་བ་འདི་ཀུན་ལ་ཡང་འདི་སྲིད་དེ་སྨྲོས་ཤིག། ཚིག་འདི་ཡང་དག་ཇི་བཞིན་མྱུར་དུ་སྨྲོས་ཤིག་དང་། །ཐོས་ནས་དེ་བཞིན་དོན་ལ་འདིར་ནི་ཚུལ་བཞིན་བསམ།།
དེས་སྨྲས་པ། ལྷ་འདི་རིགས་ཆོས་མ་ཡིན་ཡུལ་འཁོར་ཆོས་མ་ལགས། །སྐྱེ་བོ་ཀུན་གྱི་དར་ལ་བབ་པ་རྒ་བས་འཇོམས། །ཁྱོད་ཀྱི་ཡབ་དང་ཡུམ་དང་ཉེ་དུ་གཉེན་ཚོགས་ཀྱང་། །རྒ་ལས་མ་ཐར་འགྲོ་བའི་ཐབས་ནི་གཞན་མ་མཆིས།།
བྱང་ཆུབ་སེམས་དཔས་སྨྲས་པ། ཁ་ལོ་སྒྱུར་པ་བྱིས་པའི་སྐྱེ་བོ་མི་མཁས་པ། །བློ་ངན་གཞོན་པས་རྒྱགས་ཤིང་མྱོས་པས་རྒ་མ་མཐོང་། །ང་ནི་སླར་འགྲོ་ང་ཡི་ཤིང་རྟ་མྱུར་དུ་སྒྱུར། །ང་ཡང་རྒ་ལ་གནས་པས་རྩེ་དགས་ཅི་ཞིག་བྱ། །ཞེས་གསུངས་ནས་སླར་ཡང་ནང་དུ་ལོག་གོ།
ཡང་སྔར་བཞིན་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པའི་ཚེ། མི་ནད་ཀྱིས་གདུངས་པ་ལུས་སྐྱ་བོ་རིད་པ་ཞིག་གཟིགས་ནས། བཀའ་སྩལ་པ། ཁ་ལོ་སྒྱུར་པ་མི་རྩུབ་ལུས་ཀྱང་མདོག་ངན་ལ། །དབང་པོ་ཐམས་ཅད་ཉམས་ཤིང་དབུགས་འབྱུང་རབ་ཏུ་དཀའ། །ཡན་ལག་ཀུན་ཉམས་ལྟོ་བས་དཀྲུགས་ཤིང་ཉམ་ཐག་གྱུར། །རང་གི་གཅིན་རྟུག་སྨད་པའི་གནས་ན་འདུག་འདི་སུ། །
དེས་སྨྲས་པ། ལྷ་གཅིག་མི་འདི་ཤིན་ཏུ་ནད་ཀྱིས་བཏབ་པ་སྟེ། །ནད་ཀྱིས་འཇིགས་པ་ཉེ་བར་འཆི་བས་འགུམ་ལ་ཐུག། ནད་མེད་གཟི་བརྗིད་མ་མཆིས་སྟོབས་ཀྱང་རྣམ་པར་ཉམས། །མགོན་དང་སྐྱབས་དང་གླིང་དང་དཔུང་གཉེར་མ་མཆིས་ལགས།།
བྱང་ཆུབ་སེམས་དཔས་སྨྲས་པ། ནད་མེད་པ་ཡང་རྨི་ལམ་ན་ནི་རྩེ་དང་མཚུངས། །ནད་ཀྱི་འཇིགས་པ་འདི་དག་ཤིན་ཏུ་མི་བཟད་པ། །སྐྱེས་བུ་མཁས་པས་ནད་འདི་མཐོང་ནས་ཇི་ལྟ་བུར། །རྩེ་ལ་དགའ་དང་སྡུག་པའི་འདུ་ཤེས་སྐྱེད་པར་འགྱུར། །ཞེས་གསུངས་ཏེ་ཡང་ཕོ་བྲང་དུ་སྔར་བཞིན་གཤེགས་སོ། །དེ་ནས་དུས་གཞན་ཞིག་ན། ཡང་བྱང་ཆུབ་སེམས་དཔའ་ཤིང་རྟར་བཞུགས་ཏེ་སྐྱེད་ཚལ་དུ་གཤེགས་པ་ན། མི་རོ་ཁྱོགས་ལ་ཁྱེར་ཞིང་། སྟེང་ནས་རས་ཀྱིས་གཡོག་མདུན་ནས་མེ་སྒྲོན་ཐོགས་པ་དང་། སྐྱེ་བོ་མང་པོ་ཡང་མདུན་ནས་འགྲོ། མྱ་ངན་བྱེད་པ་རྣམས་ཕྱི་བཞིན་འབྲང་བ་ཞིག་གཟིགས་ནས་གསུངས་པ། ཁ་ལོ་སྒྱུར་པ་མི་འདི་ཁྱོགས་ལ་བླངས་ནས་ནི༑༑ འདི་དག་སྐྲ་བཤིག་མགོ་ལ་ས་ཡིས་འཐོར་བྱེད་ཅིང་། །སྣ་ཚོགས་ངག་གི་ཚིག་ནི་བརྗོད་ལ་བྲང་བརྡུངས་པས། །ཀུན་ནས་སྐོར་བ་བྱས་ཏེ་ཁྱེར་བ་སུ་ཞིག་ཡིན།།
ཁ་ལོ་སྒྱུར་པས་སྨྲས་པ། ལྷ་གཅིག་མི་འདི་འཛམ་བུའི་གླིང་དུ་གུམ་པ་སྟེ༑༑ སླན་ཆད་ཕ་མ་མཆིས་འབྲང་བུ་རྣམས་མཐོང་མི་འགྱུར། །ལོངས་སྤྱོད་ཁྱིམ་དང་མཛའ་གཉེན་ཚོགས་རྣམས་སྤངས་ནས་ནི། །འཇིག་རྟེན་ཕ་རོལ་མཆིས་ཏེ་སླད་ཆད་གཉེན་མི་མཐོང་།།
བྱང་ཆུབ་སེམས་དཔས་སྨྲས་པ། རྒ་བས་གནོད་པར་གྱུར་པ་གཞོན་པར་ཅིར་མ་རུང་། །སྣ་ཚོགས་ནད་ཀྱིས་གནོད་གྱུར་ནད་མེད་ཅིར་མ་རུང་།རིང་དུ་མི་གནས་གསོན་པར་མཁས་ན་ཅིར་མ་རུང་།དགའ་ལ་ཆགས་པ་སྐྱེས་བུ་མཁས་པར་ཅིར་མ་རུང་། །གལ་ཏེ་རྒ་མེད་ན་མེད་འཆི་བ་མེད་གྱུར་ཀྱང་། །གདོས་བཅས་ཕུང་པོ་ལྔ་འདི་སྡུག་བསྔལ་ཆེ་ཡིན་ན། །རྒ་ནད་འཆི་བ་རྟག་ཏུ་འབྲང་བ་སྨོས་ཅི་དགོས། །ལེགས་པར་སླར་ལོག་རབ་ཏུ་ཐར་པ་བྱ་བར་བསམ། །ཞེས་གསུངས་ཏེ་ཡང་ཕོ་བྲང་དུ་གཤེགས་སོ། །དེ་ནས་གནས་གཙང་མའི་ལྷ་རྣམས་ཀྱིས་བསམས་པ། བྱང་ཆུབ་སེམས་དཔའ་འདི་རྒྱུའི་སྟོབས་ཅན་ཡིན་མོད་ཀྱི། རྒྱུའི་སྟོབས་ཆེན་པོ་ཅན་ཡང་རྐྱེན་ལ་བལྟོས་པས། རབ་ཏུ་དབྱུང་བར་བསྐུལ་ལོ་སྙམ་སྟེ། རབ་ཏུ་བྱུང་བ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ཁྱིམ་ནས་ཁྱིམ་དུ་བསོད་སྙོམས་ལ་འཇུག་པ་ཞིག་སྤྲུལ་ཏོ།།
དེ་ནས་ཡང་སྔར་བཞིན་བྱང་ཆུབ་སེམས་དཔའ་ཤིང་རྟར་ཞུགས་ཏེ། སྐྱེད་མོས་ཚལ་གྱི་གཞིར་གཤེགས་པ་ན། རབ་ཏུ་བྱུང་བ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ལག་ན་ལྷུང་བཟེད་ཐོགས་པ་ཞིག་རྒྱུ་ཞིང་འགྲོ་བ་གཟིགས་ནས་གསུངས་པ། ཁ་ལོ་སྒྱུར་པ་སྐྱེས་བུ་སེམས་ནི་རབ་ཞི་ཞིང་། །མིག་ཕབ་འགྲོ་ལ་གཉའ་ཤིང་གང་ཙམ་ལྟ་བྱེད་ཅིང་། །ངུར་སྨྲིག་གོས་གྱོན་ཤིན་ཏུ་རབ་ཏུ་ཞི་བར་སྤྱོད། །ལྷུང་བཟེད་ཐོགས་ནས་མི་རྒོད་མ་ཁེངས་སུ་ཞིག་ཡིན།།
དེས་སྨྲས་པ། ལྷ་གཅིག་མི་འདི་དགེ་སློང་ཞེས་ནི་བགྱི་བ་ལགས། །འདོད་པའི་དགའ་བ་སྤངས་ཤིང་ཤིན་ཏུ་དུལ་བར་སྤྱོད། །བདག་ཉིད་ཞི་བ་འཚོལ་ཞིང་རབ་ཏུ་བྱུང་བར་གྱུར། །འདོད་ཆགས་ཞེ་སྡང་བྲལ་བར་བསོད་སྙོམས་སྤྱོད་ཅིང་རྒྱུ།།
བྱང་ཆུབ་སེམས་དཔས་གསུངས་པ། འདི་ནི་དགེ་བར་ལེགས་པས་ང་ཡང་འདོད་པ་སྟེ། །རབ་ཏུ་བྱུང་བ་མཁས་པ་རྣམས་ཀྱིས་རྟག་ཏུ་བསྔགས། །དེ་ནི་བདག་ལ་ཕན་ཞིང་སེམས་ཅན་གཞན་ལའང་ཕན། །འཚོ་བ་བདེ་ཞིང་མཉམ་མཐུན་འཆི་མེད་འབྲས་བུར་འགྱུར། །དེ་ནས་ཕྱིར་ལོག་སྟེ་ཕོ་བྲང་དུ་གཤེགས་ནས། ཨེ་མ་ཧོ། བདག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱའོ་སྙམ་དུ་སྤྲོ་བ་དང་བཅས་པས་དོན་དེ་ཉིད་དགོངས་སོ།།
དེའི་ཚེ་རྒྱལ་པོས་ད་ནི་གཞོན་ནུ་ཞིང་པའི་གྲོང་དུ་བཏང་ནས་སེམས་གཡེངས་པར་བགྱིའོ་སྙམ་ནས། གཞོན་ནུ་ཁྱོད་ཞིང་པའི་གྲོང་དུ་སོང་ལ་ལས་ཀྱི་མཐའ་ལ་ལྟོས་ཤིང་ཅེས་བརྗོད་པ་ན་བྱང་ཆུབ་སེམས་དཔའ་རྒ་ནད་འཆི་བ་གསུམ་གྱིས་ཐུགས་བྱུང་། རབ་ཏུ་བྱུང་བ་ལ་ནི་མངོན་པར་ཞེན་པར་གྱུར་ཀྱང་། ཡབ་ཟས་གཙང་གི་ཚིག་གསན་ནས་ཤིང་རྟ་ལས་ཞིང་བའི་གྲོང་དུ་གཤེགས་པ་ན། ལམ་ཁར་གཏེར་ལྔ་བརྒྱ་ཁ་ཕྱེ་སྟེ། གཞོན་ནུ་ཁྱོད་ཀྱི་ཉེ་དུའི་གཏེར་ལགས་ཀྱི་བཞེས་ཤིག་ཅེས་པའི་སྒྲ་བྱུང་ངོ་།།
བཀའ་སྩལ་པ། གང་གིས་ང་ལ་འཆི་བའི་གཏམ་སྨྲས་པ། །དེ་དག་ཤི་བའི་གཏམ་དུ་གྱུར་པ་ཡིན། །བདག་ཀྱང་ཤི་ནས་རིང་པོར་མི་ཐོགས་པར། གཞན་དག་གིས་ཀྱང་གཏམ་དུ་འགྱུར་བ་འོང་། །ཞེས་གསུངས་ཏེ་ཞིང་པའི་གྲོང་དུ་བྱོན་ནོ། །དེ་ནས་ཞིང་པ་རྣམས་སྡུག་བསྔལ་པ་གཟིགས་པས་ཀྱང་ཐུགས་ལྷག་པར་བྱུང་སྟེ། ཤིང་འཛམ་བུའི་གྲིབ་མ་ལ་བཞུགས་པས་བསམ་གཏན་དང་པོའི་ཏིང་ངེ་འཛིན་མངོན་དུ་མཛད་དོ། །བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་སྟེ་བཞུགས་པ་ན། སྐྱེ་བོའི་ཚོགས་ཆེན་པོ་རྣམས་ཀྱང་། བྱབ་ཆུབ་སེམས་དཔའ་མི་སྤོང་བར་ཤིང་གཞན་གྱི་དྲུང་ན་སྡོད་དོ། །དུས་རིང་ཞིག་ཐོགས་ནས་རྒྱལ་པོ་བྱང་ཆུབ་སེམས་དཔའི་དྲུང་དུ་ཕྱིན་པ་ན། ཉི་མ་གུང་ཡོལ་པས་ཤིང་གཞན་གྱི་གྲིབ་མ་ཤར་དུ་གཞོལ་ཡང་། ཤིང་འཛམ་བུའི་གྲིབ་མས་བྱང་ཆུབ་སེམས་དཔའི་སྐུ་ལུས་མ་བཏང་བས། དེའི་གྲིབ་མ་ཤར་དུ་མ་ཡོལ་པ་རྒྱལ་པོས་གཟིགས་ནས། རྒྱལ་པོས་བྱང་ཆུབ་སེམས་དཔའི་ཞབས་ལ་ཕྱག་མཛད་དེ། ཇི་ལྟར་བལྟམས་ཚེ་ས་ནི་གཡོས་པ་དང་། འཛམ་བུ་གྲིབ་མས་ཁྱོད་སྐུ་མི་གཏོང་བ། །བློ་ཆེན་ཁྱོད་ཀྱི་ཡ་མཚན་གཉིས་འདི་སྟེ། །ཀུན་གཟིགས་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ།།
དེ་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་བསླངས་ནས་ཤིང་རྟར་བཞུགས་ཏེ། སེར་སྐྱ་གཞིར་གཤེགས་པ་ན། མཚན་མཁན་རྣམས་ཀྱིས། ད་སྟེ་གཞོན་ནུ་ཞག་བདུན་གྱི་བར་དུ་རབ་ཏུ་མ་བྱུང་ན། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་སྨྲས་སོ། །རྒྱལ་པོས་དོན་དེ་ཉིད་ཤཱཀྱ་པ་རྣམས་ལ་གསུངས་པས། དེ་ལྟར་ན་བསྲུང་ངོ་ཞེས་བགྲོས་ཏེ། གྲོང་ཁྱེར་གྱི་སྒོ་བཞི་ལ་སོགས་པ་བློན་པོའི་ཚོགས་དཔུང་དང་བཅས་པས་བསྲུངས་པར་མཛད་དོ། །ཚུལ་དེ་ལྟར་ཞག་དྲུག་ནི་འདས་ནས་ཞག་བདུན་པའི་མཚན་མོ། བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བར་ཤེས་ནས། གནོད་སྦྱིན་རྣམས་ཀྱང་མཆོད་པའི་ལས་ལ་བརྩོན་ནོ། །རྒྱལ་པོ་སྡེ་བཞི་ཡང་ཆིབས་པ་འདེགས་པར་སེམས་སོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་མཆོད་པའི་ལས་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་བཙུན་མོའི་འཁོར་ལ་གཟིགས་ཏེ། ཨེ་མ་སྐྱེ་དགུ་དག་ནི་སྡུག་བསྔལ་གྱུར། །སྲིན་མོའི་ཚོགས་ལ་དགའ་བ་ཇི་ལྟར་རྙེད། །འདོད་པའི་ཡོན་ཏན་ཡོད་མི་ཡོན་ཏན་འཛིན། །གཏི་མུག་མུན་པས་རབ་བསྒྲིབས་བློ་གྲོས་ངན། །དཔེར་ན་བྱ་ནི་བྱ་རྒྱར་ཆུད་པ་བཞིན། །ནམ་ཡང་འབྱུང་བ་རྙེད་པར་འགྱུར་མ་ཡིན། །ཞེས་གསུངས་སོ།།
དེ་ནས་བྱང་ཆུབ་སེམས་དཔའ་ཁང་བཟང་གི་སྟེང་དུ་ཕེབས་ཏེ། སངས་རྒྱས་ཐམས་ཅད་ལ་ཕྱག་མཛད་པས། བརྒྱ་བྱིན་དང་། རྒྱལ་པོ་སྡེ་བཞི་དང་། ཉི་ཟླ་གཉིས་ཀྱིས་ཀྱང་ཕྱག་འཚལ་ཞིང་འདུག་པ་མཐོང་ངོ་། །སྐར་མ་རྒྱལ་ཡང་ཤར་བ་གཟིགས་ནས། མདུན་པ་ལ་གསུངས་པ། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་གྲུབ། །དོ་ནུབ་གདོན་མི་ཟ་བར་དོན་འགྲུབ་ཀྱིས། །མདུན་པ་ཕྱི་བཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་བརྒྱན་པ་ང་ལ་བྱིན། །དེས་སྨྲས་པ། གང་དུ་བཞུད། མངོན་པར་འབྱུང་ངོ་། །ཞེས་གསུངས་སོ།།
དེ་ནས་མདུན་པས་དུས་མ་ལགས་སོ། །ཞེས་སྨྲས་པ་དང་། བྱང་ཆུང་སེམས་དཔས་གསུངས་པ། །སེམས་ཅན་རྣམས་ཀྱི་དོན་ནི་འཚོལ་བ་ལ། །བྱང་ཆུབ་རྒ་ཤི་མེད་པའི་གནས་ཐོབ་ནས། །འགྲོ་བ་སྒྲོལ་ཞེས་ང་ཡིས་ཡུན་རིང་ནས། །སྨོན་ལམ་བཏབ་པ་དེ་ཡི་དུས་ལ་བབ། །ཅེས་སོ།།
ལྷས་བསྐུལ་པ། སྟོབས་དང་བརྩོན་འགྲུས་འཕགས་པ་མྱུར་དུ་བཞེང་། །སྡུག་བསྔལ་ཉེན་པའི་སེམས་ཅན་ཐམས་ཅད་སྒྲོལ། །ད་ནི་མངོན་པར་འབྱུང་བའི་དུས་ལ་བབ། །ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ཆིབས་ཀྱི་རྐང་ལག་བཞི་ནས་ལྷའི་གྱད་བཞིས་ནམ་མཁར་བཏེག གཟུགས་ཁམས་ཀྱི་ལྷ་རྣམས་ནི་སྤྱོད་ལམ་དུལ་བས་གཡས་ཕྱོགས་ནས་འགྲོ། འདོད་ཁམས་ཀྱི་ལྷ་རྣམས་ནི་གཡོན་ཕྱོགས་ནས་མཆོད་རྫས་དུ་མ་ཐོགས་ནས་འགྲོ། ཚངས་པ་དང་བརྒྱ་བྱིན་གཉིས་ཆིབས་ཀྱི་མདུན་ནས་སྤྱོད་ལམ་རང་བཞིན་པས་འགྲོ་ཞིང་། གཞན་ཡང་ནམ་མཁའི་མཐོངས་ནས་ལྷ་རྣམས་ཀྱི་རོལ་མོ་དཀྲོལ། མེ་ཏོག་གི་ཆར་འབེབས་པ་ལ་སོགས་པ་མཆོད་པ་སྣ་ཚོགས་པས་མཆོད་དོ། །དེ་ནས་བྱང་ཆུབ་སེམས་དཔས་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་ཀུན་ཏུ་གཟིགས་ཏེ། སངས་རྒྱས་རྣམས་ཀྱི་བསྟན་པ་ཡི། །ལམ་ཀྱི་མཆོག་ནི་མ་ཐོབ་པར། །གྲོང་ཁྱེར་སེར་སྐྱའི་གཞིར་ནི་སླར། །ང་ནི་འཇུག་པར་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་དཔག་ཚད་བཅུ་གཉིས་ཀྱི་ལམ་མཐུན་གཉིས་ལ་བགྲོད་དེ། མཆོད་རྟེན་རྣམ་དག་གི་དྲུང་དུ་ཕྱིན་པ་དང་ཆིབས་ལས་བབས། རྒྱན་བཀྲོལ་ཏེ་མདུན་པ་ལ་བཀའ་སྩལ་པ། རྒྱན་དང་རྟ་ཁྱེར་ལ་སླར་ལྡོག་ཅིག
མདུན་པ་གདོང་མཆི་མས་གང་བཞིན་དུ་གསོལ་པ། སེང་གེ་སྟག་གིས་གཏམས་པ་དང་། །ཕྱུགས་རྗེས་གང་བའི་ནགས་ཚལ་དུ། །འབའ་ཞིག་སྐུ་གཉེན་དང་བྲལ་བར། །འཕགས་པ་ཇི་ལྟར་སྤྱོད་པར་འགྱུར།།
བཀའ་སྩལ་པ། སྐྱེ་དགུ་འདི་ན་སྐྱེ་ནའང་གཅིག་པུ་སྟེ། །དེ་བཞིན་འཆི་ནའང་གཅིག་པུར་འཆི་བར་འགྱུར། །འདི་ན་གཅིག་པུས་སྡུག་བསྔལ་མྱོང་འགྱུར་ཏེ། །འཁོར་བ་ན་ནི་གྲོགས་ཡོད་མ་ཡིན་ནོ། །ཞེས་སོགས་གསུངས་སོ། །དེ་ནས་ཨུཏྤལ་སྔོན་པོའི་འདབ་མ་ལྟ་བུའི་རལ་གྲིས། ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བྲེགས་ཏེ་ནམ་མཁའ་ལ་བོར་པ་བརྒྱ་བྱིན་གྱིས་བླངས་ཏེ་ལྷའི་གནས་སུ་དུས་སྟོན་བཙུགས་ཤིང་། ཕྱོགས་དེར་མཆོད་རྟེན་ཡང་བྱས་སོ༑༑ དེ་ནས་བརྒྱ་བྱིན་རྔོན་པའི་ཆ་བྱད་དུ་སྤྲུལ་ཏེ། སྔོན་རང་སངས་རྒྱས་ནས་ཤིང་གི་ལྷར་བཅོལ་པའི་ངུར་སྨྲིག་གི་གོས་ཤིག་ཡོད་པ་ལུས་ལ་གྱོན་ཞིང་ལམ་ཁར་བསྡད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་གོས་རིན་པོ་ཆེ་འདི་རབ་ཏུ་བྱུང་བ་ལ་མི་འཚལ་ཞིང་། ཤ་ནའི་ངུར་སྨྲིག་གི་གོས་དེ་རབ་ཏུ་བྱུང་བ་ལ་འོས་པར་གཟིགས་ནས་བརྗེ་བར་བཀའ་བསྩལ་ཏེ། བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའི་ཞབས་ལ་གཏུགས་ནས་ངུར་སྨྲིག་གི་གོས་ཕུལ། ཀ་ཤི་ཀའི་ན་བཟའ་བླངས་ཏེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་མཆོད་པ་ཆེན་པོ་བཙུགས་སོ།།
༥.དཀའ་བ་སྤྱད་ཚུལ།
དེ་ནས་དཀའ་བ་སྤྱད་པའི་ཚུལ་བསྟན་པ་ནི། བསྟོད་པ་ལས། ཕ་རོལ་ཕྱིན་དྲུག་གྲངས་མེད་གསུམ་གྱི་ཚོགས། །དཔག་མེད་བསྐལ་བའི་སྔོན་ནས་རྫོགས་མཛད་ཀྱང་། །དཀའ་སྤྱད་ལས་ཀྱིས་རྣམ་གྲོལ་འཐོབ་བོ་ཞེས། །ལོ་དྲུག་དཀའ་བ་སྤྱད་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ།།
དེ་ཡང་མཛོད་ལས། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཞེས་གསུངས་ལ། འདི་ནི་སྟག་མོ་ལ་ལུས་ཡོངས་སུ་བཏང་བའི་སྐྱེས་རབས་ལས། འཇིག་རྟེན་ཕན་བརྩོན་རྣམས་ལ་བསྟན་པ་དང་། །བརྩོན་འགྲུས་ཞན་ལ་སྤྲོ་བ་བསྐྱེད་པ་དང་། །གཏོང་ཕོད་རྣམས་ནི་དགའ་བ་བསྐྱེད་པ་དང་། །སྐྱེ་བོ་དམ་པའི་ཡིད་ནི་དྲང་བ་དང་། བདུད་ཀྱི་སྡེ་ཆེན་དཔའ་ནི་བཀོང་བ་དང་། །སངས་རྒྱས་ཡོན་ཏན་དགའ་བ་དད་པ་དང་། །བདག་གི་དོན་བརྩོན་ངོ་ཚ་བསྐྱེད་པ་དང་། འཇུངས་དང་འདོད་ཆེན་ཅན་ཡང་ངོ་ཚ་བསྐྱེད། །ཐེག་པ་མཆོག་ལ་བརྟེན་པ་དད་བསྐྱེད་ཅིང་། །གཏོང་བ་སྙེམས་པ་ངོ་མཚར་བསྐྱེད་པ་དང་། །གཏོང་ལ་དགའ་བ་རྗེས་སུ་ཡི་རང་རྣམས། །མཐོ་རིས་ལམ་ཆེན་རྣམ་པར་སྦྱང་ཕྱིར་རོ། །ལུས་ཙམ་གྱིས་ཀྱང་གཞན་ལ་ཕན་ཐོགས་པར། །ནམ་ཞིག་འགྱུར་ཞེས་བདག་གིས་གང་བསམ་པ། །སྨོན་ལམ་དེ་ནི་འབྲས་བུ་ཡོད་པར་བྱ། །བྱང་ཆུབ་མཆོག་ཀྱང་རབ་ཏུ་ཉེ་བར་བྱ། །འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན། །མཐོ་རིས་འདོད་དང་རྒྱལ་སྲིད་བསྒྲུབ་ཕྱིར་མིན། །བདག་གི་བདེ་བ་མཆོག་ཐོབ་ཕྱིར་མིན་གྱི། །གཞན་དོན་བསྒྲུབ་ཕྱིར་བདག་ནི་འདི་རྩོམ་མོ། །དེ་བས་བདག་ནི་འདི་ཡིས་དུས་གཅིག་ཏུ། །འཇིག་རྟེན་དག་ལ་སྡུག་བསྔལ་བདེ་འབྱུང་བ། །བསལ་ཞིང་སྒྲུབ་པ་རྟག་ཏུ་ནུས་གྱུར་ཅིག། ཉི་མས་མུན་བསལ་སྣང་འབྱུང་ནུས་བཞིན་ནོ། །མཐོང་ཞིང་ཐོས་སམ་རྗེས་སུ་དྲན་ཀྱང་རུང་། །རེག་གམ་གཏམ་དུ་བརྗོད་པར་གྱུར་ཀྱང་རུང་། །རྣམ་པ་ཀུན་ཏུ་འགྲོ་ལ་ཕན་པ་ནི། །བདེ་དང་ལྡན་པ་རྟག་ཏུ་བྱེད་གྱུར་ཅིག། དེ་ལྟར་གཞན་དོན་བསྒྲུབ་ཕྱིར་ངེས་བྱས་ནས། །སྲོག་དང་བྲལ་ཡང་རབ་ཏུ་དགའ་འགྱུར་ཏེ། །བརྟན་པའི་ལྷ་རྣམས་ངོ་མཚར་སྐྱེ་འགྱུར་བར། །བདག་གི་ལུས་ནི་དེ་ནས་བོར་པར་གྱུར། །ཅེས་དང་། ཚོང་དཔོན་ཟིལ་གྱིས་མི་གནོན་པའི་སྐྱེས་རབས་ལས། འདོད་པའི་དོན་འབྱོར་ཐེ་ཚོམ་མེད་གྱུར་པས། །དགའ་བ་བསྐྱེད་པའི་ཁྱད་པར་རྒྱུར་གྱུར་པ། །ཕོངས་པ་རྣམས་ཀྱིས་དེ་ནི་མཐོང་པ་བཞིན། །དེས་ཀྱང་ཕོངས་པ་རྣམས་ནི་མཐོང་ན་དགའ། །སློང་བས་བླང་ཞེས་ངེས་པར་སྨྲས་པ་ལ། །དེ་ནི་མེད་ཅེས་སྨྲ་བར་མི་ནུས་ཏེ། །དེ་ཡི་སེམས་ནི་ནོར་ལ་ཆགས་པའི་སྐབས། །སྙིང་རྗེ་ཆེན་པོས་རབ་ཏུ་མེད་པར་བྱས། །ཕོངས་པ་རྣམས་ཀྱིས་དེ་ཡི་ཁྱིམ་ནས་ནི། །ནོར་གྱི་སྙིང་པོ་ཕྱུང་ཡང་རབ་ཏུ་དགའ། །རྒྱུ་རྐྱེན་མེད་པར་མྱུར་དུ་ཆུད་ཟ་བའི། །ནོར་ནི་ཤིན་ཏུ་མི་བཟད་ནོར་མིན་རིགས། །འཇིག་རྟེན་དག་ན་ནོར་ནི་ཕལ་ཆེར་ཡང་། །ཆགས་པའི་གཞི་དང་ངན་འགྲོའི་གྲོགས་སུ་འགྱུར། །དེ་ཡི་ནོར་ནི་བདག་དང་གཞན་དག་གི། འབྱོར་བ་ཐོབ་པས་དོན་དང་མཐུན་པར་གྱུར། །ཅེས་དང་། སྤྱན་སྟོང་མངའ་བ་རབ་ཏུ་ཕོངས་གྱུར་ཀྱང་། །འཕགས་པས་མ་རབས་ཆོས་བྱ་རབ་ཏུ་དཀའ། །གང་ཞིག་ཐོབ་ཕྱིར་སེར་སྣའི་སེམས་འབྱུང་བ། །བརྒྱ་བྱིན་ནོར་ཏེ་བདག་ལ་མེད་ཀྱང་རུང་། །སློང་བའི་སྡུག་བསྔལ་ཤི་དང་འདྲ་བ་ཡི། །གཉེན་པོའི་ལམ་དུ་འགྲོ་བར་འདོད་པ་ལ། །དེ་ཡིས་ཕོངས་པ་ཡ་རབས་གཟི་བྱིན་ཅན། །སུ་ཞིག་མེད་ཅེས་ཟེར་བའི་སེར་བས་རྡེག། སློང་བས་གདུངས་ནས་ངོ་ཟུམ་གནག་གྱུར་པ། །ཕོངས་པ་རྣམས་ནི་མགུ་བར་མི་འགྱུར་བའི། །ནོར་རམ་རིན་ཆེན་ལྷ་ཡི་རྒྱལ་སྲིད་ཀྱང་། །དེ་ལྟ་བུ་དག་བདག་ནི་སོགས་སམ་ཅི། །གང་ཞིག་སེར་སྣའི་སྐྱོན་ནི་འཕེལ་འགྱུར་ཞིང་། །གཏོང་བའི་སེམས་ནི་སྐྱེ་བར་མི་འགྱུར་བ། །བདག་ལྟ་བུ་ཡིས་དེ་ནི་བཏང་བར་རིགས། །ཡོངས་སུ་བཟུང་བར་སྙད་གདགས་ཕོངས་པ་ཡིན། །གློག་ནི་འགྱུ་བ་བཞིན་དུ་མི་བརྟན་ནོར། །ཀུན་དང་ཐུན་མོང་ཕོངས་པ་དུ་མའི་རྒྱུ། །བདེ་བ་འབྱུང་བའི་རྒྱུ་ནི་སྦྱིན་ཡིན་ན། །ཡ་རབས་སུ་ཞིག་སེར་སྣའི་ལམ་ལ་བརྟེན། །ཞེས་སོགས་གསུངས་ཏེ། སྦྱིན་པ་རླབས་ཆེན་པོས་ཕོངས་པ་རྣམས་ཚིམ་པར་བྱས་པ་དང་། རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྐྱེས་རབས་ལས། །མི་ཤ་ཤིན་ཏུ་དྲོན་མོ་དང་། །མི་ཡི་ཁྲག་ནི་དྲོན་མོ་དག། བརྟུལ་ཞུགས་མ་ཉམས་པདྨའི་སྤྱན༎། གནོད་སྦྱིན་རྣམས་ཀྱི་བཟའ་བཏུང་ལགས། །ཞེས་གནོད་སྦྱིན་ལྔས་སྨྲས་པ་ལ། རྒྱལ་པོས། ཕོངས་ཏེ་སློང་དུ་འོངས་པ་རྣམས་ཀྱི་གདོང་། །རེ་བ་ཟློག་པས་ངོ་ཟུམ་གནག་གྱུར་པ། །བུ་ཡུག་རླུང་གིས་པདྨ་རྙིངས་པ་བཞིན། །མི་དགའ་བྱས་པ་ནམ་ཡང་བདག་མི་དྲན། །ཞེས་དང་། རྟག་ཏུ་ན་ཞིང་སྡུག་པའི་རྨ་འདྲ་བ། །ནད་ཀྱི་འབྱུང་ཁུངས་ངན་པའི་ལུས་འདི་ལས། །དགོས་པ་ཁྱད་པར་ཅན་དུ་སྤྱད་པ་ཡིས། །བཅོས་པའི་སྡུག་བསྔལ་ཤིན་ཏུ་བཟང་པོར་བྱ། །བདག་གི་ཤ་ནི་ཁྲག་དང་བཅས་པ་འདི། །འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར་བཟུང་སྟེ། །གལ་ཏེ་དེ་རིང་མགྲོན་དུ་བྱར་རུང་ན། །དེ་ནི་བདག་གི་མངོན་པར་མཐོ་བར་འགྱུར། །ཞེས་སོགས་གསུངས་ཏེ། བདག་ཉིད་ཆེན་པོ་རྒྱལ་པོ་དེའི་ཤ་ཁྲག་གིས་གནོད་སྦྱིན་དེ་རྣམས་ཚིམ་པར་བྱས་པ་ལྟ་བུའོ།།
ཚུལ་ཁྲིམས་དང་བཟོད་པའི་ཕར་ཕྱིན་རྫོགས་ཚུལ་ནི། མཛོད་ལས། ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི༑༑ ཞེས་རྒྱལ་སྲས་བདག་ཉིད་ཆེན་པོ་གང་གི་ཡན་ལག་སོགས་བཅད་ཀྱང་སེམས་ཁོང་ནས་མི་འཁྲུགས་པས། བཟོད་པའི་ཕར་ཕྱིན་དང་། དེའི་ཚེ་ལུས་ངག་གི་ཉེས་སྤྱོད་ལྷག་པར་སྡོམ་པས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གཉིས་རྫོགས་པར་གསུངས་སོ།།
དེ་ཡང་དྲང་སྲོང་བཟོད་པ་སྨྲ་བའི་སྐྱེས་རབས་ལས། དབང་ཕྱུག་རིག་པ་དཀའ་ཐུབ་ཕུན་སུམ་ཚོགས། །སྒྱུ་རྩལ་རྣམས་ལ་གོམ་པ་རྒྱ་ཆེ་བ། །ལུས་དང་ངག་གི་སྤྱོད་པ་མཐུ་རྩལ་ཅན། །མི་རྣམས་མིང་ནི་གཞན་དུ་འདོགས་པར་བྱེད། །དེ་ནི་བཟོད་པའི་ཡོན་ཏན་མཐུ་ཤེས་ནས། །དེ་ཡི་བདག་བཞིན་འཇིག་རྟེན་རབ་ཏུ་བརྒྱན། །བཟོད་པའི་གཏམ་ཡང་རྒྱུད་དུ་བྱེད་པར་གྱུར། །དེ་བས་དེ་ནི་བཟོད་པ་སྨྲ་ཞེས་གྲགས། །བཟོད་པ་ཆེན་པོ་རང་གི་ངང་དུ་གྱུར། །གཞན་ལ་གནོད་པ་མི་བྱེད་རབ་ཏུ་བརྟན། །དེ་ཡི་དོན་དང་མཐུན་པའི་གཏམ་དག་གིས། །ཐུབ་པ་དེ་ཡི་གྲགས་པ་རྒྱས་པར་གྱུར། །ཅེས་དང་། དམ་པ་ཡོན་ཏན་མཆོག་ལྡནཔ། །གང་ན་གནས་པ་དེ་དག་ཉིད། །བཀྲ་ཤིས་ཡིད་དུ་འོང་བ་དང་། །དེ་ཉིད་རྟེན་དང་དཀའ་ཐུབ་ཚལ། །ཞེས་གསུངས་པ་ལྟར། བདག་ཉིད་ཆེན་པོ་དེ། ནགས་ཚལ་གྱི་ས་ཕྱོགས་རབ་ཏུ་དབེན་ཞིང་ཉམས་དགའ་བ། མེ་ཏོག་དང་འབྲས་བུ་དག་རྙེད་པར་སླ་བ། མཚོའི་ཆུ་གཙང་མ་པདྨ་དང་ཨུཏྤ་ལས་བརྒྱན་པ། སྐྱེད་མོས་ཚལ་ཉམས་དགའ་བ་ཞིག་ཏུ་གནས་བཅའ་བས་ཤིན་ཏུ་བཀྲ་ཤིས་པར་བྱས་སོ། །དཔྱིད་ཀྱི་དུས་ལ་བབ་པ་ན། ཡུལ་དེའི་རྒྱལ་པོ་འཐབ་མོ་སྐྱེས་ཞེས་བྱ་བའི་བཙུན་མོ་འཁོར་བཅས་སྐྱེད་མོས་ཚལ་དེར་རྒྱུ་ཞིང་དོང་དོང་བ་ལས། དྲང་སྲོང་བཟོད་པ་སྨྲ་བའི་དཀའ་ཐུབ་ཀྱི་གནས་སུ་ཕྱིན་ཏོ། །དེ་དག་ལ་དྲང་སྲོང་གིས་ནད་དྲི་བའི་སྐབས་ནས་གླེང་བསླངས་ཏེ། ཆོས་ཀྱི་གཏམ་འདི་ལྟར་བྱས་སོ། །མི་ཡི་ལུས་སུ་སྐྱེས་པ་མ་སྨད་ཐོབ་པར་གྱུར། །དེ་བཞིན་དབང་པོ་རྣམས་ཀྱང་མ་ཉམས་བློ་དང་ལྡན། །འོན་ཀྱང་འཆི་བདག་དེ་ནི་ལེགས་པར་མི་བྱེད་དེས། །བག་མེད་གྱུར་པ་དེ་དག་ཉིན་རེས་བསླུས་པར་འགྱུར། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་མ་སྦྱངས་ན། །རིགས་དང་གཟུགས་དང་ལང་ཚོ་ཡོན་ཏན་རྣམས་དང་ནི། །སྟོབས་ནི་རབ་ཏུ་ཆེ་ཞིང་ནོར་གྱིས་ཕྱུག་གྱུར་ཀྱང་། །ཕྱི་མའི་ཚེ་ལ་སུ་ཡང་བདེ་བ་ཐོབ་མི་འགྱུར། །རིགས་ལ་སོགས་པ་དམན་ཡང་སྡིག་ལ་མ་ཆགས་ཤིང་། །རབ་ཏུ་སྦྱིན་དང་ཚུལ་ཁྲིམས་ལ་སོགས་ཡོན་ཏན་ལྡན། །དབྱར་གྱི་དུས་སུ་འབབ་ཆུས་རྒྱ་མཚོ་གང་བ་བཞིན། །ཕྱི་མའི་ཚེ་ལ་ངེས་པར་བདེ་བ་རྒྱས་པར་འགྱུར། །རིགས་དང་གཟུགས་དང་ལུས་ཀྱི་ཡོན་ཏན་རྣམས་ཀྱང་རུང་། །སྟོབས་ནི་རབ་ཏུ་ཆེ་ཞིང་ནོར་གྱིས་ཕྱུག་ཀྱང་རུང་། །ཡོན་ཏན་ཡོད་ན་ཚེ་འདི་ལ་ཡང་རྒྱན་དུ་འགྱུར། །གསེར་གྱི་ཕྲེང་བས་ཕྱུག་པོའི་མཚན་མ་བསྟན་པ་བཞིན། །མེ་ཏོག་རྣམས་ནི་ལྗོན་པའི་ཤིང་གི་རྒྱན་དུ་འགྱུར། །གློག་ཕྲན་འགྱུ་བ་ཆར་སྤྲིན་རྣམས་ཀྱི་རྒྱན་དུ་འགྱུར། །བུང་བ་མྱོས་པ་འདུ་བའི་པདྨ་རྒྱ་མཚོའི་རྒྱན། །ཡོན་ཏན་ཁྱད་པར་འཕགས་པ་ལུས་ཅན་རྣམས་ཀྱི་རྒྱན། །ནད་མེད་ཚེ་རིང་ནོར་དང་རིགས་དང་གཟུགས་རྣམས་ནི། རབ་དང་འབྲིང་དང་ཐ་མའི་བྱེ་བྲག་སྣ་ཚོགས་པའི། །སྐྱེ་བོ་འདི་དག་ངོ་བོ་ཉིད་ལས་གྱུར་མ་ཡིན། །གཞན་གྱིས་སྐྱེད་མིན་ལས་ནི་རྣམ་པ་གསུམ་ལས་གྱུར། །འགྲོ་བའི་ཆོས་ཉིད་འདི་ལྟར་ངེས་པར་གནས་པ་དང་། །སྲོག་ཀྱང་མི་བརྟན་ཤི་དང་ཉེ་བར་ཤེས་ནས་ནི། །དགེ་བའི་ཕྱོགས་ལ་བརྟེན་ནས་སྡིག་པ་སྤང་བར་གྱིས། །གྲགས་པ་བདེ་བ་འཐོབ་པའི་ལམ་ནི་འདི་ཡིན་ནོ། །ཡིད་ལ་ཞེ་སྡང་ཡོད་ན་བདག་དང་གཞན་དག་ལ། །ཕན་པར་འགྱུར་བ་མེ་བཞིན་རབ་ཏུ་སྲེག་པར་བྱེད། །དེ་བས་སྐྱེ་བོ་སྡིག་ལ་འཛེམ་པ་དེ་དག་གིས། །གཉེན་པོ་རྣམས་ལ་བརྟེན་ནས་སྡིག་པ་སྤང་བར་བྱ། །དགོན་པའི་མེ་ནི་རབ་ཏུ་འབར་བར་འགྱུར་བ་ཡང་། །ཆུ་ཀླུང་ཆེན་པོ་མཐའ་ཀླས་འབབ་དང་ཕྲད་གྱུར་ན། །ཇི་ལྟར་རབ་ཏུ་ཞི་བར་འགྱུར་བ་དེ་བཞིན་དུ། །ཡིད་ཀྱིས་གདུངས་པའང་བཟོད་ལ་བརྟེན་ན་ཞི་བར་འགྱུར། །དེ་བས་དེ་རྒྱུ་ཟིལ་གྱིས་མནན་པས་བཟོད་པས་སྡིག་པ་སྤོང་། །དེ་ཕྱིར་བྱམས་ལ་བརྟེན་པའི་སྟོབས་ཀྱིས་དགྲ་ཡང་འཕེལ་མི་འགྱུར། །དེ་ལས་དགའ་ཞིང་མཆོད་འོས་བདེ་བའི་སྐལ་དང་ལྡན་པར་འགྱུར། །བསོད་ནམས་བྱས་པའི་ཡོན་གྱིས་ཐ་མར་མཐོ་རིས་འགྲོ་བར་འགྱུར་། །ཞེས་སོགས་གསུངས་སོ།།
དེ་ནས་ཡུལ་དེའི་རྒྱལ་པོ། བཙུན་མོ་དག་གི་རྗེས་སྙེགས་ཤིང་སྲོང་བ་ལས། དྲང་སྲོང་བཟོད་པ་སྨྲ་བ་དེ་བཙུན་མོའི་འཁོར་གྱིས་སྐོར་ཞིང་འདུག་པ་མཐོང་ནས། །འདོད་ཆགས་དང་ཕྲག་དོག་གིས་སེམས་རབ་ཏུ་འཁྲུགས་པར་གྱུར་ཏོ། །བཙུན་མོ་དག་གིས་སྨྲས་པ། འདི་ནི་བཅོམ་ལྡན་འདས་བཟོད་པ་སྨྲ་བ་ལགས་ཀྱིས། ལྷ། དེ་ལྟ་བུའི་ཐུབ་ཆོད་ཆེན་པོ་མ་མཛད་ཅིག་ཅེས་པས། རྒྱལ་པོ་དེས། འདི་ནི་བཟོད་པ་སྨྲ་ཞེས་ཟེར། །དེ་ཡང་ཉམས་སུ་ཡོང་མི་ལེན། །འདི་ལྟར་བུད་མེད་བསྟེན་པ་ཡིས། །སྲེད་པ་འདིས་ནི་བཟོད་མ་གྱུར། །ཚིག་ཏུ་གཞན་སྨྲ་ལུས་ཀྱི་སྤྱོད་པ་གཞན། །བསམ་པ་གདུག་ཅིང་ཡིད་ལ་གཞན་དུ་སེམས། །དཀའ་ཐུབ་ནགས་ན་མ་ཞི་འདི་སུ་ཞིག། འབྲིད་པའི་ཚུལ་ཅན་ཕྱི་ཚུལ་འཆོས་ཤིང་འདུག། ཅེས་སོགས་མ་རུངས་པའི་ཚིག་རྩུབ་མོ་དག་སྨྲས་ཏེ། དྲང་སྲོང་ཆེན་པོ་དེའི་ལག་པ་ཡ་གཅིག་དང་། དཔུང་བ་གཉིས་དང། རྣ་བ་དང་། སྣ་དང་། རྐང་བ་གཉིས་ཀྱང་དེ་བཞིན་དུ་བཅད་དོ། །དེ་ཡི་ལུས་བཅད་འགྱེལ་བར་གྱུར་ན་ཡང་། །ལུས་ཀྱི་ཁོག་པ་གནས་པའི་མཐའ་ཤེས་ཤིང་། །སྐྱེ་བོ་རྣམས་ལ་བཟོད་པ་གོམས་གྱུར་པས། །ཐུབ་པ་མཆོག་དེ་མ་འཁྲུགས་མྱ་ངན་མེད། །ལུས་ནི་བཅད་པར་གྱུར་ཀྱང་དེ་ཡི་སེམས། །དགེ་བའི་ཚུལ་བལྟས་བཟོད་པ་བརྟན་མ་ཉམས། །དགའ་བའི་ཚུལ་གྱིས་སྡུག་བསྔལ་ཡོད་མ་གྱུར། །རྒྱལ་པོའི་ཆོས་ཉམས་མཐོང་ནས་མི་དགའ་གྱུར། །སོ་སོར་བརྟགས་བཟོད་སྙིང་རྗེ་ཅན། །གཞན་གྱི་སྡུག་བསྔལ་མི་བཟོད་པ། །བདག་གི་སྡུག་བསྔལ་ཆེན་པོ་ཡང་། །དེ་ཙམ་དུ་ནི་གནོད་མི་འགྱུར། །རྒྱལ་པོ་དེ་ཡིས་མི་བཟད་ལས་བྱས་པས། །དེ་མ་ཐག་ཏུ་རིམས་ནད་མེ་བཞིན་འབར། །ནགས་ཚལ་ཉེ་བའི་གནས་ནས་མཐར་མ་བྱུང་། །ས་གས་ནང་དུ་དེ་མ་ཐག་ཏུ་སོང་། །ཞེས་དང་། དྲང་སྲོང་གིས་སྨྲས་པ། བདག་ནི་ནགས་ན་གནས་པ་ལ། །ཉེས་པ་མེད་པར་རལ་གྲི་ཡིས། །ལག་པ་དང་ནི་རྐང་བ་དང་། །སྣ་དང་རྣ་བ་བཅད་གྱུར་ཀྱང་། །བདག་ལྟ་བུ་ཡིས་ཇི་ལྟར་ན། །དེ་ལ་གནོད་པ་བསལ་བར་བྱ། །རྒྱལ་པོ་དེ་ནི་ཚེ་རིང་གྱུར། །དེ་ལ་སྡིག་ཏུ་མ་གྱུར་ཅིག། འཆི་དང་ན་བའི་སྡུག་བསྔལ་ཅན། །འདོད་ཆགས་ཞེ་སྡང་དབང་དུ་གྱུར། །ཉེས་པར་སྤྱད་པས་ཚིག་པ་ལ། །མྱ་ངན་བྱེད་མོད་ག་ལ་ཁྲོ། །ཞེས་དང་། ནགས་ན་གནས་ཤིང་རབ་ཏུ་བྱུང་བར་ཤེས། །བཟོད་པ་སྨྲ་བ་རིང་པོ་མི་ཐོགས་འཆི། །ཅི་ཕྱིར་མི་བཟོད་སྐབས་ནི་འབྱེད་པར་བྱེད། །དེ་བས་མ་འཇིགས་ཁྱོད་ཅག་བདེ་བར་དེངས། །དེ་ལྟར་ཐུབ་པ་མཆོག་གི་རྗེས་བསྟན་པས། །སློབ་མ་ཉིད་དུ་ལེགས་པར་གྱུར་པར་བྱས། །བཟོད་ལ་གནས་པས་བརྟན་པ་མ་ཉམས་པར། །བཟོད་པའི་མཐུ་ཡིས་མཐོ་རིས་སོང་བར་གྱུར། །ཅེས་སོགས་གསུངས་པ་ལྟར་རོ། །
སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །ཞེས་པ་ནི་སྔར་བཤད་པ་ལྟར་ལ། དེ་མ་ཐག་ལ་ཏིང་འཛིན་བློ། །ཞེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཚེ་ཕར་ཕྱིན་ཐ་མ་གཉིས་རྫོགས་པར་གསུངས་པ་ནི། གྲུབ་མཐའི་འདོད་པ་ཡིན་ཞིང་། དེ་གཉིས་སྔོན་ཇི་ལྟར་རྫོགས་པའི་ཚུལ་ནི། བསྟན་འབར་མའི་མདོ་ལས་འབྱུང་བ་ལྟར་དང་། མདོ་གཞན་ལས་ཀྱང་། བྲམ་ཟེ་རབ་འབར་གྱུར་པ་ན། །རལ་བ་འདབ་ཆགས་ཚིང་བྱས་ཀྱང་། །བསམ་གཏན་ལས་ནི་མ་གཡོས་པར། །བསམ་གཏན་ཕ་རོལ་ཕྱིན་པ་རྫོགས་། །ཞེས་དང་། །སྨན་ཆེན་བློན་པོར་གྱུར་པ་དང་། །གནག་ལྷས་སྐྱེས་བུར་ང་གྱུར་ཚེ། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །དེའི་ཚེ་རྔ་བོ་ཆེ་ཡང་བསྒྲགས། །ཞེས་སོགས་གསུངས་སོ༑༑
དེ་ལྟར་ན་བསྐལ་བ་ཆེན་པོ་གྲངས་མེད་པ་གསུམ་གྱི་ཚོགས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སོགས་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་རྫོགས་ཟིན་ཀྱང་། གདུལ་བྱ་འདུལ་བའི་ཐབས་ལ་མཁས་པའི་དབང་གིས། དཀའ་བ་སྤྱད་པའི་ཚུལ་ཡང་མཛད་པ་ཡིན་ཏེ། ཇི་སྐད་དུ། སློབ་དཔོན་དཔའ་བོས། དཀའ་སྤྱད་ལས་ནི་མ་བགྱི་བར། །གོ་འཕང་རྙེད་དཀའ་མི་འཐོབ་ཅེས། །དེ་སླད་ཉིད་ལའང་མ་གཟིགས་པར། །ཁྱོད་ཀྱིས་བརྩོན་འགྲུས་ལེགས་པར་སྤེལ། །ཞེས་གསུངས་པ་ལྟར། གྲོང་ཁྱེར་སེར་སྐྱའི་ཤར་ཕྱོགས་དཔག་ཚད་བཅུ་གཉིས་འདས་པ། ཡངས་པ་ཅན་གྱི་མཆོད་རྟེན་རྣམ་དག་གི་གནས་དེར་ཅུང་ཟད་བཞུགས་ནས། གྲོང་ཁྱེར་སེར་སྐྱ་དང་ཐག་ཉེ་དྲགས་སོ་སྙམ་དུ་དགོངས་ནས། མཐར་གྱིས་རྒྱལ་པོའི་ཁབ་ཏུ་བྱོན་ནས་བསོད་སྙོམས་མཛད་དེ། རི་དྲུང་གི་ཤིང་པ་ཊ་ལའི་སྡོང་པོའི་དྲུང་ན་བཞུགས་སོ་། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའི་དྲུང་དུ་བྱོན། རྒྱལ་པོ་ན་རེ། གཞོན་ནུ་ལང་ཚོ་དང་པོ་ལ་བསོད་སྙོམས་སྤྱོད་པ་མི་མཛེས་ཀྱི། བདག་གིས་འདོད་པའི་ཡོན་ཏན་ཐམས་ཅད་དབུལ་བར་བགྱི་སྟེ། ཉིད་ཀྱི་རིགས་རུས་སོགས་ཇི་ལྟར་ཡིན་ཞེས་དྲིས་པའི་ལན་དུ།
བཀའ་སྩལ་པ། རྒྱལ་པོ་གངས་རི་ཉེ་བ་ན། །ཡུལ་གྱི་ལྗོངས་ནི་འབྲུ་དག་དང་། །ནོར་རྣམས་ཀྱིས་ནི་གང་བ་ཡི། །གོ་ས་ལ་ཞེས་གྲགས་པ་ཡོད། །བུ་རམ་ཤིང་པ་ཉི་མའི་རུས། །ཤཱཀྱ་དག་ནི་དེ་ན་གནས། །རྒྱལ་པོ་ང་ནི་རྒྱལ་རིགས་ཏེ། །ང་ནི་འདོད་པ་དོན་མི་གཉེར། །ཞེས་དང་། རྒྱལ་པོ་ང་ནི་སྐྱེས་མ་ཐག་ཏུ་ཡང་། །འདོད་པ་རྣམས་ལ་མི་དགའི་བློ་བསྐྱེད་ན། །འཇིགས་བྱེད་ཆོས་ཀྱི་དགྲ་བོར་གྱུར་པ་དག། བོར་པ་དེ་ཀོ་སླར་ཡང་ཇི་ལྟར་བླང་། །ཞེས་སོགས་གསུངས་སོ། །དེ་ནས་བྱ་རྒོད་ཕུང་པོའི་རི་དང་ཉེ་བའི་དྲང་སྲོང་སྣ་ཚོགས་པའི་བསྟི་གནས་སུ་གཤེགས་ཏེ། དྲང་སྲོང་རྣམས་མེ་ལྔས་གདུང་བ་དང་། རྐང་པ་ཡ་གཅིག་འགྲེང་བ་སོགས་དཀའ་ཐུབ་ཇི་ཙམ་སྤྱོད་པ་དེ། བྱང་ཆུབ་སེམས་དཔས་ཉིས་འགྱུར་ཉིས་འགྱུར་དུ་སྤྱད་དོ། །དེའི་ཚེ་དགེ་སྦྱོང་ཆེན་པོ་དང་། དྲང་སྲོང་ཆེན་པོ་ཞེས་མཚན་དུ་གྲགས་སོ། །དེ་ནས་དྲང་སྲོང་དེ་རྣམས་མཐོ་རིས་ཙམ་དོན་དུ་གཉེར་བ་མཁྱེན་ནས། ལམ་འདི་ནི་སླར་ལྷུང་བ་ལོག་པར་ཞུགས་པའོ་སྙམ་དུ་དགོངས་སོ། །དེ་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་བའི་བསྟི་གནས་སུ་གཤེགས་ཏེ། རིང་འཕུར་ལས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཚུན་ཆོད་ཀྱི་གདམས་ངག་ཞུས་ཏེ། དེ་ནི་མཚན་མོ་དེ་ཉིད་ལ་ཐོབ་པར་མཛད་ནས། ནངས་པར་རིང་འཕུར་ལ།
ཁྱོད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་ཁོ་ན་མངོན་དུ་བྱས་སམ།
གསོལ་པ། དེ་ཁོ་ནའོ།།
བཀའ་སྩལ་པ། དེ་ལྟར་ན་ངས་ཀྱང་དེ་མངོན་དུ་བྱས་སོ། །ཞེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ལམ་འདི་ཙམ་གྱིས་ནི། རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་དུ་དགོངས་ཏེ། རེངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་གནས་སུ་གཤེགས་སོ། །དེའི་དྲུང་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་སྲིད་རྩེའི་ཏིང་ངེ་འཛིན་ནུབ་གཅིག་ལ་ཐོབ་པར་མཛད་དོ། །དེ་ནས་ལྷག་སྤྱོད་ཀྱི་གནས་ནས་ཕྱིར་བྱུང་སྟེ་གཞན་དུ་གཤེགས་སོ། །དེའི་ཚེ་རྒྱལ་པོ་ཟས་གཙང་མས། བྱང་ཆུབ་སེམས་དཔའ་གཅིག་པུར་འཁྱམས་ཤིང་འདུག་གོ་ཞེས་ཐོས་ནས། རིམ་གྲོ་བྱེད་པའི་མི་སུམ་བརྒྱ་བཏང་ཞིང་། རྒྱལ་པོ་ལེགས་པར་རབ་སད་ཀྱིས་ཀྱང་མི་ཉིས་བརྒྱ་བཏང་ངོ་། །དེ་ནས་འཁོར་ལྔ་བརྒྱ་དང་བཅས་ནགས་སུ་རྒྱུ་བ་ན། སྐྱེ་བོ་མང་པོ་དང་ལྷན་ཅིག་གནས་པས་བདུད་རྩི་མི་ཐོབ་པར་མཁྱེན་ནས། ཡབ་ཀྱི་ཕྱོགས་ནས་ཀོོཎྜི་ནྱ་དང་། རྟ་ཐུལ་དང་། རླངས་པ་སྟེ་གསུམ་དང་། ཡུམ་གྱི་ཕྱོགས་ནས་མིང་ཆེན་དང་། བཟང་པོ་གཉིས་ཁྲིད། ལྷག་མ་རྣམས་ཕྱིར་བཀྱེ་སྟེ། ལྔ་སྡེ་རྣམས་དྲང་སྲོང་གི་ཆ་བྱད་དུ་བསྒྱུར་པ་དང་ལྷན་ཅིག་གྲོང་ཁྱེར་ག་ཡའི་ལྷོ་ཕྱོགས་ལྟེང་རྒྱས་ཀྱི་གྲོང་བརྡལ་རྒྱུ་ཞིང་གཤེགས་ནས། ཆུ་བོ་ནེེ་རཉྫ་ནའི་འགྲམ། ནེའུ་གསིང་ཡིད་དུ་འོང་བ་མཐའ་ནགས་ཚང་ཚིང་དང་། ཤིང་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་གཟིགས་ནས། ནགས་ཁྲོད་འདིར་བདག་གནས་ལ་སྤོང་བ་བྱའོ་སྙམ་དུ་དགོངས་ནས་ཤིང་དྲུང་ཞིག་ཏུ་བཞུགས་སོ། །དེ་ནས་སྙིགས་མ་ལྔའི་དུས་དམན་པ་ལ་མོས་པ། བརྟུལ་ཞུགས་ངན་པས་དག་པར་འཛིན་པ་སུན་དབྱུང་བའི་ཕྱིར། དཀའ་ཐུབ་བརྩམ་མོ་སྙམ་སྟེ། ལོ་དྲུག་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། ཏིལ་འབྲུ་གཅིག་ལ་སོགས་པ་གསོལ་བས་དཀའ་བ་སྤྱད་དོ།།
དེའི་ཚེ་ལྷ་མོ་སྒྱུ་འཕྲུལ་མའི་སྐྱེས་པ་སུམ་ཅུ་རྩ་གསུམ་པའི་ལྷ་དེས། གཞོན་ནུས་དཀའ་ཐུབ་དྲག་པོ་སྤྱད་པ་ཐོས་ནས་དེར་འོངས་པ་དང་། བྱང་ཆུབ་སེམས་དཔའི་སྐུ་ལུས་སྐེམས་པ་སོགས་མཐོང་བས། ལུམྦིའི་ཚལ་དུ་བུ་བཙས་ཚེ། །སྐྱེ་བའི་ཐ་མ་ཡིན་ཞེས་དང་། དྲང་སྲོང་ནག་པོས་སངས་རྒྱས་སུ༑༑ ལུང་བསྟན་པ་ཡང་ཉམས་འགྱུར་ཞིང་། །ཞེས་སོགས་མི་སྲིད་པ་དང་མི་རིགས་པར་གསོལ་བ་ལ།
བྱང་ཆུབ་སེམས་དཔས་སྨྲས་པ། ཉི་ཟླ་སྐར་ཚོགས་ས་ལ་ལྷུང་འགྱུར་སྲིད། །སོ་སོ་སྐྱེ་བོ་ཡིན་ཀྱང་ང་མི་འཆི། །དེའི་ཕྱིར་འདི་ལ་མྱ་ངན་ཁྱོད་མ་བྱེད། །རིང་པོར་མི་ཐོགས་བྱང་ཆུབ་སངས་རྒྱས་མཐོང་། །ཞེས་གསུངས་པས་དགའ་སྟེ་རང་གནས་སུ་སོང་ངོ་། །དེ་ལྟར་དཀའ་བ་སྤྱད་དེ་ལོ་དྲུག་འདས་ནས། འདི་སྙམ་དུ་ད་ལྟར་གང་དུ་དག་སྡུག་བསྔལ་སྤོང་བར་འདོད་པ་ཐམས་ཅད་ནི། འདི་ཙམ་དུ་ཟད་དེ། ལུས་རིད་ཅིང་ཉམས་ཆུང་བས་བྱང་ཆུབ་དེ་ཡང་བསྐྱེད་པར་མི་ནུས་སོ། །དེས་ན་ལུས་མདངས་སྟོབས་དང་ལྡན་པར་བྱའོ་དགོངས་ནས་དབུགས་འབྱིན་རྔུབ་ཅི་བདེར་མཛད་ཅིང་། འབྲས་ཆན་སོགས་ཁམ་ཟས་རགས་པ་ཡང་གསོལ། ཏིང་མར་གྱིས་བྱུགས་ཤིང་ཆུ་འཇམ་པོས་ཁྲུས་ཀྱང་མཛད་དོ། །དེའི་ཚེ་རིམ་གྲོ་པ་ལྔ་པོ་མ་དད་པར་གྱུར་ཏེ། ཤེས་ལྡན་དག་དགེ་སྦྱོང་ཀོོ་ཏ་མ་ནི། སྤོང་བ་ལས་ཉམས་པ་ཡིན་ཏེ། ད་ནི་འདིས་ཅུང་ཟད་ཀྱང་འཐོབ་པར་མི་ནུས་སོ་ཞེས་བྱང་ཆུབ་སེམས་དཔའ་བོར་ནས་ཝ་ར་ཎཱ་སིར་སོང་ཞིང་། དེ་རྣམས་ལ་ལྔ་སྡེ་ཞེས་གྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིམ་གྱིས་སྐུའི་མཐུ་བསྐྱེད་ནས་སྡེ་ཅན་གྱི་གྲོང་དུ་གཤེགས་སོ། །ཡུལ་དེའི་དཔོན་པོ་སྡེ་ཅན་ཞེས་བྱ་བ་ལ། བུ་མོ་དགའ་མོ་དང་། དགའ་སྟོབས་མ་ཞེས་བྱ་བ་གཉིས་ཡོད་དོ། །དེ་གཉིས་བུད་མེད་རིན་པོ་ཆེ་ལྟར་ཕུན་སུམ་ཚོགས་ཤིང་། ཚུལ་ཁྲིམས་དང་བརྟུལ་ཞུགས་བླངས་ནས་དུས་དེར་ལོ་བཅུ་གཉིས་ཀྱང་རྫོགས་པས། དེ་གཉིས་ཀྱིས་བ་མཆོག་སྟོང་ཡོད་པ་རྣམས་བཞོས་ཏེ། བ་སྟོང་བོ་དེ་ཉིད་ལ་བླུད་དོ། །དེ་རྣམས་བཞོས་ནས་ལྔ་བརྒྱ་ལ་བླུད་དོ། །དེ་བཞིན་དུ་ཉིས་བརྒྱ་ལྔ་བཅུ་དང་། བརྒྱ་ཉེར་ལྔ་དང་། དྲུག་ཅུ་རྩགགསུམ་དང་། སུམ་ཅུ་རྩ་གཉིས་དང་། བཅུ་དྲུག་དང་། བརྒྱད་དེ་ལན་བཅུ་དྲུག་ཉིང་ཁུར་བྱས་པའི་འོ་མ་རྣམས་ཤེལ་སྣོད་དུ་སྐོལ་བའི་ཚེ། གནས་གཙང་མའི་ལྷ་རྣམས་ཀྱིས། མོད་ལ་མཐུ་བསྐྱེད་པ་ཞེས་བྱ་བའི་སྨན་བླུགས་སོ། །འོ་མ་བསྐོལ་པ་དེའི་སྟེང་དུ་བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་བ་ལ་སོགས་པའི་དགེ་བའི་མཚན་མ་དུ་མ་བྱུང་ངོ་། །དེ་ནས་བུ་མོ་དེ་གཉིས་བྱང་ཆུབ་སེམས་དཔའི་དྲུང་དུ་ཆས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཆུ་ཀླུང་ནེེ་རཉྫ་ནར་སྐུ་ཁྲུས་མཛད་ཅིང། ཤིང་ཨ་རྫུ་ནའི་ཡལ་ག་ལ་ཕྱག་གིས་འཇུས་ཏེ་བཞེངས་ནས། ཆོས་གོས་གསོལ་ཏེ་ཆུ་འགྲམ་ན་བཞུགས་སོ།།
དེར་བུ་མོ་དེ་གཉིས་ཀྱིས་འོ་ཐུག་ཕུལ་པ་བཞེས་ཏེ། བཀའ་སྩལ་པ། ཡོལ་གོ་འདི་ཡང་བཏང་བ་ཡིན་ནམ།
གསོལ་པ། བཏང་བ་ལགས་སོ།།
དེ་ནས་བྱང་ཆུབ་སེམས་དཔས་འོ་ཐུག་གསོལ་ནས། གསེར་གྱི་ཡོལ་གོ་ཆུ་ཀླུང་དེར་བོར་པ་ཀླུ་རྣམས་ཀྱིས་བླངས་སོ། །དེར་བརྒྱ་བྱིན་མཁའ་ལྡིང་གི་ཆ་བྱད་དུ་སྤྲུལ་ནས་ཀླུ་ལས་ཡོལ་གོ་ཕྲོགས་ཏེ། སུམ་ཅུ་རྩ་གསུམ་དུ་ཁྱེར་ནས་མཆོད་པ་ཆེད་པོ་བཙུགས་སོ། །དེ་ལྟར་འོ་ཐུག་མཆོག་དེ་གསོལ་པ་ཙམ་གྱིས་སྐུ་ཉམས་སྟོབས་དང་ལྡན་ཞིང་། སྐུ་ལུས་ཀྱི་མདངས་སོགས་སྔོན་བཞིན་དུ་གྱུར་ཏོ།།
༦.མངོན་པར་འཚང་རྒྱ་བའི་ཚུལ།
དེ་ནས་མངོན་པར་འཚང་རྒྱ་བའི་ཚུལ་བསྟན་པ་སོགས་ནི། བསྟོད་པ་ལས། རྡོ་རྗེ་གདན་གྱི་བྱང་ཆུབ་སྙིང་པོར་གཤེགས། །བདུད་སྡེ་དཔུང་ཚོགས་འཇོམས་པའི་ཆོ་འཕྲུང་བཅས། །བླ་མེད་བྱང་ཆུབ་གོ་འཕང་བརྙེས་པའི་ཚུལ། གླིང་འདིར་མངོན་སུམ་བསྟན་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ༑༑
དེ་ནས་བྲག་རི་མེ་ཏོག་དང་འབྲས་བུས་བརྒྱན་པ་ཞིག་ཡོད་པ་དེར་ཕེབས་ཏེ་བཞུགས་པ་ན། དེ་མ་ཐག་བྲག་རི་དེ་ཉིལ་ལོ། །དེའི་ཚེ་ལྷ་རྣམས་ཀྱིས་གསོལ་པ། དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་མཐར་ཕྱིན་པ་ནི། ས་གཞན་གྱིས་གཟུང་བར་མི་ནུས་ཏེ། འདི་དང་ཉེ་བ་ཕྱོགས་འདི་ལྟ་བུ་ཞིག་ན་རྡོ་རྗེ་གདན་མཆི་སྟེ། ད་ནི་དེར་བཞུད་ཅིག དེ་ནས་ལུང་བསྟན་པ་བཞིན་ཕེབས་པ་ན། ཞབས་གང་དུ་བཞག་སར་མེ་ཏོག་པདྨ་དག་བྱུང་ངོ་། །དེར་རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བབས་ཏེ། པདྨའི་རྫིང་བུ་དག་ཏུ་གྱུར་ཏོ། །དེ་ནས་ཡང་གཤེགས་ཏེ། ཞབས་ཀྱི་གོམ་པ་བོར་པ་ན། ས་ཆེན་པོ་འདི་ལ༑ མཁར་རྔ་སོགས་ལ་དབྱུག་གུས་བསྣུན་པ་བཞིན་དུ་སྒྲ་བྱུང་ངོ་། །བྱ་ཙ་ར་ག་དང་། རི་དྭགས་རྣམས་ཀྱང་བྱང་ཆུབ་སེམས་དཔའ་ལ་སྐོར་བ་བྱེད། ལྷ་རྣམས་ཀྱིས་ཀྱང་ཆར་ཟིམ་བུས་ཆག་ཆག་བཏབ་བོ། །ཆུ་བོ་ནེེ་རཉྫ་ནར་ཀླུའི་རྒྱལ་པོ་དུས་ཅན་ཞེས་བྱ་བ་མིག་ལོང་བ། སྔོན་སངས་རྒྱས་འཁོར་བ་འཇིག་ལ་སོགས་པའི་ཞལ་མཐོང་བ་ཞིག སྐབས་དེར་དེའི་མིག་གི་མཐོང་བར་གྱུར་ཅིང་། ས་ཆེན་པོ་སྒྲ་སྒྲོགས་པའང་ཐོས་ནས། སའི་སྟེང་དུ་འཐོན་ནས་རྒྱང་རིང་པོ་ནས་བྱང་ཆུབ་སེམས་དཔའ་མཐོང་བ་ན། ངེས་པར་སངས་རྒྱས་སུ་འགྱུར་བར་ཤེས་ནས་སྨྲས་པ།
བདག་གིས་སྔོན་ནི་མཐོང་བ་ཡི། །སངས་རྒྱས་མཐུ་ཆེན་དེ་རྣམས་དང་། །ཐུབ་པ་ཁྱོད་ནི་མཐོང་གྱུར་ན། །དེ་དག་ཐ་དད་དབྱེར་མ་མཆི། །ཞེས་སོགས་རྒྱ་ཆེར་བསྟོད་དོ། །དེ་ནས་གཤེགས་པའི་ལམ་གྱི་གཡས་ཕྱོགས་ན། རྩྭ་འཚོང་ཁྱེའུ་བཀྲ་ཤིས་རྩྭ་བརྔ་བ་ལ། བཀྲ་ཤིས་རྩྭ་ནི་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །ཞེས་གསུངས་པ་དང་། དེས་ཀྱང་རྩྭ་སྔོ་འཇམ་ཡིད་དུ་འོང་བ་དག་ཕུལ་ཏོ། །རྩྭ་དེ་བསྣམས་ནས་ཤིང་ཨ་ཤྭཏྠ་བྱང་ཆུབ་ཀྱི་ཤིང་ལ་ལན་གསུམ་བསྐོར་ཏེ། རྩྭའི་རྩེ་མོ་ནང་དུ་བསྟན་རྩ་བ་ཕྱིར་བསྟན་པ་ལ། ཞལ་ཤར་ཕྱོགས་སུ་གཟིགས་ཏེ་བཞུགས་ནས་སྐུ་ལུས་དྲང་པོར་བསྲིངས། དྲན་པ་མངོན་དུ་བཞག་ནས་གསུངས་པ། སྟན་འདིར་བདག་གི་ལུས་ནི་སྐེམས་ཀྱང་རུང་། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང་། བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར།། སྟན་འདི་ལས་ནི་བསྐྱོད་པར་མི་བྱའོ། །ཞེས་ཐུགས་དམ་བརྟན་པོ་མཛད་དོ༑༑
དེ་ནས་བདུད་སྡིག་ཅན་ལ་རྒྱལ་མཚན་གཉིས་ཡོད་དེ། དགའ་བའི་གནས་དང་། དོགས་པའི་གནས་སོ། །སྐབས་འདིར་དོགས་པའི་རྒྱལ་མཚན་གཡོས་པས། བདུད་ཀྱིས་བརྟགས་པ་ན། བྱང་ཆུབ་སེམས་དཔའ་རྡོ་རྗེ་གདན་ལ་བཞུགས་པར་མཐོང་ནས། བར་ཆད་བྱ་བའི་ཕྱིར་སྐྲ་འཛིངས་ཤིང་ཤ་ནའི་གོས་ཀྱིས་སྨད་གཡོགས་པའི་འཕྲིན་པ་ཞིག་ཏུ་སྤྲུལ་ནས་རིང་རིང་སྐད་དུ་གསོལ་པ། གྲོང་ཁྱེར་སེང་སྐྱ་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ཁ་བཏགས་ན། ཁྱོད་ཅིའི་ཕྱིར་གནས་བཏབ་སྟེ་འདུག་ཅེས་སྨྲའོ།།
དེར་ཐུགས་ལ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་། རྣམ་པར་འཚེ་བ་སྟེ་མི་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱེ་ན། དེ་དག་བདུད་ཀྱི་དཀྲུགས་མར་ཤེས་ནས། དེ་དག་ལྡོག་པའི་དགེ་བའི་རྟོག་པ་གསུམ་གྱི་ཟིལ་གྱིས་མནན་ཏོ།།
དེ་ནས་བདུད་རང་ཉིད་འོངས་ཏེ། ཁྱོད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ག་ལ་ཐོབ་ཅེས་ཟེར་རོ།།
བཀའ་སྩལ་པ། སྡིག་ཅན་ཁྱོད་ཀྱིས་མཆོད་སྦྱིན་གཅིག་བྱས་པས་ཀྱང་འདོད་པའི་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་ན། ངས་བསྐལ་བ་གྲངས་མེད་པ་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱས། སེམས་ཅན་རྣམས་ཀྱི་དོན་དུ། མགོ་དང་། ལག་པ་ནས། དབྱིག་དང་། གསེར་ལ་སོགས་པའི་བར་དུ་ཐམས་ཅད་ཡོངས་སུ་བཏང་ན། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་མི་འགྱུར་རེ་སྐན།
བདུད་ཀྱི་སྨྲས་པ། རེ་ཞིག་ངས་དེ་ལྟར་བྱས་པའི་དཔང་པོ་ནི་ཁྱོད་ཡིན་ན། ཁྱོད་ཀྱི་དེ་ལ་དཔང་པོ་སུ་ཞིག་ཡོད།
དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་གཡས་པ་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ས་ལ་རེག་པར་མཛད་དེ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག། ཅེས་གསུངས་པས།
ས་རྣམ་པ་དྲུག་ཏུ་གཡོས་པའི་གསེབ་ནས། སའི་ལྷ་མོ་བརྟན་མས་ལུས་ཕྱེད་བྱུང་ནས་ཐལ་མོ་སྦྱར་ཏེ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་སྨྲ་པ་དེ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །ཞེས་སྨྲས་པ་དང་། བདུད་སྡིག་ཅན་བག་ཁུམས་ཤིང་སེམས་ཁོང་དུ་ཆུད་ནས་སོང་ངོ་།།
དེ་ནས་སྡིག་ཅན་གྱིས་བསྐུལ་ཏེ། བདུད་ཀྱི་བུ་མོ་སྲེད་མ་དང་། དགའ་བྱེད་མ་དང་། དགའ་སྤྱོད་མ་ཞེས་བྱ་བ་གསུམ་མངགས་ཤིང་། དེ་རྣམས་ནི་ལྷའི་བུ་མོའི་མཆོག་ཡིན་ལ། བུད་མེད་ཀྱི་གཡོ་སྒྱུ་རྣམས་སྟོན་པར་བརྩམས་པ་ན། དེ་དག་རྒན་མོ་བཞིན་མི་སྡུག་པར་བྱིན་གྱིས་བརླབས། ཕྱིས་སུ་སྟོན་པ་ལ་མོས་པ་བསྐྱེད་པས་གྲོལ་ཏེ། །དེ་ནས་བདུད་སྡིག་ཅན་གྱིས་བདུད་ཀྱི་རིགས་ཀྱི་འབྱུང་པོ་ཐམས་ཅད་སྦྲན་ཏེ། ཇི་སྐད་དུ། གནོད་སྦྱིན་གྲུལ་བུམ་ལྟོ་འཕྱེ་ཆེན་པོའི་གཟུགས། །སྲིན་པོ་ཡི་དྭགས་ཤ་ཟའི་གཟུགས་དང་བཅས། །འཇིགས་བྱེད་མི་སྡུག་དྲག་གཟུགས་ཇི་སྙེད་པ། །ཐམས་ཅད་སྒྱུ་མས་དེར་ནི་སྤྲུལ་བ་བྱས། །ཤཱཀྱའི་སྲས་པོས་ཆོས་རྣམས་རྟེན་འབྱུང་བ། །དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྟོགས། །ནམ་མཁའ་ལྟ་བུའི་སེམས་དང་རབ་ཏུ་ལྡན། །དཔུང་བཅས་གཡོ་སྒྱུ་མཐོང་ཡང་མྱོས་པ་མེད། །ཅེས་པ་ལྟར་བདུད་ཀྱི་དཔུང་ཆེན་པོ་གདོང་དང་གཟུགས་སྣ་ཚོགས་པ་མཚོན་ཆ་སྣ་ཚོགས་པ་འཛིན་པ། དཔའ་ཞིང་གཏུམ་ལ་མི་བསྲུན་པ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་སྔོན་དུ་བདས་ཤིང་། སྡིག་ཅན་རང་ཉིད་མདའ་གཞུ་རྣ་བའི་བར་དུ་བཀང་སྟེ་འོངས་ནས། བྱང་ཆུབ་སེམས་དཔའི་མཐའ་བསྐོར་ཏེ་འདུག་གོ།
དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། འབྱུང་པོ་རྣམས་ཀྱིས་མཚོན་ཆ་འཕངས་པ་དག་ནི་མེ་ཏོག་ཨུཏྤལ་དང་། པདྨ་ལ་སོགས་པར་གྱུར། རི་འཕངས་པ་ནི་མེ་ཏོག་གི་ཁང་བརྩེགས་སུ་གྱུར། རླུང་གདུག་པ་དང་རྡོའི་ཆར་ཕབ་པ་ནི། གནས་གཙང་མའི་ལྷ་རྣམས་ཀྱིས་བསྒྲིབས། མི་གཙང་བའི་ཆར་ཕབ་པ་ཡང་དྲི་ཞིམ་པའི་རྫས་རྣམས་སུ་གྱུར་ཏེ། བདུད་ཀྱི་གནོད་པ་ཐམས་ཅད་བརྡུགས་སོ༑༑
དེ་ནས་བདུད་ཀྱི་དཔུང་རྣམས་ཕྱོགས་དེ་ནས་གྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་གྱི་ཐུན་དང་པོའི་སྐབས་དེ་ཉིད་དུ་མཉམ་པར་བཞག་སྟེ། རབ་ཀྱི་མཐའི་བསམ་གཏན་བཞི་པ་ལ་བརྟེན་ནས་རྫུ་འཕྲུལ་གྱི་མངོན་ཤེས་དང་། ལྷའི་རྣ་བ་མངོན་དུ་བྱས། གུང་ཐུན་ལ་གཞན་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ལྷའི་སྤྱན་མངོན་དུ་བྱས་ཤིང་། ཐུན་ཐ་མ་ལ་ཟག་པ་ཟད་པའི་མངོན་ཤེས་མངོན་དུ་བྱས་ཏེ། བླ་ན་མེད་པའི་ཡེ་ཤེས་བརྙེས་ཤིང་། གསར་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་མཛད་ནས་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པར་གྱུར་ཏོ།།
དེའི་ཚེ་དཀར་པོའི་ཕྱོགས་ལ་མངོན་པར་དགའ་བའི་ལྷ་རྣམས་ཀྱིས། ད་ནི་ཤཱཀྱ་ཐུབ་པས་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ་ཞེས་བསྒྲགས་སོ། །དེ་ལྟར་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས། གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་ཡང་བཙས་ཤིང་། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡངས་བཙས་སོ། །དེའི་ཚེ་ས་ཆེན་པོ་ནི་རབ་ཏུ་གཡོས། ཕྱོགས་ཐམས་ཅད་ནི་འོད་ཀྱི་སྣང་བས་ཁྱབ། འཇིག་རྟེན་གྱི་ཁམས་ཕན་ཚུན་གྱི་བར་དུ་མུན་པ་མུན་ནག་ཏུ་གྱུར་པ་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་གྱུར་ཏོ། །སྟོན་པས་ཀྱང་། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་པའི་དངོས་པོའང་ཐོབ། །ཅེས་ཆེད་དུ་བརྗོད་དོ།།
ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི། མཛོད་ལས། ཐུབ་པས་བྱང་ཆུབ་ཀྱིས་འཐོབ་བྱ། །དང་པོར་མ་ཡིན་སྐད་ཅིག་མ། །སུམ་ཅུ་རྩ་བཞི་ཐོབ་ཕྱིར་རོ། །ཞེས་པ་ལྟར། ཐུབ་པས་བྱང་ཆུབ་ཀྱི་ཤིང་དྲུང་དུ་སྟན་གཅིག་ལ། རབ་མཐའི་བསམ་གཏན་བཞི་པ་ལ་བརྟེན་ནས་མཐོང་ལམ་བར་ཆད་མེད་ལམ་བརྒྱད་དང་། རྣམ་གྲོལ་ལམ་བརྒྱད་དེ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་དང་། སྲིད་རྩེའི་སྒོམ་སྤོང་སྐོར་དགུའི་གཉེན་པོ་བར་ཆད་མེད་ལམ་དགུ་དང་། རྣམ་གྲོལ་ལམ་དགུ་སྟེ་སྐད་ཅིག་མ་སུམ་ཅུ་རྩ་བཞི་རྒྱུན་ཆགས་སུ་བསྐྱེད་ནས་བྱང་ཆུབ་འཐོབ་པར་འདོད་དོ། །དེ་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་སངས་རྒྱས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་སྐྱིལ་ཀྲུང་གཅིག་གིས་ཞག་བདུན་འདས་པར་མཛད་དོ།། དེ་ནས་ཞག་བདུན་ཕྲག་གཉིས་པ་ལ་བབ་པ་ན། ཚངས་རིས་ཀྱི་ལྷ་གཉིས་འོངས་ནས། དེད་དཔོན་གཡུལ་ལས་རྣམ་པར་རྒྱལ་བ་པོ། །སྡིག་པ་མི་མངའ་བཞེངས་ཤིག་འཇིག་རྟེན་གཟིགས། །རིན་ཆེན་ཆོས་ནི་འཚལ་བར་འགྱུར་མཆིས་ཀྱི། །བདེ་གཤེགས་ཆོས་ཀྱི་མཆོག་ནི་བཤད་དུ་གསོལ། །ཅེས་བསྐུལ་ཏོ། །དེ་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཞི་བའི་བདེ་བ་ལ་ཆེད་དུ་བརྗོད་པའང་མཛད་ནས། ཞག་བདུན་ཕྲག་གཉིས་པ་ལ་ཡང་སྐྱིལ་ཀྲུང་མ་ཞིག་པར་བཞུགས་སོ།།
བདུན་ཕྲག་གསུམ་པ་ལ། ཚོངས་དཔོན་ག་གོན་དང་། བཟང་པོ་ཞེས་བྱ་བ་གཉིས། བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་སྦྲང་རྩི་དང་ལྡེ་གུ་དག་འབུལ་གྱིས་བཞེས་སུ་གསོལ། ཞེས་ཞུས་སོ། །དེ་ནས་སྟོན་པས། སྔོན་གྱི་སངས་རྒྱས་རྣམས་ཀྱང་ལྷུང་བཟེད་ཀྱི་སྣོད་དུ་བསོད་སྙོམས་བཞེས་ཀྱི། མུ་སྟེགས་བྱེད་བཞིན་དུ་སྙིམ་པ་དང་སློང་ཕོར་དུ་ནི་མ་ཡིན་ནོ་ཞེས་དགོངས་སོ༑༑ དེའི་ཚེ་རྒྱལ་པོ་ཆེན་པོ་བཞིས་དེ་ཤེས་ནས་རྡོ་ལས་བྱས་པའི་ལྷུང་བཟེད་རེ་རེ་མེ་ཏོག་གིས་བཀང་སྟེ་ཕུལ་པས། ཕྱག་བརྐྱངས་ཏེ། བདེ་བར་གཤེགས་ལ་ལྷུང་བཟེད་ཕུལ་ཅིག་དང་། ཁྱོད་ནི་ཐེག་པ་མཆོག་གི་སྣོད་དུ་འགྱུར་། །ང་འདྲ་དག་ལ་ལྷུང་བཟེད་ཕུལ་པ་ནི། །དྲན་དང་བློ་གྲོས་ནམ་ཡང་ཉམས་མི་འགྱུར། །ཞེས་གསུངས་ནས་བཞི་ག་ལྷུང་བཟེད་གཅིག་ཏུ་བྱིན་གྱིས་བརླབས་ཏེ་བསྣམས་སོ། །དེ་ནས་ཚོང་དཔོན་གཉིས་ཀྱིས་བསོད་སྙོམས་ཕུལ་པ་དག་བཞེས་ཏེ། ལྷ་ཡི་བཀྲ་ཤིས་དོན་འགྲུབ་གྱུར་ཅིག། ཐམས་ཅད་མྱུར་དུ་མཐུན་པར་ཤོག། ཅེས་སོགས་ཤིས་པ་བརྗོད་དོ།།
བདུན་ཕྲག་བཞི་པ་ལ། གློ་བུར་དུ་སྤྲིན་ཆགས་ཏེ་ཡུལ་ངན་བྱུང་བ་ན། ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས་སོ། །བདུན་ཕྲག་ལྔ་པ་ལ། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ། རྟེན་འབྲེལ་བཅུ་གཉིས་ཀྱི་དོན་དགོངས་བཞིན་དུ་ཞག་བདུན་སྐྱིལ་ཀྲུང་གཅིག་གིས་འདའ་བར་མཛད་དོ།།
དེ་ནས་ཞག་བདུན་ཕྲག་དྲུག་པ་ལ་བབ་པ་ན། བདག་གིས་རྟོགས་པའི་ཆོས་ཟབ་མོ་འདི་ནི། གཞན་གྱི་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་གཞན་ལ་བསྟན་པར་གྱུར་ཀྱང་དེས་མི་རྟོགས་པས། བདག་གཅིག་པུ་དགོན་པར་གནས་པར་བྱའོ་ཞེས་དགོངས་ཏེ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་ཀྱང་གསུངས་སོ།།
དེའི་ཚེ་རྒྱལ་པོའི་ཁབ་ཏུ་མངོན་པར་བྱང་ཆུབ་པའི་མཆོད་རྟེན། དབྱིབས་གྲུ་བཞི་པ། བང་རིམ་བཞི་པ་ཅན་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཀྱིས་བཞེངས་སོ།།
སྨྲས་པ། ལེགས་བྱས་བསོད་ནམས་ཆེན་པོ་ལས་བྱུང་བའི། །མང་པོས་བཀུར་པ་ཤཱཀྱའི་རྒྱལ་པོའི་ཁབ། །མི་ཟད་འདོད་དགུའི་ནོར་གྱིས་བལྟམས་པ་སོགས། །བྱང་ཕྱོགས་གནོད་སྦྱིན་མཛོད་ཀྱི་རྗེས་སུ་འགྲོ། །གསེར་གྱི་བ་གམ་མངོན་མཐོ་ཁང་བཟང་མཆོག། འོད་སྟོང་འབར་བ་ནམ་མཁའི་དབྱིངས་སུ་འཕགས། །གྲོང་ཁྱེར་ཡུལ་ལྗོངས་ཁོར་ཡུག་སྐྱེད་ཚལ་སོགས། །འཆི་མེད་སུམ་རྩེན་གནས་ལ་འགྲན་པ་བཞིན། །དེ་ན་རྒྱལ་སྲས་དོན་རྣམས་ཐམས་ཅད་གྲུབ། །མ་ལུས་འགྲོ་བའི་མགོན་དུ་འཚོ་ཞིང་གཞེས། །རྒྱུ་སྐར་ཕྲེང་བས་ཡོངས་སུ་བསྐོར་པ་ཡི། །ཟླ་བ་གླིང་བཞིའི་དཔལ་དུ་ཤར་བ་ལྟར། །ཕྱོགས་རྣམས་ཀུན་ཏུ་བཀྲ་ཤིས་མཛད་པ་དེ། །ཇི་ལྟར་སོས་ཀའི་དུས་ཀྱི་པདྨོ་དང་། །དཀར་པོའི་ཕྱོགས་ལ་ཆས་པའི་ཟླ་བ་ལྟར། །མཚན་དཔེའི་དཀྱིལ་འཁོར་རིམ་གྱིས་འཕེལ་བར་གྱུར། །ཤེས་བྱའི་དཀྱིལ་འཁོར་ཀུན་ལ་ཐོགས་མེད་ཀྱང་། །རིག་པའི་གནས་ལ་སློབ་པའི་ཚུལ་ཡང་མཛད། །སྐུ་ལ་སྲེད་མེད་བུ་ཡི་སྟོབས་མངའ་ཡང་། །གཞོན་ནུའི་ཚོགས་ལ་འགྲན་པ་ལྟར་ཡང་བྱས། །རིན་ཆེན་འཁོར་ལོས་སྒྱུར་བའི་ནོར་བུའི་ཁྲིར། །བསོད་ནམས་བརྒྱས་གཙང་ཞབས་ཀྱི་པདྨོ་འཁོད། །ཡོན་ཏན་བརྒྱ་ཕྲག་ལྡན་པའི་བཙུན་མོའི་འཁོར། །ཁབ་ཏུ་བསུས་པས་མཛད་ཆེན་ལྔ་པ་བསྟན། །ན་རྒ་འཆི་བའི་རྐྱེན་དག་གཟིགས་པ་ཡིས། །སྲིད་པའི་རྒྱ་མཚོ་སྡུག་བསྔལ་མཛོད་དུ་མཐོང་། །ཞི་དུལ་དགེ་སྦྱོང་ཆེན་པོ་གཟིགས་པ་ཡིས། །ཚངས་པ་སྤྱོད་པ་ཕན་བདེའི་རྩ་བར་དགོངས། །དེ་ཡང་ལང་ཚོ་དར་བ་པདྨའི་བཞིན། །མཛེས་སྡུག་འཛུམ་བརྒྱ་ཕྱོགས་སུ་གྲོལ་བ་ཡང་། །རྒ་བའི་བ་མོས་བཅོམ་པ་འདི་བཞིན་ཞེས། །རྒས་འཁོགས་གཏུགས་པའི་རྒན་པོ་དཔེ་རུ་བསྟན། །ཟས་ནོར་ལོངས་སྤྱོད་གན་མཛོད་ལྟར་བསགས་ཀྱང་། །ལོངས་སྤྱོད་མི་ནུས་མིག་གི་དགའ་སྟོན་ཙམ། །འཇིག་རྟེན་ཕ་རོལ་ཉེ་བའི་སྡུག་བསྔལ་པ། །སྐམས་ཤིང་རིད་པ་འཁོར་བའི་ཆོས་སུ་བསྟན། །རང་གི་ལུས་དང་ལོངས་སྤྱོད་གྲོགས་བཤེས་སོགས། །ཐམས་ཅད་བོར་ཏེ་འཇིག་རྟེན་ཕ་རོལ་ཏུ། །འགྲོ་བ་བདག་གཞན་ཀུན་ཀྱང་མཚུངས་སོ་ཞེས། །ཁྱོགས་ལ་བཏེག་པའི་མི་རོ་དཔེ་རུ་བསྟན། །རྒྱལ་སྲིད་ཆེན་པོའི་དཔལ་འབྱོར་གཉེན་འཁོར་སོགས། །རྩྭ་ལྟར་སྤངས་ཏེ་ཁབ་ལས་ངེས་པར་འབྱུང་། །ཆགས་བྲལ་ངུར་སྨྲིག་ཆོས་ཀྱི་རྒྱལ་མཚན་ནི། །ལྷར་བཅས་འགྲོ་བའི་མིག་གི་བདུད་རྩི་ཉིད། །རླབས་ཕྲེང་གཡོ་བའི་ཡན་ལག་བརྒྱད་ལྡན་ཆབ། །ཆུ་ཀླུང་ཆེན་པོ་ནེེ་རཉྫ་ནའི་འགྲམ། །རབ་མཛེས་ནེའུ་གསིང་སྔོན་མོའི་ས་གཞི་ལ། །མེ་ཏོག་རི་མོ་བྲིས་པའི་ཡོངས་བསྐོར་པ། །ལྗོན་ཤིང་ཕྲེང་བར་འཁྲེགས་པའི་ནགས་ཁྲོད་དུ། །མཁའ་ཁྱབ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ། །བསམ་གཏན་ཟས་སུ་ཟ་བའི་དཀའ་ཐུབ་ཀྱིས། །ལོ་དྲུག་བར་དུ་སྙོམས་པར་ཞུགས་པར་གྱུར། །དེ་ལྟར་རྨད་བྱུང་ཐོག་མའི་མཛད་བཟང་གི། ངོ་མཚར་རྣམ་པར་ཐར་བའི་རི་མོ་ཀུན། །མངོན་སུམ་མེ་ལོང་ཉིད་དུ་བྲིས་པ་ནི། །རྣམ་པར་གྲོལ་པའི་ལམ་གྱི་དཔེ་རུ་གསལ། །བ་མཆོག་སྟོང་གི་འོ་མའི་ཉིང་ཁུ་ལ། །བཀྲ་ཤིས་དགེ་མཚན་རི་མོ་དཔལ་དུ་ཤལ། །གསོལ་པ་ཙམ་གྱི་གཟི་བྱིན་འབར་བ་ནི། །ཤར་ཕྱོགས་མཁའ་ལ་འོད་ཀྱི་ཐིག་ལེ་བཞིན། །འཛམ་གླིང་དབུས་ཀྱི་གནས་མཆོག་རྡོ་རྗེ་གདན། །འདས་པའི་སངས་རྒྱས་རྣ་མས་ཀྱི་བྱིན་གྱིས་བརླབས། །དེར་ནི་ཨ་ཤྭ་ཐ་ཡི་ཤིང་དྲུང་དུ། །བདེར་གཤེགས་གོ་འཕང་བརྙེས་པའི་དམ་བཅའ་མཛད། །བདུད་ཀྱི་བུ་མོ་སྒེག་མོའི་མཛེས་སྡུག་གིས། །ཚངས་སྤྱོད་བདུད་རྩི་གཏེར་ལ་ཅོ་འདྲི་ཡང་། །ཆགས་བྲལ་ནམ་མཁའ་ལྟ་བུའི་ཏིང་འཛིན་ལས། །ཚུལ་མིན་ཀུན་རྟོག་གཡོ་བའི་གོ་སྐབས་བྲལ། །བདུད་ཀྱི་དམག་དཔུང་བྱེ་བ་སུམ་ཅུ་དྲུག། སྤྲིན་ལྟར་འཐིབས་པའི་གཡུལ་གྱི་དཀྱིལ་འཁོར་ལས། །དྲག་པོའི་མཚོན་ཆ་ཆར་ལྟར་བབས་པ་ཀུན། །ཐུབ་པ་མཆོག་དེ་མཆོད་པའི་མེ་ཏོག་གྱུར། །བུ་ལྟར་བརྩེ་བའི་བྱམས་པའི་མེ་འོད་ཀྱིས། །རྣམ་འཚེ་ཕྲག་དོག་ཚེར་མའི་ཚང་ཚིང་བསྲེགས། །འདོད་པའི་དབང་ཕྱུག་འཁོར་བཅས་མྱ་ངན་གྱིས། །བསམ་གཏན་མུན་པའི་ཁུང་བུ་ཉིད་དུ་ཞུགས། །སྒྲིབ་གཉིས་མུན་པའི་དཀྱིལ་འཁོར་འཇིག་པའི་མཐར། །རྣམ་ཀུན་མཁྱེན་པའི་སྐྱ་རེངས་དང་པོ་ཤར། །དམ་ཆོས་ཉིན་མོར་བྱེད་པས་འཇིག་རྟེན་ཁམས། །མ་ལུས་གསལ་ལ་མངོན་དུ་ཕྱོགས་པར་གྱུར། །དེའི་ཚེ་ས་ཆེན་རྣམ་པ་དྲུག་ཏུ་གཡོས། །ངོ་མཚར་སྣང་བ་དམ་པས་ཕྱོགས་ཀུན་གསལ། །ཨུ་དུམ་ཝ་རའི་འདབ་བརྒྱ་ཁོང་ནས་གྲོལ། །ཞབས་ཀྱི་པདྨོ་ཚངས་དབང་གཙུག་གིས་མཆོད། །དགེ་སྡིག་ལས་ཀྱིས་རྣམ་སྨིན་བདེ་སྡུག་ནི། །འབྱུང་བ་གནས་དང་ལྡོག་པ་གནས་མིན་ཞེས། །གནས་དང་གནས་མིན་མཁྱེན་པའི་སྟོབས་ལ་སོགས། །སྟོབས་བཅུ་མངའ་བ་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཀུན་སྤངས་རྣམ་པ་ཀུན་མཁྱེན་ཞེས། །རླབས་ཆེན་ཁྱུ་མཆོག་གནས་སུ་དམ་བཅའ་མཛད། །འཁོར་གྱིས་དབུས་སུ་སེངྒེའི་སྒྲ་ཡང་བསྒྲགས། །མི་འཇིགས་རྣམ་བཞི་བརྙེས་ལ་ཕྱག་འཚལ་ལོ། །སྒྲིབ་བྲལ་ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུ། །འཆི་མེད་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ། །གདུལ་བྱའི་ཁམས་བཞིན་སྟོན་པའི་སྤྲུལ་སྐུ་སྟེ། །བླ་མེད་སྐུ་གསུམ་བརྙེས་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནིབར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
མུ་འགོད།