དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་པ་སོགས་ནི་བསྟོད་པ་ལས། མི་མཇེད་བདག་པོ་ཚངས་པ་ཆེན་པོ་ཡིས། །རྩིབས་སྟོང་གསེར་གྱི་འཁོར་ལོ་ཕུལ་ཏེ་བསྐུལ། །ངོ་མཚར་རྨད་བྱུང་འཕགས་པའི་བདེན་པ་བཞིའི། །ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ།།
དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་སོང་སྟེ། གསོལ་པ། མ་ག་ངྷར་ནི་སྔོན་ཆད་ཆོས་བྱུང་བ། །དག་པ་མ་ལགས་དྲི་མར་བཅས་པར་རྟོགས། །བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། །དྲི་མ་མེད་པའི་རྟོགས་པ་བཤད་པར་མཛོད། །ཅེས་དང་། གཞན་ཡང་། ཚངས་པས། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི། །ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ། །ཡེ་ཤེས་ཟེར་གྱིས་མི་ཡི་པདྨ་ཁ་འབྱེད་པ། །སྨྲ་བའི་ཉི་མ་དེ་རིང་ཅི་སླད་བཏང་སྙོམས་བཞུགས། །ཞེས་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། ཟླ་བ་ཉ་བ་གཟའ་ལས་ཐར་པ་ལྟར། །ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་པ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་འབྱུང་གསོལ། །ཞེས་གསོལ་བ་བཏབ་བོ།།
སྟོན་པས། ངས་ཚེགས་ཆེན་པོས་རྟོགས་པ་འདི། གཞན་གྱིས་རྟོགས་པར་མི་འགྱུར་རོ་ཞེས་དང་པོར་ཞལ་གྱིས་མ་བཞེས་སོ།།
ཡང་ཚངས་པས། འཇིག་རྟེན་ན་མཆོག་དང་འབྲིང་དང་དམན་པ་དག་ཡོད་པས། རབ་དང་འབྲིང་གིས་ཆོས་ཐོས་ན་རྟོགས་པར་འགྱུར་ལ། མ་ཐོས་ན་ཉམས་པར་འགྱུར་བ་ལགས་པས། ངེས་པར་ཆོས་གསུངས་པར་ཞུ། ཞེས་ཞུས་པ་ན། སྟོན་པ་ཉིད་ཀྱིས་གཟིགས་པས་ཀྱང་དེ་ལྟར་དགོངས་ཏེ།
བཀའ་སྩལ་པ། བདུད་རྩིའི་སྒོ་མོ་དག་ནི་དབྱེ་བར་བྱ། །ཉན་པར་སུ་འདོད་སོམ་ཉི་སོལ་ཅིག་དང་། །ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་སྩལ་མདོ་ཙམ་བཤད་པར་བྱ། །ཞེས་ཞལ་གྱིས་བཞེས་པས། ཚངས་པ་དགའ་སྟེ་སོང་ངོ།།
གང་གི་ཚེ་ཞག་བདུན་ཕྲག་བདུན་པ་ལ་བབ་པ་ན། རིང་འཕུར་དང་ལྷག་སྤྱོད་དག་ཆོས་སྟོན་པར་དགོངས་པའི་ཚེ། ལྷ་རྣམས་ཀྱིས་རིང་འཕུར་འདས་ནས་ཞག་བདུན་དང་། ལྷག་སྤྱོད་འདས་ནས་ཞག་གཅིག་ལོན་པར་གསོལ་པས། ཀྱེ་མ་དེ་དག་གིས་ངའི་ཆོས་ཐོས་ན་བདུད་རྩི་ཐོབ་པར་འགྱུར་བ་ཞིག་ན། ད་ནི་གཞན་ལ་བསྟན་དགོས་པས། ལྔ་སྡེ་རྣམས་ངས་སྔོན་དཀའ་བ་སྤྱོད་པ་ན། གུས་པ་དང་བཅས་པ་ཡིན་པས་དེ་རྣམས་ལ་བསྟན་པར་བྱའོ་དགོངས་ནས། རིམ་པས་ལྗོངས་རྒྱུ་ཞིང་ཀཱ་ཤཱིའི་ཡུལ་དུ་གཤེགས་སོ། །ལམ་དུ་ཀུན་ཏུ་འཚོ་བ་ཉེར་འགྲོ་དང་མཇལ་ཏེ། གོོ་ཏ་མ་ཁྱོད་ཀྱི་དབང་པོ་ནི་དྭངས། བཞིན་གྱི་མདོག་ནི་ཡོངས་སུ་དག པགས་པའི་མདོག་ནི་རབ་ཏུ་གསལ་ན། ཁྱོདཀྱི་སྟོན་པ་ནི་གང་ཞེས་ཞུས་པ་ན།
བཀའ་སྩལ་པ། ང་དང་འདྲ་བ་ཡོད་མེད་ཀྱི། །ང་ལ་སློབ་དཔོན་འགའ་མེད་དོ། །འཇིག་རྟེན་སངས་རྒྱས་ང་གཅིག་པུ། །ཡང་དག་བྱང་ཆུབ་དམ་པ་ཐོབ། །ཅེས་སོགས་གསུངས་སོ།།
དེ་ནས་ཝ་ར་ཎཱ་སིར་བྱོན་ཏེ། དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན་ལྔ་སྡེ་རྣམས་འཁོད་པས། དེ་བཞིན་གཤེགས་པ་འབྱོན་པ་རྒྱང་རིང་པོ་ནས་མཐོང་སྟེ། ཕན་ཚུན་ཁྲིམས་སུ་བཅས་པ། གོོ་ཏ་མ། བྱ་བ་མང་པོ། མང་པོས་འཚོ་བ་དེ་འོང་གི དེ་ལ་སྨྲ་བར་མི་བྱ། ལྡང་བར་མི་བྱ། སྟན་བཏིང་བར་མི་བྱའོ། །ཞེས་སོ། །དེ་ནས་བཅོམ་ལྡན་འདས་ཁད་ཉེ་བར་བྱོན་པ་ན། གཟི་བརྗིད་མ་བཟོད་པར། ཐམས་ཅད་ལངས་ཤིང་ཕྱག་ཕུལ་ནས། གཅིག་གིས་ནི་གདན་བཤམས། གཅིག་གིས་ནི་བསུས་ཏེ་ན་བཟའ་བླངས། གཅིག་གིས་ནི་ཞབས་བཀྲུ། ཤེས་ལྡན་དག་གོོ་ཏ་མ་བྱོན་པ་ལགས་སོ། །གདན་བཤམས་པ་ལ་བཞུགས་ཤིག་ཅེས་ཟེར་རོ།།
བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་ནས་ལྔ་སྡེ་རྣམས་མགུ་བར་བྱ་བའི་ཕྱིར་གཏམ་མང་དུ་བྱས་ཏེ། ལྔ་སྡེས། ཚེ་དང་ལྡན་པ་གོོ་ཏ་མ། དབང་བོ་ནི་གསལ། པགས་པ་ནི་ཡོངས་སུ་དག་ན། ཡེ་ཤེས་མཐོང་བའི་ཁྱད་པར་མངོན་དུ་མཛད་དམ།
བཀའ་སྩལ་པ། ཁྱེད་དེ་བཞིན་གཤེགས་པའི་མཚན་ནས་བརྗོད་པ་དང་། གདུང་ནས་བརྗོད་པ་དང་། ཚེ་དང་ལྡན་པ་ཞེས་མ་རྗོད་ཅིག དེ་བཞིན་གཤེགས་པའི་མཚན་ནས་བརྗོད་པ་སོགས་བྱས་ན་ཡུན་རིང་པོར་གནོད་པ་དང་སྡུག་བསྔལ་བར་འགྱུར་རོ། །དེས་ནི་བདུད་རྩི་ཐོབ་བོ། །སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །དགེ་སློང་དག རབ་ཏུ་བྱུང་བས་མཐའ་འདི་གཉིས་ལ་བརྟེན་པར་མི་བྱ་སྟེ། འདོད་པ་བསོད་ནམས་ཀྱི་མཐའ་དང་། ངལ་ཞིང་དུབ་པའི་མཐའ་འོ། །དབུ་མའི་ལམ་ལ་བརྟེན་དགོས་ཏེ། དེ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའི་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། མིག་སྐྱེས་སོ། །ཤེས་པ་སྐྱེས་སོ། །རིག་པ་སྐྱེས་སོ། །བློ་སྐྱེས་སོ། །རྟོག་པ་སྐྱེས་སོ། །དེ་བཞིན་དུ། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན་མིག་སྐྱེས་སོ། །ཤེས་པ་དང་། རིག་པ་དང་། བློ་དང་། རྟོགས་པ་སྐྱེས་སོ། །དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་བསྔལ་འཕགས་པའི་བདེན་པ་དེ། ངས་མངོན་པར་ཤེས་པས་ཡོངས་སུ་ཤེས་པར་བྱའོ། །ཞེས་སོགས་དང་། སྡུག་བསྔལ་ཀུན་འབྱུང་པ་འཕགས་པའི་བདེན་པ་དེ་སྤང་བར་བྱའོ་སོགས་དང་། སྡུག་བསྔལ་འགོག་པ་འཕགས་པའི་བདེན་པ་དེ་མངོན་དུ་བྱའོ་སོགས་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་བསྒོམ་པར་བྱའོ། །ཞེས་སོགས་དང་། དེ་བཞིན་དུ། སྡུག་བསྔལ་ཡོངས་སུ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་ཞེས་འཕགས་པའི་བདེན་པ་བཞི་ལན་གསུམ་དུ་བཟླས་ཤིང་རྣམ་པ་བཅུ་གཉིས་སུ་བསྐོར་ཏེ། །དེའི་ཚེ་ནམ་མཁའ་ནས། ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་སྐོར་བར་མཐོང་ངོ། །ལྷ་རྒྱལ། ལྷ་མིན་འགྲིབས། སྐྱེ་བོ་ཐམས་ཅད་བདེའོ། །ཞེས་རབ་ཏུ་དགའ་བའི་ཆེད་དུ་བརྗོད་པའི་དབྱངས་ཀྱིས་ཁྱབ་པར་གྱུར་ཏོ། །དེ་ལྟར་འཕགས་པའི་བདེན་པ་བཞི་ལན་གསུམ་དུ་བཟླས་པ་ལས། དང་པོའི་ཚེ་ཀོོཎྜི་ནྱ་དང་ལྷ་བརྒྱད་ཁྲིས་བདེན་པ་མཐོང་། བཟླས་པ་གཉིས་པའི་ཚེ་ཀུན་ཤེས་ཀོོཎྡི་ནྱས་དགྲ་བཅོམ་ཐོབ། རྟ་ཐུལ་དང་། རླངས་པ་དང་། མིང་ཆེན་དང་། བཟང་ལྡན་བཞིས་ཀྱང་བདེན་པ་མཐོང་ངོ། །དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་གཉིས་ཏེ། བཅོམ་ལྡན་འདས་དང་། ཀུན་ཤེས་ཀོཎྜི་ནྱའོ། །བཟླས་པ་གསུམ་པ་བསྐོར་པའི་ཚེ། འཕགས་པ་རྟ་ཐུལ་ལ་སོགས་པ་བཞིས་ཀྱང་དགྲ་བཅོམ་ཐོབ་བོ། །དེའི་ཚེ་དགྲ་བཅོམ་པ་དྲུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོོཎྜི་ནྱ་ཆེན་པོ་ནི། སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་གོ། ཞེས་ལུང་བསྟན་ཏོ། །དེ་ཡང་ལྔ་སྡེ་རྣམས་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་ནས། བསྟན་པ་ནུབ་པའི་ཚེ་གསུངས་པ། ཐུབ་པ་ཆེན་པོ་འོད་སྲུངས་ཀྱི། །གལ་ཏེ་ཆོས་ནི་ནུབ་གྱུར་ཀྱང་། །ཡང་དག་སངས་རྒྱས་ཀྱིས་བཤད་པའི། །བརྩོན་འགྲུས་དོར་བར་མི་བྱའོ། །བདག་ཅག་གི་ནི་ཟག་པ་ཡང་། །གལ་ཏེ་ཟད་པར་མ་གྱུར་ན། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །ཉན་ཐོས་མཆོག་ཏུ་འགྱུར་བར་བྱ། །ཞེས་དང་། །ནམ་ཞིག་ན་དགེ་སློང་བཞི་ཡང་འདས་ནས་གཅིག་ལུས་པ་ན། དེ་སྐྱོ་ནས་ད་བདག་གཅིག་པུ་འཛམ་བུ་གླིང་ན་སྣང་སྦྱར་གྱི་རྒྱལ་མཚན་འཛིན་པ་ལྟ་སྙམ་ནས་སྨོན་ལམ་བཏབ་པ། བདག་གི་སངས་རྒྱས་འོད་སྲུངས་ལས་ཇི་སྲིད་དུ་ཚངས་པར་སྤྱོད་པ་སྤྱད་ཀྱང་ཡོན་ཏན་གྱིག་ཚོགས་ཅུང་ཟད་ཀྱང་མ་ཐོབ་ཀྱི། དགེ་བའི་རྩ་བ་འདིས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་ཐོག་མར་དགྲ་བཅོམ་པ་མངོན་སུམ་དུ་བྱས་པ་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བདག་སྣམ་སྦྱར་གྱི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་སྟོན་པར་གྱུར་ཅིག་ཅེས་སོ། །དེས་ན་ལྔ་སྡེ་བཟང་པོ་ནི། མཐོང་ལམ་ཐོབ་པའི་ཚེ། བསྙེན་རྫོགས་ཀྱི་སྡོམ་པའང་ཐོབ་པ་སྟེ། ལུང་མ་མོ་ལས། ལྔ་པོ་རྣམས་ཡེ་ཤེས་ཁོང་དུ་ཆུད་པས་དང་། ཞེས་དང་། མཛོད་འགྲེལ་ལས། ངེས་པར་འཇུག་པས་ནི་རྟེན་ལྔ་པོ་རྣམས་སོ། །ཞེས་འབྱུང་ལ། ངེས་པ་ནི་མཐོང་ལམ་དང་། འཇུག་པ་ནི། དེ་རྒྱུད་ལ་སྐྱེས་པའི་དོན་ནོ། །བཟླས་པ་གསུམ་པོ་རེ་རེའི་མཐར་མིག་སྐྱེས་སོ། །ཤེས་པ་དང་རིག་པ་དང་བློ་སྐྱེས་སོ་ཞེས་པ་ནི། རྣམ་གྲངས་བཅུ་གཉིས་དང་། དེ་བཞི་རིམ་པ་བཞིན་སྦྱོར་བ་དང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་པ་དང་། ཁྱད་པར་གྱི་ལམ་སྐྱེས་པར་བསྟན་པར་ཡང་གསུངས་ལ། རྣམ་བཤད་རིགས་པ་ལས་ཟག་པ་མེད་པའི་ཤེས་རབ་ནི་མིག་གོ། ཐེ་ཚོམ་མེད་པའི་ཕྱིར་ཤེས་པའོ། །ཡང་དག་པར་དོན་དུ་འགྱུར་བའི་ཕྱིར་རིག་པའོ། །རྣམ་པར་དག་པའི་ཕྱིར་བློ་སྟེ། ཞེས་དང་། རྒྱན་སྣང་ལས་ཀྱང་དེ་བཞིན་གསུངས་པས། དེ་ལྟར་ན་ཆོས་ཀྱི་མིག་ནི་མཐོང་ལམ་དང་དེ་ལ་བྱེད་ལས་ཐ་དད་པའི་ལྡོག་ཆ་ནས་གཞན་གསུམ་གྱི་མིང་གིས་ཀྱང་གསུངས་སོ། །དེ་ཡང་བདེན་པ་བཞིའི་ངོ་བོ་དང་། རབ་དབྱེ་འཕྲོས་དོན་ཡན་ལག་དང་བཅས་པ་ནི། སློབ་དཔོན་འཕགས་པ་ཐོགས་མེད་དང། སློབ་དཔོན་དབྱིག་གཉེན་གྱི་གཞུང་མངོན་པ་གཉིས་ལས་རྒྱ་ཆེར་གསུངས་ཤིང། རྒྱུད་བླ་མ་ལས། ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤང་བྱ་ལ། །བདེར་གནས་ཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། །སྡུག་བསྔལ་རྒྱུ་དང་དེ་འགོག་པ་དང་དེ་བཞིན་ལམ། །ཤེས་བྱ་སྤང་བྱ་རེག་པར་བྱ་ཞིང་བསྟེན་པར་བྱ། །ཞེས་དཔེ་དང་སྦྱར་ནས་ཀྱང་གསུངས་སོ། །ཆོས་ཀྱི་འཁོར་ལོ་བསྐོར་པའི་རྗེས་དེར་ཝ་ར་ཎཱ་སིར་བཀྲ་ཤིས་སྒོ་མང་མཆོད་རྟེན་དབྱིབས་གྲུ་བཞི་པ་བང་རིམ་བཞི་པ་ཅན་གློ་འབུར་དང་བཅས་པ། རབ་སྒོ་བརྒྱ་རྩ་བརྒྱད། འབྲིང་ང་དྲུག ཐ་མ་བཅུ་དྲུག་པར་ཡོངས་གྲགས་སུ་བཞེད་ཅིང་། ཕྱོགས་རེར་སྒོ་བཞི་རེ་བྱེད་པ་བདེན་པ་བཞི། བརྒྱད་རེ་བྱེད་པ་རྣམ་ཐར་བརྒྱད། བཅུ་གཉིས་སུ་བྱེད་པ་རྟེན་འབྲེལ་བཅུ་གཉིས། བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་མཚོན་པ་འཁོར་ལྔ་སྡེ་བཟང་པོ་སོགས་ཀྱིས་བཞེངས་སོ། །དེ་ནས་བཅོམ་ལྡན་འདས་ཝ་ར་ཎཱ་སིར་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་བཞུགས་པ་ན། ཝ་ར་ཎཱ་སིར་རིགས་ཀྱི་གཙོ་བོའི་བུ་གྲགས་པ་ཞེས་བྱ་བ་ཡོད་ལ། རོལ་ཆས་ཐོགས་པའི་བུད་མེད་མང་པོ་དང་ལྷན་ཅིག་ཏུ་རྩེ་བར་བྱེད་པ་ལས་ནམ་ཕྱེད་ན་གཉིད་སད་དེ་བུད་མེད་ཀྱི་འཁོར་ལ་བལྟས་པ་ན་ཐམས་ཅད་གཉིད་ཀྱིས་མྱོས་ཏེ། གོས་དང་བྲལ་ཅིང་སྐྲ་གྲོལ་པ་སོགས་འདུག་ཚུལ་སྣ་ཚོགས་པ་མཐོང་བས་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ནས་བདག་ནི་གཙེས་སོ། །བདག་ནི་ཉམས་སོ། །ཞེས་སྐད་ཆེན་པོ་ཕྱུང་ནས་སོང་བ་ན་མི་མ་ཡིན་རྣམས་ཀྱིས་སྒོ་ཕྱེ་ཞིང་། སྐད་ཀྱང་སྐྱེ་བོས་མི་ཐོས་པར་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་བཞུགས་ཁང་གི་ཕྱི་རོལ་བླ་གབ་མེད་པ་ན། གྲགས་པ་སྒུག་པའི་ཕྱིར་ཞབས་འཆག་ཅིང་བཞུགས་སོ། །དེས་ཀྱང་ཆུའི་ཕ་ཁ་ནས་མཐོང་སྟེ། དགེ་སྦྱོང་ཆེན་པོ་བདག་ནི་གཙེས་སོ། །བདག་ནི་ཉམས་སོ་ཞེས་སྐད་ཕྱུང་ངོ་།།
བཀའ་སྩལ་པ། གཞོན་ནུ་ཚུར་ཤོག གནས་འདི་ནི་ཁྱོད་ལ་འཚེ་བ་མེད་པ་ཡིན། ཉམས་པ་མེད་པ་ཡིན་ནོ། །དེ་ནས་གྲགས་པས་རིན་པོ་ཆེའི་ལྷམ་ཆུ་འགྲམ་དུ་ཕུད་དེ་བོར་ནས་ཆུ་ལ་བརྒལ་ཏེ། སྟོན་པའི་སྤྱན་སྔར་འོངས་ཏེ་ཞབས་ལ་ཕྱག་བྱས། དེ་ནས་ནང་དུ་གཤེགས་ནས་ཆོས་བསྟན་པས། གྲགས་པ་བསྟན་དེ་ལ་འཁོད་བཞིན་དུ་བདེན་པ་མཐོང་ཞིང་། སྐྱབས་སུ་འགྲོ་བ་བླངས་སོ། །དེ་ནས་ཁྱིམ་དུ་བྲན་མོ་ཞིག་གིས་གྲགས་པ་སོང་བར་ཤེས་ནས་ཇོ་བོ་ལ་སྦྲན་པས། ཁྱིམ་བདག་རིགས་ཀྱི་གཙོ་བོ་ཉིད་སྒྲོན་མེ་ཐོགས་པའི་མི་དང་ལྷན་ཅིག་ཏུ་འཚོལ་ཞིང་སོང་། རྟ་པ་དག་ཀྱང་གྲགས་པ་འཚོལ་བའི་ཕྱིར་བཀྱེའོ། །དེ་ནས་ཆུ་འགྲམ་དུ་ནོར་བུའི་ལྷམ་མཐོང་བས་དོགས་པ་དང་བཅས་བཞིན་དུ་ཆུ་བརྒལ་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ་།།
དེའི་ཚེ་རིགས་ཀྱི་གཙོ་བོས་གྲགས་པ་མི་མཐོང་བར་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདས་གཞོན་ནུ་གྲགས་པ་གཟིགས་སམ་ཞེས་ཞུས་པས།
བཀའ་སྩལ་པ། ཁྱིམ་བདག་དེའི་ཕྱིར་སྡོད་ཅིག སྟན་འདི་ལ་འཁོད་བཞིན་དུ་གྲགས་པ་མཐོང་བར་འགྱུར་བའི་གནས་ཡོད་དོ།།
དེ་ནས་རིགས་ཀྱི་གཙོ་བོ་དགའ་སྟེ་ཕྱོགས་གཅིག་ཏུ་འདུག་གོ། ཡང་དེ་བཞིན་གཤེགས་པས་ཆོས་བསྟན་པ་ན། རིགས་ཀྱི་གཙོ་བོ་ཡང་བདེན་པ་མཐོང་ཞིང་། གྲགས་པ་སྟན་དེ་ལ་འཁོད་བཞིན་པ་རྒྱན་དང་བཅས་བཞིན་པར་དགྲ་བཅོམ་པ་ཐོབ་བོ། །དེའི་ཚེ་དགྲ་བཅོམ་པ་བདུན་ནོ།།
དེ་ནས་བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་བསྡུས་པས་རིགས་ཀྱི་གཙོབོས་གྲགས་པ་མཐོང་བ་ན། དེས་སྨྲས་པ། གྲགས་པ་ཚུར་ཤོག་ཁྱིམ་དུ་དོང་ངོ་། །དེ་ནས་སྟོན་པས་གྲགས་པ་དགྲ་བཅོམ་པ་ཐོབ་པས་ཁྱིམ་དུ་གནས་པའི་སྐབས་མེད་པར་ཁྱིམ་བདག་ལ་བརྡ་སྤྲོད་པར་མཛད་པས། དེ་ཡང་དད་ཅིང་ནངས་པར་ཁྱིམ་དུ་སྤྱན་འདྲེན་པའི་ཞུ་བ་བྱས་ཏེ་ཕྱིར་ལྡོག་གོ། དེ་ནས་ནམ་ལངས་ཤིང་གདུགས་ཚོད་ཀྱི་དུས་ལ་བབ་པ་ན། བཅོམ་ལྡན་འདས་དང་གྲགས་པ་ལྷན་ཅིག་རིགས་ཀྱི་གཙོ་བོའི་ཁྱིམ་དུ་བྱོན་ཅིང་། གདུགས་ཚོད་གསོལ་ཟིན་པའི་འོག་ཏུ་ཆོས་བསྟན་པས། གྲགས་པའི་མ་དང་ཆུང་མས་ཀྱང་བདེན་པ་མཐོང་ངོ་། །དེ་ལྟར་གྲགས་པ་རབ་ཏུ་བྱུང་བའི་གཏམ་ཐོས་ནས་དེའི་ནུ་བོར་གྱུར་པ་དྲི་མེད་དང་གང་པོ་དང་བ་ལང་བདག་དང་ལག་བཟང་རྣམས་ཀྱང་རབ་ཏུ་བྱུང་། དེ་དག་གིས་དབེན་པར་རྩེ་གཅིག་ཏུ་བསྒོམས་པས་རིང་པོར་མ་ཐོགས་པར་དགྲ་བཅོམ་པ་ཐོབ་སྟེ། འཇིག་རྟེན་དུ་དགྲ་བཅོམ་པ་བཅུ་གཅིག་གོ། དེ་ནས་རིགས་ཀྱི་གཙོ་བོའི་བུ་རྣམས་ལོ་གཞོན་ཞིང་བདེ་བར་གནས་པ་ཡང་དད་པས་བར་ཏུ་བྱུང་ངོ་ཞེས་གཏམ་ཐོས་ནས་ཝ་ར་ཎཱ་སིའི་གྲོང་གི་གཙོ་བོ་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་བཅུ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིང་། དབེན་པར་བསྒོམས་པས་ཡུན་རིང་མ་ལོན་པར་དགྲ་བཅོམ་པ་ཐོབ་སྟེ། དེའི་ཚེ་དགྲ་བཅོམ་པ་དྲུག་ཅུ་རྩ་གཅིག་གོ། དེ་ནས་དགེ་སློང་རྣམས་ཀྱང་སྟོན་པའི་བཀས་སོ་སོར་རྒྱུ་ཞིང་འགྲོ་བའི་དོན་བྱེད་ལ། བཅོམ་ལྡན་འདས་ཉིད་ཀཱ་ཤི་ཝ་ར་ཎཱ་སིའི་ལྗོངས་རྒྱུ་ཞིང་གཤེགས་ནས། ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་བརྒྱུད་དེ་རས་བལ་ཅན་གྱི་ནགས་ཚང་ཚིང་གི་ཤིང་དྲུང་ཞིག་ན་བཞུགས་སོ༑༑ དེའི་ཚེ་བཟང་སྡེའི་ཚོགས་དྲུག་ཅུ་ཞེས་བྱ་བ་རྣམས་རོལ་མོ་ཤེས་པའི་བུད་མེད་མང་པོ་དག་དམ་བཅའ་བ་བླངས་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་སྐྱེད་མོས་ཚལ་རྣམས་སུ་བཟའ་བཅའ་སྣ་ཚོགས་དང། རོལ་མོ་སྣ་ཚོགས་ཀྱིས་རྩེ་བར་བྱེད་པ་ན། བུད་མེད་གཅིག་དམ་བཅས་པ་དྲལ་ཏེ་བྲོས་སོ།།
དེ་ནས་དེ་དག་བུད་མེད་དེ་འཚོལ་དུ་སོང་བར་། དེ་བཞིན་གཤེགས་པ་ཤིང་དྲུང་ན་བཞུགས་པ་མཐོང་སྟེ། དྲུང་དུ་འོངས་ནས་བཅོམ་ལྡན་འདས་བུད་མེད་ཅིག་གཟིགས་སམ།
བཀའ་སྩལ་པ། དེ་ཁྱེད་རྣམས་ཀྱི་ཅིར་འོང་། དེ་ནས་རྒྱས་པར་གསོལ་བས། ཅི་ཁྱེད་རྣམས་བུད་མེད་དེ་འཚོལ་བ་གང་ཡིན་པ་དང་། རང་ཉིད་འཚོལ་བ་གང་འདམ། གསོལ་བ། བདག་ཉིད་འཚོལ་བ་འདམ་ལགས་སོ༑༑ དེ་ནས་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་བདེན་པ་མཐོང་ཞིང་། གསུམ་ལ་སྐྱབས་སུ་འགྲོ་བ་ཙམ་བླངས་པས་དགེ་སློང་དུ་གྱུར་ཏོ། །སྐབས་འདིའི་ལུང་ལས། དགེ་བསྙེན་དུ་བཟུང་དུ་གསོལ་ཅེས་པ་ཡོད་ཀྱང་སྐྱབས་འགྲོ་ཙམ་གྱི་བསྙེན་རྫོགས་ཡིན་པས་དེ་ནི་དེ་རྣམས་ཀྱི་ཚིག་བརྗོད་ཚུལ་ཙམ་ཡིན་ནོ།།
སྔོན་སེར་སྐྱ་གཞི་ན་བྲམ་ཟེ་ལྷ་ཞེས་བྱ་བ་ལོངས་སྤྱོད་དང་ལྡན་པ། བཅོམ་ལྡན་འདས་ཀྱི་ཐུགས་སུ་བྱོན་པ་ཞིག་ཡོད་པ་ལ། དེ་ཕྱིས་གཉེན་དང་ནོར་དང་འབྱོར་བ་ཐམས་ཅད་ཟད་ནས་སྐབས་དེར་སྡེ་ཅན་གྱི་གྲོང་དུ་འོངས་སོ། །དེ་ནས་བཅོམ་ལྡན་འདས་དེར་གཤེགས་པར་རིག་ནས། བྲམ་ཟེ་དང་ཆུང་མ་གཉིས་གྲོས་བྱས་ཏེ། དེང་བཅོམ་ལྡན་འདས་ལ་བསོད་སྙོམས་ཤིག་འབུལ་དགོས་ཏེ། བདག་ཅག་ལ་ཉི་མ་གཅིག་གི་ཁ་ཟས་ཀྱང་མེད་ན་ཇི་ལྟར་བགྱི།
བྲམ་ཟེས་སྨྲས་པ། ཁྱོད་ཉིད་གཏའ་མར་བཅུག་སྟེ། ཀརྵ་པ་ན་ལྟ་སྐྱིན་པར་བླང་ངོ་། །ཞེས་གྲོས་མཐུན་ནས་དེ་བཞིན་དུ་བྱས་ཤིང་། ཁྱིམ་བདག་གཅིག་ལས་གོས་གསར་པ་དང་། རྒྱན་གཡར་ནས་བྲམ་ཟེའི་ཆུང་མ་ལ་བསྐོན་ཏེ། ཁྱིམ་དུ་བཅོམ་ལྡན་འདས་སྤྱན་དྲངས་ནས་གདུགས་ཚོད་གསོལ་ཏོ། །དེ་ནས་ཅུང་མང་རྒྱན་ཕུད་དེ་བཞག་པ་ན། རྐུན་མས་ཁྱེར་ཏེ། བྲམ་ཟེས་བསམས་པ། བདག་གིས་རྒྱན་དེ་ལྟ་བུ་འབྱོར་བ་ནམ་ཡང་མིན་གྱི༑ བདག་གནས་སུ་སོང་སྟེ་འཆི་བ་ལས་གཞན་ཐབས་མེད་དོ་སྙམ་འབྲོག་དགོན་པ་ཞིག་ཏུ་སོང་བ་ལས། མི་ཞིག་གིས་དོང་བརྐོས་ཏེ་སོང་བ་མཐོང་ནས། བྲམ་ཟེས་དེར་སོང་བས། སྔར་གྱི་རྒྱན་རྙེད་དེ་ཁྱིམ་དུ་འོངས་སོ། །ཆུང་མ་ཡང་ཡིད་མི་བདེ་བཞིན་དུ་ཁྱིམ་གྱི་ཕྱག་དར་བྱས་པས་ས་འོག་ནས་གསེར་གྱི་བུམ་པ་གསེར་གྱིས་གང་བ་རྙེད་དེ། དེ་ལྟ་བུ་བྱུང་བ་དེ་ཡང་སངས་རྒྱས་ལ་བསོད་སྙོམས་ཕུལ་པའི་ཡོན་ཏན་དུ་ཤེས་ནས། དད་པས་ཆོས་ཉན་པས་བྲམ་ཟེ་ལྷ་ཆུང་མ་དང་བཅས་པས་བདེན་པ་མཐོང་། དེ་ནས་ཕྱོགས་དེར་གྲོང་པའི་བུ་མོ་དགའ་མོ་དང་། དགའ་སྟོབས་མས་ཀྱང་། དེ་བཞིན་གཤེགས་པ་ལ་གདུགས་ཚོད་གསོལ། སྟོན་པས་ཆོས་བསྟན་པས། དེ་གཉིས་ཀྱིས་ཀྱང་བདེན་པ་མཐོང་ངོ་། །དེ་སྐབས་བཟང་སྡེའི་ཚོགས་དྲུག་ཅུས་ཀྱང་དགྲ་བཅོམ་པ་ཐོབ་སྟེ། དགྲ་བཅོམ་པ་བརྒྱ་དང་ཉི་ཤུ་རྩ་གཅིག་གོ།
དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགོངས་པ། ཡུལ་མ་གངྷ་འདིར་དགེ་སྦྱོང་དང་བྲམ་ཟེ་གཅིག་དབང་དུ་གྱུར་པས་སྐྱེ་བོའི་ཚོགས་མང་པོ་ཚེགས་ཆུང་ངུས་དབང་དུ་འགྱུར་བ་སུ་ཡོད་དགོངས་པ་ན། ལྟེང་རྒྱས་འོད་སྲུངས་རལ་བ་ཅན་དེ་ལྟ་བུ་ཡིན་པར་དགོངས་སོ། །དེ་ལ་འོད་སྲུངས་དེ་ནི་ལོ་བརྒྱ་ཉི་ཤུ་ལོན་པ། སྲིད་རྩེའི་ཏིང་ངེ་འཛིན་ཐོབ་པ། སྐྱེ་བོ་རྣམས་ཀྱིས་དགྲ་བཅོམ་པར་བཀུར་ཅིང་། རང་ཉིད་ཀྱང་དགྲ་བཅོམ་པར་རློམ་པ་ཞིག་གོ། འོད་སྲུངས་དེ་ཡང་འཁོར་རལ་བ་ཅན་ལྔ་བརྒྱ་དང་བཅས་པ་ཡིན་ལ། དེའི་སློབ་མར་གྱུར་པ་སྤུན་ཟླ་ནི། ཆུ་ཀླུང་འོད་སྲུངས་དང་ག་ཡ་འོད་སྲུངས་སྤུན་དག་སྟེ། དེ་གཉིས་ཀྱང་སློབ་མ་རལ་བ་ཅན་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་པ་ཡིན་ནོ། །དེ་དག་ཀྱང་ཆུ་ཀླུང་ནེེ་རཉྫ་ནའི་འགྲན་དུ་དཀའ་ཐུབ་སྤྱོད་པ་སྟེ། ཆུ་མགོ་ན་ནི་ལྟེང་རྒྱས་འོད་སྲུངས་གནས་ལ་སྨད་ཀྱི་ཕྱོགས་ན་ནི་གཞན་གཉིས་སོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་འོད་སྲུངས་ཀྱི་བསྟི་གནས་སུ་གཤེགས་པ་ན། དེས་ཀྱང་གདན་བཤམས་ཤིང་བསུས་ཏེ་བྱོན་པ་ལེགས་སོ་ཞེས་གསོལ་ཏེ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་ནས། འོད་སྲུངས་ལ་དགའ་བ་དང་མགུ་བར་གྱུར་པའི་གཏམ་མཛད་དོ།
བཀའ་སྩལ་པ། ཁྱོད་ལ་མི་བདེ་བ་མེད་ན། ང་མེ་ཁང་འདིར་ཞག་གཅིག་ཏུ་འདུག་གོ།
གསོལ་པ་བདག་ལ་མི་བདེ་བ་མ་མཆིས་ཀྱང་། དེ་ན་ཀླུ་གདུག་པ་ཞིག་གནས་པས་མཐོ་འཚམ་པར་འགྱུར་དུ་མི་འོང་ངམ།
དེ་ནས་བཅོམ་ལྡན་འདས་མེ་ཁང་དུ་བྱོན་ནས་བཞུགས་པ་ན། མཚན་མོའི་དུས་སུ་ཀླུ་ཁྲོ་བོས་དུ་བ་བདུག སྟོན་པས་རྫུ་འཕྲུལ་གྱིས་དེ་བས་ཀྱང་ཆེ་བའི་དུ་བ་བདུག ཀླུས་མེ་སྤར་རོ། །བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པས་ཁང་བ་ཐམས་ཅད་མེ་རབ་ཏུ་འབར་བར་གྱུར་ཏོ། །འོད་སྲུངས་རྒྱུ་སྐར་ལ་ལྟ་བས་དེ་ལྟར་མཐོང་སྟེ། ཀྱེ་མ་གོོ་ཏ་མ་མཛེས་པ་དེ་ཀླུ་གདུག་པས་ཐལ་བར་མ་བྱས་གྲང་སྙམ་མོ། །དེ་ནས་ཀླུ་དེ་ཐུལ་ནས་ནངས་པར་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ་བསྣམས་ནས་འོད་སྲུངས་ཀྱི་སར་བྱོན་པ་ན།
ལྷུང་བཟེད་དུ་བསྣམས་ཏེ་བྱོན་པ་དེ་ཅི།
བཀའ་སྩལ་པ། རྫུ་འཕྲུལ་དང་མི་ལྡན་པ་སུ་ཡང་གནས་སུ་མི་སྟེར་བའི་ཀླུ་དེ། ངས་བཏུལ་ཏེ་ཁྱེར་འོངས་སོ།།
དེས་བསམས་པ་། དགེ་སྦྱོང་ཆེན་པོ་འདི་ནི་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེའོ་སྙམ་མོ། །དེ་ལྟ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་པས། བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པར་འདོད་པ་ནི་མེད་དོ། །དེ་ནས་བཟུང་སྟེ་བཅོམ་ལྡན་འདས་འོད་སྲུངས་ཀྱི་བསྟི་གནས་ནགས་ཚལ་ཚིང་དུ་བཞུགས་སོ༑༑ འོད་སྲུངས་ཀྱི་སློབ་མ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བོ་རེ་རེ་ཡང་མེ་ཐབ་གསུམ་གསུམ་བཟུང་སྟེ། མེ་ལ་སྤྱོད་པ་ལས། མེ་མི་འབར་བར་བྱིན་གྱིས་བརླབས་པས་ཐབས་གང་གིས་ཀྱང་སྦར་མ་ཐུབ་བོ། །དེ་རྣམས་ཀྱིས་འོད་སྲུངས་ལ་སྦྲན་པས། འོད་སྲུངས་ཀྱིས་སྟོན་པ་ལ་ཞུས་པ་ན།
བཀའ་སྩལ་པ། འོད་སྲུངས་མེ་སྦར་བར་འདོད་དམ།
གསོལ་བ་དགེ་སྦྱོང་ཆེན་པོ་སྦར་དུ་གསོལ། དེ་ནས་མེ་རང་འབར་རོ༑༑ འོད་སྲུངས་ཀྱིས་བསམས་པ། དགེ་སྦྱོང་ཆེན་པོ་འདི་ནི་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་སྟེ། བདག་ཀྱང་དགྲ་བཅོམ་པའོ་སྙམ། དེ་ནས་བྲམ་ཟེ་ལྔ་བརྒྱ་མེ་ལ་སྦྱངས་ཟིན་པ་ན། མེ་གསད་པར་འདོད་ན་ཡང་གསོད་མ་ཐུབ་བོ།།
དེ་ནས་དེ་རྣམས་ཀྱིས་འོད་སྲུངས་ལ་སྨྲས། དེས་སྟོན་པ་ལ་ཞུས་པས།
མེ་ཞི་བར་འདོད་དམ།
དེས་ཀྱང་འཚལ་ལོ་ཞུས་པས། མེ་རང་ཞིའོ། །དེ་ནས་འོད་སྲུངས་རང་ཉིད་ཀྱིས་ཀྱང་མེ་སྦར་མ་ནུས་པ་དང་། མེ་ཤི་བར་མ་ནུས་པ་ལའང་དེ་དང་འདྲའོ། །ཡང་མེ་ཁང་ཐམས་ཅད་མེས་སྲེག་པར་མཐོང་སྟེ། སྐྱེ་བོའི་ཚོགས་མང་པོ་དང་བཅས་པས་མེ་གསོད་པར་མ་ནུས་པ་ལའང་དེ་དང་འདྲའོ། །དེ་ནས་མཚན་མོ་ཞིག་སྟོན་པའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞིས་ཆོས་ཉན་པ་ན། འོད་སྲུངས་རྒྱུ་སྐར་ལ་ལྟ་བས་རྒྱང་ནས་བལྟས་ན། མེའི་ཕུང་པོ་ཆེན་པོ་ལྟ་བུ་བཞི་མཐོང་ངོ་། ཡང་སྔ་དྲོ་འོད་སྲུངས་ཀྱི་གནས་སུ་བྱོན་པ་ན།
དེ་ན་རེ། དགེ་སྦྱོང་ཆེན་པོ་ཡང་ཞུགས་ལ་སྤྱོད་དམ།
བཀའ་སྩལ་པ་མ་ཡིན་ཏེ། རྒྱལ་པོ་ཆེན་པོ་བཞི་ང་ལ་ཆོས་ཉན་ཏོ། །ཡང་དེ་དང་འདྲ་བ་ལས་སྔ་མ་ལས་ཆེས་ལྷག་པའི་མེ་ཆེན་པོ་འབར་བར་མཐོང་སྟེ། བརྒྱ་བྱིན་ཆོས་ཉན་དུ་འོངས་པའོ། །ཡང་དེ་དང་འདྲ་ལས། ཆེས་ཤིན་ཏུ་ཆེ་བའི་མེ་དཔུང་མཐོང་སྟེ། མི་མཇེད་ཀྱི་བདག་པོ་ཚངས་པས་ཆོས་ཉན་དུ་འོངས་པའོ། །འདིར་མེ་ལ་སྤྱོད་པ་ཞེས་བྱ་བ་ནི་སྦྱིན་སྲེག་བྱེད་པའི་དོན་ཡིན་ནོ། །དེ་ནས་འོད་སྲུངས་ཀྱི་དྲུང་དུ་མ་ག་ངྷའི་སྐྱེ་བོ་ཕལ་མོ་ཆེ་འོངས་ནས། ཞག་བདུན་དུ་མཆོད་སྦྱིན་གྱི་རྙེད་པ་ཆེན་པོ་འབྱུང་བ་ཡོད་པས། འོད་སྲུངས་ཀྱིས་བསམས་པ་དགེ་སྦྱོང་ཆེན་པོ་འདི་གཞན་དུ་བྱོན་ན་ཅི་མ་རུང་སྙམ་དུ་སེམས་པ་ན། དེས་མཁྱེན་ཏེ་གཞན་ཞིག་ཏུ་གཤེགས་སོ༑༑ ཞག་བདུན་སོང་ནས་སྐྱེ་བོ་རྣམས་ཀྱང་གྱེས། འོད་སྲུངས་བཟའ་བཅའ་དང་ཡོ་བྱད་ཀྱི་ཚོགས་མང་པོ་དང་བཅས་པར་གྱུར་པ་ན། ད་ནི་དགེ་སྦྱོང་ཆེན་པོ་འདིར་བྱོན་ཏེ། ཡོ་བྱད་འདི་རྣམས་ལ་ལོངས་སྤྱན་ན་ཅི་མ་རུང་སྙམ་པ་ན། དེ་མ་ཐག་ཏུ་དེར་བྱོན་ནོ།།
གསོལ་པ། ཅིའི་ཕྱིར་ཞག་བདུན་གཞན་དུ་གཤེགས།
དེའི་ཚེ་ཁྱོད་ཉིད་འདི་ལྟར་སེམས་པས་སོ།།
གསོལ་པ། དེང་ཅིའི་ཕྱིར་བྱོན། བཀའ་སྩལ་པ། དེང་འདི་ལྟར་སེམས་པས་སོ།།
དགེ་སྦྱོང་ཆེན་པོ་དེ་དེ་བཞིན་ཏེ། འདི་དག་ལ་ལོངས་སྤྱད་དུ་གསོལ།
དེ་ནས་ཡང་བཅོམ་ལྡན་འདས་འོད་སྲུངས་ཀྱི་བསྟི་གནས་ནགས་ཚང་ཚིང་ན་བཞུགས་སོ། །འོད་སྲུངས་ཀྱིས་གདུགས་ཚོད་ལ་འབྱོན་པར་ཞུས་ཏེ། བཅོམ་ལྡན་འདས་ཀྱི་ཆེད་དུ་འོད་སྲུངས་རང་ཉིད་ཀྱིས་ལག་བསྟར་པའི་གཡོས་བྱས་སོ། །དེ་ནས་སྤྱན་འདྲེན་པར་ཕྱིན་པ་ན། འོད་སྲུངས་ཁྱོད་ཉིད་སོང་ཞིག་ང་ཕྱིས་འོང་ངོ་།།
གསོལ་པ། ལྷུང་བཟེད་ན་ཅི་མཆིས།
ངས་ད་ལྟ་ཛམྦུའི་སྙེ་མ་བླངས་པ་དེ། འདོད་ན་ཅི་བདེ་བར་སྤྱོད་ཅིག་ཅེས་འོད་སྲུངས་ལ་སྩལ་ཏོ། །དེ་བཞིན་དུ་ནངས་པར་ནས་ཀྱང་ཛམྦུའི་ཚལ་དང་ཉེ་བའི་གནས་ནས་སྐྱུ་རུ་ར་ཆེན་པོའི་སྙེ་མ་དང་། བྱང་སྒྲ་མི་སྙན་ནས་མ་རྨོས་པའི་འབྲས་ས་ལུ་ཡང་བསྣམས་ནས་དེ་ལ་སྩལ་ཏེ་གཞན་སྔ་མ་དང་འདྲའོ། །ཡང་འོད་སྲུངས་ཀྱིས་གདུགས་ཚོད་ཕུལ་པ་བསྣམས་ཏེ། མཐའ་གཅིག་ཏུ་ཞལ་ཟས་ཀྱི་བྱ་བ་མཛད་དོ། །དེར་ཆུ་ཞིག་དགོས་པར་བྱུང་བ་ལྷའི་དབང་པོ་བརྒྱ་བྱིན་གྱི་ལག་པས་བྲུས་ཏེ་བཀོད་མའི་ཆུ་ཆེན་པོ་བྱུང་ཞིང་འབབ་པར་གྱུར་ལ། དེ་ལ་ཆུའི་བྱ་བ་ཡང་མཛད་དོ། །འོད་སྲུངས་བསྟི་གནས་སུ་འཆག་པས་མཐོང་སྟེ། སྔོན་མེད་པའི་བཀོད་མའི་ཆུ་འདི་ཅི་ཞེས་ཞུས་པས་དེའི་ཚུལ་གསུངས་སོ། །ཡང་བཅོམ་ལྡན་འདས་ཡང་དག་འཇོག་ལས་བཞེངས་ཏེ། རྫིང་བུ་ལག་པས་བརྐོས་པ་ཞེས་བྱ་བ་སྔར་གྱི་བཀོད་མ་དེ་ལས་བྱུང་བའི་རྫིང་བུ་ལ་སྐུ་ཁྲུས་མཛད་ཅིང་། དེའི་འགྲམ་ན་ཤིང་ཨ་རྫུ་ན་དྲང་པོར་སྐྱེས་པ་ཞིག་ཡོད་པ་ལ་རྫིང་ནས་བཞེངས་པར་བཞེད་པའི་ཚེ། ཨ་རྫུ་ནའི་ཡལ་ག་རང་དུད་ཅིང་བྱུང་བ་ཕྱག་གིས་འཇུས་ཤིང་བཞེངས་སོ། །དེ་ནས་འོད་སྲུངས་འཆག་པ་ཨ་རྫུ་ནའི་ཡལ་ག་སྔོན་མ་དུད་པ་ལས་དུད་པར་མཐོང་ནས། །དེའི་རྒྱུ་ཞུས་པས། སྔར་གྱི་ལོ་རྒྱུས་གསུངས་ཏེ། ཤིང་འདི་ནི་ལག་པས་བཟུང་བའི་ཨ་རྫུ་ན་ཞེས་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཕྱག་དར་ཁྲོད་ཀྱི་ཤ་ནའི་རས་དག་ཕྱག་ཏུ་སོན་པ་ན་དེ་བཀྲུ་བར་བཞེད་དེ། བཀྲུ་བའི་སྣོད་མེད་པ་ལ་བརྒྱ་བྱིན་གྱི་བཀས་གནོད་སྦྱིན་དག་གི་རི་བྲག་ ཅིག་ནས་རྡོ་ལེབ་ཆེ་ལ་རིང་བ་ཞིག་བླངས་ཏེ་ཕུལ་པའི་སྟེང་དུ་ཤ་ནའི་རས་རྣམས་ལེགས་པར་བཀྲུས་སོ། །ཡང་དེ་འགྲེམས་པའི་གཞི་དགོས་པར་བྱུང་ནས། བརྒྱ་བྱིན་གྱི་བཀས་རྡོ་ལེབ་ཆེ་ལ་རིང་བ་གཞན་ཞིག་ཀྱང་བླངས་ཏེ། དེ་ལ་ཤི་ནའི་གོས་ལེགས་པར་བཀྲམ་མོ། །འོད་སྲུངས་འཆག་པ་ན་དེ་དག་མཐོང་སྟེ། སྔོན་མེད་པའི་རྡོ་ལེབ་འདི་དག་ཇི་ལྟར་ཡིན་ཞེས་གསོལ་པ་ན། སྔར་གྱི་ལོ་རྒྱུས་རྣམས་རྒྱས་པར་གསུངས་ཏེ། རྡོ་ལེབ་འདི་དག་ནི་གནོད་སྦྱིན་གྱིས་བླངས་པ་ཞེས་བྱའོ། །དེ་དག་ལ་སོགས་པ་ཆོ་འཕྲུལ་ལྔ་བརྒྱའི་བར་དུ་བསྟན་པའི་ཐ་མ་ནི། དུས་གཞན་ཞིག་ན་ཆར་ཆེན་པོ་བབས་ཏེ། ཆུ་ཀླུང་ནེེ་རཉྫ་ན་ཆེར་འཁྲུགས་ཏེ། མི་གང་ལྷག་པའི་དཔངས་ཙམ་གསར་དུ་རྒྱས་སོ། །དེ་ལྟར་ནུབ་གཅིག་ལ་ཆུ་གསར་དུ་བྲུག་པ་ན། ནངས་པར་སྔ་བར་ཆུའི་སྟེང་ས་བུད་ཀྱིས་གང་བ་བླ་གབ་མེད་པ་ལ་ཞབས་ཀྱིས་འཆག་པར་མཛད་དོ། །འོད་སྲུངས་ཀྱིས་བསམས་པ། དགེ་སྦྱོང་ཆེན་པོ་ལ་ཆུས་གནོད་པར་མ་གྱུར་ཏམ་སྙམ་སྟེ། ཤིང་གཅིག་པའི་གྲུ་ལ་ཞུགས་ཏེ་བཙལ་བ་ན། བཅོམ་ལྡན་འདས་དེ་ལྟར་མཛད་པ་མཐོང་སྟེ། དགེ་སྦྱོང་ཆེན་པོ་གྲུར་འཇུག་གམ།
འོད་སྲུངས་འཇུག་གོ།
དེ་ནས་གྲུའི་ནང་དུ་ཕེབས་ཤིང་ཇི་ལྟར་གྲུ་ལ་ཞུགས་པ་དེ་བཞིན་དུ་ཆུའི་སྟེང་ནས་ཀྱང་གཤེགས། ཆུས་གོས་པ་མེད་ཅིང་ཆུ་ལ་འཇུག་ཅིང་གཤེགས་པ་དང་། གྲུ་ཆའི་གཏིང་དུའགྲོ་ཞིང་སྟེང་དུ་འཕར་བ་ལ་སོགས་པ་དེ་ལྟ་བུའི་ཆོ་འཕྲུལ་བསྟན་ཏོ། །དེ་ལྟར་ཆོ་འཕྲུང་དེ་ཐམས་ཅད་ལ་དགེ་སྦྱོང་ཆེན་པོ་འདི་ནི་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་ལ་ཡ་མཚན་ཆེ་མོད་ཀྱི། བདག་ཀྱང་དགྲ་བཅོམ་པ་ནི་ཡིན་ནོ་སྙམ་སྟེ་རྗེས་སུ་སློབ་པར་འདོད་པ་མེད་དོ།།
དེ་ནས་ཆུའི་འགྲམ་སྐམས་སར་ཕེབས་ཏེ་བཀའ་སྩལ་པ། འོད་སྲུངས་ཁྱོད་ནི་དགྲ་བཅོམ་པ་མ་ཡིན། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་ཡང་མ་ཡིན། དགྲ་བཅོམ་པའི་ལམ་ཡང་མི་ཤེས་སོ། །དེ་ནས་ལྟེང་རྒྱས་འོད་སྲུངས་འདི་སྙམ་དུ། གོོ་ཏ་མ་འདིས་བདག་གི་སེམས་མཁྱེན་ཏེ། བདག་འདིའི་སློབ་མ་བགྱིའོ་སྙམ་ནས། འདི་སྐད་ཅེས་གསོལ་ཏོ༑༑ བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དུ་གསོལ།
བཀའ་སྩལ་པ། རེ་ཞིག་ཁྱོད་ཀྱིས་འཁོར་ལ་ལྟོས་ཤིག ཁྱོད་ལྟ་བུའི་མི་གྲགས་པ་དང་ལྡན་པ་ནི། འཁོར་ལ་ལྟ་བ་ལེགས་པ་ཡིན་ནོ། །དེ་ནས་འོད་སྲུངས་རང་གི་བསྟི་གནས་སུ་སོང་སྟེ་འཁོར་རྣམས་ལ་སྨྲས་པ། ཁོ་བོ་ནི་དགེ་སྦྱོང་ཆེན་པའི་དྲུང་དུ་ཚངས་པར་སྤྱོད་ན། ཤེས་ལྡན་དག་ཅི་ལྟ་བུ་བྱེད།
དེ་དག་གིས་སྨྲས་པ། བདག་ཅིག་གིས་ཅུང་ཟད་ཅིག་འཚལ་བ་དེ་མཁན་པོ་ལ་བརྟེན་པ་ལགས་ན། བདག་ཅག་ཀྱང་དེའི་རྗེས་སུ་རབ་ཏུ་འཇུག་གོ། དེ་ནས་བྲམ་ཟེའི་ཁྱེའུ་རལ་བ་ཅན་རྣམས་ཀྱིས་གཡང་གཞི་དང་མཁར་བ་དང་རིལ་བ་སྤྱི་བླུགས་དག་ཆུ་ཀླུང་ནེེ་རཉྫ་ན་ལ་དོར་ཏེ། སྟོན་པའི་སྤྱན་སྔར་འོངས་པ་ན། ཐམས་ཅད་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་དོ།
དེ་དག་གི་ཡོ་བྱད་རྣམས་ཆུས་ཁྱེར་པ། ཆུ་ཀླུང་འོད་སྲུངས་དང་། ག་ཡ་འོད་སྲུངས་གྱིས་མཐོང་སྟེ། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་འཇིགས་པ་བྱུང་བར་མ་གྱུར་གྲང་སྙམ་ནས། ལྟེང་རྒྱས་འོད་སྲུངས་རལ་པ་ཅན་འཚོལ་དུ་སོང་བ་ལས། དེས་རབ་ཏུ་བྱུང་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པ་མཐོང་སྟེ་དེ་གཉིས་ཀྱིས་སྨྲས་པ། འོད་སྲུངས་འདི་མཆོག་ཡིན་ལ་དེ་མཆོག་མ་ཡིན་ནམ།
ལྟེང་རྒྱས་འོད་སྲུངས་ཀྱིས་སྨྲས་པ། དེ་དེ་བཞིན་ནོ། །དེ་གཉིས་ཀྱིས་བསམས་པ། དགྲ་བཅོམ་པར་བཀུར་པ་འདི་ཡང་ལན་གཉིས་ཀྱི་བར་དུ་དགེ་སྦྱོང་ཆེན་པོའི་སྤྱན་སྔར་རབ་ཏུ་བྱུང་བར་ཁས་བླངས་ན། བདག་ཅག་ཀྱང་རབ་ཏུ་འབྱུང་ངོ་སྙམ་སྟེ། བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་ཞུས་པས་འཁོར་ལ་རིག་པར་བྱ་དགོས་པ་སོགས་ནས་དེ་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་པ་ཚུར་ཤོག་གིས་བསྙེན་པར་རྫོགས་པའི་བར་སྔ་མ་དང་འདྲའོ།།
དེ་ནས་བཅོམ་ལྡན་འདས་རལ་པ་ཅན་སྟོང་རབ་ཏུ་བྱུང་བ་དང་བཅས་པའི་ཚོགས་དེ། ལྟེང་རྒྱས་སུ་ཅི་ཙམ་བཞེད་པར་བཞུགས་ནས། ག་ཡའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། ག་ཡ་མགོའི་མཆོད་རྟེན་གྱི་རི་ལ་བཞུགས་ནས། ཆོ་འཕྲུལ་རྣམ་པར་འཕྲུལ་བ་དུ་མ་ཡང་མཛད་དེ། དེའི་དོན་རྟོགས་པའི་ཕྱིར་དུ་ཆོ་འཕྲུལ་རྣམ་པ་གསུམ་གྱི་ཆོས་ཀྱི་རྣམ་གྲངས་གསུངས་པས། རལ་བ་ཅན་སྟོང་གིས་དགྲ་བཅོམ་པ་ཐོབ་བོ། །དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་ནས་མི་རིང་བ་ཉིད་ན། རྒྱལ་པོ་གཟུགས་ཅན་སྙིང་པོ་གནས་ལྔ་ལ་སྨོན་པར་བྱེད་དོ། །དེ་ཡང་སངས་རྒྱས་འབྱུང་བ་དང་། དེ་བལྟ་བའི་ཕྱིར་འགྲོ་བ་དང་། དེས་ཆོས་གསུང་བ་དང་། ཆོས་དེ་ཡང་བདག་གིས་རྟོགས་པ་དང་། དེ་ལས་བསླབ་པ་ཡང་དག་པར་ལེན་པ་ལ་སྨོན་པའོ། །དེའི་ཚེ་གཟུགས་ཅན་སྙིང་པོའི་འཁོར་ཞོ་ཤས་འཚོ་བ་སྟེ། ནང་གི་ལས་ཀྱི་བྱ་བ་སྤྱོད་པའི་མི་འགའ་ཞིག་ལྗོངས་ལྟ་ཞིང་སོང་བས། ག་ཡའི་རི་ལ་བཅོམ་ལྡན་འདས་ཉིད་དགྲ་བཅོམ་པ་སྟོང་དང་ཐབས་གཅིག་བཞུགས་ཤིང་། ཆོ་འཕྲུལ་རྣམ་པར་འཕྲུལ་བ་སྟོན་པའི་གཟི་བྱིན་མཐོང་ནས། དེས་བློར་མ་ཆུད་ཅིང་ལོག་པར་སེམས་པས། རྒྱལ་པོའི་དྲུང་དུ་སོང་ནས་གནས་མ་ཡིན་པའི་དོགས་པས་བཟུང་སྟེ། ཕྲ་མ་སྨྲ་བར་བྱེད་ན་དེ་རྒྱལ་པོས་བཟློག་གོ། དེ་ནས་རྒྱལ་པོ་གནས་ལྔ་ལ་ལྷག་པར་རྩེ་གཅིག་ཏུ་སྨོན་ཅིང་སེམས་པར་གྱུར་ལ། ཡང་ཞོ་ཤས་འཚོ་བ་གཞན་འགའ་ཞིག་གིས་མཐོང་ཞིང་ཐོས་ནས། གཞོན་ནུ་དོན་གྲུབ་དེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་གྱི། དེ་ལྟ་ལྷས་བཀུར་བསྟི་མཛོད་ཅིག་ཅེས་བསྐུལ་པ་། རྒྱལ་པོའི་ཡིད་དུ་ཆེས་འཐད་པར་གྱུར་ཏེ། རྒྱལ་པོས་ནང་མི་ཞིག་ལ་སྤྱན་འདྲེན་པར་བཀའ་བསྒོས་ནས། བཅོམ་ལྡན་འདས་ཀྱི་སྐུའི་དྲུང་དུ་བཏང་ཞིང་། དེས་རྒྱལ་པོའི་མིང་གིས་ཞབས་ལ་ཕྱག་བཙལ་ཅིང་། གནོད་པ་ཆུང་ངམ། ཉམ་ང་བ་ཆུང་ངམ་འཚོ་འམ། སྤྱོད་པ་ཡང་ངམ། སྟོབས་དང་བདེ་བ་དང་སྐུ་ཉམས་དང་ལྡན་ནམ། རེག་པར་སྐྱོད་དམ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིད་ན། གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ་ཅེས་གཟུགས་ཅན་སྙིང་པོའི་མཆིད་རྣམས་གསོལ་པ་དང་། སྟོན་པས་ཀྱང་ཅི་ཡང་མི་གསུང་བར་གནང་ངོ་། །དེ་ནས་ནངས་པར་སངས་རྒྱས་དགྲ་བཅོམ་སྟོང་དང་ལྷན་ཅིག་ག་ཡ་དང་རྒྱལ་པོའི་ཁབ་ཀྱི་བར་མཆོད་རྟེན་ལེགས་པར་རབ་གནས་ཀྱི་དྲུང་ཤིང་ཏང་བྲལ་གི་ཚལ་དུ་བྱོན་ཏེ་བཞུགས་སོ། །དེ་རྒྱལ་པོས་ཐོས་ནས་རང་ཉིད་ཤིང་རྟར་ཞུགས་ཏེ་འཁོར་མང་པོས་བསྐོར་ནས། བཅོམ་ལྡན་འདས་ལ་བལྟ་ཞིང་བསྙེན་བཀུར་བྱ་བའི་ཕྱིར། ཕོ་བྲང་ནས་ཕྱིར་བྱུང་བ་ན། དེར་ཤིང་རྟའི་འཁོར་ལོ་ས་ལ་བྱིང་ངོ་། །བདག་གིས་མ་ལེགས་པ་ཞིག་བྱས་སམ་སྙམ་དོགས་པ་ལ། ལྷ་རྣམས་ཀྱི་སྨྲ་པ། ཁྱོད་ཀྱི་ལས་སྐྱོན་ཅན་མ་ཡིན་མོད། ལས་མཐུན་མང་པོ་བཙོན་ར་ན་འདུག་པ་དེ་རྣམས་ཐོངས་ཤིག དེར་རྒྱལ་པོས་བཙོན་རྣམས་བཏང་ངོ་། །ཡང་འོངས་པ་ན། རྒྱལ་པོའི་དབུ་རྒྱན་སྒོའི་ཡ་ཐེམ་ལ་ཐོགས་སོ། །ཡང་སྔར་བཞིན་དོགས་པ་སྐྱེས་ཏེ་བསྡད་པ་ན། ལྷ་རྣམས་ཀྱིས་ལས་མཐུན་མང་པོ་ཡུལ་གཞན་དུ་ལས་ཀྱི་མཐའ་བྱེད་དུ་བཅུག་འདུག་གི དེ་རྣམས་སྦྲོན་ཅིག རྒྱལ་པོས་ཀྱང་དེ་ཐམས་ཅད་བཀུག་སྟེ། མཐར་གྱིས་རྒྱལ་པོ་ཉིད་ཤིང་རྟ་ཁྲི་ཉིས་སྟོང་དང་། རྟ་བ་ཁྲི་བརྒྱད་སྟོང་དང་། བྲམ་ཟེ་དང་། ཁྱིམ་བདག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་སོང་སྟེ། བཞོན་པ་ལས་བབས་ནས་ཏང་བྲང་གི་ཚལ་གྱི་ཀུན་དགའ་ར་བར་ཞུགས་སོ། །རྒྱལ་པོའི་མཚན་མ་ལྔ་པ་དབུ་རྒྱན་དང་། གདུགས་དང་རལ་གྲི་དང་། རིན་པོ་ཆེས་མཚན་མ་ལྔ་པོ་དབུ་རྒྱན་དང་། གདུགས་དང་རལ་གྲི་དང་། རིན་པོ་ཆེས་བརྒྱན་པའི་ལྷམ་དང་ནོར་བུའི་ཡུ་བ་ཅན་གྱི་རྔ་ཡབ་རྣམས་ཕུད་ཅིང་བཞག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཕྱག་བཙལ་ནས། བཙུན་པ།
བདག་ནི་མ་ག་ངྷའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ་ཞེས་གསོལ་པས། རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ། སྟན་ལ་འདུག་ཅིག རྒྱལ་པོ་ཡང་ཕྱོགས་ཤིག་ཏུ་འཁོད། བྲམ་ཟེ་དང་ཁྱིམ་བདག་ལ་ལ་ཕྱག་འཚལ། ལ་ལ་དགའ་བའི་གཏམ་གསོལ། འགའ་ཞིག་རྒྱང་རིང་པོ་ནས་ལྟ་ཞིང་འཁོད་དོ། །དེའི་དུས་ན་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་གིས་ལྟེང་རྒྱས་འོད་སྲུངས་ཀྱང་འཁོར་དེ་ན་འདུག་པ་མཐོང་སྟེ། ཅི་དགེ་སྦྱོང་ཆེན་པོ་འོད་སྲུངས་ཀྱི་དྲུང་དུ་ཚངས་པར་སྤྱོད་དམ། འོད་སྲུངས་དགེ་སྦྱོང་ཆེན་པོའི་དྲུང་དུ་ཚངས་པར་སྤྱོད་པ་ཡིན་སྙམ་ཐེ་ཚོམ་དུ་གྱུར་པ་ལས། སྟོན་པས་དེ་མཁྱེན་ཏེ། དོན་དེའི་དབང་དུ་བྱས་ནས་འོད་སྲུངས་དང་ཞུ་ལན་འགའ་རེ་མཛད་ནས།
བཀའ་སྩལ་པ། འོད་སྲུང་འཁོར་རྣམས་སྐྱོ་བ་སྐྱེད་ཅིག དེ་ནས་འོད་སྲུངས་སྟན་གྱི་སྟེང་དུ་མི་སྣང་བར་གྱུར་ཏེ། ཕྱོགས་བཞིའི་ནམ་མཁའ་ལ་འཕགས་ནས་སྤྱོད་ལམ་རྣམ་བཞི་བྱེད་པ་དང་། འོད་འབྱིན་པ་དང་ཡ་མ་ཟུང་གི་ཆོ་འཕྲུལ་དག་བསྟན་ནས། སྟོན་པའི་སྤྱན་སྔར་ལུས་བཏུད་དེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་གསོལ་ཅིང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་གསོལ་ཅིང་བཅོམ་ལྡན་འདས་ཀྱིས་ཀྱང་མཐུན་འགྱུར་མཛད། ལྟེང་རྒྱས་འོད་སྲུངས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་སྟན་ལ་འཁོད་པ་ན། སྐྱེ་བོ་ཐམས་ཅད་ཐེ་ཚོམ་དང་བྲལ་ཞིང་དད་པ་སྟོབས་སུ་གྱུར་པ་ན། བདག་མེད་ཀྱི་དོན་ལས་བརྩམས་ཏེ་ཆོས་གསུངས་པས། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷ་བརྒྱད་ཁྲི་དང་བྲམ་ཟེ་དང་ཁྱིམ་བདག་སོགས་སྐྱེ་བོ་འབུམ་ཕྲག་དུ་མས་དུས་དེ་ཉིད་དུ་བདེན་པ་མཐོང་ངོ་། །རྒྱལ་པོ་གཟུགས་ཅན་སྙིང་པོས་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་འབྱོན་པར་ཞུས་པ་ལ་ཡང་ཅང་མི་གསུང་བར་གནང་ངོ་། །དེ་ནས་རྒྱལ་པོ་ལ་སོགས་པ་དེ་རྣམས་རང་གནས་སུ་སོང་ཞིང་། ཅི་ཙམ་ན་དུས་ལ་བབ་པར་མཁྱེན་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལྗོངས་རྒྱུ་ཞིང་། རྒྱལ་པོའི་ཁབ་ཀྱི་ཤིང་དྲུང་དང་ཉེ་བར་བྱོན་པ། རྒྱལ་པོས་གདུགས་ཚོད་ལ་སྤྱན་འདྲེན་པར་སྙན་མནན་ནས། དེའི་ནངས་པར་རྒྱལ་པོ་རང་ཉིད་ཀྱིས་ལག་བདར་ཏེ། བསོད་སྙོམས་རྒྱ་ཆེར་ཕུལ་ནས། གསེར་གྱི་བྱ་མ་བུམ་བླངས་ནས་ཆུ་བསྒྲེངས་ཤིང་། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་སྔར་སྐྱེད་མོས་ཚལ་ཡིན་པ། སྟོན་པ་བཞུགས་པའི་གནས་གཙུག་ལག་ཁང་དུ་བྱས་ཏེ་ཕུལ། དེར་བཅོམ་ལྡན་འདས་འཁོར་དང་བཅས་པ་གྲོང་ཁྱེར་རྒྱལ་པོའི་ཁང་དང་ཉེ་བ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་ཀུན་དགའ་ར་བ་ན་བཞུགས་ཏེ་ཆོས་སྟོན་ནོ། །དེའི་ཚེ་ཀུན་ཏུ་རྒྱུ་ཉེ་རྒྱལ་ཞེས་བྱ་བ་ཤཱ་རིའི་བུ་དང་། པང་ནས་སྐྱེས་ཞེས་བྱ་བ་མོོ་འགལ་གྱི་བུ་སྟེ་ཀུན་ཏུ་རྒྱས་གཉིས་པོ་དེ་འཁོར་ལྔ་བརྒྱ་དང་བཅས་ནས། གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན། གྲོང་ཁྱེར་ཅ་ཅོ་ཉུང་ཞིང་རྒྱུ་འགྲུལ་ཉུང་སྟེ་ཆེ་མེད་འདུག་པ་མཐོང་ངོ་། །དེ་གཉིས་ཀྱིས་བསམས་པ། ཨེ་མ་རྒྱལ་པོ་གཞན་གྱི་དམག་ཚོགས་ཀྱིས་འཇིགས་པའམ། ཡང་ན་དགེ་སྦྱོང་དང་བྲམ་ཟེ་དབང་ཆེ་བར་གྲགས་པ་དག་གནས་པ་ལས་བྱུང་ངོ་སྙམ་ནས། ནུབ་མོ་རྒྱུ་སྐར་ལ་བལྟས་པས་འཇིགས་པ་ནི་མེད་པར་ཤེས་སོ། །ནངས་པར་དཔྲལ་རིས་གསུམ་བྱས་ཏེ་སྤྱོད་ཡུལ་དུ་སོང་བ་ན། སྔར་དེ་གཉིས་ལ་སྐྱེ་བོ་འབུམ་ཕྲག་དུ་མ་ཕྱི་བཞིན་དུ་འབྲང་བ་ལས། དེ་ཉིན་གཅིག་ཀྱང་འབྲང་བ་མེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་གཉིས་པོ་འདུལ་བའི་དུས་ལ་བབ་པར་མཁྱེན་ཅིང་། དེ་ཡང་སྤྱོད་ལམ་གྱིས་འདུལ་བ་ཡིན་པས། འཕགས་པ་རྟ་ཐུལ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཀུན་ཏུ་རྒྱུ་གཉིས་པོ་ལ་སོམས་ཤིག དེས་ཀྱང་སྔ་དྲོའི་དུས་སུ་སྤྱོད་ལམ་མཆོག་གིས་བསོད་སྙོམས་ལ་ཞུགས་པའི་ཚེ། ཀུན་ཏུ་རྒྱུ་གཉིས་ཀྱིས་ཀྱང་ཐག་རིང་པོ་ནས་མཐོང་སྟེ་ངོ་མཚར་སྐྱེས་སོ༑༑ གྲོང་ཁྱེར་ནས་ཕྱིར་འོང་བའི་ཚེ་དྲི་བར་བྱའོ་སྙམ་ནས། གྲོང་ཁྱེར་དུ་བྱ་བ་རྣམས་མགྱོགས་པར་བྱས་ཏེ། ཉེ་རྒྱལ་སྔོན་ལ་གྲོང་ཁྱེར་གྱི་ཕྱིར་བྱུང་སྟེ། ལམ་ཐམས་ཅད་འདུས་པའི་མདོ་ཞིག་ཏུ་སྒུག་ཅིང་འདུག་གོ། ཅི་ཞིག་ན་འཕགས་པ་རྟ་ཐུལ་ཡང་གྲོང་ཁྱེར་གྱི་ཕྱིར་བྱུང་བ་ན།
ཉེ་རྒྱལ་གྱིས་སྨྲས་པ། ཁྱོད་ཀྱི་སྟོན་པ་ནི་གང་ཡིན། གང་གི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དགའ།
རྟ་ཐུལ་གྱིས་སྨྲས་པ། ཁོ་བོའི་སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་ཕྱིར་རབ་ཏུ་བྱུང་ཞིང་དེའི་ཆོས་ལ་དགའོ།།
ཉེར་རྒྱལ་གྱིས་སྨྲས་པ། དགེ་སློང་དེའི་ཕྱིར་ཆོས་སྟོན་ཅིག
རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུམ་བའི་ཚུལ་ཅན་དགེ་སྦྱོང་ཆེ།།
དེའི་ཚེ་ཉེ་རྒྱལ་གྱིས་བདེན་པ་མཐོང་སྟེ། རྟ་ཐུལ་ལ་ཐལ་མོ་སྦྱར་ཅིང་བཏུད་ནས། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ༑༑ སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་འདས་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །བཅོམ་ལྡན་འདས་དེ་ད་ལྟར་གང་དུ་བཞུགས།
རྟ་ཐུལ་གྱིས་སྨྲས་པ། འོད་མའི་ཚལ་འདི་ཉིད་ནའོ། །དེ་ནས་ཉི་རྒྱལ་ཡང་པང་ན་སྐྱེས་ཀྱི་སར་སོང་ནས་བདུད་རྩི་ཐོབ་པར་བརྡའ་སྤྲད་དེ། སྔར་གྱི་ཚིགས་བཅད་དེ་བརྗོད་པས། པང་ན་སྐྱེས་ཀྱིས་ཀྱང་བདེན་པ་མཐོང་ཞིང་ཆེད་དུ་བརྗོད་པའི་བར་སྔ་མ་བཞིན་ནོ། དེ་ནས་ཀུན་ཏུ་རྒྱུ་གཉིས་ཀྱིས་འཁོར་རྣམས་ལ་རིགས་པར་བྱས་ཏེ། དེ་དག་ཀྱང་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་འཇུག་པར་ཁས་བླངས་ནས། ཀུན་ཏུ་རྒྱུ་གཉིས་པོ་བྲམ་ཟེའི་ཁྱེའུ་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་ཏེ། འོད་མའི་ཚལ་དུ་ཞུགས་པ་ན། འཕགས་པ་རྟ་ཐུལ་ཤིང་དྲུང་ན་བཞུགས་པ་མཐོང་སྟེ། དང་པོར་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའམ། འོན་ཏེ་ཆོས་ཐོས་པ་ལ་བྱ་སྙམ་པ་ལས། །ཆོས་ཐོས་པ་ལ་ཐོག་མར་བྱ་དགོས་པར་ཤེས་ནས། དང་པོར་རྟ་ཐུལ་གྱི་ཞབས་ལ་ཕྱག་བྱས་སོ།
སྟོན་པས་བཀའ་བསྩལ་པ། རྒན་ནམ་ཡང་ན་གཞོན་ཡང་རུང་། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་ཐོག་མར་ཕྱག་བྱ་སྟེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །དེ་ནས་དེ་གཉིས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མས་སྐོར་བའི་དྲུང་དུ་འོང་བ་ན། སྐུའི་དྲུང་དུ་མ་ཕྱིན་གོང་། སྟོན་པས་རྒྱང་རིང་པོ་ནས་གཟིགས་ཙམ་ནས། དེ་གཉིས་ཀྱི་ཆེད་དུ་བརྗོད་པ་དུ་མ་མཛད་དེ། རྫུ་འཕྲུལ་དང་ལྡན་པའི་མཆོག་དང་། ཤེས་རབ་ཅན་གྱི་མཆོག་ཏུ་སྔ་ཉིད་ནས་ལུང་བསྟན་ཏོ།།
དེའི་ཚེ་དགེ་སློང་དགྲ་བཅོམ་པ་གཅིག་གིས་ཆེད་དུ་བརྗོད་དེ། སྟོན་པ་དགོངས་ཡུལ་མཐའ་ཡས་པ། །སྐྱེ་དགུའི་དབང་པོ་ཁྱོད་མཐར་བྱོན། །བཅོམ་ལྡན་སྲོད་པ་མཐར་མཛད་པས། །གྲོགས་པོ་ཉེ་རྒྱལ་པང་ན་སྐྱེས། །དེ་ལྟར་འོངས་པ་གཟིགས་གྱུར་ན། །འོད་མའི་ཚལ་དུ་མ་ཕྱིན་པར། །ཚོགས་མཆོག་དབུས་སུ་དེ་གཉིས་ནི། །འདི་གཉིས་ང་ཡི་ཉན་ཐོས་ཀྱི། །མཆོག་ཟུང་འགྱུར་ཞེས་དེས་བསྟན་ཏེ། །གཤེག་ནི་རྫུ་འཕྲུལ་ལྡན་པའི་མཆོག། ཅིག་ཤོས་ཤེས་རབ་ལྡན་པ་ཡི། །མཆོག་ཏུ་འགྱུར་བར་ལུང་བསྟན་མཛད། །ཅེས་སོ།།
དེ་ནས་ཉེ་རྒྱལ་དང་པང་ནས་སྐྱེས་ལ་སོགས་པ་བྲམ་ཟེའི་རིགས་ཀྱི་ཀུན་ཏུ་རྒྱུ་ལྔ་བརྒྱ་དག བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་གསོལ་བ་བཏབ་པ་ན། བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག་ཅེས་བཀའ་སྩལ་པའི་མཇུག་ཁོ་ནར་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་ཙམ་དུ་གྱུར། ལག་ན་ནི་ལྷུང་བཟེད་དང་བྱ་མ་བུམ་ཐོགས། ལུས་ལ་ནི་ཆོས་གོས་རྣམ་པ་གསུམ་གཡོགས། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟར་ཤིན་ཏུ་དུལ་བར་བྱུང་སྟེ། དེའི་ཚེ་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །དེ་དག་སྐྲ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་ཟུང་བཀབ་པར་གྱུར། །ཅེས་ཆེད་དུ་བརྗོད་པར་བྱེད་དོ༑༑
དེའི་ཚེ་དགེ་སློང་མང་པོ་བསོད་སྙོམས་ལ་ཞུགས་པ་ན། སྐྱེ་བོ་མ་དད་པ་དག་འདི་སྐད་ཅེས། སངས་རྒྱས་མ་ག་ངྷ་དག་གི། གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་པོའི་ཀུན་ཁྲིད་ན། །ཕྱི་ནས་ཅི་ཞིག་བཀྲི་བར་བྱ། །ཞེས་ཟེར་བ་ན། དགེ་སློང་རྣམས་ཀྱིས་ལན་སྨྲ་བར་མ་ནུས་སོ། །ནངས་པར། འདི་ན་དཔའ་ཆེན་བདེ་གཤེགས་དག། དམ་པའི་ཆོས་ཀྱིས་བཀྲི་མཛད་དེ། །ཐམས་ཅད་ཆོས་ཀྱིས་བཀྲི་བ་ལ། །མཁས་པ་སུ་ཞིག་མི་བཟོད་བྱེད། །ཅེས་སྨྲོས་ཤིག་ཅེས་བཀའ་སྩལ་པ་ལྟར་བྱས་པས་སྤོབས་པ་ལན་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བསྙེན་པར་རྫོགས་ནས་ཞག་བཅོ་ལྔ་ལོན་པ་ན། བཅོམ་ལྡན་འདས་ཀྱི་སྐུའི་དྲུང་དུ་བསིལ་ཡབ་གཡོབ་ཅིང་འདུག་གོ། དེའི་ཚེ་སངས་རྒྱས་ཀྱི་ཀུན་ཏུ་རྒྱུ་སེན་རིངས་ལ་ཆོས་བསྟན་པས་སེན་རིངས་ཀྱིས་བདེན་པ་མཐོང་ཞིང་། ཤཱ་རིའ་བུས་དྲག་བཅོམ་པ་ལེན་པ་ལས་སེམས་རྣམ་པར་གྲོལ་བ་ཐོབ་བོ། །དེ་ནས་རིང་པོ་མ་ལོན་པ་ཁོ་ནར་མོོ་འགལ་གྱི་བུ་ལ་སོགས་པ་ཀུན་ཏུ་རྒྱུ་ལྔ་བརྒྱ་ཡང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱས་ཏེ། དེ་ཡན་ཆད་ཉན་ཐོས་དགྲ་བཅོམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་གྲངས་ངེས་པ་དང་བཅས་པ་ཡིན་ཏེ། དགེ་སློང་དགྲ་བཅོམ་པ་སྟོང་དྲུག་བརྒྱ་ཉི་ཤུའོ། །བདེན་པ་མཐོང་ནས་དགྲ་བཅོམ་པ་མ་ཐོབ་ཀྱི་བར་ལ་ཅུང་ཟད་རེ་ཐོགས་པའི་སྐབས་མ་གཏོགས། གཞན་དགྲ་བཅོམ་པ་ཁོ་ནའི་འཁོར་ཡིན་པས། སོ་སོ་སྐྱེ་བོའི་དགེ་འདུན་མེད་དོ། །དེར་དུས་ཅུང་ཟད་ཅིག་ལ་ཐོག་མའི་དགྲ་བཅོམ་པ་བརྒྱ་ཉི་ཤུ་དང་། མཆོག་ཟུང་གཅིག་གི་འཁོར་ཉིས་བརྒྱ་ལྔ་བཅུ་ནི། ཡུལ་ཐ་དད་པ་སོ་སོར་ལྗོངས་རྒྱུ་ཞིང་ཆོས་སྟོན་པའི་ཕྱིར་གཤེགས་ལ། རལ་བ་ཅན་སྟོང་རབ་ཏུ་བྱུང་བ་དང་། མཆོག་ཟུང་གཅིག་གི་འཁོར་ཉིས་བརྒྱ་ལྔ་བཅུ་ནི། སྟོན་པའི་ཞབས་འབྲིང་དུ་ཆོས་ཉན་པའི་ཕྱིར་འདུག་པས་ན། དེར་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཞེས་གྲགས་སོ། །དེ་ནས་ནི་གང་ཟག་དེ་དག་ཏུ་མ་ངེས་མོད། ཕྱིས་ཀྱང་སྟོན་པའི་སྐུ་དྲུང་དུ་ཉན་ཐོས་ཀྱི་དགེ་སློང་དགྲ་བཅོམ་པ་སྟོང་ཉིས་བརྒྱ་ལྔ་བཅུ་ཙམ་ཚོགས་པ་ཉིད་ཤས་ཆེ་བར་གྲགས་སོ། །གང་གི་ཚེ་མཆོག་ཟུང་གཅིག་དགྲ་བཅོམ་པ་ཐོབ་པ་ནས། དགེ་སློང་གི་དགེ་འདུན་ཉིན་རེ་བཞིན་ཕྱོགས་ཐམས་ཅད་དུ་འཕེལ་བར་གྱུར་པས་གྲངས་ངེས་པའི་ཚད་བཟུང་བར་དཀའ་བ་ཉིད་དེ། དེ་ཕྱིན་ཆད་ནས་དགྲ་བཅོམ་པ་དང་། འཕགས་པ་སློབ་པ་དང་། སོ་སོ་སྐྱེ་བོ་ཡང་རུང་སྟེ་མ་ངེས་པ་སྣ་ཚོགས་པའོ། །དུས་གཞན་ཞིག་ན་དྲང་སྲོང་ཉོན་མོངས་མེད་ཀྱི་ཚ་བོ་མེས་བྱིན། བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་ནས་ཞབས་ལ་ཕྱག་བྱས་ཏེ་འདུག་པ་ལ། སྟོན་པས་ཆོས་བསྟན་པས་དེ་ཉིད་དུ་བདེན་པ་མཐོང་ངོ་། །དེ་ནས་སྟོན་པས་ཀླུ་ཨེ་ལའི་འདབ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད་ཅིང་། མེས་བྱིན་ཡང་ཚུར་ཤོག་གིས་བསྙེན་པར་རྫོགས་སོ། །འདི་ནི་འཕགས་པ་ཀཱ་ཨེ་མའི་འདས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད་ཅིང་། མེས་བྱིན་ཡང་ཚུར་ཤོག་གིས་བསྙེན་པར་རྫོགས་སོ། །འདི་ནི་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་ཡིན་ནོ། །དེ་ནས་དེ་ལ་ཡོན་པ་དང་མེད་པའི་མཐའ་གཉིས་ལ་མི་བརྟེན་པའི་ཚུལ་གྱིས་ཆོས་བསྟན་པས། འཕགས་པ་ཀཱ་ཏྱཱ་ཡ་ནས་དགྲ་བཅོམ་ཐོབ་བོ། །དེའི་ཚེ་ནུབ་ཕྱོགས་ཀྱི་ཡུལ་གྲོང་ཁྱེར་འཕགས་རྒྱལ་ན། རྒྱལ་པོ་གཏུམ་པོ་རབ་སྣང་གིས་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བ་ལས། ཡུལ་དེར་ཡམས་ནད་ཆེན་པོ་ཞིག་བྱུང་སྟེ། སྔགས་མཁན་རྣམས་ཡམས་ནད་ཞི་བའི་ཐབས་ལ་བརྩོན་པར་བྱས་ཀྱང་རེ་ཞིག་མ་ཞིའོ། །དེའི་ཚེ་རྒྱལ་པོ་ལ་སོགས་པའི་སྐལ་བ་དང་ལྡན་པ་རྣམས་གདུལ་བའི་དུས་ལ་བབ་པར་མཁྱེན་ནས། འཕགས་པ་ཀཱ་ཏྱཱ་ཡ་ན་འཁོར་ལྔ་བརྒྱ་དང་བཅས་པ་ལ། རྒྱལ་པོ་རབ་སྣང་ལ་སོགས་པ་གྲོང་ཁྱེར་འཕགས་རྒྱལ་གྱི་སྐྱེ་བོ་རྣམས་འདུལ་བར་བཀའ་སྩལ་ཏོ། །དེ་ནས་འཕགས་པ་འཁོར་བཅས་ཡུལ་དེར་འབྱོན་པའི་ཚེ། བར་ལམ་གྱི་གྲོང་ཁྱེར་ཀ་ཎཱ་ཀུ་བ་ཛ་ནར། སྔོན་འཕགས་པ་ཀཱ་ཏྱཱ་ཡ་ན་དང་མཛའ་བཤེས་སུ་གྱུར་པའི་བྲམ་ཟེ་ཞིག་ལ་བུ་མོ་གཟུགས་བཟང་བ་མིང་སྐྲ་ཅན་ཞེས་བྱ་བ་ཞིག་ཡོད་དོ། །འཕགས་པ་ཀཱ་ཏྱཱ་ཡ་ན་འཁོར་བཅས་བྱོན་ཏོ་ཞེས་བྲམ་ཟེའི་ཆུང་མས་ཐོས་ནས། འཕགས་པ་འཁོར་བཅས་འདིར་བྱོན་པ་ལ་མགྲོན་མཆོད་བྱར་མེད་དོ་སྙམ་ནས་ཤིན་ཏུ་ཡིད་ཁོང་དུ་ཆུད་པ་ལ། བུ་མོས་དྲིས་པས་དོན་དེ་བཤད་པ་ན། བུ་མོ་ན་རེ། དེ་ལྟར་ན་གར་མཁན་གྱི་སློབ་དཔོན་ཞིག་གིས་བདག་གི་སྐྲ་བཙོང་ཟེར་བ་དེ་ལ། བདག་གི་སྐྲ་ཚོངས་ཤིག་དང་། དེའི་ཡིན་གྱིས་འཕགས་པ་འཁོར་བཅས་སྤྱན་འདྲེན་པར་བྱའོ་ཟེར། །དེ་ནས་བྲམ་ཟེ་མོས་གར་མཁན་དེ་ལ་བུ་མོའི་སྐྲ་ཀརྵ་པ་ན་ལྔ་བརྒྱར་བཙོངས་ཏེ། འཕགས་པ་འཁོར་བཅལ་གདུགས་ཚོད་གསོལ་བའི་མཆོད་པ་བཟང་པོ་བྱས་སོ། །དེ་ནས་བྲམ་ཟེ་མོས་ཆོས་ཉན་པའི་ཕྱིར་འདུག་པའི་ཚེ། འཕགས་པས་སྐྲ་ཅན་ག་རེ་ཞིག་དྲིས་པ་ན། སྤྱོད་ལམ་ཉམས་ཏེ་མཆིས་སོ་ཞེས་སྔར་གྱི་ལོ་རྒྱུས་གསོལ་ཏོ། །དེ་ནས་ཞབས་དྲུང་དུ་སྐྲ་ཅན་བོས་ཏེ་ཞབས་ལ་ཕྱག་འཚལ་དུ་བཅུག དེར་བྲམ་ཟེ་མོས་སྐྲ་ཅན་འདི་སུ་ལ་སྦྱིན་ཞུས་པས། འདི་ནི་རབ་ཏུ་བྱུང་བ་ལ་འཚམ་པ་མ་ཡིན་པ་ཞིག་དྲིས་མོད་ཀྱི། འོན་ཀྱང་འདི་གང་ལ་སྦྱིན་པ་དེ་ལས་སྦས་པའི་རྒྱན་ལྔ་བརྒྱ། ཕྱིའི་རྒྱན་ལྔ་བརྒྱ། གྲོང་གི་མཆོག་ལྔ་བརྒྱ་འཐོབ་པར་འགྱུར་རོ་ཞེས་ལུང་བསྟན་ཏེ་བྱོན་པ་ལས། གང་གི་ཚེ་འཕགས་པ་ཀཱཏྱཱ་ཡ་ན་འཁོར་བཅས་གྲོང་ཁྱེར་འཕགས་རྒྱལ་དུ་བྱོན་པའི་མོད་ལ། ཡམས་ནད་གཏོང་བའི་མི་མ་ཡིན་ཤས་ཆེ་བ་དག་རིང་དུ་བྲོས་ཏེ། ཡམས་ནད་ཀྱི་ཕྱེད་ཙམ་ཞིའོ། །དེའི་ཚེ་གྲོང་ཁྱེར་གྱི་སྒོ་སྲུང་བ་དག་གིས། ཆ་བྱད་སྔོན་མ་མཐོང་བའི་དགེ་སློང་ལྔ་བརྒྱ་འདིར་འོངས་པའི་མོད་ལ། ཡམས་ནད་ཀྱི་ཕྱེད་ཞིའོ་ཞེས་རྒྱལ་པོ་ལ་གསོལ་པས་རྒྱལ་པོ་དགྱེས་སོ། །དེ་ནས་རྒྱལ་པོས་འཕགས་པ་འཁོར་བཅས་ལ་ཡང་ཡང་མཆོད་ཅིང་། ལན་ཅིག་རྒྱལ་པོས་བྲོ་གར་རྩེ་བ་དུ་མ་འཕགས་པའི་གཟིགས་སར་ཕུལ་ཏེ། བྲོ་གར་གྱི་བཟང་ངན་དྲིས་ཚེ། འཕགས་པས་མ་མཐོང་གསུངས་པས། རྒྱལ་པོ་ཡིད་མ་ཆེས་པ་ལ།
འཕགས་པས། ཆད་པས་གསད་དགོས་པ་ལ་ཐུག་པའི་མི་ཞིག་གི་ལག་ཏུ་སྣུམ་གྱིས་ཁ་ད་ཆད་དུ་གང་བའི་སྣོད་གཏད་དེ། ཐིགས་པ་གཅིག་ས་ལ་བོ་ཡང་གསད་དོ་ཞེས་བསྡིགས་ནས། དེའི་མདུན་དུ་བྲོ་གར་རྩེ་བ་རྣམས་འགྲོར་ཆུག་ཅིག་གསུངས། དེ་ལྟར་བྱས་པའི་རྗེས་སུ་མི་དེ་ལ་དྲིས་ཚེ།
བདག་ནི་གསོད་པས་འཇིགས་ཏེ་བྲོ་གར་མ་མཐོང་ཟེར།
དེར་འཕགས་པས། མི་འདི་ཚེ་གཅིག་གི་སྡུག་བསྔལ་གྱིས་འཇིགས་པས་བག་ཡོད་པ་འདི་འདྲ་ན། བདག་ཅག་དགེ་སློང་རྣམས་ནི་ཚེ་རབས་དུ་མའི་སྡུག་བསྔལ་གྱིས་འཇིགས་པས་བག་ཡོད་ཀུན་ཏུ་སྲུང་བ་ལྟ་ཅི་སྨོས་གསུངས། དེ་ནས་རྒྱལ་པོས་ལྷག་པར་ཡང་དད་དེ། འཕགས་པ་ཀཱ་ཏྱཱ་ཡ་ན་འཁོར་བཅས་ལ་ཆེས་ཆེར་མཆོད་ནས། འཕགས་པ་ལ་མཆོད་པ་འདི་ལྟ་བུས་མཆོད་པ་གཞན་ཡོད་དམ་ཞེས་ཞུས་པས། མཆོད་པའི་འདི་དག་ངོ་མཚར་མི་ཆེ་ཡི། བུ་མོ་ཞིག་ལ་ནོར་མེད་པས་རང་གི་སྐྲ་པ་ན་ལྔ་བརྒྱར་བཙོངས་ཏེ། བདག་ཅག་དགེ་སློང་འཁོར་བཅས་མཆོད་པས་ཚིམ་པར་བྱས་སོ་གསུངས། རྒྱལ་པོས། སྐྲ་པ་ན་ལྔ་བརྒྱར་འདོམས་པའི་སྐྲ་དང་ལྡན་པ་ནི། ལྷའི་ནང་ནའང་དཀོན་ནོ་སྙམ་སྟེ། ཞོ་ཤས་འཚོ་བ་དག་བུ་མོ་དེ་སློང་དུ་བཏང་ནས། སྐྲ་ཅན་མ་རྒྱལ་པོའི་བཙུན་མོར་བླངས་ཤིང་། སྦས་པའི་རྒྱན་ལྔ་བརྒྱ་ལ་སོགས་པ་ཡང་བྲམ་ཟེ་མོ་ལ་བྱིན་ནོ། །སྐྲ་ཅན་མ་གྲོང་ཁྱེར་འཕགས་རྒྱལ་དུ་སླེབས་པའི་མོད་ལ། ཡམས་ནད་ཀྱི་ལྷག་མ་རྣམས་ཀྱང་ཞི་བས་བཙུན་མོ་ཞི་བ་མོ་ཞེས་མིང་དུ་བཏགས་སོ། །དེ་ནས་རྒྱལ་པོ་གཏུམ་པོ་རབ་སྣང་གིས། འཕགས་པ་ཀཱ་ཏྱཱ་ཡ་ན་དགེ་འདུན་དང་བཅས་པ་ལ་སྲིད་ཕུལ་ཀྱང་བཞེས་སུ་མ་གནང་། འདོད་པ་ཐམས་ཅད་ལ་སྟོབས་ཀྱིས་སྤྱོད་པའི་རྒྱལ་སྲིད་ཀྱི་ཕྱེད་ཕུལ་ཀྱང་བཞེས་སུ་མ་གནང་། ལོངས་སྤྱོད་དང་ཡོ་བྱད་ཀྱི་མཆོག་འབུལ་བར་ཞུས་པ་ལ། འཕགས་པ་ཀཱ་ཏྱཱ་ཡ་ནས་འཕགས་རྒྱལ་གྱི་གཙུག་ལག་ཁང་ནས་སྟོན་པ་ལ་ཞུས་ཤིང་། སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་ཅིང་། མཉན་ཡོད་ནས་བཀའི་གནང་བ་སྩལ་པ། འཕགས་པ་ཀཱ་ཏྱཱ་ཡ་ནས་ལྷའི་རྣ་བས་གསན་ཏེ་ཞུ་བ་ཞུ་ལན་མཛད་དོ། །སྐྱེ་བོ་ཕྱི་རབས་ལ་སྙིང་བརྩེ་བའི་ཕྱིར་དང་། སྦྱིན་བདག་གི་ལོངས་སྤྱོད་འཕེལ་བའི་ཕྱིར། དགེ་འདུན་ལ་ནི་གནང་གི གང་ཟག་ལ་ནི་མ་ཡིན་ནོ་གསུངས། དེ་ཡང་ལོངས་སྤྱོད་ཅེས་པ་ནི་གྲོང་དང་ཞིང་ངོ་། །ལོངས་སྤྱོད་ཀྱི་མཆོག་ནི་བ་ལང་དང་། མ་ཧེ་དང་ ར་ལུག་ལ་སོགས་པའོ། །དེ་ནས་རྒྱལ་པོས་ཡོ་བྱད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་མང་པོ་དང་། ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་རྣམས་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ངའི་དགེ་བསྙེན་རྣམས་ཀྱི་ནང་ནས་དགེ་འདུན་ལ་ཐོག་མར་འདོད་པ་ཐམས་ཅད་ཀྱིས་སྟོབ་པའི་མཆོག་ནི་རབ་སྣང་ངོ་ཞེས་གསུངས་ཤིང་། བཤོས་འབུལ་བའི་མཆོག་གཟུགས་ཅན་སྙིང་པོའོ། །གནས་མལ་འབུལ་བའི་མཆོག་མགོན་མེད་ཟས་སྦྱིན་ནོ། །གཙུག་ལག་ཁང་བྱེད་པའི་མཆོག་བཟང་ལྡན་ནོ་ཞེས་ཀྱང་སྐབས་གཞན་དུ་གསུངས་སོ། །འདི་ནི་གྲོང་ཁྱེར་འཕགས་རྒྱལ་དུ་དངོས་སུ་བཅོམ་ལྡན་འདས་ཉིད་ཀྱི་ཞབས་མ་བཅགས་ཤིང་། འཕགས་པ་་ཀཱ་ཏྱཱ་ཡ་ན་ཆེན་པོ་དེར་མངགས་པ་ཉིད་སྟོན་པའི་མཛད་པར་འགྱུར་རོ་གསུངས། གང་གི་ཚེ་མཉན་ཡོད་ཀྱི་ཁྱིམ་བདག་མགོན་མེད་ཟས་སྦྱིན་རང་གི་བུ་དྲུག་གི་ཁྱིམ་ནི་ཕུབ་ཟིན། བུ་བདུན་པ་ལེགས་སྐྱིས་ཀྱི་མནའ་མ་ལེན་ཞིང་ཁྱིམ་འབུབས་པའི་དོན་དུ་གངས་རིའི་གླང་པོ་བརྒྱ། རྟ་བརྒྱ། གསེར་གྱི་རྒྱན་བརྒྱ། དྲེའུའི་ཤིང་རྟ་བརྒྱ་སོགས་མནའ་མའི་རིན་དུ་ཁྱེར་ཏེ། རྒྱལ་པོའི་ཁབ་ཏུ་འོངས་ནས། མནའ་མའི་ཕ་ཁྱིམ་དུ་མཚན་མོ་འདུག་པ་ལས། ཁྱིམ་བདག་དེས་ནངས་པར་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་དྲང་བར་འདོད་པས། ནམ་གྱི་གུང་ལ་ལངས་ཏེ། གཡོག་འཁོར་དག་དང་ལྷན་ཅིག་ཏུ་བཟའ་བཅའ་རྒྱ་ཆེ་བའི་སྟ་གོན་བྱེད་པ་མགོན་མེད་ཟས་སྦྱིན་གྱིས་མཐོང་ནས། ཁྱིམ་བདག་དེ་ལ་ཁྱོད་ཀྱིས་ནངས་པར་བག་མ་གཏོང་ལེན་བྱེད་དམ། ཡང་ན་ཚོང་བའི་ཚོགས་ལ་སྟོན་མོའམ། ཡང་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་སྤྱན་འདྲེན་པ་སོགས་གང་ཡིན་ཞེས་དྲིས་པས། ཁྱིམ་བདག་གིས། དེ་དག་མ་ཡིན་ཏེ། ནངས་པར་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་འདྲེན་ནོ་ཟེར། མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ཞེས་བྱ་བའི་སྒྲ་ཐོས་པ་ཙམ་གྱིས་སྤྲུ་ཟིང་བྱེད་དེ། ཁྱིམ་བདག་དེ་ལ་སངས་རྒྱས་དང་དགེ་འདུན་ཇི་ལྟ་བུ་ཞེས་དྲིས་པ་ན། དེས་ཀྱང་རྒྱས་པར་བཤད་པས། མགོན་མེད་ཟས་སྦྱིན་ཤིན་ཏུ་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་གང་ན་བཞུགས། ཞལ་བལྟ་བར་རུང་ངམ་ཞེས་དྲིས་པ་ལ།
དུར་ཁྲོད་བསིལ་བའི་ཚལ་ན་བཞུགས་ཏེ། དེར་བྱོན་པ་ན་མཐོང་བར་འགྱུར་རོ་ཟེར། དེ་ནས་མགོན་མེད་ཟས་སྦྱིན་སངས་རྒྱས་ལ་དམིགས་པའི་དྲན་པ་དང་ལྡན་པས་ཅུང་ཟད་ཉལ། ཡང་གཉིད་སད་པ་ན། སྣང་བའི་འདུ་ཤེས་ཀྱི་དྲན་པའི་མཐུ་ལས། མཚན་མོའི་དུས་དེ་ཉིད་དུ་ནམ་ལངས་པ་ལྟར་ཕྱོགས་ཐམས་ཅད་གསལ་བར་མཐོང་བས། དེར་ལངས་ཏེ་ལྷོ་སྒོའི་ཕྱོགས་ནས་འགྲོ་བའི་ཚེ། ཕོ་ཉ་བ་རྒྱུ་འགྲུལ་གྱི་དོན་དུ་སྒོ་ཕྱེ་བ་དང་འགྲིག་ནས། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཐོན་པ་ན། ནམ་མ་ལངས་པས་མུན་པར་འདུག་གོ། སླར་ལྡོག་པར་འདོད་པ་ལ། ཕྱོགས་དེར་གནས་པའི་ལྷས་ཕྱོགས་དེ་ནས་དུར་ཁྲོད་བསིལ་བའི་ཚལ་གྱི་བར་ལམ་ཐམས་ཅད་སྣང་བས་ཁྱབ་པར་བྱས་ཏེ། འདི་སྐད་ཅེས། རྟ་བརྒྱ་དང་ནི་གསེར་རྒྱན་བརྒྱ། །དྲེའུའི་ཤིང་རྟ་བརྒྱ་དང་ནི། །སྣ་ཚོགས་ནོར་གྱིས་བ་སྤུ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སླར་མི་ལྡོག་པར་འགྲོ་བར་བསྐུལ་པས། ཁྱོད་སུ་ཞེས་དྲིས་པས།
མགོན་མེད་ཟས་སྦྱིན་ཁྱོད་ཀྱི་གྲོགས་པོ་རྙིང་བ་བྲམ་ཟེ་བ་སྦྲང་རྩིའི་ཕུང་པོ་ཡིན་ཏེ། མཆོག་ཟུང་གཅིགུ་ལ་དད་ཅིང་ཤི་བས་ལྷར་སྐྱེས་ནས་ལྷོ་སྒོའི་ཕྱོགས་འདིར་གནས་སོ། །ཞེས་ཟེར་རོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡ་མཚན་དུ་གྱུར་ནས་བསིལ་བའི་ཚལ་དུ་སོང་སྟེ། བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་ན་ཞབས་འཆག་པར་མཛད་པ་མཐོང་ནས་སྙུན་དྲིས་པས།
བཅོམ་ལྡན་འདས་ཀྱིས། གང་ཞིག་འདོད་པས་མ་གོས་ལ། །ཟག་མེད་རབ་ཏུ་རྣམ་གྲོལ་བ། །མྱ་ངན་ཡོངས་འདས་བྲམ་ཟེ་ནི། །ཐམས་ཅད་དུ་ནི་བདེ་བར་རྣལ། །ཞེས་སོགས་བཀའ་སྩལ་ཏེ། ནང་དུ་བྱོན་ནས་གདན་ལ་བཞུགས་པ་ན། ཞབས་ལ་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། མགོན་མེད་ཟས་སྦྱིན་གྱིས་གནས་དེ་ཉིད་དུ་བདེན་པ་མཐོང་ཞིང་ཆེད་དུ་བརྗོད་ནས་དགེ་བསྙེན་དུ་གྱུར་ཏོ།།
དེ་ནས་ཞུ་ལན་ཅུང་ཟད་མཛད་ནས། མགོན་མེད་ཟས་སྦྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་ཤིག་དང་། དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིའོ་ཞེས་ཞུས་སོ།།
བཀའ་སྩལ་པ། དེ་ན་གཙུག་ལག་ཁང་ཡོད་དམ།
གསོལ་པ། མ་མཆིས་སོ།།
བཀའ་སྩལ་པ། གང་དུ་གཙུག་ལག་ཁང་ཡོད་པ་དེར་དགེ་སློང་རྣམས་འོང་བ་དང་འགྲོ་བ་དང་གནས་པར་སེམས་སོ།།
མགོན་མེད་ཟས་སྦྱིན་གྱིས་གསོལ་པ། བདག་གིས་ཅི་ནུས་ཀྱིས་གཙུག་ལག་ཁང་བརྩིག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུངས་པས་གནང་ངོ་། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་རྒྱལ་པོའི་ཁབ་ཏུ་རང་གི་བྱ་བ་བསྒྲུབ་དགོས་པ་རྣམས་གྲུབ་པ་ན། སྟོན་པའི་ཞབས་ལ་ཕྱག་འཚལ་དུ་འོངས་ནས། བདག་ལ་དགེ་སློང་ཞིག་གྲོགས་སུ་སྩལ་དུ་གསོལ་ཅེས་ཞུས་པས། འཕགས་པ་ཤཱ་རིའི་བུ་ལ་བཀའ་གནང་ངོ་། །འཕགས་པས་ཤཱ་རིའི་བུ་ཡང་ནངས་པར་བསོད་སྙོམས་སྤྱད་ཅིང་གནས་མལ་འཁོས་སུ་ཕབ་ནས། མཉན་ཡོད་ཀྱི་ཕྱོགས་སུ་རྒྱུ་ཞིང་གཤེགས། མགོན་མེད་ཟས་སྦྱིན་གྱིས་ཚུར་ལམ་མཉན་ཡོད་ཀྱི་ཉེ་འཁོར་གྱི་ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་། ནགས་ཚལ་ཐམས་ཅད་ལ་རྣམ་པར་བརྟགས་ཤིང་འོངས་པ་ན། གཙུག་ལག་ཁང་གི་ས་གཞི་ལ། རྒྱལ་བུ་རྒྱལ་བྱེད་ཀྱི་ཀུན་དགའ་ར་བ་ཉིད་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་མཐོང་ངོ་། །རྒྱལ་བུ་རྒྱལ་བྱེད་ཅེས་བྱ་བ་དེ་ནི། རྒྱལ་པོ་གསལ་རྒྱལ་གྱི་སྤུན་ཟླར་གྱུར་པ་ཞིག་གོ། དེ་ནས་མགོན་མེད་ཟས་སྦྱིན། གཞོན་ནུ་རྒྱལ་བྱེད་ཀྱི་དྲུང་དུ་སོང་ནས། ཁྱོད་ཀྱི་ཀུན་དགའ་ར་བ་བདག་ལ་སྩོལ་ཅིག་དེར་བདག་གིས་སངས་རྒྱས་ཀྱི་གཙུག་ལག་ཁང་བརྩིག་པ་ལགས། ཞེས་སྨྲས་པས། རྒྱལ་བུ་རྒྱལ་བྱེད་ཀྱིས་ཁས་མི་ལེན་ནོ། །ལན་གསུམ་དུ་བསླངས་པས། གསུམ་པ་ལ་རྒྱལ་བྱེད་ན་རེ། ཀུན་དགའ་ར་བ་གསེར་གྱི་བྱེ་མས་ཁེབས་པར་གཤེབས་ཀྱང་ངས་མི་གཏོང་ངོ་ཟེར།
མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། གཞོན་ནུ་ཀུན་དགའ་ར་བའི་རིན་ཐང་ནི་བཅས་ཟིན་གྱིས། གསེར་ལོངས་ཤིག
དེ་ནས་དེ་གཉིས་རིན་ཐང་བཅད་མ་བཅད་ལ་རྩོད་པར་གྱུར་ཏོ། །དེ་ནས་ཞག་ལྕེ་གཅོད་པ་རྣམས་ཀྱི་གན་དུ་སོང་བ་ན། འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་ཞལ་ལྕེ་གཅོད་པའི་མི་བཞིར་སྤྲུལ་ཏེ། དེ་རྣམས་ཀྱིས་གཞོན་ནུ་རིན་ཐང་བཅད་ཟིན་གྱིས་གསེར་ལོངས་ཤིག་དང་། ཀུན་དགའ་ར་བ་འདི་ནི་མགོན་མེད་ཟས་སྦྱིན་གྱི་ཡིན་ནོ་ཞེས་བཤད་པས། རྒྱལ་བུ་རྒྱལ་བྱེད་ཀྱིས་ཐབས་མ་རྙེད་དོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་ཤིང་རྟ་ལ་སོགས་པས་གསེར་དྲངས་ཏེ། ཀུན་དགའ་ར་བའི་ས་གཞི་ཐམས་ཅད་ལ་བཀྲམས་པ་ན། ས་གཞི་ཕལ་ཆེར་ཁེབས་ཀྱང་ཕྱོགས་འགའ་ཞིག་མ་ཁེབས་པར་མཐོང་ནས། དེ་དང་འཚམ་པའི་གཏེར་ཞིག་གང་དུ་ཡོད་བསམ་ཞིང་ཕྱོགས་རྣམས་སུ་བལྟས་པ་ན། རྒྱལ་བྱེད་ཀྱིས་སྨྲས་པ། ཁྱིམ་བདག་འགྱོད་པ་སྐྱེས་ན་གསེར་སླར་ལོངས་ཤིག་དང་། ཀུན་དགའ་ར་བ་ནི་ང་ཉིད་ཀྱི་བྱའོ་ཟེར། མགོན་མེད་ཟས་སྦྱིན་གྱིས་དོན་དེ་རྒྱས་པར་བཤད་པའི་ཚེ། རྒྱལ་བྱེད་ཀྱིས་བསམ་པ། ཀྱེ་མ་སངས་རྒྱས་འབྱུང་བ་ནི་མཆོག་ཡིན་ཏེ། འདི་ཡིས་ཀུན་དགའ་ར་བའི་ཆེད་དུ་གསེར་འདི་སྙེད་ཅིག་གཏོར་ན། བདག་གིས་ཀྱང་ཅུང་ཟད་ཅིང་བྱའོ་སྙམ་ནས།
ཁྱིམ་བདག་ལ་སྨྲས་པ། འོ་ན་གསེར་མ་བཀྲམ་པའི་ས་ཕྱོགས་འདི་བདག་ལ་བྱིན་ཅིག བདག་གིས་ཀྱང་སྒོ་ཁང་བརྩིག་པར་བྱའོ་ཞེས་སྨྲས་པས། མགོན་མེད་ཟས་སྦྱིན་དང་གཞོན་ནུ་རྒྱལ་བྱེད་གཉིས་ཀ་བློ་མཐུན་པར་གྱུར་ཏོ། །དེ་ནས་གཙུག་ལག་ཁང་བརྩིག་པར་བརྩམས་པ་ན། མུ་སྟེགས་ཅན་རྣམས་འདུས་ཏེ། མགོན་མེད་ཟས་སྦྱིན་གྱི་དྲུང་དུ་ལྷགས་ནས། ཀྱེ་ཁོ་བོ་ཅག་གིས་གྲོང་ཁྱེར་བགོ་བཤའ་བྱས་ཟིན་ཏེ། དགེ་སྦྱོང་གོ་ཏ་མའི་ནི་རྒྱལ་པོའི་ཁབ་ཡིན་ལ། ངེད་ཅག་ནི་མཉན་ཡོད་ཡིན་ན། གོོ་ཏ་མའི་ཕྱིར་དུ་གཙུག་ལག་ཁང་མ་རྩིགས་ཤིག་ཟེར་བ་ལ། མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། ཁྱེད་ཅག་གིས་གྲོང་ཁྱེར་བགོ་བཤའ་བྱས་ཟིན་ཀྱང་། ངའི་ནོར་ཁྱེད་ཅིག་གིས་མ་བགོས་པས། རང་གང་ལ་དགའ་བའི་ཆོས་ཀྱི་ཕུང་པོ་བརྩིག་གོ།
དེ་ནས་དེ་རྣམས་རྒྱལ་པོའི་དྲུང་དུ་སོང་ནས་ཀྱང་སྔར་བཞིན་བཤད་ཅིང་། གཙུག་ལག་ཁང་རང་དགར་བརྩིག་ཏུ་གཞུག་གི གོོ་ཏ་མའི་ཉན་ཐོས་ཀྱི་མཆོག་དེ་དང་ནུས་པ་འགྲན་ཏེ། གལ་ཏེ་ཉན་ཐོས་དེ་རྒྱལ་ན་རྩིགས་ཤིག་ཟེར།
མགོན་མེད་ཟས་སྦྱིན་གྱིས། འཕགས་པ་ཤཱ་རིའི་བུ་ལ་དེ་ལྟར་ཞུས་པས། མུ་སྟེགས་ཅན་དེ་དག་གི་རྒྱུད་ལ་དགེ་བའི་རྩ་བའང་ཡོད་ལ། དེ་རྣམས་བདག་ཉིད་ཀྱིས་འདུལ་བ་ལ་རག་ལས་པར་ཡང་མཁྱེན་ནས། ཁྱིམ་བདག་དེ་བཞིན་དུ་བྱ་སྟེ། འོན་ཀྱང་ཞག་བདུན་ནས་སོ། །ཞེས་གསུངས་སོ། །མགོན་མེད་ཟས་སྦྱིན་གྱིས་མུ་སྟེགས་ཅན་རྣམས་ལ་དེ་བཞིན་དུ་བཤད་པས། དེ་རྣམས་གྲོས་བྱས་ཏེ། ཞག་བདུན་གྱི་དུས་འདེབས་པ་ནི། ཡང་ན་ནི་འདི་འབྲོས། ཡང་ན་ནི་ཕྱོགས་འཚོལ་བ་ཡིན་པས། བདག་ཅག་གིས་ཀྱང་རེ་ཞིག་ཕྱོགས་འཚོལ་ལོ་ཞེས་ཉིན་ཞག་གི་རིམ་པ་བགྲང་ཞིང་ཙབ་ཙབ་པོར་ཕྱོགས་འཚོལ་བ་ལས། ཀུན་ཏུ་རྒྱུ་མིག་དམར་ཞེས་བྱ་བ་མིག་འཕྲུལ་ལ་ཤིན་ཏུ་བྱང་བ་ཞིག་ཡོད་པ་དེ་རྙེད་ནས་གྲོགས་བཅོལ་ལོ། །དེ་དག་ཏུ་ཉིན་རེ་བཞིན་གདུལ་བྱར་གྱུར་པའི་སྐྱེ་བོ་མང་པོ་ཡང་འདུས། ཞག་བདུན་ལོན་པ་ན། ས་ཕྱོགས་ཤིན་ཏུ་ཡངས་པར་གདན་བཤམས། འཕགས་པ་ཤཱ་རིའི་བུ་སེང་གེ་ཁྲི་ལ་བཞུགས་ཏེ། ཞལ་འཛུམ་པ་མཛད་པ་སྔོན་དུ་བཏང་ནས། གདུལ་བྱའི་སྐྱེ་བོ་རྣམས་ལ་གཟིགས་སོ།།དེ་ནས་མུ་སྟིགས་བྱེད་རྣམས་དང་ལྟད་མོ་པའི་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ན། ཀུན་ཏུ་རྒྱུ་མིག་དམར་གྱིས། ཤིང་ས་ཧ་ཀ་ར་མེ་ཏོག་རྒྱས་པ་ཞིག་སྤྲུལ་པས། འཕགས་པ་ཤཱ་རིའི་བུས་རླུང་དམར་དང་ཆར་དྲག་པོ་བཏང་ནས། ཤིང་དེ་རྣམས་རྩ་བ་ནས་བཅག་ཅིང་བཏོན་ནས་གཏོར་རོ། །ཡང་པདྨའི་རྫིང་བུ་སྤྲུལ་པ་ལ། གླང་པོ་ཆེ་མང་པོ་སྤྲུལ་ནས་དཀྲུགས་ཤིང་བརྫིས་ཏེ་ལྷག་མ་མེད་པར་བྱས་སོ། །ཡང་སྦྲུལ་མགོ་བདུན་པ་བཏང་བ་ལ། མཁའ་ལྡིང་མང་པོ་སྤྲུལ་ནས་ཟོས་སོ། །མཐར་རོ་ལངས་རྦད་པ་ན། འཕགས་པ་ཤཱ་རིའི་བུས་རོ་ལངས་ལ་ཕུར་བུས་བཏབ་བོ། །རོ་ལངས་ལ་ཕ་རོལ་པོས་ཕུར་བུས་བཏབ་ན། གཏོང་བ་པོ་ཉིད་གསོད་པ་ནི་ཆོས་ཉིད་ཡིན་པས། རོ་ལངས་སླར་ལོག་སྟེ་ཀུན་ཏུ་རྒྱུ་མིག་དམར་དང་མུ་སྟེགས་ཅན་རྣམས་བདས་པའི་ཚེ། དེ་དག་འཇིགས་ཤིང་སྐྲག་ནས་མགོན་སྐྱབས་གཞན་མ་རྙེད་པར་འཕགས་པ་ཤཱ་རིའི་བུ་ལ་སྐྱབས་སུ་སོང་བས། འཕགས་པས་ཕུར་བུ་ཕྱུང་བ་ན་རོ་ལངས་ཞི་བར་གྱུར་ཏོ། །དེ་ནས་ཀུན་ཏུ་རྒྱུ་མིག་དམར་དད་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་ཆོས་བསྟན་པས། བདེན་པ་མཐོང་བ་ནས་དགྲ་བཅོམ་པའི་བར་ཏུ་གྱུར་ཏོ། །འཕགས་པ་ཤཱ་རིའི་བུས་འཁོར་ཚོགས་འདུས་པ་ཐམས་ཅད་ལ་རང་རང་གི་བསམ་པ་ཇི་ལྟ་བར་ཆོས་བསྟན་པས། ལྷ་དང་མིའི་སྐྱེ་བོ་མཐའ་ཡས་པས་བདེན་པ་མཐོང་ཞིང་། སྐལ་བ་དང་འཚམ་པར་བྱང་ཆུབ་གསུམ་ལ་གཞོལ་བར་གྱུར་ཏོ། །དེ་ནས་གཙུག་ལག་ཁང་གི་ཐིག་འདེབས་པའི་ཚེ། ཐིག་སྐུད་ཀྱི་མཐའ་གཅིག་ནས་ནི་འཕགས་པ་ཤཱ་རིའི་བུས་བཟུང་། ཅིག་ཤོས་ནས་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཟུང་སྟེ། ཐིག་དང་པོ་བཏབ་པ་ན་འཕགས་པ་ཤཱ་རིའི་བུ་འཛུམ་པ་མཛད་དོ༑༑
མགོན་མེད་ཟས་སྦྱིན་གྱིས་འཕགས་པ་ལ་འཛུལ་པ་མཛད་པའི་རྒྱུ་དྲིས་པས། དགའ་ལྡན་གྱི་ལྷའི་གནས་སུ་ཡང་གསེར་གྱི་ཁང་བ་དཔག་ཚད་བཞི་བཅུ་པ་ཞིག་གྲུབ་བོ་ཞེས་གོ་བར་མཛད་དོ། །དེ་ནས་ཐིག་གཉིས་པ་བཏབ་པས། གསེར་གྱི་ཁང་བ་དེ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་གྱུར་ཏོ་གསུངས། དེ་ནས་རིམ་གྱིས་ས་གཞི་དེའི་དབུས་སུ་གཙུག་ལག་ཁང་ཆེན་པོ་བཞེངས་ཤིང་། དེའི་མཐའ་གཙུག་ལག་ཁང་བཅུ་དྲུག་གིས་བསྐོར་པ་དང་། དེ་དག་གི་མཐར་ཁང་ཕྲན་དྲུག་བཅུས་བསྐོར་པ་བཞེངས་ཏེ། ཕྱི་རོལ་ར་བ་དང་བཅས་པ་ཡོ་བྱད་ཐམས་ཅད་ཀྱིས་རྒྱས་པར་བྱས་སོ། །གཞོན་ནུ་རྒྱལ་བྱེད་ཀྱིས་ཀྱང་སྒོ་ཁང་ལེགས་པར་ཚང་བར་གྱུར་ཏོ། ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་འཁོར་བཅས་མཉན་ཡོད་རྒྱལ་བྱེད་ཚལ་དུ་གསར་དུ་བཞེངས་པའི་ངོ་མཚར་པའི་གཙུག་ལག་ཁང་ཆེན་པོར་སྤྱན་དྲང་བར་འདོད་ནས། འཕགས་པ་ཤཱ་རིའི་བུ་ལ་དེ་བཞིན་གཤེགས་པ་ཉི་མ་རེར་བཤུལ་སོ་ཇི་ཙམ་རེ་འབྱོན། ཞེས་དྲིས་པས། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ཏེ། རྒྱང་གྲགས་བཅུའི་ལམ་དུའོ་གསུངས། དེ་ནས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཀྱི་བར་དུ་ཞག་མལ་བརྩིས་ཏེ། ཞག་ས་རེ་རེར་སྦྱིན་གཏོང་གི་ཁང་བ་རེ་བརྩིགས། གཞན་ཡང་དུས་དང་དུས་ཚོད་སོ་སོའི་མཆོད་པའི་ཡོ་བྱད་རྣམས་དང་། གདུགས་ཚོད་གསོལ་བའི་མི་དག་ཀྱང་བཞག རྟ་བབས་དག་ཀྱང་བརྩིགས། ལམ་ཐམས་ཅད་ལ་ཆག་ཆག་བཏབ་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སོགས་ཕེབས་བསུའི་སྟ་གོན་ཆེན་པོ་མཛད་དོ། །དེ་ནས་མི་ཞིག་ཕོ་ཉར་མངགས་ཏེ། བཅོམ་ལྡན་འདས་འཁོར་བཅས་སྤྱན་འདྲེན་པར་བཏང་ངོ་། །སྤྱན་འདྲེན་པ་དེ་ཡང་མྱུར་བར་རྒྱལ་པོའི་ཁབ་ཏུ་ཕྱིན་ནས། སྟོན་པའི་ཞབས་ལ་ཕྱག་འཚལ་ཏེ། མཉན་ཡོད་ཀྱི་གཙུག་ལག་ཁང་དུ་ཕེབས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ། རྒྱལ་པོའི་ཁབ་ནས་མཉན་ཡོད་ཀྱི་བར་གྱི་ལྗོངས་རྣམས་རྒྱུ་ཞིང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གུས་པར་བཤམས་པའི་མཆོད་ཡོན་བསྒྲེངས་པའི་གནས་རྣམས་རིམ་པར་བརྒྱུད་དེ་ཕེབས་སོ། །དེ་ཡང་བཅོམ་ལྡན་འདས་དུལ་བ། འཁོར་ཡང་དུལ་བ། བཅོམ་ལྡན་འདས་ཞི་བ། འཁོར་ཡང་ཞི་བ། བཅོམ་ལྡན་འདས་གྲོལ་བ། འཁོར་ཡང་གྲོལ་བ། བཅོམ་ལྡན་འདས་དབུགས་ཕྱིན་པ། འཁོར་ཡང་དབུགས་ཕྱིན་པ། བཅོམ་ལྡན་འདས་དགྲ་བཅོམ་པ། འཁོར་ཡང་དགྲ་བཅོམ་པ། བཅོམ་ལྡན་འདས་འདོད་ཆགས་དང་བྲལ་བ། འཁོར་ཡང་འདོད་ཆགས་དང་བྲལ་བ་སྟེ། ཉི་མ་འོད་ཟེར་སྟོང་གིས་སྐོར་བ་ལྟ་བུ། སྐུ་རིན་པོ་ཆེའི་རི་བོ་དང་འདྲ་བ། འོད་འདོམ་གང་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སོགས་པ་སྐྱེ་བོའི་ཚོགས་རྣམས་དང་། ལྷ་བརྒྱ་སྟོང་དུ་མས་ཞབས་འབྲིང་བྱས་ཏེ། གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་ཞབས་བཞག་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ། ནམ་མཁའ་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ཅིང་རོལ་མོའི་སྒྲ་བསྒྲགས། གླང་པོ་ཆེན་དང་རྟ་དང་ཁྱུ་མཆོག་རྣམས་ནི་སྐད་འབྱིན་། ལོང་བས་མིག་ཐོབ། འོན་པས་སྒྲ་ཐོས། ལྐུགས་པས་སྨྲ་ནུས། དབང་པོ་མ་ཚང་བ་དག་གི་དབང་པོ་རྣམས་ཡོངས་སུ་རྫོགས་པར་གྱུར། ཆང་དང་དུག་གིས་མྱོས་པ་རྣམས་ཀྱང་སངས། ཕན་ཚུན་འཁོན་པ་རྣམས་ཀྱང་བྱམས་པའི་སེམས་དང་ལྡན་པར་གྱུར། སྦྲུམ་མ་བཙའ་བའི་དུས་ལ་བབ་པ་རྣམས་ནི་བདེ་བར་བཙས། བཙོན་དུ་བཅིངས་པ་རྣམས་ནི་ཐར། ནོར་མེད་པ་རྣམས་ཀྱིས་ནོར་རྙེད་དོ། །འདི་ལྟ་བུའི་ཡ་མཚན་གྱི་ཆོས་ནི།
རྫུ་འཕྲུལ་མངོན་པར་འདུ་བ་མཛད་པ་མ་ཡིན་པར་རང་ཤུགས་ཀྱིས་འབྱུང་བས། ཡ་མཚན་ནར་མ་སྣ་ཚོགས་པ་ཞེས་བྱ་བ་དེ་ཡིན་ནོ། །འདི་ལྟ་བུའི་ངོ་མཚར་བའི་ཆོས་འབྱུང་བ་ནི། བཅོམ་ལྡན་འདས་འཁོར་བཅས་རྒྱལ་པོའམ། ཁྱིམ་བདག་ལ་སོགས་པས་སྤྱན་དྲངས་ཏེ། སྔར་མ་བྱོན་པའི་ཡུལ་ཕྱོགས་གང་དང་གང་དུ་བྱོན་པའི་སྐབས་ཐམས་ཅད་ལ་འདྲའོ་གསུངས། དེ་ནས་བཅོམ་ལྡན་འདས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཞེངས་པའི་གཙུག་ལག་ཁང་ཆེན་པོར་བྱོན་ཏེ། དགེ་སློང་གི་དགེ་འདུན་གྱི་དབུས་སུ་གདན་བཤམས་པ་ལ་བཞུགས་སོ། །མགོན་མེད་ཟས་སྦྱིན་ཉེ་དུ་འཁོར་ཚོགས་དང་ལྷན་ཅིག་པས་བཀུར་སྟི་ཆེན་པོ་དང་བཅས་ཏེ། ཁྱིམ་བདག་ཉིད་ཀྱིས་གསེར་གྱི་བྱ་མ་བུམ་ཐོགས་ནས་ཆུ་བསྒྲེངས་པ་ལས། བྱ་མ་བུམ་ལས་ཆུ་འབབ་ཏུ་མ་བཏུབ་བོ། །དེ་ནས་མགོན་མེད་ཟས་སྦྱིན་གྱི་བདག་གིས་ལས་མ་ལེགས་པ་ཞིག་བྱས་སམ་སྙམ་ནས་ཡིད་མི་དགའ་བ་ལ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་མ་ཡིན་མོད། འོན་ཀྱང་སྔོན་གྱི་སངས་རྒྱས་རྣམས་ལ་ཁྱོད་ཀྱིས་ཕྱོགས་འདི་ཉིད་ཕུལ་ཟིན་པ་ཡིན་པས། ཕྱོགས་གཞན་དུ་ཆུ་སྒྲེགས་ཤིག་གསུངས། དེར་བསྒྲེངས་པས་ཆུ་བྱུང་ངོ་། །དེ་ཡང་སངས་རྒྱས་རྣམ་གཟིགས་ཀྱི་དུས་ཁྱིམ་བདག་རྒྱལ་བྱེད་ཅེས་བྱུ་བར་གྱུར་པས་ཕུལ་ཅིང་། སངས་རྒྱས་གཙུག་ཏོར་ཅན་ལ་ཁྱིམ་བདག་རྒྱས་པ་དང་། སངས་རྒྱས་ཐམས་ཅད་སྐྱོབ་ལ་ཁྱིམ་བདག་མཆུ་དང་། སངས་རྒྱས་འཁོར་བ་འཇིག་ལ་ཁྱིམ་བདག་སྲིད་སྦྱིན་དང་། སངས་རྒྱས་གསེར་ཐུབ་ལ་ཁྱིམ་བདག་ཕུར་བུ་དང་། སངས་རྒྱས་འོད་སྲུངས་ལ་ཁྱིམ་བདག་ཆུ་སྟོད་དུ་གྱུར་ཏེ་ཕུལ། མ་འོངས་པ་ན་སངས་རྒྱས་བྱམས་པ་ལ་ཁྱིམ་བདག་ནོར་བཟང་དུ་གྱུར་ཏེ་དབུལ་ལོ། །ཞེས་ལུང་བསྟན་ཏོ། །འདིར་ཆུ་སྒྲེང་བ་ནི། རྒྱ་གར་པ་རྣམས་ཀྱི་ཡུལ་ཆོས་ཏེ། བཟའ་བཏུང་མ་ཡིན་པའི་སྦྱིན་པ་རྒྱ་ཆེ་བ་གང་ཡང་ཆུ་གཙང་སྒྲེང་བ་ཡིན་པས། སྐབས་འདིར་ཡང་གཙུག་ལག་ཁང་འབུལ་བའི་བརྡའ་ཡིན་ནོ་གསུངས། དེའི་ཚེ་གང་སྦྱིན་པའི་དངོས་པོ་དེ་ཉིད་བརྗོད་དགོས་པས། སྐབས་དེར་རྒྱལ་བུ་རྒྱལ་བྱེད་ཀྱིས་བསམས་པ། བཅོམ་ལྡན་འདས་ཀྱིས་དངོས་པོ་བརྗོད་པ་གསུང་བ་ན། བདག་གི་མིང་ཐོག་མར་སྨྲོས་ཏེ་གསུངས་ན་ཅི་མ་རུང་སྙམ་པ༑
བཅོམ་ལྡན་འདས་ཀྱིས་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་འདི་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡིན་ནོ། །ཞེས་གསུངས་པ་ཐོས་ནས། གཞོན་ནུ་རྒྱལ་བྱེད་དགའ་སྟེ། སྒོ་ཁང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དང་ལྡན་པར་བྱེད་དུ་བཅུག་གོ། དེ་ནས་ཞག་མང་པོ་མ་ལོན་པའི་དུས་ཤིག་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་རྒྱལ་བྱེད་ཚལ་དུ་བཞུགས་པ་ཐོས་ནས་རྒྱལ་པོ་འཁོར་དང་བཅས་པ་སྟོན་པའི་དྲུང་དུ་སོང་། ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་སྨྲས་པ། དགེ་སྦྱོང་གོོ་ཏ་མ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་གསུང་བར་གྲགས་ན། དགེ་སྦྱོང་གོོ་ཏ་མ་ལ་རྫུན་གསུང་ཞེས་སྐུར་བ་འདེབས་པ་མ་ལགས་སམ།
བཀའ་སྩལ་པ། མ་ཡིན་ཏེ། ང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ།།
རྒྱལ་པོས་གསོལ་པ། རེ་ཞིག་རྒན་ཞིང་རྒན་པའི་དགེ་སྦྱོང་དང་། བྲམ་ཟེ་རྫོགས་བྱེད་ལ་སོགས་པ་རྣམས་ཀྱང་། དེ་ལྟ་བུར་ཁས་མི་འཆེ་ན། ཤེས་ལྡན་གོོ་ཏ་མ་འཁྲུངས་ནས་རིང་པོ་མ་ལོན་པ། གསར་དུ་རབ་ཏུ་བྱུང་བ་ལྟ་སྨོས་ཀྱང་ཅི་འཚལ། ཞེས་ཞུས་པ་ན།
བཅོམ་ལྡན་འདས་ཀྱིས། རྒྱལ་རིགས་དཔེ་བྱད་ལྡན་པ་དང་། །དེ་བཞིན་བྲང་འགྲོ་མེ་དང་ནི། །དགེ་སློང་ཚུལ་ཁྲིམས་ལྡན་དེ་ལ། །བློ་དང་ལྡན་པས་བརྙས་མི་བྱ། །ཞེས་སོགས་བཀའ་སྩལ་པས། རྒྱལ་པོ་གསལ་རྒྱལ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་དང་། རྫོགས་པའི་སངས་རྒྱས་ཉིད་དུ་ཡིད་ཆེས་ནས། ཞབས་གཉིས་ལ་མགོ་བོས་གཏུགས་ཏེ་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ཆེན་པོ་དང་བཅས་པ་གྲོང་ཁྱེར་མཉན་ཡོད་ཀྱི་ཕྱོགས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚུལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དབྱར་གནས་པར་མཛད་དོ།།
དེའི་ཕྱི་ལོར་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་སོ། །རྒྱལ་པོ་ཟས་གཙང་གིས། བཅོམ་ལྡན་འདས་ཀྱི་དྲུང་དུ་ཕོ་ཉ་གཅིག་ནས་བདུན་གྱི་བར་མངགས་ཏེ། ཤཱཀྱའི་རྒྱལ་ཁབ་ཏུ་མྱུར་དུ་བྱོན་ཅིག་ཅེས་ཞུས་པ་ལ། རྒྱལ་པོས་མངགས་པའི་མི་དེ་དག་བཅོམ་ལྡན་འདས་དང་མཇལ་པས། ཤིན་ཏུ་དད་པ་སྐྱེས་ནས་རབ་ཏུ་བྱུང་ཕྱུང་བསྡད་པས་བཀའ་ལན་མ་བྱུང་།
དེའི་ཚེ་རྒྱལ་པོ་ཟས་གཙང་མ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལ། མདུན་ན་འདོན་གྱི་བུ་འཆར་ཀས་རྒྱུ་མཚན་དྲིས་པས། གཞོན་ནུ་དོན་ཐམས་ཅད་གྲུབ་པ་སྔོན་དཀའ་བ་སྤྱོད་པའི་ཚེ། ཐམས་ཅད་ཀྱིས་གཏམ་ཁྱེར་ནས་འོང་ན། ད་ལྟ་བདུད་རྩི་ཐོབ་ནས་ཕུན་སུམ་ཚོགས་པར་གནས་པའི་ཚེ། འཕྲིན་སྐྱེལ་བ་བཏང་བ་ཐམས་ཅད་སླར་མི་འོང་ངོ་ཞེས་ཟེར།
དེ་ནས་འཆར་ཀས་དོན་དེ་ལ་བདག་འགྲོའོ་ཟེར།
རྒྱལ་པོས། ཁྱོད་ཀྱང་དེའི་ཕུན་སུམ་ཚོགས་པ་མཐོང་ནས་དེར་འདུག་པར་འགྱུར་རོ།།
འཆར་ཀས་བདག་ནི་སླར་ངེས་པར་འོང་ངོ་ཞེས་དམ་བཅས་སོ།།
དེ་ནས་རྒྱལ་པོ་ཟས་གཙང་རང་ཉིད་ཀྱིས་ཕྱག་ཡིག་བྲིས་ཏེ། འདི་སྐད་ཅེས། ལྷུམས་སུ་ཞིགས་པ་ཚུན་ཆད་ནས། །བདག་གིས་ལེགས་པར་ཁྱོད་བསྲུངས་ཏེ། །ཉོན་མོངས་མེ་རབ་འབར་བཞིན་དུ། །རྒྱལ་པོའི་ལྗོན་ཤིང་སྡོད་ཅིང་མཆིས། །ད་ནི་ཁྱོད་ཀྱི་སློབ་མ་ཡི། །ཡལ་ག་ལྕུག་མ་འཕེལ་གྱུར་ན། །གཞན་ནི་བདེ་བས་དགའ་བར་གྱུར། །བདག་ནི་སྡུག་བསྔལ་བསྟེན་པར་གྱུར། །གང་ཚེ་དང་པོ་ཁྱོད་བསྲུངས་ཚེ། །ཤིན་ཏུ་དོན་ཆེན་མཛད་ནས་ནི། །ཉེ་དུ་རྗེས་སུ་གཟུང་མཛད་ཅེས། །དེ་ཚེ་ཁྱོད་ཀྱིས་ཐུགས་དམ་བཅས། །ཁྱོད་ཀྱིས་ཕྱེས་ནས་དེ་བརྙེས་ན། །དེ་ཚེ་ཁྱོད་ཀྱིས་ཐུགས་དམ་བཅས། །ཁྱོད་ཀྱིས་ཕྱེས་ནས་དེ་བརྙེས་ན། །བདག་དང་གཉེན་གྱི་ཚོགས་རྣམས་ལ། །ཐུགས་བརྩེས་རྗེས་སུ་ཟུངས་མཛོད་ལ། །གཤེགས་པའི་དགོངས་པར་མཛད་དུ་གསོལ། །ཅེས་སོ། །དེ་ནས་འཆར་ཀས་ཞུ་འཕྲིན་གྱི་ཡི་གེ་ཁྱེར་ཏེ་སོང་བ་ལས་ཞག་བདུན་གྱིས་མཉན་ཡོད་དུ་ཕྱིན། སྟོན་པའི་སྤྱན་སྔར་སོང་སྟེ་འཕྲིན་ཡིག་ཕུལ། སངས་རྒྱས་ཉིད་ཀྱི་ཕྱག་གིས་བཞེས་ཏེ་བཀླག་པར་མཛད་དོ། །འཆར་ཀས་ཀྱང་རྒྱལ་པོ་ཟས་གཙང་ཐུགས་ཡིད་ཕྱུང་བའི་ལོ་རྒྱུས་དང་བཅས། ཤཱཀྱའི་གྲོང་ཁྱེར་ཏུ་མྱུར་དུ་འབྱོན་པར་གསོལ་བ་ནན་ཆེར་བཏབ་པས། ཞག་བདུན་ནས་ཕེབས་པར་ཞལ་བཞེས་གནང་ངོ་། །སྟོན་པས། འཆར་ཀ་འཕགས་པ་ཤཱ་རིའི་བུ་ལ་གཏད་དེ། རབ་ཏུ་བྱུང་ཞིང་ད་ཆོག་གི་སྒོ་ནས་བསྙེན་པར་རྫོགས་སོ། །དུས་ནི་ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་མངོན་པར་བྱུང་ནས་ལོ་བཅུ་གཉིས་ལོན་ཅིང་། སངས་རྒྱས་ཏེ་ལོ་དྲུག་ལོན་ནས་སེར་སྐྱའི་གནས་སུ་བྱོན། ཅེས་སོ། །དེ་ནས་དགེ་སློང་འཆར་ཀ་སེར་སྐྱར་འགྲོ་བའི་དུས། སངས་རྒྱས་ཀྱི་མཐུས་ཡུད་ཙམ་ཞིག་ལ་སེར་སྐྱར་སླེབས་པ་ན། འཆར་ཀ་སངས་རྒྱས་ལ་ལྷག་པར་དད་པ་སྐྱེས་སོ། །དེ་ནས་སྟོན་པས་ཇི་སྐད་བཀའ་བསྩལ་པ་ལྟར། རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་དུ་བསྡད་ནས་ཤཱཀྱའི་དགེ་སློང་འོངས་སོ། །ཞེས་བརྡའ་སྦྱར། དགེ་སློང་གཞན་དག་ཀྱང་ཡོད་དམ། ཤེས་ལྡན་དག་ཡོད་དོ་ཞེས་སྨྲས། དེ་དག་གིས་རྒྱལ་པོ་ཟས་གཙང་ལ་ཞུས་པས། འཆར་ཀ་རྒྱལ་པོའི་དྲུང་དུ་སོང་ནས་སྔར་གྱི་ཚུལ་རྣམས་རྒྱས་པར་བསྙད་དོ།།
རྒྱལ་པོས། །གཞོན་ནུ་ཡང་ཆ་ལུགས་འདི་འམ།
ལྷ། འདི་འདྲའོ།།
དུས་ཅི་ཙམ་ན་འབྱོན་གསུངས།
དགོང་བདུན་ནས་སོ། །ཞེས་ཞུས་སོ། །དེ་ནས་རྒྱལ་པོས་བློན་པོ་རྣམས་ལ། རྒྱལ་པོའི་ཁབ་དང་ཕོ་བྲང་བྱི་དོར་གྱིས་ཤིག་ཅེས་བསྒོ་བ་ན།
འཆར་ཀས་སྨྲས་པ། བཅོམ་ལྡན་འདས་ནི་ཕོ་བྲང་དུ་མི་བཞུགས་ཏེ། དབེན་པའམ་གཙུག་ལག་ཁང་དུའོ།།
རྒྱལ་པོས་གཙུག་ལག་ཁང་ཅི་འདྲ་ཞེས་དྲིས་པ་ན། འཆར་ཀས་རྒྱལ་བྱེད་ཚལ་གྱི་རྣམ་པ་རི་མོར་བྲིས་པ་བསྟན་ཏོ། །རྒྱལ་པོས་ཀྱང་སྐྱེད་མོས་ཚལ་ནྱ་གྲོ་ངྷར་དེ་འདྲ་བ་བྱེད་དུ་བཅུག་སྟེ། ས་བདག་རྣམས་ནི་ཚིག་གིས་ཏེ༑༑ ལྷ་རྣམས་བསམ་པས་འགྲུབ་པར་འགྱུར། །དེ་བཞིན་བསམ་གཏན་པ་རྣམས་ཀྱི། །སེམས་བསྐྱེད་པས་ནི་ཐམས་ཅད་འགྲུབ། །ཅེས་བྱ་བ་ཡིན་པས། །ཁང་བཟང་ཆེན་པོ་དང་། གཙུག་ལག་ཁང་བཅུ་དྲུག་དང་། ཁང་མིག་དྲུག་ཅུ་དང་། ར་བ་། སྒོ་ཁང་། རྟ་བབས་དང་བཅས་པ་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པ་ཞག་བདུན་གྱི་ཁོངས་སུ་གྲུབ་བོ། །སྐྱེད་མོས་ཚར་རོ་ཧི་ཀ་དང་། ཚངས་པས་བསྐོར་པར་ཡང་དེ་དང་འདྲ་བར་བྱས་སོ།
དེ་ནས་སྟོན་པས། མོོ་འགལ་གྱི་བུ་ལ་གྲོང་ཁྱེར་སེར་སྐྱར་ཡབ་སྲས་གདན་འཛོམས་པར་འགྱུར་གྱི། གང་དེ་བལྟ་བར་འདོད་པ་ཐམས་ཅད་ཆོས་གོས་ལོངས་ཤིག་གསུངས། དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། མཉན་ཡོད་ནས་སེར་སྐྱའི་བར་དུ་ལྗོངས་རྒྱུ་ཞིང་གཤེགས་པས་ལམ་བར་དུ་དགོང་ཞག་བདུན་མཛད་དེ། བདུན་པ་ལ་ཆུ་བོ་རོ་ཧི་ཀའི་འགྲམ་དུ་བཞུགས་སོ། ། ཞག་བརྒྱད་པ་ལ། ཡབ་རྒྱལ་པོ་ལ་སོགས་པའི་གཉེན་ཚོགས་རྣམས་དང་། ཡུལ་མི་རྣམས་དང་། སྔར་བཅོམ་ལྡན་འདས་ཉིད་གཞོན་ནུའི་དུས་སུ་འདྲིས་ཤིང་མཉམ་འགྲོགས་རྣམས་ཀྱིས་མ་གུས་པ་དང་སེམས་ཁེངས་པ་སོགས་གཞོམ་པའི་ཕྱིར་དུ། བཅོམ་ལྡན་འདས་འཁོར་དང་བཅས་པ་ནམ་མཁའི་མཐོངས་ནས་ངོ་མཚར་བའི་ཆོ་འཕྲུལ་དུ་མ་ཕྱོགས་བཞིར་སྟོན་བཞིན་ནྱ་གྲོ་ངྷའི་ཀུན་དགའ་ར་བར་འབྱོན་པ་ལ།
འཆར་ཀས། ནམ་མཁའ་ནས་བྱོན་པའི་ཡ་གི་དགྲ་བཅོམ་པ་འདིའོ། །འདི་འདི་འོ་ཞེས་སོ་སོ་ནས་ངོ་སྤྲོད་བྱས་སོ།།
དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་བྱོན་ནས་ཁྲི་ལ་བཞུགས།
ཡབ་ཟས་གཙང་གིས་གུས་པས་མཆོད་པ་རྒྱ་ཆེན་པོས་མཆོད་དེ། གསོལ་པ༑ གཞལ་མེད་ཁང་གི་གནས་རྣམས་སུ། །ཡབ་ཀྱི་ཁབ་ན་བཞུགས་པ་ལས། །དགོན་པ་འཇིགས་དང་བཅས་རྣམས་སུ། །ཇི་ལྟ་བུར་ན་འབའ་ཞིག་བཞུགས།།
བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། མི་ཡི་བདག་པོ་གང་དུ་ནི། །ཁྱིམ་གྱི་འཆིང་བ་ལས་གྲོལ་པ། །འཕགས་པ་ཡི་ནི་གནས་པ་བཅུས། །ཐུབ་པ་རྣམས་ནི་གནས་པར་མཛད། །ཅེས་གསུངས། དེ་དག་ལ་སོགས་པ་ཞུ་བ་ཞུ་ལན་མང་དུ་མཛད་ཅིང་། རྒྱལ་པོས་ཞུ་བ་ཞུས་པའི་ལན་ལས་བརྩམས་ཏེ། ཆོས་ཀྱི་གཏམ་རྒྱ་ཆེན་པོ་མཛད་དེ། །རྒྱལ་པོས་སྲས་ཀྱིས་ཡོན་ཏན་མཆོག་བརྙེས་པར་མཁྱེན་ནས་ལྷག་པར་ཡང་ཐུགས་དགྱེས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་ཚོགས་ཐམས་ཅད་ཀྱི་བསམ་པ་མཁྱེན་ཏེ། ཆོས་བསྟན་པས་ཤཱཀྱའི་རྒྱལ་བུ་ཟས་དཀར་ལ་སོགས་པ་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་བདེན་པ་མཐོང་ངོ་། །ཡང་། ཚངས་པའི་བསྐོར་པ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཆོས་བསྟན་པས། རྒྱལ་བུ་བྲེ་བོ་ཟས་ལ་སོགས་པ་ཤཱཀྱ་དྲུག་སྟོང་གིས་བདེན་པ་མཐོང་ངོ་། ཡང་། རོ་ཧི་ཀ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཆོས་གསུངས་པས། རྒྱལ་བུ་བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་ལྔ་ཁྲི་ལྔ་སྟོང་གིས་བདེན་པ་མཐོང་ངོ་། །དེ་ལྟར་ཉིན་ཞག་གསུམ་པོ་དེ་ལ་ལྷ་དང་མི་བགྲང་ལས་འདས་པ་ཞིག་རྒྱུན་ཏུ་ཞུགས་པ་དང་། ཕྱིར་འོང་དང་། ཕྱིར་མི་འོང་དང་། དགྲ་བཅོམ་པའི་འབྲས་བུ་ལ་བཀོད་པ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཉན་ཐོས་དང་རང་རྒྱལ་དུ་སེམས་བསྐྱེད་པ་དང་། ལྷའི་གཙོ་བོ་རྣམས་སུ་འགྱུར་བའི་དགེ་བ་བསགས་པ་དང་། སྡིག་པའི་ལས་སྤངས་པ་སོགས་རང་རང་གི་སྐལ་བ་དང་འཚལ་པར་རྨད་དུ་བྱུང་བའི་གནས་ཐོབ་བོ། །དེ་དག་ཏུ་རྒྱལ་པོ་ཟས་གཙང་མས་བདེན་པ་མ་མཐོང་སྟེ། བདག་གི་བུ་ཁོ་ན་མཐུ་དང་རྫུ་འཕྲུལ་ཆེའོ་སྙམ་དུ་ཤིན་ཏུ་དྲེགས་ཤིང་དགའ་བ་དང་། བཅོམ་ལྡན་འདས་ལ་སྔོན་ནི་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་ཀྱང་མཆོད་པར་བྱེད་ན། ད་ལྟ་མི་ཁོ་ནས་མཆོད་ཀྱི། ལྷས་ནི་མ་ཡིན་ནོ་སྙམ་དུ་ཧ་ཅང་ཞུམ་པ་སྟེ། རྒྱུ་གཉིས་པོ་དེས་བདེན་པ་མ་མཐོང་བར་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། འཕགས་པ་མོོ་འགལ་གྱི་བུ་ལ་བཀའ་བསྩལ་པ། རྒྱལ་པོ་ཟས་གཙང་མ་ལ་སོམས་ཤིག་ཅེས་པས། འཕགས་པ་མོོ་འགལ་གྱི་བུས། རྒྱལ་པོ་ཟས་གཙང་གི་དྲུང་དུ་སོང་སྟེ། ནམ་མཁའ་ལ་སྤྱོད་ལམ་བཞི་བྱེད་པ་དང་། འོད་འབྱིན་པ་སོགས་ཆོ་འཕྲུལ་མང་པོ་བསྟན་ནས་སྟན་བཤམས་པ་ལ་བཞུགས་སོ།།
དེ་ནས་རྒྱལ་པོས་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྫུ་འཕྲུལ་དང་མཐུ་ཆེ་བ་གཞན་ཡང་མཆིས་སམ།
འཕགས་པས། ཤིན་ཏུ་མང་ངོ་། །ཞེས་གསུངས་པས། རྒྱལ་པོ་སྔར་གྱི་དགའ་ཆེ་བའི་དྲེགས་པ་ཞིའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ། ལྷའི་ཚོགས་ཀྱིས་ཤེས་ཏེ། ནྱ་གྲོ་ངྷའི་ཀུན་དགའ་ར་བར་ལྷའི་བཟོ་པས་ལྷའི་གཞལ་མེད་ཁང་སྐད་ཅིག་ལ་བཞེངས་ཏེ། བརྒྱ་བྱིན་ལ་སོགས་པའི་ལྷ་དབང་ཆེ་བ་ཐམས་ཅད་འདུས་ཤིང་། རྒྱལ་ཆེན་བཞིས་སྒོ་བཞི་ནས་སྲུང་བ་དང་། མཆོད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་སོ། །དེ་ནས་འཕགས་པ་མོོ་འགལ་གྱི་བུས། རྒྱལ་པོ་ཟས་གཙང་མ་ཁྲིད་དེ་ཀུན་དགའ་ར་བའི་ཤར་སྒོ་ནས་འཇུག་པར་བརྩམས་པ་ན། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ན་རེ། རྒྱལ་པོ་ཆེན་པོ་ནང་དུ་མ་འགྲོ་ཞིག བཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ། མིར་གྱུར་པ་འཇུག་ཏུ་མི་དབང་ངོ་། །དེ་བཞིན་དུ་སྒོ་གཞན་གསུམ་དུ་སོང་ཡང་རྒྱལ་པོ་ཆེན་པོ་དེ་དག་གིས་ཀྱང་དེ་ཁོ་ན་ལྟར་ཟེར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་ར་བ་དེ་དག་ཤེལ་ལས་གྲུབ་པར་སྤྲུལ་པ་དང་། ལྷ་རྣམས་ཀྱིས་གདན་བཤམས་པ་ལ་བཅོམ་ལྡན་འདས་བཞུགས་ཤིང་། ལྷ་རྣམས་ལ་ཆོས་སྟོན་པ་རྒྱལ་པོས་མཐོང་བས། སྔར་གྱི་ཞུམ་པའི་སེམས་དེ་ཡང་ཞི་བར་གྱུར་ནས་དགའ་བ་དང་མགུ་བ་བླ་ན་མེད་པ་ཐོབ་སྟེ། ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། རྒྱལ་པོ་ཟས་གཙང་མས་ཀྱང་བདེན་པར་མཐོང་ངོ་། །དེ་ནས་ཤཱཀྱ་བཟང་ལྡན་རྒྱལ་སྲིད་ལ་བསྐོས། ནངས་པར་བཅོམ་ལྡན་འདས་ཀྱིས། རྒྱལ་པོ་ཟས་གཙང་གི་ཕོ་བྲང་དུ་བསོད་སྙོམས་གསོལ་ཅིང་། རྒྱལ་པོས་གསེར་གྱི་བྱ་མ་བུམ་ནས་ཆུ་བསྒྲེངས་ཏེ། ནྱ་གྲོ་ངྷའི་ཀུན་དགའ་ར་བ་ཕུལ་ཏོ༑༑
དེར་བཅོམ་ལྡན་འདས་ཀྱིས། སྦྱིན་པའི་བསོད་ནམས་གང་ཡིན་འདིས། །ཤཱཀྱ་རྣམས་ཀྱི་བསམ་པ་ཡི། །ཡིད་ལ་རེ་བ་རྫོགས་ནས་ནི། །རྟག་པའི་གནས་ནི་ཐོབ་པར་ཤིག། ཅེས་ཡོན་བསྔོ་བར་མཛད་དོ།།
དེ་ནས་སྟོན་པས། རྒྱལ་པོ་ལ། སྒྲ་གཅན་འཛིན་འདི་ནི་སྲིད་པ་ཐ་མ་པ་ཡིན་པས་ཁྱིམ་ན་གནས་པའི་སྐབས་མེད་དོ། །ཞེས་བཀའ་བསྩལ་པས། རྒྱལ་པོས་འོ་ན་དེང་གི་ཉིན་པ་རབ་ཏུ་མི་འབྱིན་པར་གསོལ་བདག་གིས་མཆོད་པ་བྱ་དགོས་སོ་ཞེས་ཞུས་ནས། ཉི་མ་གཞན་ཞིག་ལ་དུས་སྟོན་ཆེན་པོ་དང་བཅས་འཕགས་པ་ཤཱ་རིའི་བུ་ལ་གཏད་དེ་རབ་ཏུ་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་བཙུན་མོའི་ཕོ་བྲང་དུ་གདུགས་ཚོད་གསོལ་བའི་སྐབས་ཤིག སོ་སོ་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་ལ་མྱུར་དུ་དད་པར་འགྱུར་རོ་དགོངས་ནས། འོད་ཟེར་སྤྲོ་བ་དང་། ཉི་མ་དང་ཟླ་བ་ལ་ཕྱག་གིས་ནོམ་པ་དང་། རི་རབ་ཕྱག་ཏུ་བླངས་ནས་བསྐོར་པ་སོགས་ཆོ་འཕྲུལ་དུ་མ་བསྟན་ཏེ། གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བཙུན་མོའི་འཁོར་རྣམས་མཆོག་ཏུ་དད་པ་སྐྱེ་བ་ལ་ཆོས་བསྟན་པས། ས་མཚོ་མ་དང་། རི་དྭགས་སྐྱེ་མ་ལ་སོགས་པ་བུད་མེད་དྲུག་ཁྲིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། འོན་ཀྱང་གྲགས་འཛིན་མ་ནི་ད་དུང་འདོད་པའི་རྣམ་པར་རྟོག་པ་དང་བཅས་པས་བདེན་པ་མ་མཐོང་ངོ་། །དེ་ནས་གང་ཐོས་ན་བདེན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པས། གྲགས་འཛིན་མས་ཀྱང་བདེན་པ་མཐོང་ཞིང་། ཕྱིས་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་བོ། །དེའི་འོག་ཏུ་ཤཱཀྱ་མིང་ཆེན་གྱི་སྲས་མ་འགགས་པ་ལ་སོགས་པ་ཤཱཀྱ་པ་ལྔ་བརྒྱའི་གཙུག་ཕུད་ཉེ་བར་འཁོར་གྱིས་བྲེགས་ཏེ་རབ་ཏུ་བྱུང་ཞིང་། གསོལ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་སོ། །དེ་ནས་ཉེ་བར་འཁོར་གྱིས་བསམས་པ། འདི་དག་རྒྱལ་སྲིད་ལ་སོགས་པའི་དཔལ་དང་འབྱོར་བ་ཆེན་པོ་མ་ཆགས་པར་རབ་ཏུ་བྱུང་ན། བདག་ནི་འདི་དག་གི་རྒྱན་ལ་ཆགས་པ་མི་འོས་མོད། རིགས་ངན་དུ་མ་སྐྱེས་ན་བདག་ཀྱང་རབ་ཏུ་འབྱུང་བ་ཞིག་ཡིན་སྙམ་དུ་ཡིད་མི་བདེ་བར་འདུག་པ། འཕགས་པ་ཤཱ་རིའི་བུས་མཁྱེན་ནས། ཉེ་བར་འཁོར་ལ། སྟོན་པའི་གསུང་རབ་ལ་རིགས་དང་རུས་སྙིང་པོར་བྱེད་པ་མ་ཡིན་སྒྲུབ་པ་སྙིང་པོར་བྱེད་པ་ཡིན་ནོ། །ཞེས་སོགས་ཀྱིས་དབུགས་ཕྱུང་ནས་སྟོན་པའི་སྤྱན་སྔར་ཁྲིད་དེ། སྟོན་པས་ཀྱང་ཉེ་བར་འཁོར་ཚུར་ཤིག་གིས་བསྙེན་པར་རྫོགས་པར་མཛད་དེ། །རིང་པོ་མ་ཐོགས་པར་ཉེ་བར་འཁོར་ཡང་དགྲ་བཅོམ་པ་ཐོབ་ནས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །བཟང་ལྡན་ལ་སོགས་པ་ལྔ་བརྒྱ་པོ་ཤས་ཆེ་བ་དག་གིས་ཀྱང་རིམ་གྱིས་བདེན་པ་མཐོང་ངོ་། །བསླབ་པ་རྒན་རིམ་ལ་ཕྱག་འཚལ་བའི་སྐབས། རིགས་ངན་དུ་སྐྱེ་བ་ཉེ་བར་འཁོར་གྱི་རྐང་བ་ལ། ཤཱཀྱའི་རྒྱལ་པོ་བཟང་ལྡན་གྱི་མགོ་བོས་བཏུད་པས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །གང་གི་ཚེ་བདུན་རྩི་ཟས་ཀྱི་ཁྱེའུ་ཀུན་དགའ་བོ་ལ་མཚན་མཁན་རྣམས་ཀྱིས། འདི་བཅོམ་ལྡན་འདས་ཀྱི་རིམ་གྲོ་བར་འགྱུར་རོ་ཞེས་ལུང་བསྟན་པས། བདུད་རྩི་ཟས་ཁྱེའུ་ལ་རབ་ཏུ་གཅེས་པས། སྟོན་པ་སེར་སྐྱར་བྱོན་པའི་ཚེ། ཀུན་དགའ་བོ་ཡུལ་བེེ་ཤཱ་ལར་སྐྱེལ་བར་བྱེད། དེར་བྱོན་པའི་ཚེ་སེར་སྐྱར་སྐྱེལ་བར་བྱེད་དོ། །ལན་གཅིག་ཁྱེའུ་སེར་སྐྱ་ན་ཡོད་པ་ལ་མ་ཚོལ་བ་ཁོ་ནར་བཅོམ་ལྡན་འདས་བདུད་རྩི་ཟས་ཀྱི་ཁང་བར་གཤེགས་ཤིང་གདན་བཤམས་པ་ལ་བཞུགས་སོ། །དེར་ཀུན་དགའ་བོ་ཁྱིམ་དེའི་ཕུག་གི་ཁང་ཕྲན་ཞིག་ཏུ་བཅུག་སྟེ་སྒོ་བསྡམས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་སྒོ་རང་ཕྱེ་ཞིང་། ཁྱེའུ་ཀུན་དགའ་བོས་བཅོམ་ལྡན་འདས་མཐོང་བས་རབ་ཏུ་དགའ་ཆེས་ཏེ་རྒྱུགས་ཤིང་འོངས་ནས་ཞབས་ལ་ཕྱག་བྱས་ཏེ། སྣམ་ལོགས་སུ་བསིལ་ཡབ་གཡོབ་ཅིང་འདུག་གོ། བདུད་རྩི་ཟས་འཁོར་བཅས་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏེ་ཕྱིར་ཕེབས་པ་ན། ཀུན་དགའ་བོ་ཡང་ཕྱི་བཞིན་འབྲངས་ཏེ། ཕ་མ་སོགས་པ་རྣམས་ཀྱིས་ཐབས་སྣ་ཚོགས་ཀྱིས་བཟློག་ཀྱང་ངུ་ཞིག་བཟློག་པར་མ་ནུས་སོ། །དེ་ནས་སྟོན་པས་འདི་ནི་སྲིད་པ་ཐ་མ་པ་ཡིན་པས་མ་བཟློགས་ཅིག་ཅེས་བཀའ་བསྩལ་པ་ན།
བདུད་རྩི་ཟས་ཀྱིས་གལ་ཏེ་ལྟ་ན་རིམ་པ་བཞིན་བགྱིའོ་ཞེས་གནང་སྟེ། དགེ་སྦྱོང་དང་། བྲམ་ཟེ་དང་། འཕོངས་པའི་ཚོགས་ལ་སྦྱིན་པ་རྒྱ་ཆེན་པོ་བཏང་། གཉེན་གྱི་ཚོགས་ལ་བཟོད་པ་གསོལ་ཏེ། ཁྱེའུ་ཀུན་དགའ་བོ་གླང་པོ་ཆེ་ལ་བསྐྱོན། འཁོར་ཚོགས་དང་བཅས་ཏེ་ནྱ་གྲོ་ངྷའི་ཀུན་དགའ་ར་བར་བཏང་བའི་ལམ་དུ་གླང་པོ་ཆེས་ཨུཏྤ་ལའི་སྡོང་བོ་ཞིག་སྣ་ཞགས་ཀྱིས་ཕྱུང་ནས་ཟོས་སོ། །མཚན་མཁན་རྣམས་ཀྱིས་གཞོན་ནུ་འདི་ཐོས་པ་འཛིན་པའི་མཆོག་ཏུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་སྟོན་པའི་སྤྱན་སྔར་སོང་ཞིང་ཞབས་ལ་ཕྱག་བྱས། སྟོན་པས་ཀྱང་འཕགས་འོད་སྲུངས་སྟོབས་བཅུ་པ་ལ་གཏད་དེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དུས་གཞན་ཞིག་ན་བཅོམ་ལྡན་འདས་སེར་སྐྱའི་ནྱ་གྲོ་ངྷའི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་བཞིན་གཤེགས་པ་ལ་སྔོན་ནུ་མ་བསྣུན་པའི་མ་མར་གྱུར་པ་སྐྱེ་དགུའི་བདག་མོ་ཆེན་མོ། ཤཱཀྱ་མོ་ལྔ་བརྒྱ་དང་ལྷན་ཅིག་འོངས་ཏེ། བུད་མེད་ཀྱིས་དགེ་སྦྱོང་ཚུལ་གྱི་འབྲས་བུ་བཞི་ཐོབ་པའི་སྐབས་མཆིས་ན། བདག་ཅག་བུད་མེད་རྣམས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དུ་གསོལ། ཅེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས། གོོ་ཏ་མི། ཁྱོད་གོས་དཀར་པོ་གྱོན་ལ་ནམ་འཚོའི་བར་དུ་དེ་འབའ་ཞིག་པས་ཚངས་པར་སྤྱད་པ་སྤྱོད་ཅིག ཁྱོད་ལ་ཡུན་རིང་པོར་ཕན་པ་དང་བདེ་བར་འགྱུར་རོ། །ཞེས་བཀའ་བསྩལ་ནས་རབ་ཏུ་བྱུང་བར་མ་གནང་ལ། ལན་གཉིས་ལན་གསུམ་དུ་ཞུས་ཀྱང་མ་གནང་ངོ་། །དེ་ནས་སྟོན་པ་ཡུལ་བྲི་ཛིའི་ལྗོངས་བརྒྱུད་དེ། ཡུལ་ན་དེ་ཀར་གཤེགས་ནས། གོ་ཛི་ཞེས་བྱ་བའི་གནས་ན་བཞུགས་སོ། །དེའི་ཚེ་གོོ་ཏ་མི་ལྔ་བརྒྱ་ཡང་སྐྲ་བྲེགས་ནས། གོས་སྦྱར་མ་གྱོན་ཏེ། སྟོན་པ་འཁོར་བཅས་ཀྱི་ཕྱི་བཞིན་འབྲངས་ནས་གནས་དེར་སྟོན་པའི་ཞབས་ལ་བཏུད་དེ། ཞན་གསུམ་དུ་གསོལ་བ་བཏབ་ཀྱང་། སྔར་བཞིན་གསུངས་ཏེ་རབ་ཏུ་བྱུང་བ་མ་གནང་ངོ་། །དེ་ནས་དེ་རྣམས་སྒོ་ཁང་གི་ཕྱོགས་གཅིག་ཏུ་ངུ་ཞིང་འདུག་པ། འཕགས་པ་ཀུན་དགའ་བོས་མཐོང་སྟེ། དྲིས་ལན་རྒྱས་པར་བྱས་ནས། དེ་རྣམས་ཀྱིས་ཇི་ལྟར་གསོལ་པ་བཞིན་བཅོམ་ལྡན་འདས་ལ་ཞུས་པས།།
སྟོན་པས། ཀུན་དགའ་བོ་ཁྱོད་ཀྱིས་བུད་མེད་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མ་གསོལ་ཅིག བུད་མེད་རབ་ཏུ་བྱུང་ནས་ཆོས་འདུལ་བ་ཡུན་རིང་དུ་གནས་པར་མི་འགྱུར་རོ། །ཞེས་སོགས་རྒྱས་པར་བཀའ་བསྩལ་ཀྱང་། ལན་གཉིས་ལན་གསུམ་དུ་ནན་གྱིས་ཞུས་པ་ལས་མཐར་གནང་སྟེ། འོན་ཀྱང་དགག་ཅིང་མི་འདའ་བའི་ཕྱིར། ལྕི་བའི་ཆོས་བརྒྱད་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་བསླབ་པར་བྱའོ་གསུངས། དེ་ནས་ལྕི་བའི་ཆོས་བརྒྱད་ཀུན་དགའ་བོས་དེ་དག་བཤད་པས། དེ་དག་གིས་ཀྱང་བསླབ་པར་གྱུར་པ་འདི་ནི། བདག་ཅག་གི་ངག་དང་ཡིད་དང་སྤྱི་བོས་ཀྱང་ནོད་དོ། །ཞེས་ཁས་བླངས་པ་ཙམ་གྱིས་སྐྱེ་དགུའི་བདག་མོ་ལ་སོགས་པ་ཤཱཀྱ་མོ་ལྔ་བརྒྱ་དགེ་སློང་མར་གྱུར་ཅིང་། བུད་མེད་རབ་ཏུ་འབྱུང་བར་འདོད་པ་གཞན་དག་ལ་གསོལ་བཞིའི་ལས་ཀྱི་ཆོ་ག་ཡང་རྗེས་སུ་གནང་ངོ་། །གོོ་ཏ་མི་ལྔ་བརྒྱ་པོ་དེ་རྣམས་ཀྱང་ཡུན་རིང་མ་ལོན་པར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །དེ་ནས་དགེ་སློང་ཕ་མ་གཉིས་དང་། དགེ་བསྙེན་ཕ་མ་གཉིས་ལ་སྟོན་པའི་འཁོར་རྣམ་བཞི་ཞེས་གྲགས་སོ། །གྲོང་ཁྱེར་སློབ་མ་ཅན་དུ་ཁྱིམ་བདག་རྀ་ངྷྱ་ན་ཞེས་པ་ལ་བུ་འབྱོར་ལེན་དང་། འབྱོར་སྐྱབས་དང་། འབྱོར་དགའ་ཞེས་བྱ་བ་གསུམ་དང་། བྲན་མོས་བཙས་པའི་བུ་གང་པོ་དང་བཞི་ཡོད་དོ། །གང་པོ་རྒྱ་མཚོ་ཆེན་པོར་ལན་བདུན་རིན་པོ་ཆེ་ལེན་དུ་སོང་བ་ལས། ཐེངས་བདུན་པའི་སྐབས་སུ་གྲུ་ནང་དུ་ཡུལ་དབུས་ཀྱི་ཚོང་བ་རྣམས་ཀྱིས་མདོ་སྡེ་དག་བཏོན་པས་རྐྱེན་བྱས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐོས་པས་རབ་ཏུ་འབྱུང་བར་འདོད་པ་སྐྱེས་སོ། །དེ་ནས་གང་པོ་དང་ནོར་གཅིག་པ་འབྱོར་ལེན་ཡིན་པས། ནོར་ཐམས་ཅད་དེ་ལ་གཏད་དེ་སྨྲས་པ། ཇི་ལྟར་བྱས་ཀྱང་འོ་སྐོལ་གྱི་ཡོ་བྱད་ཟད་པར་མི་འགྱུར་གྱི། རྒྱ་མཚོ་ཆེན་པོ་འདི་འཇིགས་པ་དང་བཅས་པ་ཡིན་པས་མ་འགྲོ་ཞིག་ཅེས་གདམས་ཏེ། གང་པོ་ཉིད་རིམ་གྱིས་ཡུལ་དབུས་སུ་ཆས་སོ། །མཉན་ཡོད་དུ་སླེབས་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྒོ་དྲུང་དུ་ཕྱིན་ནས་བརྡའ་ལོན་སྦྱར་པས། ནང་དུ་བོས་ཏེ་གང་གི་ཕྱིར་བྱོན་ཅེས་དྲིས་སོ། །སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བའི་ཕྱིར་འོངས་སོ་ཞེས་པས། མགོན་མེད་ཟས་སྦྱིན་རྗེས་སུ་ཡི་རང་བར་གྱུར་ཏེ། ནངས་པར་ལྷན་ཅིག་ཏུ་སྟོན་པའི་སྤྱན་སྔར་སོང་ངོ་། །བཅོམ་ལྡན་འདས་ཀྱིས་གང་པོ་ཚུར་ཤོག་གི་བསྙེན་པར་རྫོགས་ཤིང་། བས་མཐའི་གནས་མལ་བརྟེན་ཅིང་ཟླ་བ་གསུམ་བསྒྲུབས་པས་དགྲ་བཅོམ་པར་གྱུར་ཏེ། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ཞེས་གྲགས་སོ། །དེ་ནས་བྱམས་མའི་བུ་གང་པོས་བཟོད་པའི་གོ་ཆ་ཆེན་པོ་བགོས་པས། རྔོན་པ་དག་དད་ཅིང་སྐྱེས་པ་ལྔ་བརྒྱ་དང་བུད་མེད་ལྔ་བརྒྱ་དགེ་བསྙེན་དུ་བསྒྲུབས་ནས། མཐའ་འཁོབ་ཀྱི་ཡུལ་ཐ་དད་པ་རྣམས་སུ་གཙུག་ལག་ཁང་ལྔ་བརྒྱ་ཡང་བྱེད་དུ་བཅུག་གོ། གང་པོ་རབ་ཏུ་བྱུང་བའི་ཤུལ་དུ་འབྱོར་སྐྱབས་དང་འབྱོར་དགའི་ནོར་རྣམས་ཟད་པས། འབྱོར་ལེན་དང་ཕྱོགས་གཅིག་བྱེད་འདོད་པ་ལ། འབྱོར་ལེན་ན་རེ། ངའི་ནོར་ནི་ཆོས་དང་མཐུན་པར་བསྒྲུབས་པ་ཡིན་པས་མི་བསྲེའོ་ཞེས་པ་ལ། ནུ་བོ་གཉིས་ཀྱིས་སྨྲས་པ། བྲན་མོའི་བུ་ཡང་ཡང་རྒྱ་མཚོར་ཕྱིན་ནས་བླངས་པ་ཡིན་མོད། ཁྱོད་རྒྱ་མཚོར་འགྲོ་མ་ནུས་ན་ནོར་ཅི་ཞིག་བསྒྲུབས་ཞེས་སོ། །ཚིག་དེ་གནད་དུ་ཕོག་ནས་འབྱོར་ལེན་ཚོང་བ་ལྔ་བརྒྱ་དང་བཅས་ཏེ་རྒྱ་མཚོར་ཞུགས། ཙན་དན་ས་མཆོག་གི་གླིང་དུ་སླེབས་ཏེ། ཚོང་བ་རྣམས་ཀྱིས་ཙན་དན་དག་བཅད་ཅིང་གྲུ་གང་སྟེ་ཚུར་འཕགས་སོ། །དེའི་ཚེ་གླིང་དེ་སྲུང་བའི་གནོད་སྦྱིན་དབང་ཕྱུག་ཆེན་པོ་ཞེས་བྱ་བ། དེར་སླེབས་ནས་རླུང་མི་བཟད་པ་བཏང་བས་གྲུ་ཤིན་ཏུ་བསྐྱོད་པའི་ཚེ། ཚོང་བ་ལྔ་བརྒྱ་པོ་རྣམས་ཆེས་སྐྲག་པས་ཚམ་ཚོམ་དུ་གྱུར་ཀྱང་། འབྱོར་ལེན་ཅི་བདེར་འདུག་པ་ལ་གཞན་རྣམས་ཀྱིས་རྒྱུ་དྲིས་པས། གང་པོས་ཟེར་བ་དེ་བདེན། དེའི་ངག་མ་མཉན་པས་འདི་ལྟར་གྱུར་མོད། ད་ནི་ཐབས་མེད་ལ་ཙབ་ཙོབ་བྱར་ཅི་ཡོད་ཅེས་པས། ཚོང་བ་རྣམས་ཀྱིས་གང་པོ་བདག་ཉིད་ཆེན་པོར་ཤེས་ནས། ཐམས་ཅད་ཀྱིས་གང་པོ་ལ་སྐྱབས་སུ་མཆིའོ་ཞེས་སོ། །དེར་གང་པོ་རྫུལ་འཕྲུལ་གྱིས་སྐད་ཅིག་གིས་གྲུའི་སྟེང་དུ་འོངས་པ་ན། རླུང་ནག་ཆེན་པོ་དེ་ཡང་ཕྱིར་ལྡོག་གོ། །དེ་ནས་གང་པོས་གནོད་སྦྱིན་དེ་ལ། ཁྱོད་ཀྱིས་ཅིའི་ཆེད་དུ་ཙན་དན་སྲུང་། དེ་ན་རེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆེད་དུའོ། །དེ་བས་ཀྱང་ཆེས་མཆོག་ཏུ་གྱུར་པ་སངས་རྒྱས་ཡིན་པས་དེའི་དོན་དུ་ཙན་དན་རྣམས་ཐོངས་ཤིག་གསུངས་པས་གནོད་སྦྱིན་གྱིས་ཀྱང་བཏང་ངོ་། །དེ་ནས་གྲུ་དེ་རྒྱ་མཚོ་ནས་བདེ་བར་འོངས་ཏེ། འབྱོར་ལེན་སོགས་གྲོང་ཁྱེར་སློབ་མ་ཅན་དུས་སླེབས། སངས་རྒྱས་བཞུགས་པའི་གཅུག་ལག་ཁང་ཙན་དན་གྱིས་བཞེངས་ནས། སྤུན་རྣམས་བློ་མཐུན་པས་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་འདྲེན་པར་འདོད་ཅིང་། རྒྱལ་པོ་དང་ཡང་བློ་མཐུན་པར་བྱས་སོ། །དེ་ནས་འཕགས་པ་བྱམས་མའི་བུ་གང་པོས་ཁང་བཟང་གི་སྟེང་དུ་མཆོད་པ་རྣམས་བཤམས། རྒྱལ་བྱེད་ཚལ་དུ་ཁ་ཕྱོགས་ཏེ། སྟོན་པ་འཁོར་བཅས་སྤྱན་འདྲེན་པའི་དོན་དུ་གསོལ་བ་བཏབ་པས། སངས་རྒྱས་ཀྱི་མཐུས་མེ་ཏོག་རྣམས་ཁང་བཟང་དུ་གྱུར། བདུག་སྤོས་ནི་སྤྲིན་གྱི་རྣམ་པ་དང་། ཡོན་ཆབ་ནི་བེེཌཱུརྱའི་ཕུང་པོའི་རྣམ་པར་གྱུར་ཏེ། ནམ་མཁའ་ལ་འཕགས་ཏེ་སོང་བ་ཀུན་གྱིས་མཐོང་ཞིང་། དེ་མ་ཐག་རྒྱལ་བྱེད་ཚལ་དུ་སྟོནཔའི་སྤྱན་སྔར་མཆོད་རྫས་རྣམས་སླེབས་པ་ན།
ཀུན་དགའ་བོས་འདི་གང་ནས་བྱུང་ཞེས་ཞུས་པ་ན།
སྟོན་པས། མཆོད་རྫས་འདི་རྣམས་སངས་རྒྱས་འཁོར་བཅས་སྤྱན་འདྲེན་པའི་ཕྱིར་དུ་སློབ་མ་ཅན་ནས་འདིར་སླེབས་པ་ཡིན། འདི་ནས་དེ་ལ་དཔག་ཚད་བརྒྱ་ཕྲག་དུ་མའི་བར་ཐག་ཡོད། ནངས་པར་དགེ་སློང་རྣམས་ལ་གྲོང་ཁྱེར་སློབ་མ་ཅན་དུ་ཟན་ཟ་བར་སྤྲོ་བ་དག་ཚུལ་ཤིང་ལོངས་ཤིག་ཅེས་སྨྲོས་ཤིག་གསུངས། ཚུལ་ཤིང་བྲིམས་པ་ན། ཡུལ་ཆུ་མངས་ན་གནས་པའི་གང་པོ་ཤེས་རབ་རྐྱང་བས་རྣམ་པར་གྲོལ་པའི་དགྲ་བཅོམ་པས་ཀྱང་ལེན་པར་བརྩམས་པ་ན། ཀུན་དགའ་བོས་རྫུ་འཕྲུལ་དང་མི་ལྡན་པས་མ་ཡིན་པར་བརྡ་སྤྲད་པས། དེས་རྫུ་འཕྲུལ་མོད་ལ་བསྒྲུབས་ཏེ། གནས་བརྟན་གཉིས་ལ་ཚུལ་ཤིང་འབྲིམ་པའི་བར་ལ་འགྲུབ་ནས། གསུམ་པ་ལ་མ་བྲིམས་པའི་སྔོན་དུ་བླངས་སོ། །ཡུལ་དེར་མུ་སྟེགས་ཅན་ལྷག་པར་གནས་པའི་ཕྱིར། དགེ་སློང་རྣམས་རྫུ་འཕྲུལ་སྟོན་པར་བཀས་གནང་ངོ་། །ནངས་སྔ་བར་གྲོང་ཁྱེར་སློབ་མ་ཅན་གྱི་རྒྱལ་པོས། གྲོང་ཁྱེར་ཕྱག་བདར་དང་ཙན་དན་གྱི་ཆུས་ཆག་ཆག་བཏབ། མཆོད་པ་སྣ་ཚོགས་བཤམས། རྒྱན་སྣ་ཚོགས་བཀྲམས། གྲོང་ཁྱེར་ལ་སྒོ་ཆེན་པོ་བཅོ་བརྒྱད་ཡོད་པ་ལས། སྒོ་གཞན་བཅུ་བདུན་དུ་ནི་རྒྱལ་པོའི་སྲས་བཅུ་བདུན་པོ་རེ་རེ་བཞག ཤར་གྱི་སྒོ་མོ་ཆེར་རྒྱལ་པོ་རང་ཉིད་དང་འཕགས་པ་བྱམས་མའི་བུ་གང་པོ་དང་། འབྱོར་ལེན་སྤུན་སོགས་སྐྱེ་བོའི་ཚོགས་མང་པོ་དང་བཅས་པ་ལྷན་ཅིག་འདུག་གོ། དེར་ནམ་ལངས་མ་ཐག་ཏུ་དགེ་སློང་ལོ་མ་དང་སྣོད་སྤྱད་འབྲིམ་པ་དང་། ཆུའི་སྟ་གོན་བྱེད་པ་དག་རྫུ་འཕྲུལ་གྱིས་དེར་སླེབས་པ་ན། རྒྱལ་པོས་སངས་རྒྱས་བྱོན་ནམ་སྙམ་སྟེ་དྲིས་པས། གང་པོས་འདི་དག་ནི་འདི་ལྟའོ་ཞེས་སྨྲས་སོ། །དེ་ནས་དགེ་སློང་གནས་བརྟན་རྣམས་སྣ་ཚོགས་པའི་རྫུ་འཕྲུལ་དང་བཅས་ཏེ་སློབ་མ་ཅན་དུ་གཤེགས་པ་ནི།
ཇི་སྐད་དུ། ཁ་ཅིག་སེང་གེ་སྟག་དང་གླང་ཆེན་རྟ་དང་ཁྱུ་མཆོག་བཟང་པོ་ཆིབས། །ཁ་ཅིག་རིན་ཆེན་གཞལ་མེད་ཁང་དང་རི་དང་ཤིང་མཛེས་ཤིང་རྟ་འབར་ལ་བརྟེན། །གཞན་དག་ནམ་མཁའི་ངོས་ལ་ཆུ་འཛིན་གློག་གི་ཕྲེང་བས་བརྒྱན་པ་ལྟ་བུར་ནི། །རབ་ཏུ་དགྱེས་ཤིང་ལྷ་ཡི་ཕོ་བྲང་ལྟ་བུར་རྫུ་འཕྲུལ་དང་དག་གིས་གཤེགས་པར་བརྩོན། །ལ་ལ་ས་བརྟོལ་གྱེན་དུ་འབྱུང་། །འགའ་ཞིག་ནམ་མཁའི་དཀྱིལ་ནས་འབབ། །ཁ་ཅིག་སྟན་ལས་སྤྲུལ་བར་བྱེད། །རྫུ་འཕྲུལ་ལྡན་པའི་མཐུ་ལ་ལྟོས། །ཞེས་པ་ལྟར།
བཅོམ་ལྡན་འདས་དགྲ་བཅོམ་པ་སྟོང་གིས་ཡོངས་སུ་བསྐོར་ཏེ། ནམ་མཁའ་ནས་ཆོ་འཕྲུལ་སྣ་ཚོགས་པ་སྟོན་བཞིན་སློབ་མ་ཅན་དུ་གཤེགས་པའི་ཚེ། སྒོ་གཅིག་ནས་གཤེགས་ན་སྒོ་གཞན་དག་ན་འཁོད་པ་རྣམས་མི་དགའ་བར་མཁྱེན་ནས། ནམ་མཁའི་ལམ་ནས་གྲོང་ཁྱེར་གྱི་དབུས་སུ་གཤེགས་སོ། །རྒྱལ་པོ་འཁོར་བཅས་སྟོན་པའི་དྲུང་དུ་འོངས་ཤིང་ཞབས་ལ་ཕྱག་འཚལ། དེ་ནས་བཅོམ་ལྡན་འདས་ཙན་དན་གྱི་ཁང་བཟང་དུ་དགེ་འདུན་གྱི་གོང་ལ་གདན་བཤམས་པར་བཞུགས་སོ། །རྒྱལ་པོ་ལ་སོགས་པས་མཆོད་པ་དཔག་ཏུ་མེད་པས་ཡང་དག་པར་མཆོད་དོ། །ཕྱི་རོལ་ཏུ་འཁོད་པའི་སྐྱེ་བོ་རྣམས་ཀྱིས་བཅོམ་ལྡན་འདས་མ་མཐོང་ནས་ཁང་བཟང་གཞིག་པ་ལ་ཐུག་པ་ཙམ་དུ་གྱུར་པ་ན། ཁང་བཟང་ཤེལ་གཙང་མའི་རང་བཞིན་དུ་སྤྲུལ་ནས་སངས་རྒྱས་ཀྱི་སྐུ་སྒྲིབ་པ་མེད་པར་མཐོང་བས་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེ་རྣམས་ཀྱི་བསམ་པ་མཁྱེན་ཏེ་ཡང་དག་པའི་ཆོས་བསྟན་པ་ན། འཁོར་ཚོགས་དཔག་ཏུ་མེད་པ་ཞིག་ངེས་པར་འབྱེད་པ་དང་འབྲས་བུ་བཞི་ལ་བཀོད་ཅིང་། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་ལ་སོགས་པ་མཐའ་ཡས་པའི་བར་དུའོ། །དུས་གཞན་ཞིག་ན། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་སྦྲུལ་གྱི་ལུས་པོས་རི་རབ་ལ་སྐོར་བ་གསུམ་དུ་དཀྲི་བར་ནུས་པ་དེ་དག་ཡུན་རིང་དུ་གཉིད་ལོག་ཅིང་གཉིད་སངས་པ་ན། དབུགས་ཀྱི་རླུང་དྲག་པོ་བཏང་བས། རི་རབ་དང་གསེར་རི་ལ་གནས་པའི་བྱ་དང་རི་དྭགས་སོགས་སྲོག་ཆགས་དུ་མ་དག་དུག་གིས་ཤི་ནས་མཚོ་ནང་དུ་ལྷུང་བ་རྣམས་ཟ་བར་བྱེད་དོ། །དགེ་སློང་རྫུ་འཕྲུལ་ཐོབ་པ་དག་རི་རབ་ཀྱི་བང་རིམ་ན་གནས་ཤིང་བསམ་གཏན་སྒོམ་པ་དག་ཀྱང་། དབུགས་ཀྱི་རླུང་དུག་དང་བཅས་པ་དེས་ཕོག་པས་ལུས་རིད་ཅིང་སྐྱ་སེང་སེང་པོར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་མོོ་འགལ་གྱི་བུ་ལ་བཀའ་བསྩལ་པ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་ལ་སོམས་ཤིག་འཕགས་པ་མོོ་འགལ་གྱི་བུ་དེར་རྫུ་འཕྲུལ་གྱིས་སོང་ནས། དེ་གཉིས་གཉིད་ལོག་པ་ལ་སེ་གོལ་གྱི་སྒྲ་བྱས་པས། དེ་གཉིས་ཀྱི་གཉིད་མ་སད། དེ་གཉིས་ཀྱི་ལུས་ཀྱི་སྟེང་དུ་ཕན་ཚུན་ཞབས་ཀྱིས་བཅགས་ཀྱང་གཉིད་མ་སད། དེ་ནས་རི་རབ་ལ་ལན་བདུན་དུ་དཀྲི་བར་ནུས་པའི་སྦྲུལ་ཆེན་པོ་ཆེས་མི་བཟད་པ་ཞིག་ཏུ་སྤྲུལ་ཏེ། དེ་གཉིས་ཀྱི་སྟེང་དུ་མནན་པས་གཉིད་སད་དེ་བལྟས་པ་ན། ཀླུ་ཤིན་ཏུ་མི་བཟད་པས་རང་ཉིད་ནོན་པར་ཤེས་ནས་ཤིན་ཏུ་སྐྲག་སྟེ་བྲམ་ཟེའི་གཟུགས་ཀྱིས་བྲོས་ཤིང་། ཇི་ལྟར་རི་བོ་ཁོར་ཡུག་ཉེ་བ་དེ་ལྟར་བྲོས་པའི་ཚེ། དེ་དག་གི་མདུན་དུ་འཕགས་པ་མོོ་འགལ་གྱི་བུ་ཉིད་ཀྱི་ལུས་དངོས་སུ་བསྟན་ཏེ་བྱོན་ནས།
ཅི་ཀླུ་དག་གར་འགྲོ་གསུངས་པས། ཀླུ་གཉིས་ཀྱིས་བསམས་པ། དེ་ནི་དགེ་སློང་འདིའི་མཐུ་ཡིན་པ་ཡང་དག་གོ་སྙམ་ནས། འཕགས་པ་ཀུ་རེ་མ་བགྱིས་སམ། ཅི་སྟོན་པའི་ཕོ་ཉ་ལ་མི་སེམས་སམ། འོ་ན་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདོང་ངོ་ཞེས་ཁྲིད་ནས། བཅོམ་ལྡན་འདས་ཀྱང་རྒྱ་མཚོའི་ངོགས་སུ་གཤེགས་ཏེ་བཞུགས་པ་ན། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དུ་མས་ཡང་དག་པར་མཆོད་ནས་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་པ་ལ། བཅོམ་ལྡན་འདས་ཀྱིས་ལས་ངན་པ་ལ་སྨད་ཅིང་ཆོས་བསྟན། རི་རབ་ཀྱི་བང་རིམ་ན་གནས་པ་རྣམས་ལ་གནོད་པ་མི་བྱེད་པར་བཀའ་བསྩལ་ནས། དེ་དག་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལ་བཀོད་དོ་། །དེ་ལྟར་ཀླུ་དགའ་བོ་དང་ཉེ་དགའ་བོ་ཆོས་ལ་བཀོད་པ་དེ་ནས་བརྩམས་ཏེ། ཀླུའི་འགྲོ་བ་འབུམ་ཕྲག་མང་པོ་ཞིག་མི་རིང་བར་ཆོས་ལ་འཁོད་པར་གྱུར་ཏོ།
གང་གི་ཚེ་རྒྱལ་པོ་གསལ་རྒྱལ་དང་གཟུགས་ཅན་སྙིང་པོས་རྒྱལ་སྲིད་སྐྱོང་བ་ན། ཆོམ་རྐུན་པ་རྣམས་ལ་ཆད་པས་བཅད་པས། དེ་རྣམས་མ་ག་ངྷ་དང་ཀོ་ས་ལའི་བར་གྱི་ནགས་ཚལ་དང་འབྲོག་དགོན་པ་དག་ཏུ་གནས་ཏེ། དོན་མཐུན་ཚོང་བ་ཐམས་ཅད་འཇོམས་པར་བྱེད་དོ། །རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་ན། སྟོང་ཐུབ་དཔའ་བོ་ཞིག་ཡོད་པས། ཚོང་བ་མང་པོ་རྒྱལ་པོའི་ཁང་ནས་ཀོ་ས་ལར་འགྲོ་བའི་ལམ་སེལ་ལ་སྟོང་ཐུབ་དེ་མངགས་སོ། །སྟོང་ཐུབ་དཔའ་བོ་དེས་ནགས་ཕན་ཚུན་གྱི་བར་དུ་ལམ་སེལ་གྱི་ཁྱིམ་བརྩིགས་པས། དེར་རིམ་གྱིས་འབྲོག་གནས་ཞེས་བྱ་བའི་གྲོང་ཁྱེར་ཆགས་ཏེ། ཚོང་འདུས་ཆེན་པོ་ཡང་བྱུང་ལ། དཔའ་བོ་སྟོང་ཐུབ་ཀྱིས་གྲོང་དཔོན་བྱེད་དོ། །ཕྱི་ཞིག་ན་གྲོང་མི་རྣམས་ཀྱིས་རྐྱེན་ཞིག་ལ་བརྟེན་ནས་གྲོང་དཔོན་སྟོང་ཐུབ་གསོད་པར་བགྲོས་པ་ལས། ཉིན་ཞིག་མཆོག་ཟུང་གྲོང་དཔོན་འབྲོག་གནས་ཀྱི་སར་བྱོན་པ་ལ། དེར་བསོད་སྙོམས་ཕུལ་ནི་ཟིན། ཡོན་བཤད་པ་མ་ཚར་པའི་བར་དེ་ལ་ཡུལ་མི་རྣམས་ཀྱིས་ཁྲུས་ཀྱི་རྫིང་བུ་བྱས་ཏེ། གྲོང་དཔོན་ལ་འབུལ་བའི་ཕོ་ཉ་སླེབས་ནས་དེའི་སར་ཕྱིན་ནས་རྫིང་འགྲམ་དུ་སྐྲ་བཀྲུ་བའི་སྐབས། ཡུལ་མི་དག་གིས་མཚོན་ཆས་བསྣུན་ཏེ་གྲོང་དཔོན་བསད་དོ། དེ་འཆི་བའི་ཚེ་བདག་གིས་མཆོག་ཟུང་གཅིག་ལ་བསོད་སྙོམས་ཕུལ་པ་དེའི་མཐུ་ལས། གྲོང་ཁྱེར་པ་འདི་དག་གསོད་པ་ཞིག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཤི་མ་ཐག་གནོད་སྦྱིན་གདུག་པ་ཅན་ཞིག་ཏུ་སྐྱེས་ནས། རྣམ་ཐོས་ཀྱི་བུ་ལ་གནས་སྩོལ་པར་ཞུ་ཞེས་པས། འབྲོག་གནས་ཀྱི་ཡུལ་བྱིན་ཏོ། །དེ་ནས་དེས་ནད་ཡམས་ཆེན་པོ་བཏང་སྟེ། ཁྱོགས་ནས་ཁྱོགས་སུ་འདོམས་པ་དག་བྱུང་ངོ་། །ལྟས་མཁན་རྣམས་ལ་དྲིས་པས་གྲོང་དཔོན་ཤི་ནས་གནོད་སྦྱིན་དུ་སྐྱེས་པས་བྱས་སོ་ཞེས་པས། ཡུལ་མི་རྣམས་གཞན་དུ་འབྲོས་པར་བརྩམས་པ་ན། གནོད་སྦྱིན་དེ་སྲིན་པོའི་གཟུགས་ཀྱིས་དངོས་སུ་འོངས་ནས་ལམ་བཀག་པས། དེ་དག་གིས་སྨྲས་པ། གྲོང་དཔོན་བཟོད་པ་མཛོད་ཅིག་ཅེས་པས། ཉིན་རེ་ལ་མི་སྟོང་སྟོང་འབུལ་ན་བཟོད་དོ་ཟེར། དེ་ནས་བཤད་པས་མཐར་བརྒྱའི་བར་དུ་ཕབ་བོ། །དེར་འགའ་ཞིག་གིས་དེ་ལྟ་ན་གྲོང་ཁྱེར་སྟོང་བར་འགྱུར་གྱི། བ་ལང་དྲུག་དང་ལྡན་པའི་ཤིང་རྟ་བཟའ་བཅས་བཀང་བ་རེ་དང་། བ་ལང་ཁྲིད་པའི་མི་རེ་ཉིན་རེ་བཞིན་འབུལ་གྱི་བཟོད་པ་མཛོད་ཅིག་ཅེས་པས། གནོད་སྦྱིན་ན་རེ། འོ་ན་དེ་དག་གླུ་གར་རོལ་མོ་དང་བཅས་པས་ཕུལ་ཅིག་ཟེར་བ། ཡུལ་མི་རྣམས་ཀྱིས་ཀྱང་ཁས་བླངས་པས་ནད་ཡམས་ཆད་དོ། །དེ་ནས་གྲོང་ཁྱེར་པ་རྣམས་ལ་རེ་མོས་འབབ་པར་བྱས། དེ་ཡང་ཁྱིམ་གྱི་མིང་བྱང་རྫ་མར་བཅུག་སྟེ་དཀྲོགས་ནས་གང་ཐོན་པ་དེ་ཚབ་མ་མ་བཏང་བར་རང་ངམ་བུ་འགྲོའོ་ཞེས་ཁྲིམས་སུ་བཅས་སོ། །དེ་ལྟར་དུས་འགའ་ཞིག་འདས་པ་ན། ཁྱིམ་བདག་ཞིག་ཡུལ་གཞན་དུ་སོང་བའི་དུས་ན། ཁྱིམ་དུ་ཆུང་མ་ལ་བུ་སྐྱེས་སོ། དེ་རང་ཁྱིམ་དུ་འཁོར་བ་ན་ཁྱིམ་བྱང་སྒོ་ལ་བཏགས་པ་མཐོང་ངོ་། །ནང་དུ་ཆུང་མས་དགྱེས་པར་མཛོད་ཅིག བུ་བཙས་སོ། །དེ་ཅང་མི་སྨྲ་སྟེ་དྲིས་པས། འདི་ལྟར་རོ་ཞེས་བཤད། དེ་ནས་དེས་བུ་བཏང་བར་བྱས་ཏེ། ཕ་མ་དེ་དག་གིས་མཚན་མོ་ནམ་བསྲོས་པ་ན་ཁང་སྟེང་ནས་མཆོད་པ་བཤམས། སངས་རྒྱས་ལ་གུས་པ་ཆེན་པོས་བདག་གི་བུ་བསྐྱབ་ཏུ་གསོལ་། ཅེས་གསོལ་བ་བཏབ་བོ། །ནངས་པར་བུ་དང་བཅས་པའི་ཤིང་རྟ་སོགས་སྔར་བཞིན་སོང་ངོ་། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མི་མཁྱེན་པ་མེད་པས། བཅོམ་ལྡན་འདས་འབྲོག་གནས་ཀྱི་གནོད་སྦྱིན་གྱི་གནས་སུ་བྱོན་པ་ན། དུས་དེར་གནོད་སྦྱིན་དེ་གནོད་སྦྱིན་གཞན་གྱི་མདུན་སར་སོང་བ་ལ། གནོད་སྦྱིན་བོང་བུ་ཞེས་བྱ་བས་རིངས་པར་བརྡ་བཏང་སྟེ། གནོད་སྦྱིན་འབྲོག་གནས་ཕྱིར་ལྡོག་སྟེ་འོངས་པ་ན། རང་གི་གནས་ན་སངས་རྒྱས་བཞུགས་པ་མཐོང་ནས། བརྟག་པའི་ཕྱིར་དགེ་སྦྱོང་ཕྱིར་བྱུང་ཞིག་ཅེས་པས། སྟོན་པ་ཕྱིར་བྱོན་ནོ། །ཡང་ནང་དུ་བཞུད་ཅིག་བྱས་པ་ན་ནང་དུ་ཕེབས་སོ། །དེ་ལྟར་ལན་གསུམ་སོང་ནས་ཡང་ཕྱིར་བྱུང་ཞིག་ཅེས་པས།
བཀའ་བསྩལ་པ་། ཁྱོད་ཀྱི་གནས་འདི་ནས་ལན་གསུམ་དུ་ཕྱིན་པ་ཡིན་ནོ༑༑ ཞེས་གསུངས་ཏེ་མ་བཞེངས་སོ།།
དེ་ན་རེ། ངས་དྲིས་པ་བཞིན་དུ་ལན་ཐོབ་ཅིག མ་ཡིན་ན་སྐལ་ལྡན་ཤིང་རྟའི་སླད་རོལ་ཏུ་འཕང་ངོ་ཟེར།
སྟོན་པས། ཁྱོད་ཀྱིས་དེ་ལྟར་མི་ནུས་ཞེས་གསུངས་པས། གནོད་སྦྱིན་དེ་རབ་ཏུ་ཁྲོས་ཏེ་འཇིགས་པའི་གཟུགས་ཀྱིས་སྟོན་པའི་དྲུང་དུ་རྒྱུགས་པ་ན། དེ་སྟོན་པ་ཡི་དྭགས་ཆེས་མི་སྡུག་པ་ཞག་དང་ཕྱག་སྣ་ཚོགས་པར་འདུག་པ་ཤིན་ཏུ་འཇིགས་སུ་རུང་བར་མཐོང་སྟེ། འཇིགས་སྐྲག་དངངས་ཏེ་དྲན་མེད་དུ་འགྱེལ་ལོ།
བརྒྱལ་བ་སངས་པ་ན། སྟོན་པས། ཁྱོད་ཀྱིས་མཆོག་ཟུང་གཅིག་ལ་བསོད་སྙོམས་ཕུལ་པའི་ལས་དེས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེ་བ་ཡིན་པ་ལ། སྨོན་ལམ་ལོག་པར་བཏབ་པས་འདིར་འདི་ལྟ་བུར་སྐྱེས་སོ། །ཞེས་སོགས་གསུངས་སོ། །དེ་ནས་དེ་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ཞེས་བསླབ་པ་ཡང་བླངས། འབྲོག་གནས་པ་རྣམས་ལ་གནོད་པ་མི་བྱེད་པར་དམ་ཡང་བཅས་སོ། །དེ་ནས་སྟོན་པའི་བཀའ་བཞིན་ཟས་སྐོམ་གྱི་གཏོར་མ་བླངས་ཏེ་མི་དང་བ་ལང་མི་ཟའོ། །དེ་ནས་སྔར་གྱི་ཁྱེའུ་དེ་གནོད་སྦྱིན་འབྲོག་གནས་ཀྱི་ལག་ནས་སྟོན་པ་ལ་ཕུལ། སྟོན་པའི་ཕྱག་གིས་ཕ་མ་ལ་གནང་བས། དེའི་མིང་ལ་ལག་བརྒྱུད་ཅེས་བཏགས་སོ། །དུས་ཕྱིས་ཤིག་ན་སྟོན་པ་འཁོར་དང་བཅས་པ་འབྲོག་གནས་ཀྱི་གཙུག་ལག་ཁང་དུ་དབྱར་གནས་པར་མཛད་དོ། །དེའི་ཚེ་སྟོན་པས་ལག་བརྒྱུད་ལ་ཆོས་བསྟན་པ་ན། དེས་ཕྱིར་མི་འོང་གི་འབྲས་བུ་ཐོབ་བོ། །འབྲོག་གནས་ཀྱི་སྐྱེ་བོ་རྣམས་ཀྱིས་རྒྱ་ཆེར་མཆོད་ཅིང་བསྙེན་བཀུར་བྱས། ཕྱོགས་དེར་ཡང་འགྲོ་བ་མང་པོ་ཞིག་བདེན་པ་ལ་བཀོད་དོ།།
གང་གི་ཚེ་འོད་སྲུངས་ཆེན་པོ་འཁོར་དུ་འདུས་པ་ནི། འོད་སྲུངས་ཀྱི་རིགས་ལ་བྲམ་ཟེ་ནྱ་གྲོ་ངྷ་སྐྱེས་ཞེས་བྱ་བ་འདོད་པ་སྤངས་པ་ཞིག་ཡོད་པ་ལས། ཡབ་ཀྱིས་བག་མ་བླང་བར་བརྩམས་པ་ན། ཛམྦུ་ཆུ་བོའི་གསེར་ལས་བུད་མེད་མཆོག་གི་གཟུགས་བྱས་ནས། འདི་འདྲ་བ་ཡོད་ན་བླང་ངོ་ཞེས་པས། ཕྱོགས་བཞིར་འཚོལ་དུ་བཏང་བ་ལས། ནུབ་ཕྱོགས་ཀ་ལིངྒའི་གྲོང་ཀ་བི་ལ་ཞེས་བྱ་བ་ན། བྲམ་ཟེ་སེར་སྐྱའི་བུ་མོ་སེར་སྐྱ་བཟང་མོ་ཞེས་བྱ་བ། ཛམ་བུ་ཆུ་བོའི་གསེར་ལས་ཀྱང་ལྷག་པའི་ཁ་དོག་ཏུ་འདུག་པ་ཞིག་ཡོད་པ་མཐོང་ནས། བྲམ་ཟེ་ཕོ་ཉ་བ་རྣམས་ཀྱིས་བྲམམ་ཟེ་སེར་སྐྱ་ལ་བསླངས་པས། དེས་ཉེ་དུ་རྣམས་དང་གྲོས་བྱས་ཏེ་སེར་སྐྱ་བཟང་མོ། བྲམ་ཟེ་ནྱ་གྲོ་ངྷ་སྐྱེས་ཀྱི་བག་མར་བཏང་ངོ་། །དེ་ནས་དེ་གཉིས་ཀ་མིང་སྲིང་གི་འདུ་ཤེས་ཀྱིས་ཁྱིམ་དུ་གནས་ཀྱང་ཚངས་པར་སྤྱོད་པ་སྤྱོད་ཅིང་། གཉིས་ཀའང་རབ་ཏུ་འབྱུང་བར་འདོད་ཀྱང་། ཕ་མས་མ་གནང་བས་ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་ཉིད་དུ་གནས་ནས་ཚངས་པར་སྤྱོད་པ་སྤྱད་དོ། །ཕ་མ་དག་འདས་པའི་འོག་ཏུ་འོད་སྲུང་གིས་ཞིང་ལ་སོགས་པ་ཕྱིའི་ལས་ཀྱི་མཐའ་ལ་བལྟས། སེར་སྐྱ་བཟང་མོས་ཁྱིམ་གྱི་ལས་ཀྱི་མཐའ་ལ་བལྟས་པས། ཐམས་ཅད་སྡུག་བསྔལ་དང་བཅས་པར་མཐོང་སྟེ། ཁྱིམ་གྱི་འབྱོར་བ་ཐམས་ཅད་སྦྱིན་པར་བཏང་བ་དང་། གཉེན་བཤེས་སོགས་ལ་བགོས་ཏེ། འདི་སྐད་ཅེས། བྲེ་ཆུང་གང་གི་འབྲས་ཆན་རྡུང་། །མལ་གཅིག་གི་ནི་བདེ་བ་སྐྱེད། །རས་བཅོས་ཟུང་གཅིག་བཅང་བར་བྱ། །ལྷག་མ་གཏི་མུག་ཡོངས་སུ་འཛིན། །ཞེས་བརྗོད་དོ། འོད་སྲུངས་དང་སེར་སྐྱ་་བཟང་མོ་གཉིས་ཁྱིམ་ནས་དུས་གཅིག་ཏུ་ཕྱི་རོལ་ཏུ་བྱུང་སྟེ། རས་ཡུག་ཆེན་རེ་རེ་ཁྱེར་ནས་ཕན་ཚུན་ཅི་བདེ་བཏར་གནང་བ་བྱིན་ཏེ། ལམ་འཕྲང་ཞིག་ནས་སོ་སོར་གྱེས་སོ། །སེར་སྐྱ་བཟང་མོ་ནི། རེ་ཞིག་གཅེར་བུ་པ་རྫོགས་བྱེད་ལས་རབ་ཏུ་བྱུང་སྟེ་གནས་སོ། །དུས་ཕྱིས་ཤིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །འོད་སྲུངས་ནི། མི་སྟེགས་ཀྱི་སྟོན་པ་དྲུག་སོ་སོར་ཚངས་པར་སྤྱོད་པའི་ལམ་དྲིས་ཀྱང་།ལོག་པར་སྟོན་པར་བྱེད་པས་ཡིད་མི་དགའ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བུ་མང་གི་མཆོད་རྟེན་ན་བཞུགས་སོ། །འོད་སྲུང་ཀྱིས་བཅོམ་ལྡན་འདས་མཐོང་བས། རབ་ཏུ་དགའ་བ་ཆེན་པོས་དྲུང་དུ་ཕྱིན་ནས་ཞབས་ལ་ཕྱག་བྱས་ཏེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པའོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་སོ། །ཞེས་ལན་གསུམ་དུ་བཟླས་པས། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པའི་སྡོམ་པ་ཐོབ་བོ།།
སྟོན་པས་ཀྱང་། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ང་ནི་ཁྱོད་ཀྱི་སྟོན་པའོ། །ཁྱོད་ནི་ང་ཡི་ཉན་ཐོས་སོ། །ཞེས་བཀའ་བསྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས། འོད་སྲུངས། དེ་ལྟ་བས་ན། འདི་ལྟར་བསླབ་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ། སྐྱེ་བ་དང་འཇིག་པས་རྗེས་སུ་གནས་པས་བལྟ་བར་བྱའོ། །ཞེས་སོགས་གསུངས་ཏེ། སྟོན་པ་ཕྱོགས་གཞན་དུ་གཤེགས་སོ། །འོད་སྲུངས་ཀྱི་གདམ་ས་ངག་དེ་བསྒོམས་པས། ཉི་མ་དེ་ཉིད་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེ་ནས་ཞག་བརྒྱད་ཀྱི་བར་དུ་སློབ་པའི་ལམ་ལ་གནས་ནས། ཉིན་དགུ་པ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། ཁམས་གསུམ་ལས་འདོད་ཆགས་དང་བྲལ་བ། གསེར་དང་བོང་བ་མཉམ་པ། ནམ་མཁའ་ལག་མཐིལ་དུ་མཚུངས་པའི་སེམས་དང་། ཙན་དམ་སྦངས་པ་ལྟ་བུར་བསིལ་བ། མ་རིག་པའི་སྒོ་ངའི་སྦུབས་དང་བྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་ལ་ཆགས་པ་དང་བཀུར་སྟི་ལས་ཕྱིར་ཕྱོགས་པ། དབང་པོ་དང་ཉེ་དབང་ལ་སོགས་པའི་ལྷ་རྣམས་ཀྱིས་མཆོད་པ་དང་ཕྱག་བྱ་བར་གྱུར་ཏོ། །དེའི་ཚེ་འོད་སྲུངས་ཀྱིས། ཁྱད་པར་ཐོབ་པ་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་ཐོབ་པས་འོད་སྲུངས་ཆེན་པོ་ཞེས་གྲགས་སོ། །དེ་ནས་འོད་སྲུངས་ཆེན་པོས་སེར་སྐྱ་བཟང་མོ་ལ་ཆོས་བསྟན། དེས་ཀྱང་བརྩོན་པ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཐོབ་བོ། །ལན་གཅིག་འོད་སྲུངས་ཆེན་པོས་སྣམ་སྦྱར་སྟོང་ཕྲག་བརྒྱ་རི་བ་གྱོན་ཞིང་། སྟོན་པས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གསོལ་ཏེ་ལྷན་ཅིག་ཏུ་གཤེགས་པའི་ཚེ། གང་དུ་སྟོན་པ་བཞུགས་པ་དེར་བདག་གི་སྣམ་སྦྱར་གདིང་ངོ་སྙམ་པ་ལས། སྟོན་པ་བ་ཞུགས་པར་བརྩམས་པ་ན། འོད་སྲུངས་ཆེན་པོས་སྣམ་སྦྱར་བལྟབས་ནས་གདུན་དུ་བཏིང་ཞིང་། དེའི་སྟེང་དུ་ཅུང་ཟད་བཞུགས་ནས། འོད་སྲུངས་ཁྱོད་ཀྱི་སྣམ་སྦྱར་ཡང་ངོ་འཇམ་མོ་གསུངས། དེ་ནས་འོད་སྲུངས་ཆེན་པོས། བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་གི་སྣམ་སྦྱར་བཞེས་སུ་གསོལ། ཞེས་ཞུས་པས། འོད་སྲུངས་ཆེན་པོའི་སྣམ་སྦྱར་སྟོན་པས་བཞེས། སྟོན་པའི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་འོད་སྲུངས་ཆེན་པོ་ལ་གནང་ངོ་། །དེ་ནས་འོད་སྲུངས་ཆེན་པོ་འབྲོག་དགོན་པར་གནས་ཤིང་། སྦྱང་བའི་ཡོན་ཏན་ལ་རྟག་ཏུ་གནས་པས། སྦྱང་བའི་ཡོན་ཏན་ལ་གནས་པའི་མཆོག་ཏུ་ལུང་བསྟན་ཏོ། །དུས་ཕྱི་ཞིག་ན། བཅོམ་ལྡན་འདས་དགེ་སློང་གསར་བུ་ཤས་ཆེ་བའི་འཁོར་ཚོགས་ཀྱི་དབུས་སུ་བཞུགས་པའི་སྐབས་ཤིག འོད་སྲུངས་ཆེན་པོ་སྟོན་པའི་སྤྱན་སྔར་བྱོན་པ་ལ། དགེ་སློང་གསར་བུ་དག་གིས་ངོ་མ་ཤེས་ཤིང་། ན་བཟའ་ཕྱགས་དར་ཁྲོད་ཀྱི་གོས་དང་དགོན་པ་པ་ཡིན་པས་སྐྲ་དང་སྨ་ར་རིང་པོར་གྱུར་པ་མཐོང་བས་འཕྱ་བའི་རྣམ་འགྱུར་བྱས་སོ། །དེར་ཉན་ཐོས་མཆོག་ལ་བརྙས་པ་བསལ་བའི་ཆེད་དུ། བཅོམ་ལྡན་འདས་ཀྱིས། འོད་སྲུངས་ཁྱོད་ནི་འདོད་པ་ཆུང་ཆོག་ཤེས་པ་ཡིན་གྱི། ངའི་སྟན་ཕྱེད་ལ་སྡོད་ཅིག་གསུངས། འོད་སྲུངས་ཆེན་པོས་སྟོན་པའི་ཐུགས་དགོངས་ཤེས་ནས། ཆོས་ཀྱི་རྒྱལ་པོས་སྟན་ཕྱེད་བསྟབས་པར་མཛད་པ་དེ་དང་དུ་བླངས་ནས་ཅུང་ཟད་ཙམ་ལ་བཞུགས་ཏེ། སླར་ཡང་བཞེངས་ཏེ། སྟོན་པའི་ཞབས་ལ་ཕྱག་འཚལ་ནས་འཁོར་གྱི་ནང་དུ་ཞུགས་སོ། །དེ་ལྟར་འོད་སྲུངས་ཆེན་པོ་ལ་སྟོན་པས་སྟན་ཕྱེད་བསྟབས་པ་ནི། དུས་དེར་བརྙས་པ་བཟློག་པའི་དོན་དུ་མཛད་པ་ལྟར་སྣང་ཡང་། དོན་གྱིས་རྒྱལ་ཚབ་ཏུ་བསྐོས་པའང་ཡིན་ནོ་གསུངས།།
དུས་གཞན་ཞིག་ན་བཅོམ་ལྡན་འདས་ཤིང་སཱ་ལ་ཅན་གྱི་བྲམ་ཟེའི་གྲོང་ཁྱེར་ན་བཞུགས་སོ། །དེའི་ཚེ་ཉན་ཐོས་ཆེན་པོ་མང་པོ་འདུས་པའི་དབུས་སུ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། ནམ་ཞིག་ན་ང་རྒས་ཤིང་འཁོར་རྣམ་པ་བཞི་ལ་གདམས་ངག་འབོགས་པས་དུབ་པར་འགྱུར་གྱི། ངའི་རིམ་གྲོ་བ་ཐུགས་ལ་འཐད་པ་རང་གི་དོན་ཉམས་པར་མི་འབྱུང་བ་ཞིག་སྤྲོ་བ་སྐྱེད་ཅིག་གསུངས། དེ་ནས་ཀུན་ཤེས་ཀོོཎྜི་ནྱ་བཞེངས་ཏེ། བདག་གིས་རིམ་གྲོ་བགྱིའོ་ཞེས་ཞུས་པས། ཁྱོད་ཉིད་ལའང་རིམ་གྲོ་བ་དགོས་ཀྱི་སྟན་ལ་སྡོད་ཅིག་གསུངས། དེ་བཞིན་དུ་འཕགས་པ་རྟ་ཐུལ་ནས་གང་པོའི་བར་ལྔ་བརྒྱས་དེ་ལྟར་ཞུས་ཀྱང་མ་གནང་ངོ་། །དེའི་ཚེ་འཕགས་པ་མོོངྒལ་གྱི་བུས་སྟོན་པའི་ཐུགས་གང་ལ་གཏད་པ་བརྟགས་པས། ཀུན་དགའ་བོ་ལ་ཐུགས་གཏད་པར་ཤེས་ཏེ། འཕགས་པ་ཤཱ་རིའི་བུ་ལའང་བཤད་ནས་། རང་ཅག་དོང་ལ་དེ་ལ་སྤྲོ་བར་བྱའོ་ཞེས་སོ། དེ་ནས་དེ་གཉིས་ཀུན་དགའ་བོའིསར་བྱོན་ཏེ། འཕགས་པ་ཤཱ་རིའི་བུས། འཕགས་པ་ཀུན་དགའ་བོ་ལ་ཁྱོད་སྟོན་པའི་རིམ་གྲོ་བྱེད་པར་སྤྲོའམ། དེ་བྱས་ན་དོན་ཆེན་པོར་འགྱུར་རོ་གསུངས། ཀུན་དགའ་བོས། བཅོམ་ལྡན་འདས་ནི་བསྙེན་ཀྱང་བཟོད་པར་དཀའ་བ་སྟེ། དེས་ན་བདག་མི་སྤྲོ་ཟེར། མོོངྒལ་གྱི་བུས་སྟོན་པའི་ཐུགས་དགོངས་ཁྱོད་ལ་གཏད་དོ་གསུངས་པས། ཀུན་དགའ་བོས་འདི་སྐད་ཅེས། དེ་བཞིན་གཤེགས་པའི་ན་བཟའ་བདག་གིར་མི་བྱ་བ་དང་། མགྲོན་དུ་བོས་པ་བདག་གིར་མི་བྱ་བ་དང་། བཅོམ་ལྡན་འདས་ལ་བལྟ་ཞིང་བསྙེན་བཀུར་བྱེད་པའི་ཕྱིར་དུ། དུས་དང་དུས་མ་ཡིན་པ་ཅུང་ཟད་ཀྱང་མེད་པར་དེ་བཞིན་གཤེགས་པའི་དྲུང་དུ་སོང་ཆོག་པ་སྟེ། གསུམ་པོ་འདི་གནང་ན་རིམ་གྲོ་བགྱིད་པར་སྤྲོ་འོ། །ཞེས་ཞུས་སོ། །དེ་ནས་འཕགས་པ་མོོངྒལ་གྱི་བུས། ཀུན་དགའ་བོའི་ཞུ་ཚིག་དེ་སྟོན་པ་ལ་གསོལ་པས།
བཀའ་བསྩལ་པ། ཀུན་དགའ་བོ་ནི་མཁས་པ་ཡིན་ཏེ། སྔ་མ་གཉིས་ནི། གོས་དང་ཟས་ཀྱི་ཕྱིར་རིམ་གྲོ་བ་བྱས་སོ་ཞེས་ཁ་ཟེར་བ་སྤང་བའི་ཕྱིར་དང་། ཕྱི་མ་ནི་གཞན་དག་གིས་དུས་དང་དུས་མིན་སོགས་ཤེས་པ་དང་། བཀའ་སྩལ་པ་འཛིན་ཅིང་རང་གི་དོན་མི་བསམ་པའི་ཕྱིར་ཟིན་པས། དེ་གསུམ་གནང་གི་རིམ་གྲོ་བར་གྱུར་ཏོ། །དེ་ཡང་འཕགས་པ་ཀུན་དགའ་བོ་ནི། ཆོས་མཉན་པ་ན་དད་པས་བསམ་པ་གཅིག་ཏུ་བསྡུས་པས། སྤྱི་བོར་ཕོལ་མིག་བྱུང་བ་འཚོ་བྱེད་ཀྱིས་བྲད་པ་ཡང་མ་ཚོར་རོ། །ཚེ་རབས་ལྔ་བརྒྱར་མཚན་མའི་བསྟན་བཅོས་དྲུག་ཁྲི་བསླབས་པས། རྟགས་དང་མཚན་མ་རྟོག་པ་ལ་ཤིན་ཏུ་མཁས་ཤིང་གསལ་ལ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་གསུངས་སོ། །གཞན་ཡང་། བཅོམ་ལྡན་འདས་ཡང་དག་པར་འཇོག་པ་ལ་བཞུགས་པ་དང་། བཞེངས་པ་དང་། ཏིང་ངེ་འཛིན་གྱི་གནས་པ་གང་ལ་གནས་པ་ཡང་འཕགས་པ་ཀུན་དགའ་བོས་ཤེས་ཏེ། ངོ་མཚར་རྨད་དུ་བྱུང་བའི་ཆོས་གཅིག་ཡིན་ནོ།།
ཡང་། ཡུལ་ཀོོ་ཤམ་བྷི་ཞེས་པ་ན་ཁྱིམ་བདག་ནོར་བཟང་ཞེས་བྱ་བ་ཞིག་རྐ་བ་ཁོ་ནས་འགྲོ་ཞིང་ལས་ཀྱི་མཐའ་ལ་བརྩོན་པ་ལས། རྒྱལ་པོ་ཤར་པས་དེའི་སྐད་ཀྱི་གདངས་ལས་གསེར་སྲང་འབུམ་ཡོད་པར་ཤེས་ནས། མིང་ལ་གདངས་ཅན་ཞེས་བཏགས་ཤིང་བློན་པོར་བསྐོས་སོ། །དུས་ལན་ཅིག་རྒྱལ་པོས་དེའི་སེམས་བརྟགས་པའི་ཆེད་དུ་ཆད་པས་བསྡིགས་ཀྱང་། མི་རིགས་པའི་ལས་ལ་མི་འཇུག་པས། རྒྱལ་པོ་གཏིང་ནས་མགུ་སྟེ། དམ་པ་ཅི་དགོས་ཞེས་དྲིས་པ་ན།
བདག་ཅི་དགར་བསོད་རྣམས་དག་བགྱིད་པར་བསྩལ་དུ་གསོལ་ཅེས་པས། རྒྱལ་པོས་ཀྱང་གནང་ངོ་།།
དེའི་ཚེ་ལྷོ་ཕྱོགས་ནས་དྲང་སྲོང་ལྔ་བརྒྱ་ཡུལ་དབུས་སུ་འོངས་པ་དང་ལྷན་ཅིག་མཉན་ཡོད་དུ་ཕྱིན་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སྨྲས་པ༑
རྒྱལ་ཆེན་རིགས་བཞི་པའི་ལྷ་གཅིག་གིས། བདག་གིས་སྔོན་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་བསྙེན་གནས་ཀྱི་སྡོམ་པ་བླངས་ཏེ། ཡན་ལག་གཞན་རྣམས་བསྲུང་ཐུབ་ཀྱང་། གཞན་གྱིས་ནན་ཏན་ཆེན་པོས་ཟར་བཅུག་པས། དུས་མིན་གྱི་ཁ་ཟས་བསྲུང་མ་ཐུབ་སྟེ། བསྙེན་གནས་ཡན་ལག་བརྒྱད་པ་དེ་མ་རལ་ན་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེ་བ་ཟིན་པ་ལ། བསྙེན་གནས་རལ་བ་དེས་རྒྱལ་ཆེན་རིགས་ཞིབ་པའི་ལྷར་སྐྱེས་སོ། །ཞེས་ཟེར་བས། བདག་ཅག་གིས་ཀྱང་བསྙེན་གནས་ཡན་ལག་བརྒྱད་པ་ལེན་པར་འདོད་དོ་ཞེས་པས།
མགོན་མེད་ཟས་སྦྱིན་གྱིས། ཁྱེད་རྣམས་ཀྱིས་ང་ལས་བསྙེན་གནས་ལེན་ནམ། བཅོམ་ལྡན་འདས་ལས་ལེན་ཞེས་དྲིས་པ་ལ།
དེ་རྣམས་ཀྱིས་སླར་དྲིས་པ། ཁྱིམ་བདག་ཉིད་ཀྱིས་སུ་ལས་བླངས།
དེས་སྨྲས་པ། བདག་གིས་བཅོམ་ལྡན་འདས་ལས་སོ།།
འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་ལས་སོ་ཞེས་པས། མགོན་མེད་ཟས་སྦྱིན་གྱིས་དེ་རྣམས་ལ་ཆོས་བསྟན་པས། གདངས་ཅན་གྱིས་རྒྱུན་ཞུགས་ཐོབ་ཅིང་། དྲང་སྲོང་ལྔ་བརྒྱ་པོ་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་མི་རིང་བར་དགྲ་བཅོམ་ཐོབ་བོ། །དེ་ནས་ཁྱིམ་བདག་གདངས་ཅན་གྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཡུལ་ཀོོ་ཤམ་བྷིར་གཤེགས་སུ་གསོལ། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིའོ། །ཞེས་ཞུས་སོ། །དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་ཁྱིམ་བདག་གདངས་ཅན་དང་ལྷན་ཅིག་མངགས་ཏེ་སོང་ངོ་། །གནས་རྒྱལ་བྱེད་ཚུལ་དང་འདྲ་བ་ཞིག་ཏུ་གཙུག་ལག་ཁང་ཡང་དེ་དང་ཕྱོགས་འདྲ་བ་ཞིག་བརྩིགས། བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་སྤྱན་དྲངས། གཙུག་ལག་ཁང་དེ་ཡང་ཕུལ་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་པ་དུ་མས་མཆོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་སྐུལ་བྱེད་ལ། རྫས་ལས་བྱུང་བའི་བསོད་ནམས་བདུན་དང་། རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་ཀྱི་གཞི་ཆེན་པོ་བདུན་གསུངས་སོ། །དེ་ཡང་ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་ཡུལ་ཀོོ་ཤམ་བྷི་ན་དབྱངས་ལེན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་སྐུལ་བྱེད་བཅོམ་ལྡན་འདས་ག་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།།
བཙུན་པ། རྫས་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོན་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་གདགས་པ་མཆིས་ལགས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྐུལ་བྱེད་ཡོད་དོ། །བདུན་པོ་འདི་དག་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ། ཕན་ཡོན་ཆེ་བ། གཟི་བརྗིད་ཆེ་བ་། རྒྱ་ཆེ་བ་ཡིན་ཏེ། དེ་དག་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ནི། རྒྱུ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། མི་ཉལ་ཡང་རུང་སྟེ། རྟག་ཏུ་རྒྱུན་མི་འཆད་པར་བསོན་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་རོ། །བདུན་གང་ཞེ་ན། སྐུལ་བྱེད་འདི་ན་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བར་བྱེད་དེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ཕན་ཡོད་ཆེ་བ་གཟི་བརྗིད་ཆེ་བ་རྒྱ་ཆེ་བ་དང་པོ་ཡིན་ཏེ། དེ་དང་ལྡན་པའི་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི། རྒྱུ་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་མི་ཉལ་ཡང་རུང་སྟེ། རྟག་ཏུ་རྒྱུན་མི་འཆད་པར་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་ཞིང་། བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ། །ཞེས་པ་ནས། དེ་བཞིན་དུ་ཀུན་དགའ་ར་བ་དེ་ཉིད་དུ་གཙུག་ལག་ཁང་རྩིག་པ་དང་། མལ་ཆ་དང་སྟན་འབུལ་བ་དང་། འཚོ་བ་ནར་མ་འབུལ་བ་དང་། མགྲོན་པོ་གློ་བུར་དུ་འགྲོ་འོང་བྱེད་པ་ལ་སྦྱིན་པ་གཏོང་བ་དང་། ནད་པ་དང་ནད་གཡོག་ལ་སྦྱིན་པ་གཏོང་བ་དང་། རླུང་དང་ཆར་བ་ལ་སོགས་པ་ཡུལ་ངན་བྱུང་བའི་ཚེ་གཙུག་ལག་ཁང་གི་ནང་དུ་བསོད་སྙོམས་འབུལ་བ་ཞེས་བྱ་བ་དྲུག་ལའང་སྦྱར་ནས་རྒྱས་པར་གསུངས་སོ།།
ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། རྫས་ལས་བྱུང་བ་མ་ལགས་པའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་ནས་རྒྱ་ཆེ་བའི་བར་གདགས་སུ་མཆིས་པ་ལགས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྐུལ་བྱེད་ཡོད་དོ། །སྐུལ་བྱེད་བདུན་པོ་འདི་དག་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་ཡིན་ཏེ། དེ་དག་དང་ལྡན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ནི། རྒྱུ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། མི་ཉལ་ཡང་རུང་སྟེ། རྟག་ཏུ་རྒྱུན་མ་འཆད་པར་བསོད་ནམས་མངོན་པར་འཕེལ་བ་ཁོ་ནར་འགྱུར་རོ། །བདུན་གང་ཞེ་ན། སྐུལ་བྱེད་འདི་ན་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་ཉན་ཐོས། གྲོང་ངམ། ཞིང་ཆེ་གེ་མོ་ཞིག་ན་རྟེན་ཀྱང་བཞུགས་སོ། །ཞེས་ཐོས་ཤིང་། ཐོས་ནས་ཀྱང་དགའ་བ་དང་། རབ་ཏུ་དགའ་བ་རྒྱ་ཆེ་བ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་སྟེ། སྐུལ་བྱེད། འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་དང་པོ་ཡིན་ནོ། །ཞེས་པ་ནས། བསོད་ནམས་ཉེ་བར་སྐྱེ་བ་ཁོ་ནར་འགྱུར་རོ། །ཞེས་བྱ་བའི་བར་སྔ་མ་བཞིན་དུ་གསུངས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་ཚུར་གཤེགས་པར་རྩོམ་པ་དང་། ལམ་དུ་ཞུགས་པ་དང་། ཉེ་བའི་གྲོང་དང་གྲོང་ཁྱེར་དུ་ཕྱིན་པ་དང་། ལྟ་བའི་ཕྱིར་འགྲོ་ཞིང་མཐོང་བ་དང་། ཆོས་ཐོས་པ་དང་། དཀོན་མཆོག་གསུམ་ལ་སྐྱབ་སུ་འགྲོ་བ་དང་། བསླབ་པའི་གནས་འཛིན་པ་ན་དགའ་བ་དང་། རབ་ཏུ་དགའ་བ་རྒྱ་ཆེ་བ་དགེ་བ་ངེས་པར་འབྱུང་བ་དང་ལྡན་པ་ཐོབ་སྟེ། སྐུལ་བྱེད་འདི་ནི་རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་བྱ་བའི་དངོས་པོ་འབྲས་བུ་ཆེ་བ་བདུན་པ་ཡིན་ནོ། །ཞེས་གསུངས་ཏེ། ཇི་སྐད་དུ། ཀུན་དགའ་ར་བ་གཙུག་ལག་ཁང་། མལ་སྟན་འཚོ་བ་ནར་མ་དང་། གློ་བུར་ནད་པ་ནད་གཡོག་དང་། ཡུལ་ངན་བྱུང་ཚེ་སྦྱིན་པ་ནི། རྫས་ལས་བྱུང་བའི་བསོད་ནམས་བདུན། །བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང་། ཕྱིན་པ་ཐོས་དང་མཐོང་བ་དང་། །ཆོས་ཐོས་བསླབ་པའི་གཞི་འཛིན་ལ། །དགའ་དང་དད་པ་བསྐྱེད་པ་ནི། །རྫས་ལ་མ་ལྟོས་བསོད་ནམས་བདུན། །ཞེས་སྔོན་གྱི་མཁས་པ་དག་གིས་སྡོམ་དུ་མཛད་པ་ལྟར་རོ།།
གཞན་ཡང་མདོ་ལས། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། ཁ་ཅིག་ནི་སྦྱིན་པ་པོར་གྱུར་ཏེ། དགེ་སྦྱོང་ངམ། བྲམ་ཟེ་དང་སྙིང་རྗེ་བ་དང་སློང་བ་དང་ལམ་དུ་ཞུགས་པ་དག་ལ་འདི་ལྟ་སྟེ། ཟས་དང་སྟོན་མོ་དང་གོས་དང་ཕྲེང་བ་དང་དྲི་དང་བྱུག་པ་དང་ཁྲི་དང་སྒྲོན་མ་དག་སྦྱིན་པར་བྱེད་པ་སྟེ། ཞེས་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། འདི་ན་ཁ་ཅིག་སྲོག་གཅོད་པ་སྤོང་ཞིང་སྲོག་གཅོད་པ་ལས་ལོག་པ་དང་ཞེས་པ་ནས། བག་མེད་པའི་གནས་ལས་ལོག་པར་གྱུར་པའོ། །ཞེས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཞེ་ན། འདི་ན་ཁ་ཅིག་བྱམས་པ་དང་ལྷན་ཅིག་པར་གྱུར་པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་ཐམས་ཅད་དུ་ཁྱབ་པ་ཚད་མེད་པ་ལེགས་པར་བསྒོམ་པས་ཕྱོགས་གཅིག་ཏུ་རྒྱས་པར་ཁྱབ་པར་བྱས་ནས་བསྒྲུབས་ཏེ་གནས་སོ། །ཞེས་དང་། ཐོག་མ་ཐ་མར་བདེ་འགྱུར་བའི། །ཆོས་ཉིད་རྗེས་སུ་བསླབ་པར་བྱ། །སྦྱིན་པ་དང་ནི་ཚུལ་ཁྲིམས་དང་། །བྱམས་པའི་སེམས་ནི་བསྒོམ་པར་བྱ༑༑ ཆོས་གསུམ་དག་ནི་བསྒོམ་བྱས་ནས། །རྟག་ཏུ་བདེ་བ་ཐོབ་ཅིང་ལྡན། །མཁས་པ་གནོད་མེད་བདེ་བ་ཡི། །འཇིག་རྟེན་དག་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་ཤིང་། ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པའི་མདོ་ལས་ཀྱང་། གང་ཟག་རྣམ་པ་གསུམ་ལ་སྦྱིན་པ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་དང་། ཕ་མ་དང་། ནད་པ་རྣམས་སོ། །ཞེས་དང་། གང་གིས་ཐེག་པ་ཆེན་པོའི་དེ་བཞིན་གཤེགས་པའི་སྙིང་པོ་འཁོར་མང་པོ་ལ་ཡང་དག་པར་བསྒྲགས་ནས་སེམས་ཅན་གྱི་མིག་འབྱེད་པའི་ཆོས་སྨྲ་བ་ལ་སྦྱིན་པ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་འཐོབ་པར་འགྱུར་རོ། །ཞེས་བཀའ་བསྩལ་ཏོ།།
སྨྲས་པ། རྒྱ་ཆེན་ཚོགས་གཉིས་འཆི་མེད་ར་བ་ན། །སྲིད་ཞིའི་འདོད་འཇོ་དགེ་ལེགས་རིན་ཆེན་གཏེར། །དཔག་མེད་སྲིད་གསུམ་གྲོལ་པའི་ཡལ་ག་རྒྱས། །སྟོན་པ་དཔག་བསམ་ལྗོན་པ་དེ་ལ་འདུད། །དགྲ་བཅོམ་ཆེན་པོ་ཀོོཎྜི་ནྱ་དང་། སྤྱོད་ལམ་མཆོག་གྱུར་འཕགས་པ་རྟ་ཐུལ་སོགས། །ཐུབ་པའི་གསུང་སྐྱེས་དགེ་འདུན་དཀོན་མཆོག་གི། ཐོག་མར་བྱོན་ང་ལྔ་སྡེ་བཟང་པོར་གྲགས། །འབབ་ཆུ་གནོད་པ་ཅན་གྱི་ཆུ་འགྲམ་དུ། །གྲགས་པ་དྲི་མེད་གང་པོ་བ་ལང་བདག། ལག་བཟང་རྣམས་ནི་ཚུར་ཤོག་བསྙེན་པར་རྫོགས། སྐུ་མཆེད་རྣམས་ལ་ཉེ་བའི་ལྔ་སྡེར་གྲགས། །ལྟེང་རྒྱས་འོད་སྲུངས་ཆུ་ཀླུང་འོད་སྲུངས་དང་། །ཀ་ཡ་འོད་སྲུངས་འཁོར་བཅས་རལ་བ་ཅན། །སྟོང་གིས་དགྲ་བཅོམ་ཐོབ་ཚེ་བཅོམ་ལྡན་འདས། །ལྷུན་པོ་གསེར་རི་སྟོང་གིས་སྐོར་བ་བཞིན། །འཇིག་རྟེན་ཀུན་གྱི་ཤེས་རབ་ཐམས་ཅད་ཀྱིས། །གང་གི་བཅུ་དྲུག་ཆར་ཡང་མི་ཆོག་གསུངས། །སྤོབས་པ་ཆེན་པོའི་མཆོག་ཏུ་ལུང་བསྟན་པ། །རྒོལ་ངན་ཚར་གཅོད་འཕགས་པ་ཤཱ་རིའི་བུ། །ཞབས་གཡས་མཐེ་བོས་ལྷ་དབང་བརྒྱ་བྱིན་གྱི། །རྣམ་པར་རྒྱལ་བའི་ཁང་བཟང་ལན་གསུམ་བསྒུལ། །འོད་ཟེར་ཅན་དུ་ཉིན་མཚན་བདུན་གྱིས་གཤེགས། །རྫུ་འཕྲུལ་མཆོག་གྱུར་འཕགས་པ་མོོ་འགལ་བུ། །ཁྱོད་ནི་སྟོབས་བཅུ་མངའ་བའི་རྒྱལ་ཚབ་ཏུ། །སྟོན་པ་ཉིད་ཀྱིས་དབང་བསྐུར་བསྟན་པ་གཏད། །སྦྱངས་པའི་མཆོག་ཏུ་ལུང་བསྟན་པས། །ཐུབ་དབང་གཉིས་པ་འོད་སྲུངས་ཆེན་པོའོ། །ཁྱོད་ཀྱི་ཞབས་ལ་ཤཱཀྱ་བཟང་ལྡན་གྱིས། །ཕྱག་བྱས་ས་ཆེན་རྣམ་པ་དྲུག་ཏུ་གཡོས། །འདུལ་བ་འཛིན་པའི་མཆོག་ཏུ་ལུང་བསྟན་པ། །བྲམ་ཟེའི་བུ་མོ་ལྟ་བུ་ཉེ་བར་འཁོར། །རྟ་ཐུལ་དྲུང་དུ་བསྙེན་རྫོགས་དགྲ་བཅོམ་ཐོབ། །སོར་མོ་དག་ལས་མུན་སེལ་སྣང་བ་སྤྲོ། །གནས་མལ་འབོགས་པའི་མཆོག་ཏུ་ལུང་བསྟན་པ། །སངས་རྒྱས་འདྲ་བའི་འཕགས་པ་གྱད་བུ་ནོར། འཕགས་རྒྱལ་གྲོང་དུ་སྟོན་པའི་རྒྱལ་ཚབ་མཛད། །མ་འོངས་ལུང་བསྟན་ཡམས་ནད་ཞི་བ་སོགས། །ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་མང་། །མཐའ་འཁོབ་འདུལ་མཛད་ཀཱ་ཏ་ཡཱ་ན་འོ། །གྲོང་ཁྱེར་སློབ་མ་ཅན་དུ་བཅོམ་ལྡན་འདས། །སྤྱན་འདྲེན་མཆོད་རྫས་རྒྱལ་བྱེད་ཚུལ་དུ་སླེབས། །ཙན་དན་མཆོག་གི་ཀུན་དགའ་ར་བ་བཞེངས། །རྫུ་འཕྲུལ་སྟོབས་ལྡན་བྱམས་མའི་བུ་གང་པོ། །བཅོམ་ལྡན་འདས་ལ་རིམ་གྲོ་ཡུན་རིང་མཛད། །གསུང་རབ་ཡན་ལག་བཅུ་གཉིས་ཁྱོད་ལ་གཏད། །མང་དུ་ཐོས་པའི་མཆོག་ཏུ་ལུང་བསྟན་པ། །བསྟན་པའི་མངའ་བདག་གཉིས་པ་ཀུན་དགའ་བོ། །རྒྱལ་བྱེད་ཚལ་བཞེངས་བདེར་གཤེགས་འཁོར་བཅས་ལ། །བསྙེན་བཀུར་ཞུས་ཏེ་བསྟན་པ་རྒྱས་པར་མཛད། །རིན་ཆེན་འབྱུང་གནས་ས་འོག་གཏེར་ཡང་མཐོང་། །ཡོན་གྱི་བདག་པོ་མགོན་མེད་ཟས་སྦྱིན་ནོ། །ཨེ་མ་ཐུགས་རྗེ་ཅན་དང་དེ་ཡི་སྲས། །ཟག་པ་ཀུན་ཟད་རིག་དང་ཞབས་སུ་ལྡན། །འཕགས་པའི་ཚོགས་ཀྱིས་འགྲོ་དོན་མཛད་པའི་ཚུལ། །བསམ་གྱིན་སྙིང་ནས་དད་པས་ཕྱག་བགྱིའོ།།