གནས་ཡུལ། མདུན་ངོས། རྣམ་ཐར།
 
 
༡༠.ཆོས་ཀྱི་འཁོར་ལོ་གཉིས་པ་སྐོར་བ།
སྤེལ་དུས།2008-08-21   ཡོང་ཁུངས་།   རྩོམ་པ་པོ།

          དེ་ནས་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་པ་ནི། བསྟོད་པ་ལས། ས་ཆེན་རབ་གཡོ་ལྟས་ཆེན་བཅོ་བརྒྱད་བཅས། །བྱ་རྒོད་ཕུང་པོའི་རི་བོར་རྒྱལ་བའི་ཡུམ། །ཟབ་དང་རྒྱ་ཆེ་ཕ་རོལ་ཕྱིན་པ་ཡི། །ཆོས་འཁོར་གཉིས་པ་བསྐོར་ལ་ཕྱག་འཚལ་ལོ།།ཞེས་སྨྲས་སོ།།

       ཆོས་ཀྱི་འཁོར་ལོ་བར་པ་བསྐོར་བའི་དུས་ལ་བཤད་ཚུལ་དུ་མ་ཡོད་ཀྱང་། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགུང་གྲངས་ལྔ་ཅུ་རྩ་གཅིག་པ་ལྕགས་ཕོ་ཁྱི་ཡི་ལོར་ཆོས་འཁོར་གཉིས་པ་བསྐོར་པར་གངས་ཅན་གྱི་མི་དབང་ཆེན་པོ་སོགས་ཀྱིས་གསུངས་ལ། འདིར་ནི་འཕགས་པ་ཀུན་དགའ་བོ་ངེས་པར་འབྱུང་དང་། འཕགས་པ་རབ་འབྱོར་གྱིས་དགྲ་བཅོམ་ཐོབ་པའི་དུས་སོགས་ཐུན་མོང་བའི་མཛད་པ་ཉིད་གཙོ་བོར་བྱས་སོ། །ཤེས་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་པའི་ཚེ། ནམ་མཁའ་ནས་ལྷའི་བུ་རྣམས་ཀྱིས། ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་སྐོར་བར་མཐོང་ངོ་། །ཞེས་ཆེད་དུ་བརྗོད་པའང་མཛད་དོ། །ཆོས་འཁོར་གཉིས་པ་གང་དུ་བསྐོར་པའི་གནས་དང་། ཚུལ་ཇི་ལྟར་བསྐོར་པ་སོགས་ནི། བརྒྱད་སྟོང་འགྲེལ་ཆེན་ལས། དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་བའི་ཡུམ་སྟོན་པ་ལ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོའི་ཁུར་ཡུལ་གཞན་གྱིས་འདེགས་པར་མི་ནུས་པ་ཉིད་ཀྱིས། །མངོན་པར་བྱང་ཆུབ་པའི་གནས་དང་འདྲ་བར་འདོད་པར་བྱ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕུང་པོར་གྱུར་པ་ཡོད་པ་གང་ཡིན་པ་དེ་ནི་བྱ་རྒོད་ཀྱི་ཕུང་པོའོ། །ལྷ་ལ་སོགས་པ་བསོད་ནམས་འདོད་པ་རྣམས་ཚེས་བརྒྱད་ལ་སོགས་པའི་དུས་ཚིགས་རྣམས་སུ་འདུ་བ་རྒྱ་ཆེར་བྱེད་པ་ཞེས་བྱ་བའི་ངེས་ཚིག་གི་ཚུལ་གྱིས་ན་རིའོ། །ཞེས་དང་། འདོད་པ་ཆུང་བ་ལ་དགྱེས་པའི་ཕྱིར་བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཀྱི་གདན་བཤམས་ནས། མདོ་སྡེ་རིན་པོ་ཆེ་འདི་ནི་མཉམ་པར་བཞག་པ་ཉིད་ཀྱིས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཤིན་ཏུ་རྐྱོང་བ་ལ་སོགས་པའི་ཉེས་པ་དང་བྲལ་བ་ཉིད་ཀྱིས་རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་སྐྲུ་དྲང་པོར་བཞུགས་ནས། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་པ་སྔོན་དུ་འགྲོ་བས། ཤངས་ཀྱི་རྩེ་མོར་སྤྱན་གཏད་དེ་དྲན་པ་རྩེ་གཅིག་ཏུ་མངོན་དུ་ཕྱོགས་པར་མཛད་ནས། ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་ཏེ་བཞེངས་སོ། །དེ་ནས་བྱམས་པ་དང་སྙིང་རྗེའི་སྤྱན་དག་གིས་འཇིག་རྟེན་འདི་དག་སྡུག་བསྔལ་གྱིས་གཟིར་བ་ལ་ཡང་དག་པར་གཟིགས་ཏེ། བསྟན་པ་འདི་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས་སྐལ་བ་ཇི་ལྟ་བ་བཞིན་ཀུན་ཏུ་འགྲོ་ཞིང་སངས་རྒྱས་ཉིད་ཀྱི་མཐར་ཐུག་པར་བྱེད་པའི་འབྲས་བུ་ཅན་ཡིན་ནོ་ཞེས་གདུལ་བྱ་རྣམས་ཀྱིས་རྟོགས་པར་མཛད་པས། ཅི་རིགས་པར་སྐུའི་ཡན་ལག་དང་ཉིང་ལག་རྣམས་དང་། བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དྲུག་ཅུ་དྲུག་ཅུ་དང་རང་བཞིན་གྱི་འོད་འཕྲོས་པས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བ་ཆེན་པོས་ཁྱབ་པར་མཛད་ཅིང་། དེ་དོན་དུ་གཉེར་བའི་སྐྱེ་བོ་བསྡུ་བའི་ཕྱིར། ཡུམ་སྟོན་པའི་ལྟས་ཐོགས་པ་མེད་པ་སྟོན་པར་མཛད་དོ། །དེའི་འོག་ཏུ་དེ་བཞིན་དུ་འཁོར་གྱི་འཇིགས་པ་ལ་སོགས་པ་འཇིགས་པ་ཐམས་ཅད་དང་བྲལ་བས། སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གནས་མི་གཙང་བ་དང་། ཉན་པ་པོ་ཀུན་རྫོབ་དང་དོན་དམ་པའི་དབྱེ་བ་ལ་མི་མཁས་པ་ལ་རྒྱལ་བའི་ཡུམ་བསྟན་པར་མི་བྱའོ་ཞེས་ཆོས་སྨྲ་བ་རྣམས་ལ་གོ་བར་བྱ་བའི་ཕྱིར། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱ་བ་མངོན་པར་འདུ་བར་མཛད་དེ། གང་གིས་ལྟས་ཆེན་པོ་བཅོ་བརྒྱད་སྔོན་དུ་འགྲོ་བ་དང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་བསྡུས་པའི་མི་ཁོམ་པ་བརྒྱད་རྣམ་པར་བསལ་བས་གནས་ཡོངས་སུ་སྦྱངས་པས། དེ་ན་གནས་པའི་སེམས་ཅན་རྣམས་ལྷ་དང་མི་དང་སྐལ་བ་མཉམ་པར་སྐྱེས་ནས། སྐྱེ་བ་དྲན་ཏེ། དགའ་བ་དང་། རབ་ཏུ་དགའ་བས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་སོང་བ་སྔོན་དུ་འགྲོ་བ་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་འདུད་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་ལོང་བར་གྱུར་པ་སོགས་པའི་ཉེས་པ་དང་བྲལ་ཞིང་། དགེ་བ་བཅུའི་ལམ་ལ་གནས་པ་དང་། ཚངས་པའི་གནས་པ་བཞི་ལ་མངོན་པར་དགའ་ཞིང་། བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་ཐོབ་པས། རྒྱལ་བའི་ཡུལ་མཉན་པའི་སྣོད་དུ་གྱུར་པས་འདི་ལྟ་བུའི་རང་བཞིན་གྱི་ཤེས་རབ་དང་ཡང་དག་པར་ལྡན་པར་གྱུར་ཏེ། འདི་ལྟར་སྦྱིན་པ་ནི་ལེགས་པའོ། །དུལ་བ་ནི་ལེགས་པའོ། །ཞི་བ་ནི་ལེགས་པའོ། །སྲོག་ཆགས་སུ་གྱུར་པ་རྣམས་ལ་མི་འཚེ་བ་ནི་ལེགས་པའོ། །ཞེས་བྱ་བའི་ཆེད་དུ་བརྗོད་པ་གང་ཡིན་པ་འདི་ཡང་ཆེད་དུ་བརྗོད་དོ། །ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་རྣམ་པ་གཉིས་སོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཤེས་བྱ་མཐའ་དག་ལ་མངའ་བརྙེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྟོན་པར་སྤྱོད་དོ་ཞེས་སྟོན་པར་མཛད་པས། གདུལ་བྱ་རྣམས་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་སྔ་མ་བཞིན་དུ་འོད་དང་སྐུ་མདོག་དང་གཟི་བརྗིད་དང་དཔལ་གྱིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་མནན་ནས། གོ་རིམ་བཞིན་དུ་མཛེས་ཤིང་ལྷམ་མེ་ལྷན་ནེ་ལྷང་ངེ་སྟེ། དཔེར་ན། རིའི་རྒྱལ་པོ་རི་རབ་ཀྱིས་རི་བོ་ཐམས་ཅད་ཟིལ་གྱིས་མནན་པ་ལྟ་བུར་མཛད་པར་གྱུར་ཏོ། །དེ་བཞིན་དུ་འདི་ལྟ་བུ་ཉིད་ཀྱིས་འདི་ཐུགས་སུ་ཆུད་པ་དང་སྟོན་པར་སྤྱོད་ཀྱིས། བདག་ཅག་ལྟ་བུས་ནི་མ་ཡིན་ནོ་ཞེས་གདུལ་བྱ་རྣམས་འབད་པ་མི་བྱེད་པར་འགྱུར་དུ་འོང་བས། དེའི་ཕྱིར་མིར་གྱུར་པ་ཁོ་ནས་ཐམས་ཅད་བསྒྲུབ་པར་ནུས་སོ་ཞེས་སྤྲོ་བ་ཡང་དག་པར་བསྐྱེད་པའི་དོན་དུ། འཇིག་རྟེན་གྱི་ཁམས་འདིའི་སེམས་ཅན་རྣམས་ཀྱི་ལུས་དང་མཉམ་པ་རང་བཞིན་གྱི་སྐུ་ཐ་མལ་བ་བསྟན་ཏོ། །དེ་ནས་རབ་ཏུ་དང་བ་ཁྱད་པར་ཅན་སྐྱེས་པར་གྱུར་པའི་ལྷ་དང་མི་ཡང་དག་པའི་དོན་སྒོམ་པ་གོམས་པ་ལས་དུས་གཞན་དུ་འདི་ལྟ་བུའི་བདག་ཉིད་ཀྱི་ཆོས་རྟོགས་པར་མཐོང་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མེ་ཏོག་ལ་སོགས་པས་མཆོད་པ་ནི། ཇི་ལྟར་ཕུལ་པ་ཡོངས་སུ་ལོངས་སྤྱད་པ་དང་། དེ་བཞིན་དུ་ལེགས་པར་བསྔོས་པའི་དངོས་པོ་ཡོངས་སུ་ལོངས་སྤྱོད་པ་ལས་སེམས་དང་བས་བསོད་ནམས་མངོན་པར་སྤེལ་བ་དང་། ལུས་ལ་སོགས་པ་ཤིན་ཏུ་སྦྱངས་པས་གདུལ་བྱ་རྣམས་ལ་ཡེ་ཤེས་ཀྱི་ཚོགས་བདེ་བར་བསྐྱེད་པར་འགྱུར་རོ་སྙམ་ནས་རྗེས་སུ་བཟུང་བའི་དོན་དུ། མེ་ཏོག་ལ་སོགས། དེ་དག་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས། ཉིད་ཀྱི་དབུའི་སྟེང་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཚད་ཙམ་པའི་ཁང་བ་བརྩེགས་པ་རྒྱན་ཐམས་ཅད་ཀྱིས་མཛེས་ཤིང་འཇིག་རྟེན་གྱི་ཁམས་འདི་ཤིན་ཏུ་མཛེས་པར་བྱེད་པའི་རང་བཞིན་དུ་བྱིན་གྱིས་བརླབས་ནས། བདག་ཏུ་རློམ་པའི་བག་ཆགས་མ་སྤངས་པ་རྣམས་ལ། གཅིག་ལ་མངོན་པར་དམིགས་ཏེ་ཆོས་སྟོན་པར་མཛད་ན། ཡིད་མི་བདེ་བ་ལ་སོགས་པས་ཡང་དག་པར་འཇུག་པར་མི་འགྱུར་རོ་སྙམ་པས་སྔ་མ་བཞིན་དུ། རྣམ་པ་ཐམས་ཅད་དུ་འཛིན་པ་ལ་སོགས་པའི་དོན་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་འཇུག་ཀྱང་། ཕྱིས་སྐལ་བ་ཇི་ལྟ་བ་བཞིན་དུ་མྱང་བ་དང་། རིང་ཞིག་ལོན་པའི་དབྱེ་བས་ལ་ལ་ཞིག་རྟོགས་པར་ལུང་བསྟན་པ་ལ་སོགས་པ་ལ་རྗེས་སུ་ཆགས་པ་ལ་སོགས་པར་སྒྲོ་འདོགས་པ་སྔོན་དུ་འགྲོ་བ་ཅན་ངེད་ལ་སེམས་གཞན་དུ་བྱ་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་མདུན་དུ་བདེ་བར་གཤེགས་པའི་རྒྱལ་པོས་ཆོས་རྣམ་པ་ཐམས་ཅད་སྟོན་པ་ལྷུར་མཛད་པའི་བདག་གི་སྐུ་མཉམ་པར་བསྟན་པ་ཞེས་བྱ་བ་ནི། རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་གཉིས་སོ། །དེའི་འོག་ཏུ་ཀུན་ནས་ཉོན་མོངས་པའི་འཇིག་རྟེན་ཁམས་སུ་འཁྲུངས་པའི་ཕྱིར་དང་། ཤེས་རབ་ལ་སོགས་པ་ཕུལ་དུ་བྱུང་བ་ཡང་སྲིད་པའི་ཕྱིར་བཅོམ་ལྡན་འདས་འདི་ནི་སངས་རྒྱས་ཐམས་ཅད་དང་རྣམཔ་ཐམས་ཅད་དུ་འགྲོ་བའི་དོན་མཛད་པ་ལ་མཉམ་པ་མ་ཡིན་ནོ། །ཞེས་སྐྱེ་བོ་བློ་དམན་པ་རྣམས་ཀྱི་དོགས་པ་སེལ་བས། འཇུག་པ་དང་ཚོགས་རྫོགས་པ་མཚུངས་པའི་བྱང་ཆུབ་སེམས་དཔའ་རྣམས་སོ་སོའི་སངས་རྒྱས་ཀྱི་ཞིང་དུ། བླ་ན་མེད་པར་ཡང་དག་པར་རྫོགས་པར་འཚང་རྒྱ་བ་སྲིད་པས་སངས་རྒྱས་ཐམས་ཅད་དང་ལྷན་ཅིག ཚོགས་དང་ཆོས་སྐུ་དག་དང་ནི། །འགྲོ་བའི་དོན་དུ་སྤྱོད་པར་ནི། །སངས་རྒྱས་ཐམས་ཅད་མཉམ་པ་སྟེ། །སྐུ་ཚེ་རིགས་དང་ཚད་ཀྱིས་མིན། །ཞེས་བདག་ཉིད་མཚུངས་པར་བསྟན་པ་དང་། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྐྱེ་བར་སྨོན་ལམ་བཏབ་པའི་རང་གི་གདུལ་བྱའི་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་རབ་མདོ་སྡེ་རིན་པོ་ཆེ་མ་ལུས་པར་ཕྱིན་ཅི་མ་ལོག་པར་བསྟན་པས། ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཐབས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་འཛུམ་པ་མཛད་དེ། གང་གི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་མི་མཉམ་པ་ཉིད་ཀྱི་ཐེ་ཚོམ་གྱིས་ས་བོན་རྣམ་པ་ཐམས་ཅད་དུ་དྲུངས་ཕྱུང་བར་གྱུར་པ་ཐམས་ཅད་ཀྱི་ཕན་ཚུན་ནས་ཕན་ཚུན་གྱི་འཇིག་རྟན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་འཁོར་གྱི་དཀྱིལ་འཁོར་གྱི་ཚོགས་དང་བཅས་པ་རྣམས་མཐོང་ནས་མཚུངས་པ་ཉིད་དུ་རྟོགས་པ་དང་། དེ་བཞིན་དུ་སྣང་བ་ཆེན་པོ་ལ་སོགས་པའི་ལྟས་མཐོང་བ་སྔོན་དུ་འགྲོ་བས། རང་གི་བླ་མ་ལ་མ་ཞུས་པར་བབ་ཅོལ་དུ་འགྲོ་བ་ནི་མི་རིགས་སོ་སྙམ་ནས། དེའི་དོན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐད་དུ་སོང་སྟེ། ཞབས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཉིད་ཀྱིས། བཅོམ་ལྡན་འདས་སྣང་བ་ཆེན་པོ་འཇིག་རྟེན་དུ་བྱུང་བ་འདི་དང་ཞེས་བྱ་བ་ལ་སོགས་པ་ཞུས་པའི་ལན་གྱི་རྗེས་ཐོགས་ལ། བསྔགས་པ་གསུངས་པ་ཐོས་པས་རང་གི་བདག་པོའི་ཐུགས་དགོངས་བཟང་པོ་རིག་པ་རྣམས་ཀྱིས། བཅོམ་ལྡན་འདས། བདག་ཅག་བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་ལྟ་བུ་ལ་སོགས་པའི་སླད་དུ་འཇིག་རྟེན་གྱི་ཁམས་དེར་མཆིའོ། །ཞེས་གསོལ་ཏེ་གནང་བ་ཐོབ་ནས། རང་གི་བདག་པོས་ཆོས་ལ་གུས་པས་མཆོད་པའི་དོན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་པདྨའི་སྐྱེས་བསྐུར་བ་དང་། གནོད་པ་ཆུང་དམ་ཞེས་བྱ་བ་ལ་སོགས་པ་སྙུན་གསོལ་པའི་ཚིག་དང་། འཇིག་རྟེན་གྱི་ཁམས་འདི་སྙིགས་མ་ལྔ་དང་ལྡན་པ་ཡིན་པས་བག་ཡོད་པར་གནས་པར་གྱིས་ཤིག་ཅེས་བྱ་བའི་རྗེས་སུ་བསྟན་པ་མནོད་ནས། འཁོར་དཔག་ཏུ་མེད་པ་དང་བཅས་པས་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱེད་ཅིང་འོངས་ནས། ཞབས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་མཆོད་པའི་ཚོགས་བྱིན་གྱིས་བརླབས་ཏེ། རང་རང་གི་གནས་སུ་འཁོད་ནས་རང་རང་གི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙུན་གསོལ་པའི་ཚིག་དང་པདྨ་ཕུལ་པར་གྱུར་ཏོ། །ཞེས་བྱ་བ་ནི་ཆོས་སྣང་བའི་ཆོ་འཕྲུལ་རྣམ་པ་གཉིས་ཡིན་ནོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཡོངས་སུ་མ་དག་པའི་འཇིག་རྟེན་གྱི་ཁམས་སུ་འཁྲུངས་སུ་ཟིན་ཀྱང་དེའི་ཉེས་པས་མ་གོས་པར་ཤེས་པར་བྱ་བའི་ཕྱིར་དང་། དམ་པའི་ཆོས་ལ་མཆོད་པ་བྱ་བའི་ཕྱིར། པདྨ་དེ་རྣམས་རང་རང་གི་ཕྱོགས་སུ་གཏོར་བ་ན། པདྨ་དེ་རྣམས་ལ་དེ་བཞིན་གཤེགས་པ་བཞུགས་པ་སྔོན་དུ་འགྲོ་བ་ཅན་རྒྱལ་བའི་ཡུམ་སྟོན་པར་མཛད་པས། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མཛད་པའི་དོན་དུ་དམ་པའི་ཆོས་ལ་མཆོད་པ་ཕུལ་ནས། བསྐལ་བ་ཇི་ལྟ་བུའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པའི་ཚོགས་ཆེན་པོ་འདུས་པ་རྣམས་འོངས་པར་ཐུགས་སུ་ཆུད་ནས། ཐོག་མ་དང་། བར་དང་། ཐ་མར་དགེ་བ་ལ་སོགས་པ་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་མཛད་དོ། །ཞེས་གསུངས་སོ། །གནས་གཞན་ཡང་། མཉན་ཡོད་པ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གཞལ་མེད་ཁང་དང་། བྱ་ཀ་ལནྡ་ཀའི་ཚལ་དུའང་གསུངས་སོ། །མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་བ་ཉིད་སྨྲོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་འཁོར་ཡིན་པར་གསུངས་པ་དང་། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུང་བའི་ཚེ་བཅོམ་ལྡན་འདས་རང་ཉིད་ཀྱིས་གདན་བཤམས་པར་གསུངས་པས་ན། འདི་ནི་མདོ་སྡེ་ཀུན་གྱི་གཙོ་བོ་ཡིན་ནོ། །ཡོན་ཏན་རིན་པོ་ཆེ་སྡུད་པ་ལས་ཀྱང་། མཁས་པ་གང་ཞིག་བསླབ་ཀུན་ཕ་རོལ་འགྲོ་འདོད་པས། །སངས་རྒྱས་བསླབ་པ་ཤེས་རབ་ཕ་རོལ་ཕྱིན་འདིར་སློབས། །འདི་ནི་ཆོས་གཏེར་མཆོག་དང་ཆོས་མཛོད་དམ་པ་ཡིན། །སངས་རྒྱས་རིགས་ཡིན་འགྲོ་བའི་བདེ་དང་སྐྱིད་པའི་མཛོད། །ཅེས་གསུངས་སོ། །ཡུམ་རྒྱས་པ་ནི་སྟོང་ཕྲག་བརྒྱ་པ་དང་། འབྲིང་གི་རྒྱས་པ་ཉི་ཁྲི་ལྔ་སྟོང་པ་དང་། འབྲིང་གི་འབྲིང་ཁྲི་བརྒྱད་སྟོང་བ་དང་། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་བའོ། །བསྡུས་པའི་རྒྱས་པ་བརྒྱད་སྟོང་བ་དང་། འབྲིང་གི་བསྡུས་པ་ཤེས་རབ་ཁྲི་བའོ། །བསྡུས་པའི་རྒྱས་པ་བརྒྱད་སྟོང་བ་དང་། བསྡུས་པའི་བསྡུས་པ་ཡོན་ཏན་རིན་པོ་ཆེ་སྡུད་པའོ། །ཞེས་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གསུངས་ལ། དེ་ལས་དང་པོ་ལྔ་ཅིག་ཆར་གསུངས་པ་ཡིན་ཏེ། ཞུ་བ་པོ་ཐམས་ཅད་མཐུན་པར་འབྱུང་ཞིང་། ཞིང་དག་སྦྱོར་བའི་ཐད་དུ་གང་གཱའི་ལྷ་མོ་ལུང་བསྟན་པར་མཚུངས་པས་སོ། །ཁྱབ་པ་ཡོད་དེ། སངས་རྒྱས་གཅིག་གིས་གང་ཟག་གཅིག་ཡང་ཡང་བྱང་ཆུབ་ཏུ་ལུང་སྟོན་པ་མི་རིགས་པས་སོ། །འོ་ན་གླེང་གཞིར་འཁོར་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་པ་དང་ལྔ་སྟོང་ཞེས་གྲངས་མང་ཉུང་བྱུང་བ་དང་འགལ་ཞེ་ན། དགེ་འདུན་བགྲངས་པ་དང་། གང་ཟག་བགྲངས་པའི་ཁྱད་པར་རོ། །གསུང་གཅིག་ཉིད་དུ་གསུངས་ན་ཡང་། །དུ་མ་ཉིད་དུ་སོ་སོར་གོ། ཞེས་པ་ལྟར། དབང་པོ་རྟུལ་འབྲིང་རྣོ་གསུམ་གྱིས་ཚིག་འབྲིང་བསྡུས་གསུམ་དུ་གོ་བ་བཞིན་དུ། སྡུད་པ་པོས་ཀྱང་བསྡུས་པ་ཡིན་ནི་ཞེས་བུ་སྟོན་རིན་པོ་ཆེས་གསུངས་སོ། །དེ་ཡང་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་དོན་འགྲེལ་ཚུལ་དུ་མ་ཡོད་དེ། ཇི་སྐད་དུ། ལང་གར་གཤེགས་པ་ལས། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེའི་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །དེ་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཅད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོ་འོ། །ཞེས་ལུང་བསྟན་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས། འཁོར་ལོ་བར་པའི་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རྩོད་བཟློག ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བ་སྟེ་དབུ་མ་རིགས་ཚོགས་དྲུག་མཛད་དེ། ཤེར་ཕྱིན་གྱི་མདོར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་དང་། མ་སྐྱེས་པ་སོགས་སུ་གསུངས་པ་ནི། ཆོས་རྣམས་བདེན་གྲུབ་ཀྱི་ངོ་བོ་ཉིད་དུ་མེད་པ་དང་མ་སྐྱེས་པ་སོགས་སུ་དགོངས་པ་ཡིན་པས། གཟུགས་ལ་སོགས་པའི་ཆོས་རྣམས་བདེན་གྲུབ་ཀྱིས་སྟོང་བ་ནི། ཟབ་མོ་སྟོང་བ་ཉིད་དང་། དོན་དམ་བདེན་པ་ཡིན་ལ། དེ་དག་རྟོགས་པའི་བློ་ནི་དབུ་མའི་ལྟ་བའོ་ཞེས་བཞེད་དོ། །

རྫེ་བཅུན་བྱམས་པས། རྒྱལ་བའི་ཡུམ་གྱི་སྦས་དོན་མངོན་པར་རྟོགས་པའི་རིམ་པ་རྣམས་གདུལ་བྱས་བདེ་བླག་ཏུ་རྟོགས་པའི་དོན་དུ། བསྟན་བཅོས་ཆེན་པོ་མངོན་པར་རྟོགས་པའི་རྒྱན་མཛད་དེ། ཡུམ་གྱི་སྦས་དོན་རྣམས་དངོས་པོ་བརྒྱད་དང་། དོན་བདུན་ཅུར་དྲིལ་ནས་གསུངས་སོ། །ཡུམ་རྒྱས་འབྲིང་གཉིས་དང་ཁྲི་བརྒྱད་སྟོང་བ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ལས། ཡུམ་གསུམ་པོ་དེའི་དོན་ཐམས་ཅད། སྒོ་གསུམ་དང་། རྣམ་གྲངས་བཅུ་གཅིག་ཏུ་བསྡུས་ནས་གསུངས་ཏེ། གླེང་གཞིའི་སྐབས་ཕྱེ་བའི་རྗེས་སུ། ཤཱ་རིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་པས་ཡུམ་གྱི་དོན་ཐམས་ཅད་བསྡུས་ནས་བསྟན་པས་བསྡུས་ཏེ་བསྟན་པའི་སྒོ། དེ་ནས་རབ་འབྱོར་གྱི་ལེའུའི་བར་འབྲིང་དུ་བསྟན་པའི་སྒོ། དེ་ནས་མཇུག་ཡོངས་སུ་རྫོགས་པའི་བར་རྒྱས་པར་བསྟན་པའི་སྒོ་སྟེ་སྒོ་གསུམ་མོ། །རྣམ་གྲངས་བཅུ་གཅིག་ནི། དང་པོ་ཤཱ་རིའི་བུ་ལ་བཀའ་བསྩལ་པ་གཅིག དེ་ནས་རབ་འབྱོར་གྱིས་བཤད་པ་གཅིག བརྒྱ་བྱིན་ལ་བཀའ་བསྩལ་པ་གཉིས། རབ་འབྱོར་ལ་བཀའ་བསྩལ་པ་བཞི། བྱམས་པ་ལ་བཀའ་བསྩལ་པ་གཅིག དེ་ནས་ཀུན་དགའ་བོ་ལ་བཀའ་བསྩལ་ནས་ཡོངས་སུ་གཏད་པ་རྣམས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས། བརྒྱད་སྟོང་པའི་བརྗོད་བྱ་རྣམས་དོན་ཚན་སུམ་ཅུ་རྩ་གཉིས་སུ་བསྡུས་ཤིང་། ཚུལ་འདི་ཡུམ་རྒྱས་འབྲིང་དག་ལ་ཡང་འདྲ་བར་གསུངས་ཏེ། བརྒྱད་སྟོང་དོན་བསྡུས་ལས། རྟེན་དང་དབང་དུ་བྱ་བ་དང་། །ལས་ནི་སྒོམ་པ་དང་བཅས་པ། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པར་ཡང་དག་བརྗོད། །ཅེས་སོ། །དེ་ལ་རྟེན་ནི། སྟོན་པའོ། །དབང་དུ་བྱ་བ་ནི་བྱང་སེམས་ལ་སོགས་པའི་འཁོར་རོ། །ལས་ནི་བྱ་བ་དང་བྱེད་པ་དང་སྤྱོད་པ་སྟེ། བྱང་སེམས་ཡུམ་ལ་ཇི་ལྟར་སྤྱོད་པའོ། །སྒོམ་པ་ནི་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་བསྒོམ་ཚུལ་བཅུའོ། །རབ་དབྱེ་ནི་སྟོང་ཉིད་བཅུ་དྲུག་གོ། རྟགས་ནི་བདུད་ལས་ཀྱི་རྟགས་དང་ཕྱིར་མི་ལྡོགས་པའི་རྟགས་སོ། །ལྟུང་བ་ནི་དམ་པའི་ཆོས་སྤངས་པའི་ལས་ཀྱིས་ངན་སོང་དུ་ལྟུང་བའོ། །ཕན་ཡོན་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་བཀང་སྟེ་སྦྱིན་པ་བྱིན་པ་བས་ཡུམ་ལ་སྤྱོད་པ་བསོད་ནམས་ཆེ་བ་སོགས་སོ། །རྣམས་གཡེང་གི་རྟོགས་པ་བཅུ་ནི་ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པ་རྣམ་པ་བཅུ་སྟེ། དངོས་པོ་མེད་པའི་མཚན་མའི་རྣམ་པར་གཡེང་བ་དང་། དངོས་པོའི་མཚན་མའི་རྣམ་པར་གཡེང་བ་དང་། སྒྲོ་འདོགས་པའི་རྣམ་པར་གཡེང་བ་དང་། སྐུར་བ་འདེབས་པའི་རྣམ་པར་གཡེང་བ་དང་། གཅིག་པ་ཉིད་དུ་རྣམ་པར་གཡེང་བ་དང་། ཐ་དད་པ་ཉིད་དུ་རྣམ་པར་གཡེང་བ་དང་། ངོ་བོ་ཉིད་དུ་རྣམ་པར་གཡེང་བ་དང་། ཁྱད་པར་དུ་རྣམ་པར་གཡེང་བ་དང་། མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་གཡེང་བ་དང་། དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་གཡེང་བའོ། །དེ་ལ་དངོས་པོ་མེད་པར་རྣམ་པར་རྟོགས་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། བྱང་ཆུབ་སེམས་དཔའ་ཉིད་དུ་ཡོད་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོར་རྣམས་པར་རྟོགས་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའོ། །སྒྲོ་འདོགས་པའི་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། བྱང་ཆུབ་སེམས་དཔའི་མིང་ཡང་དག་པར་རྗེས་སུ་མི་མཐོང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་། སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་། གཟུགས་ཡང་དག་པར་རྗེས་སུ་མི་མཐོང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པའོ། །སྐུར་བ་འདེབས་པའི་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། སྟོང་བ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའོ། །གཅིག་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། གཟུགས་ཀྱི་སྟོང་བ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ། །ཐ་དད་པ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། གཟུགས་ནི་སྟོང་བ་ཉིད་ལས་གཞན་པ་ཡང་མ་ཡིན་ཏེ། གཟུགས་ཉིད་སྟོང་བ་ཉིད་དོ། །སྟོང་བ་ཉིད་གཟུགས་སོ་ཞེས་བྱ་བའོ། །ངོ་བོ་ཉིད་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། རབ་འབྱོར་འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། ངོ་བོ་ཉིད་ནི་མི་སྐྱེ་མི་འགག ཀུན་ནས་ཉོན་མོངས་པ་མ་ཡིན། རྣམ་པར་བྱང་བ་མ་ཡིན་ནོ་ཞེས་བྱ་བའོ། །མིང་ཇི་ལྟ་བ་བཞིན་དུ་དོན་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། མིང་བཅོས་མ་ལ་ཆོས་དེ་དག་སོ་སོར་རྟོག་ནས་མིང་གློ་བུར་གྱིས་རྗེས་སུ་ཐ་སྙད་འདོགས་ཏེ། ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ་ཞེས་བྱ་བའོ། །དོན་ཇི་ལྟ་བ་བཞིན་དུ་མིང་དུ་རྣམ་པར་རྟོག་པའི་གཉེན་པོའི་དོན་དུ་བཀའ་བསྩལ་པ། བྱང་ཆུབ་སེམས་དཔའ་མིང་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མི་མཐོང་བས་མངོན་པར་ཞེན་པ་མེད་དོ་ཞེས་བྱ་བ་སྟེ། དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བར་དགོངས་པའོ། །གཟུགས་ལ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཡང་སྦྱར་བར་བྱའོ། །རྣམ་པར་གཡེང་བ་བཅུ་པོ་འདི་དག་གི་གཉེན་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྟན་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཐའ་དག་ནི་མི་མཐུན་པའི་ཕྱོགས་དང་གཉེན་པོ་དང་བཅས་པར་རིག་པར་བྱའོ། །ཞེས་སུ་གསུངས་སོ། །འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རི་ང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །ཞེས་ལུང་བསྟན་པའི་སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས། །ཤེར་ཕྱིན་གྱི་མདོ་ལས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་གསུངས་པ་ནི། ཆོས་རྣམས་ལ་ཆ་གསུམ་དུ་ཕྱེ་ནས་ཀུན་བཏགས་ཀྱི་ཆོས་རྣམས་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་དབང་གི་ཆོས་རྣམས་སྐྱེ་བ་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་ཀྱི་ཆོས་རྣམས་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་པར་བཞེང་དེ། སུམ་ཅུ་པ་ལས། ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །བུ་སྟོན་ཐམས་ཅད་མཁྱེན་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ལས། བཀའ་བར་པའི་དགོངས་འགྲེལ་ལ་ལྟ་བའི་ཆ་དང་སྤྱོད་པའི་ཆ་གསལ་བར་བྱེད་པ་གཉིས་སོ། །དང་པོ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས། ཞེས་དང་། གཉིས་པ་ནི། བསླབ་བཏུས་དང་། མདོ་བཏུས་དང་། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་སྤྱོད་འཇུག་དང་། སྒོམ་རིམ་གསུམ་ལ་སོགས་པའོ། །ཞེས་གསུངས་སོ། །ཡུམ་རྒྱས་འབྲིང་བསྡུས་པ་སོགས་དང་། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་ལྟ་བུར་མདོ་རྒྱན་སྦྱར་ནས། རྒྱལ་བའི་ཡུམ་གྱི་དོན་ཐོག་མར་གསལ་བར་མཛད་པ་པོ་ནི། སློབ་དཔོན་འཕགས་པ་རྣམ་པར་གྲོལ་བའི་སྡེ་ཡིན་ནོ། །ཉི་ཁྲི་སྣང་བ་ལས། དེ་ལྟར་འཇིག་རྟེན་འདི་ནི་སོང་ཞིང་རྗེས་སོང་ལམ་ལ་བརྟེན་པ་ཞེས་བྱ་དང་། །གང་ཕྱིར་སངས་རྒྱས་ལམ་གང་ཡིན་པར་བློས་བྱས་མིན་ཡང་མཐོང་བ་ལྐོག་གྱུར་པ། །དེས་ན་ཁོ་བོས་འགྲོ་བ་རྣམས་ལ་ཕན་ཕྱིར་མི་ཡིས་སྔོན་ཆད་མ་མྱོང་འདི། །ཤེས་རབ་ཕ་རོལ་ཕྱིན་ཚུལ་མཁས་པ་རྣམས་ལ་ཕྱོགས་ཙམ་གསལ་བར་བྱས་པ་ཡིན། །ཞེས་དང་། སློབ་དཔོན་འཕགས་པ་དང་སློབ་དཔོན་སེང་གེ་བཟང་པོ་གཉིས་ཀས་ཀྱང་། ཀྱེ་མ་གཞུང་ལུགས་སྣ་ཚོགས་ཀྱིས། །དུབ་པ་དག་གི་ངལ་གསོའི་གནས། །ཤེས་རབ་ཕ་རོལ་ཕྱིན་པའི་ལུགས། རིང་མོ་ཞིག་ནས་མཐོང་བ་ཡིན། །ཞེས་གསུངས་སོ། །གཞན་ཡང་བཙུན་པ་གྲོལ་སྡེ་དང་། ཁ་ཆེའི་སློབ་དཔོན་ཆེ་བའི་སྡེ་དང་། མཁས་གྲུབ་ཤནྟི་པ་ལ་སོགས་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་འཆད་ཉན་འཕགས་པའི་ཡུལ་གྲུ་ཀུན་ཏུ་རྒྱས་པར་བྱས་སོ། །བོད་གངས་ཅན་གྱི་ལྗོངས་འདིར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཤེར་ཕྱིན་གྱི་མདོ་རྣམས། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བོད་སྐད་དུ་བསྒྱུར་པའི་བཀའ་དྲིན་མཛད་ལ། འཇམ་དཔལ་རྩ་རྒྱུད་ལས། འདི་ནས་བྱང་ཕྱོགས་གངས་འགྲམ་དུ། །བློ་ལྡན་གང་ཞིག་འབྱུང་འགྱུར་བ། །ཡི་གེ་སྒྲ་དང་བཤད་བྱ་ལ། །བློ་གྲོས་ཐོགས་པ་མེད་པ་འབྱུང་། །ཞེས་ལུང་བསྟན་པ་ལྟར། བདག་ཉིད་ཆེན་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་ཤར་ཕྱོགས་སུ་ཕེབས་ཏེ། པཎྚི་ཏ་བསྟན་སྐྱོང་གི་དྲུང་དུ་ཤེར་ཕྱིན་གསན། ཉི་ཁྲི་སྣང་བ་དང་། བརྒྱད་སྟོང་འགྲེལ་ཆེན་སོགས་གཞུང་འབུམ་ཕྲག་གསུམ་ཐུགས་ལ་མངའ་བས། པཎྚི་ཏ་དེ་ལ་འབུམ་ཕྲག་གསུམ་པ་ཞེས་གྲགས་སོ། །ལོ་ཙཱ་པས། བདག་གིས་འབད་པས་དཀའ་བ་ཉམས་བླངས་ཏེ། །ཆོས་སྨྲ་བསྟེན་དང་རིགས་པའི་རྗེས་འབྲངས་ནས། །ཅུང་ཟད་རྟོགས་ལས་རང་ཉིད་དྲན་ཕྱིར་དང་། །གཞན་རྟོགས་དོན་དུ་འགྲེལ་འདིའི་དོན་དབྱེ་བྱ། །ཞེས་འགྲེལ་བ་དོན་གསལ་གྱི་བསྡུས་དོན་ཡང་མཛད་དེ། །ཁ་ཆེར་ཕེབས་ཏེ། པཎྚི་ཏ་སྐལ་ལྡན་རྒྱལ་པོ་ལ་ཚད་མ་རྣམ་འགྲེལ་སོགས་གསན་ཞིང་། ཚད་མའི་སྐོར་སོགས་ཀྱི་འགྱུར་ཡང་མཛད་དོ། །དཔལ་ལྡན་ཁ་ཆེའི་རིག་པའི། །གཙུག་གི་ནོར་བུ་སྐལ་ལྡན་གྱི། །རྒྱལ་པོ་ཞེས་བྱ་ལ་ཐོས་ནས། །བློ་ལྡན་བཟང་པོས་འདི་འགྱུར་རོ། །ཞེས་གསུངས། སླར་བོད་དུ་ཕེབས་ནས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཅིང་། ཤེར་ཕྱིན་འཆད་ཉན་གྱི་རྒྱུན་འཛིན་པའི་སྲས་ཀྱི་གཙོ་བོ་ནི། འདྲེ་ཆེན་པོ་ཤེས་རབ་འབར་ཡིན་པར་གསུངས། དེ་ནས་རིམ་གྱིས་བརྒྱུད་དེ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ། ཉ་དབོན་ཀུན་དགའ་དཔལ་བ། རྗེ་བཙུན་རེད་འདའ་བ་གཞོན་ནུ་བློ་གྲོས་སོགས་ཀྱིས་གསན་ཞིང་། ཉ་དབོན་གྱིས། མཁས་པས་མཁས་ཞེས་བསྟོད་ན་མཁས་པ་ཡིན། །བླུན་པོས་མཁས་ཞེས་བཀུར་པས་མཁས་པ་མིན། །མཁས་དང་མི་མཁས་འཆད་རྩོད་རྩོམ་ན་ཤེས། །བདག་ནི་འཆད་རྩོད་རྩོམ་ལ་སྤོབས་པ་དགེ། ཞེས་རང་གི་རྟོགས་པའང་འདོམས་པར་མཛད་དོ། །དེ་ལ་རྗེ་ཐམས་ཅད་མཁྱེན་པས་གསན་ཞིང་། མདོ་ལས་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི། བྱང་ནས་བྱང་དུ་དར་བར་ལུང་བསྟན་པ་ལྟར། གཞུང་ཤེར་ཕྱིན་གྱི་འཆད་ཉན་སོགས་ཀྱིས་མཚོན། ཕན་བདེ་ཀུན་གྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་བཀའ་དྲིན་མཛད་དོ། །ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ལ་ཐོས་པ་སོགས་བྱས་པའི་ཕན་ཡོན་ནི། མདོ་ལས་མང་དུ་གསུངས་ལ། ཉི་སྣང་ལས་། གླེགས་བམ་དུ་བྲིས་པ་འཆང་བ་ཙམ་ཡང་དོན་ཆེ་བ་དང་། ཕན་ཡོན་ཆེ་བ་དང་། འབྲས་བུ་ཆེ་བ་དང་། རྣམ་པར་སྨིན་པ་ཆེ་བར་འགྱུར་ཏེ། ཞེས་སོགས་དང་། དབུས་མཐའ་ལས། དེ་ནི་ཆོས་སྤྱོད་རྣམ་བཅུ་དང་། །ཡང་དག་ལྡན་པར་ཤེས་པར་བྱ། །ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་བསམ་པ་དང་སྒོམ་པའོ། །སྤྱོད་པ་དེ་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། ། ཅེས་དང་། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཐེག་པ་ཆེན་པོ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སྤྱོད་པ་བཅུ་པོ་འདི་དག་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་ཡིན་ཏེ། འདི་ལྟ་སྟེ། ཐེག་པ་ཆེན་པོ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་ཆོས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱིས་བསྡུས་པ་དག་ཡི་གེར་འབྲིར་བཅུག་སྟེ་འཛིན་པ་དང་། དེ་བཞིན་དུ་མཆོད་པ་དང་། གཞན་དག་ལ་སྦྱིན་པ་དང་། སྟོན་པ་གུས་པར་བྱས་ཏེ་ཉན་པ་དང་། བདག་ཉིད་ཀློག་པ་དང་། དེ་བཞིན་དུ་ཀུན་ཆུབ་པར་ལུང་ནོད་པ་དང་། ལུང་ཕོག་པ་རྣམས་རྒྱ་ཆེར་དབྱངས་ཀྱིས་ཁ་ཏོན་བྱེད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་དང་། གཅིག་པུ་དབེན་པར་སོང་སྟེ་སེམས་པ་དང་། མཇལ་བ་དང་ཉེ་བར་རྟོག་པར་བྱེད་པ་དང་སྒོམ་པའི་རྣམ་པས་རྗེས་སུ་འཇུག་པར་བྱེད་པའོ། །ཆོས་སྤྱོད་པ་བཅུ་པོ་དེ་དག་ལས། དུ་ཞིག་བསོད་ནམས་རྒྱ་ཆེན་པོ་སྐྱེ་བའི་ལམ་ཡིན་ཞེ་ན། སྨྲས་པ་ཐམས་ཅད་དོ། །ཞེས་གསུངས་སོ། །དེ་ལྟར་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ལ་མཆོད་པ་སོགས་བྱས་པའི་བསོད་ནམས་གཞན་ལས་ཆེ་བ་དང་། མདོ་སྡེ་ཀུན་གྱི་གཙོ་བོ་ཡིན་པའི་རྒྱུ་མཚན་ཡང་གང་ཞེ་ན། ཚིག་གསལ་ལས། སངས་རྒྱས་རྣམས་ཀྱི་མདོ་ཡི་སྡེ་སོགས་བདེན་པ་གཉིས་བརྟེན་བསྟན་པ་རྣམ་པ་དགུ། །འཇིག་རྟེན་རྣམས་ཀྱི་སྤྱོད་ངོར་རྒྱ་ཆེ་གང་ཞིག་འདིར་ནི་ཡང་དག་བསྒྲགས་གྱུར་པ། དེར་ནི་འདོད་ཆགས་བསལ་ཕྱིར་གསུངས་པས་ཞེས་སྡང་ཟད་པར་བྱེད་མི་འགྱུར།། ཞེ་སྡང་བསལ་བར་བྱ་ཕྱིར་གསུངས་པས་ཀྱང་ནི་འདོས་ཆགས་ཟད་པར་བྱེད་འགྱུར་མིན། །གང་ཞིག་ང་རྒྱལ་སོགས་ཟད་བྱ་ཕྱིར་གསུངས་པ་དེས་ཀྱང་དྲི་མ་གཞན་མི་འཇོམས། །དེ་ཕྱིར་དེ་ནི་ཆེས་ཁྱབ་མ་ཡིན་གསུང་དེ་དག་དང་དེ་དག་དོན་ཆེན་མིན། །གཏི་མུག་ཟད་པར་བྱ་ཕྱིར་གསུངས་པ་གང་ཡིན་དེས་ནི་ཉོན་མོངས་མ་ལུས་འཇོམས། །ཉོན་མོངས་མཐའ་དག་གཏི་མུག་ལ་ནི་ཡང་དག་བརྟེན་པར་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་གསུངས་པ་ལྟར་རོ།།

འདིར་སྨྲས་པ། འཛམ་གླིང་གནས་མཆོག་བྱ་རྒོད་ཕུང་པོའི་རིར། །སྟོང་གསུམ་འཇིག་རྟེན་འོད་ཀྱིས་སྣང་བྱས་ཏེ། །མདོ་སྡེ་རིན་ཆེན་རྒྱས་འབྲིང་བསྡུས་པ་སོགས། །དབྱངས་གཅིག་ཉིད་ཀྱིས་གདུལ་བྱའི་ཁམས་བཞིན་གསུངས། །དེའི་ཚེ་ལྷ་ཡིས་ཤིས་བརྗོད་མེ་ཏོག་འཐོར། །གླིང་འདིར་ཆོས་འཁོར་གཉིས་པ་སྐོར་རོ་ཞེས། །ལྷའི་བུ་གནོད་སྦྱིན་རྣམས་ཀྱིས་བསྒྲགས་པའི་དབྱངས། །ཚངས་པའི་འཇིག་རྟེན་བར་དུ་ཁྱབ་པར་གྱུར། །ཕྱོགས་བཅུའི་ཞིང་ནས་རྒྱལ་བ་སྲས་བཅས་ཀྱིས། །མདོ་སྡེ་རིན་ཆེན་འདི་ལ་མཆོད་པ་དང་། །ཤཱཀྱའི་རྒྱལ་པོའི་ཞབས་ལ་བསྙེན་བཀུར་ཕྱིར། །རིན་ཆེན་བདུན་དང་པདྨ་སྐྱེས་སུ་ཕུལ། །འདི་ནི་བརྒྱད་ཁྲི་བཞི་སྟོང་ཆོས་གྱི་མཛོད་། །འགྲོ་བའི་སྐྱབས་དང་དཔུང་གཉེན་གནས་དང་ནི། །ཉེར་འཚེ་མ་ལུས་ཞི་བའི་རིག་སྔགས་དང་། །སྲིད་ཞིའི་མཐའ་ལས་ཡོངས་སུ་འཛིན་པ་ཡིན། །ཐུབ་པའི་གསུང་རབ་ཀུན་གྱི་གཙོ་བོ་སྟེ། །སྡུག་ཀུན་ནད་བརྒྱ་སེལ་བའི་སྨན་གཅིག་པུ། །དགེ་ལེགས་འབྱུང་གནས་ཕན་བདེའི་རིན་ཆེན་གཏེར། །དཀར་པོ་ཆོས་ཀྱི་རྒྱ་མཚོ་ཆེན་པོའང་ཡིན། །གང་ཞིག་ཐོས་པའི་སྣོད་དུ་རུང་བར་ཡང་། སྔོན་གྱི་རྒྱལ་བ་རྣམས་ལ་མཆོད་པ་དང་། །དེ་ལ་དགེ་བའི་རྩ་བ་བསྐྲུན་པ་སོགས། །བསོད་ནམས་ཆེན་པོའི་ཚོགས་དང་ལྡན་དགོས་གསུངས། །འབུམ་ཕྲག་གཞུང་གི་ནམ་མཁའ་མཛོད་ཀྱི་སྒོ། །ལེགས་པར་ཕྱེ་སྟེ་ཕན་བདེའི་དབྱིག་གི་ཆར། །འབེབས་མཁས་ཤིང་རྟ་ཆེན་པོ་རྣམ་གཉིས་ཞེས། །སྙན་པའི་དབྱར་རྔ་དུས་ཀྱི་མཐར་ཡང་གྲགས། །ཤིན་ཏུ་རྣམ་དག་སྟོང་བའི་མེ་ལོང་ཆེར། །དཀར་ནག་ལས་འབྲས་རི་མོ་མ་འདྲེས་པར། །རྟེན་འབྱུང་པིར་གྱིས་བྲིས་པའི་ངོ་མཚར་འཕྲུལ། །གསལ་བར་སྟོན་པ་ཀླུ་སྒྲུབ་ཡབ་སྲས་ཞབས། །དྲི་མེད་མཁྱེན་པའི་དཀྱིལ་འཁོར་ལས་འོངས་པའི། །ལེགས་བཤད་འོད་ཀྱིས་སྙིང་གི་མུན་པ་སེལ། །ཐོགས་མེད་སྐུ་མཆེད་སྲིད་པའི་ཉི་ཟླ་ཟུང་། །ཐུབ་བསྟན་ལྷ་ལམ་མཛེས་པའི་རྒྱན་དུ་ཤར། །བདེ་གཤེགས་ཀུན་གྱི་ཐུགས་བཅུད་དམ་ཆོས་འདིར། །ཐོས་བསམ་བྱེད་དང་མཆོད་བཀུར་བགྱི་བ་སོགས། །བསོད་ནམས་ཆེན་པོའི་རྣམ་སྨིན་དཀར་པོ་ལ༑༑ རང་རང་སྐལ་བ་ཇི་བཞིན་སྤྱོད་པར་གསུངས། །དེ་ལྟར་ཟབ་དང་རྒྱ་ཆེའི་བྱང་ཆུབ་ལམ། །བརྒྱ་ཕྲག་རིགས་པས་སྟོན་པའི་མདོ་སྡེ་འདི། །ཚེ་རབས་ཀུན་ཏུ་གཙུག་གིས་མཆོད་པ་དང་། །ཆོས་སྤྱོད་རྣམ་བཅུས་བྱ་བ་བྱེད་པར་སྨོན། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

ཡང་དུས་གཞན་ཞིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དབྱར་གནས་པར་མཛད་དོ། །དེའི་ཚེ་མུ་གེ་ཉམ་ང་བ་ཞིག་བྱུང་ངོ་། །དགེ་སློང་རྫུ་འཕྲུལ་ཐོབ་པ་དག་ནི། །ཤིང་འཛམ་བུའི་འབྲས་བུ་དང་། སྒྲ་མི་སྙན་ནས་མ་རྨོས་པའི་འབྲས་ས་ལུ་དང་། རྒྱལ་ཆེན་རིས་བཞི་དང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་སྟེ། ལྷའི་བདུད་རྩི་ལ་ལོངས་སྤྱོད་དོ། །སོ་སོ་སྐྱེ་བོའི་དགེ་སློང་ལྔ་བརྒྱ་ལ་ལྷས་བྱིན་གྱིས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་སོ། །དབྱར་ཟླ་བ་གསུམ་འདས་པ་ན་དགེ་སློང་དེ་རྣམས་ལ། ལྷས་བྱིན་གྱིས་འདི་སྐད་ཅེས། དགེ་སྦྱོང་གོོ་ཏ་མ་ནི། ཉན་ཐོས་རྣམས་ལ་དགོན་པ་བ་དང་། བསོད་སྙོམས་པ་དང་། ཕྱག་དར་ཁྲོད་པ་དང་། ཆོས་གོས་གསུམ་པ་དང་། བླ་གབ་མེད་པ་ཉིད་རྣམས་གྲོལ་བ་ཐོབ་པར་འགྱུར་ཞེས་སྨྲ་ན། གང་སུ་དག་བརྟུལ་ཞུགས་ལྔ་པ་དེ་དག་མི་འདོད་པ་དེ་དག་ནི། དགེ་སྦྱོང་གོོ་ཏ་མ་ལས་རིང་དུ་འགྱུར་གྱི། ད་ཚུལ་ཤིང་ལོངས་ཤིག་བྱས་པས། དགེ་སློང་ལྔ་བརྒྱས་ཚུལ་ཤིང་བླངས་སོ། །དེ་ནས་ལྷས་བྱིན་རང་གི་བློས་བཅོས་པའི་བརྟུལ་ཞུགས་ལྔ་བསྒྲགས་པས། དགེ་སློང་དེ་རྣམས་ཀྱིས་ཚུལ་ཤིང་བླངས་སོ། །གནས་ལྔ་ནི། འོ་མ་དང་། ཤ་དང་། ལན་ཚྭ་སྤོང་བ་སྟེ་གསུམ་དང་། གོས་དྲས་ཤིང་དྲུབས་པ་མི་གྱོན་པ་དང་། གྲོང་མཐའ་ན་གནས་པའོ། །དེ་ལྟར་གནས་ལྔ་བཟུང་བ་ནི་དགེ་འདུན་ཕྱེ་བའི་ཚད་དོ། །དེའི་ཚེ་ས་གཡོས་པ་དང་། སྐར་མདའ་ལྟུང་བ་སོགས་བྱུང་བས། མཆོག་ཟུང་ལྷོ་ཕྱོགས་ཀྱི་རི་ལ་དབྱར་གནས་པར་མཛད་པས་མཁྱེན་ཏེ་སྟོན་པའི་སྤྱན་སྔར་འོངས་ནས། བདག་ཅག་དགེ་འདུན་བསྡུམ་པར་བགྱི་བའི་དོན་དུ་འོངས་སོ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་ལེགས་སོ་བསྩལ་ཏེ། གང་ཟག་བཞིས་ཚངས་པའི་བསོད་ནམས་བསྐྱེད་དེ། སྔོན་མེད་པའི་ས་ཕྱོགས་སུ་མཆོད་རྟེན་བྱེད་པ་དང་། དེར་གཙུག་ལག་ཁང་བྱེད་པ་དང་། དགེ་འདུན་ཕྱེ་བ་བསྡུམ་པ་དང་། ཚད་མེད་པ་བཞི་བསྒོམ་པའོ། ཞེས་གསུངས་སོ། །དེར་མོོ་འགལ་གྱི་བུ་ནམ་མཁའ་ལ་འཕགས་ཏེ། རྫུ་འཕྲུལ་གྱི་ཆོ་འཕྲུལ་མང་པོ་བསྟན་པས། དགེ་སློང་ལྔ་བརྒྱ་པོ་ལ་སོགས་པ་དད་ཅིང་འདུན་པར་བྱས། ཤཱ་རིའི་བུས་ཆོས་བསྟན་པས་དེ་རྣམས་སྐྱོ་བ་སྐྱེས་ནས། སྔར་ཟས་ངོ་དང་ནོར་ངོ་ལ་བརྟེན་ནས་དེ་བཞིན་གཤེགས་པ་སྤངས་ཏེ་ལྷས་བྱིན་གྱི་རྗེས་སུ་ཞུགས་པས་རང་གི་སྤྱོད་པ་ལ་ངོ་ཚ་ཞིང་ཡིད་བྱུང་། སངས་རྒྱས་ལ་མཆོག་ཏུ་དད་པ་སྐྱེས་སོ། །དེ་ལྟར་དགེ་སློང་ལྔ་བརྒྱ་པོ་རྣམས་ཀྱིས་ལྷས་བྱིན་སྤོང་ཞིང་སྟོན་པ་ལ་འདུན་པའི་སེམས་བསྐྱེད་པ་ན། དགེ་འདུན་སྡུམ་པ་ཡིན་ནོ། །དགེ་འདུན་ཕྱེ་བ་ནི་རིང་དུ་མི་གནས་ཏེ། ཉིན་ཞག་གཅིག་གི་ནང་དུ་སྡུམ་པ་ཡིན་ནོ། །དེ་ནས་དགེ་འདུན་དབྱེན་གྱི་ལྷག་མའི་བཅས་པ་མཛད་དོ། །ལྷས་བྱིན་གྱི་འཁོར་དགེ་སློང་ཀོ་ཀ་ལི་ཀ་དང། ཁན་ཏ་ཊ་བ་བྱ་དང་། ཀ་ཏི་མོ་ར་ཀ་ཏི་ཤྱ་དང་། རྒྱ་མཚོ་བྱིན་བཞི་ལ་བརྟེན་ནས། དབྱེན་གྱི་རྗེས་སུ་ཕྱོགས་པའི་དགེ་འདུན་ལྷག་མའི་བཅས་པ་མཛད་དོ། །སྐབས་འདིར་སྟོན་པས། ཆུ་ཤིང་འབྲས་བུས་གསོད་པར་བྱེད། །འོད་མ་འདམ་བུ་འབྲས་བུས་གསོད། །དྲེའུ་མོ་རང་གི་མངལ་གྱིས་ལྟར། །མི་ངན་བཀུར་བསྟིས་གསོད་པར་བྱེད། །བྱིས་པ་ཅི་ཙམ་གྲགས་གྱུར་པ། །དོན་མེད་ཉིད་དུ་འགྱུར་བ་ཡིན། །བྱིས་པའི་དཀར་ཆ་གསོད་བྱེད་ཅིང་། །རྩེ་མོ་ལས་ཀྱང་ལྟུང་བར་འགྱུར། །ཞེས་སོགས་བསླབ་བྱའང་གསུངས་སོ། །དེའི་རྗེས་སུ་མཆོད་རྟེན་གྱི་བང་རིམ་བཞིའི་ཟུར་བཞི་མཉམ་པར་བཅད་པ་ལྟ་བུའི་དགེ་འདུན་དབྱེན་སྡུམ་པའི་མཆོད་རྟེན་ནི། མ་ག་ངྷ་བ་རྣམས་ཀྱིས་བཞེངས་སོ།།

གཞན་ཡང་ལྷས་བྱིན་སོགས་ཀྱིས། །བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པའི་ཚེ། དྲང་ཐད་ཀྱི་ཕར་ངོས་ཀྱི་རིའི་སྟེང་དུ་སྒྱོགས་རྡོ་ཆེན་པོ་མི་བཟད་པ་བཅོས་ཏེ་འཕངས་པས། གནོད་སྦྱིན་ལག་ན་རྡོ་རྗེས་སྒྱོགས་རྡོ་ལ་རྡོ་རྗེ་བསྣུན་པས་བྱེ་མར་བཤིག་གོ། འོན་ཀྱང་རྡོའི་དུམ་བུ་ཆེ་བ་ཞིག་སྟོན་པའི་སྐུ་ལ་ཕོག་ཏུ་ཉེ་བའི་ཚེ། རྒྱལ་པོའི་ཁབ་ཀྱི་གནོད་སྦྱིན་ཀུམྦི་རས་འཛིན་པར་བརྩམས་པས། རྡོ་དེ་ནི་གནོད་སྦྱིན་ཀུམྦི་ར་ལ་ཕོག་སྟེ་དུས་ལས་འདས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་སོ། །རྡོའི་དུམ་བུ་ཕྲ་མོ་ཡར་བ་ཞིག་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོང་ལ་ཕོག་སྟེ་རྨ་ཕྱུང་ཞིང་། འཚོ་བྱེད་གཞོན་ནུ་གསོས་ཀྱིས་སྨན་བཟང་པོ་ཡང་ཡང་ཕུལ་ཀྱང་མ་ཕན་པ་ན། འོད་སྲུངས་སྟོབས་བཅུ་པས་བདེན་པ་གསོལ་བར་ཞུས་པས་བཀས་གནང་ངོ་། །འདི་སྐད་དུ། བཅོམ་ལྡན་ཁྱོད་ཀྱི་ཐུགས་ལ་ནི། །སྲས་ཀྱི་དགྲ་བོ་མཚུངས་ཤེ་ན། །བདེན་པའི་ཚིག་ནི་འདི་ཡི་མཐུས། །རྨ་ཡི་འཛག་པ་ཆད་པར་ཤོག། ཅེས་བདེན་པ་གསོལ་མ་ཐག་ཏུ་སྐུ་མཚལ་ཆོད་དོ། །ལན་གཅིག་རྒྱལ་པོའི་ཁབ་ཀྱི་ཁྱིམ་བདག་ཅིག་གིས། །སངས་རྒྱས་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་ཏེ། བཅོམ་ལྡན་འདས་འཁོར་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་གཤེགས་པའི་དྲུང་དུ། ལྷས་བྱིན་གྱིས་གླང་པོ་ཆེ་ནོར་སྐྱོང་རྦད་དོ། །གླང་པོ་ཆེ་དེ་འགྱིང་ཞིང་སྐད་བཏོན་ཏེ། ཤུགས་ཅི་ཡོད་པས་སངས་རྒྱས་ཀྱི་ཕྱོགས་སུ་རྒྱུགས་སོ། །ལྷས་བྱིན་དང་མ་སྐྱེས་དགྲ་གཉིས་ཁང་བཟང་གི་སྟེང་དུ་ལྟ་ཞིང་འདུག་པ་ལ། ལྷས་བྱིན་དགའ་སྟེ། གླང་ཆེན་ཙ་ཡ་ལ་བལྟས་ན། །ཁྱོད་ནི་གླང་ཆེན་མཐུས་བརྫིས་པས། །ཤཱཀྱའི་བུ་ཁྱོད་དེ་རིང་དུ། །ཉན་ཐོས་བཅས་ཏེ་རེ་སྙམ་མེད། །ཅེས་ཟེར་བ་ལ། བཅོམ་ལྡན་འདས་ཀྱིས། སྟོབས་བཅུའི་སྟོབས་ལྡན་རྨད་བྱུང་བའི། །སྟོབས་ཀྱི་མཐུ་ལ་ད་ལྟོས་ཤིག། ཅེས་གསུངས་ཏེ། ཕྱག་གཡས་ཀྱི་སོར་མོ་ལྔ་ལ་སེང་གེ་རལ་བ་ཅན་ལྔ་སྤྲུལ་པས། སེང་གེ་དེ་དག་གི་དྲི་ཚོར་བ་ཙམ་གྱིས་ནོར་སྐྱོང་སྐྲག་ནས་ཀར་བབ་བབ་ཏུ་བྲོས་ཤིང་། འགྲོ་ས་གཞན་མ་རྙེད་པར་དལ་བུས་སྟོན་པའི་དྲུང་དུ་འོངས་ནས་འདུག་གོ། དགེ་སློང་གཞན་རྣམས་གླང་པོ་ཆེ་ཁྲོས་པ་མཐོང་བས་ཕྱོགས་བཞིར་བྲོས་ཤིང་། འཕགས་པ་ཀུན་དགའ་བོ་གཅིག་པུ་སྟོན་པའི་དྲུང་ན་འདུག་གོ། མི་རིང་བར་གླང་པོ་ཆེ་དེ་ཤི་ནས་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་རྒྱལ་ཆེན་རིགས་བཞི་པའི་ལྷར་སྐྱེས་སོ། །སླར་ཡང་སྟོན་པའི་དྲུང་དུ་མཆོད་པར་འོངས་ཏེ་ཆོས་བསྟན་པས་བདེན་པ་མཐོང་ངོ་། །དེ་ལྟར་རྒྱལ་པོ་མ་སྐྱེས་དགྲ་དང་ལྷས་བྱིན་གྱིས། སྟོན་པ་བྱོན་པའི་མདུན་དུ་ཁྱི་གཏུམ་པོ་རྦད་པ་སོགས་ཀྱལ་ཀ་དང་བཀུར་བསྟི་མ་ཡིན་པ་ཁོ་ན་རྟག་པར་བྱས་ཀྱང་། རྒྱལ་པོའི་ཁབ་ན་གདུལ་བྱ་མང་པོའི་དོན་ཡོད་པས་བཅོམ་ལྡན་འདས་རེ་ཞིག་དེར་བཞུགས་པ་ཡིན་ནོ་གསུངས།

དེ་ནས་འཚོ་བྱེད་གཞོན་ནུས་གསོས་བདེན་པ་ལ་བཀོད་པ་ནི། འཚོ་བྱེད་གཞོན་ནུས་གསོས་ལ་སྔོན་རྒྱལ་པོ་གཟུགས་ཅན་སྙིང་པོས་ལན་གཉིས་དང་། སྐབས་འདི་དག་ཏུ་མ་སྐྱེས་དགྲས་ལན་གཅིག་སྟེ། སྨན་པའི་རྒྱལ་པོར་ལན་གསུམ་དུ་དབང་བསྐུར་རོ། །དེར་དྲེགས་པ་སྐྱེས་ཏེ་བཅོམ་ལྡན་འདས་ནི་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཡིན་མོད། སྨན་གྱི་ལས་ལ་ནི་བདག་ཀྱང་དེ་བཞིན་གཤེགས་པ་དང་འདྲའོ་སྙམ་སྟེ། དེའི་ཕྱིར་བདེན་པ་མ་མཐོང་ངོ་།།

དེ་ནས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། བཀའ་བསྩལ་པ། འཚོ་བྱེད། རིའི་རྒྱལ་པོ་གངས་ཅན་དང་སྤོས་ངད་ལྡན་དག་མཐོང་ངམ།

གསོལ་པ། མ་མཐོང་སྟེ་བལྟ་བར་འཚལ་ལགས། སྟོན་པའི་ཆོས་གོས་ཀྱི་གྲྭ་ལ་འཚོ་བྱེད་གཞོན་ནུས་གསོས་ཀྱིས་འཇུས་ཏེ། སྟོན་པ་བར་སྣང་ལ་གཤེགས་པས་ཡུད་ཙམ་ཞིག་གིས་རི་དེ་དག་ཏུ་ཕེབས་ཏེ། དེ་ན་སྨན་རྣམ་པ་སྣ་ཚོགས་པ་སྒྲོན་མེ་བཞིན་དུ་འོད་འབར་བ་དག་གཟིགས་སོ། །དེར་འཚོ་བྱེད་ལ་སྨན་ལོངས་ཤིག་པར་བཀའ་བསྩལ་པ་ན། དེ་མི་མ་ཡིན་གྱི་གནོད་པས་འཇིགས་པ་ལ། གནོད་སྦྱིན་ལག་ན་རྡོ་རྗེ་ལ་འཚོ་བྱེད་གནོད་པ་ལས་སྲུངས་ཤིག་པར་བཀའ་བསྒོས་སོ། །དེས་སྨན་རྣམ་པ་སྣ་ཚོགས་པ་དག་བླངས་ཏེ། སྔར་སྨན་གྱི་རྣམ་པ་མི་ཤེས་པ་གང་ཡང་མེད་སྙམ་པ་ལ། སྔར་མ་མཐོང་ཞིང་མི་ཤེས་པའི་སྨན་མང་པོ་ཞིག་མཐོང་སྟེ། དེ་ནས་སྟོན་པའི་སྤྱན་སྔར་སྨན་དེ་རྣམས་ཁུར་ཏེ་འོངས་པ་ལ། སྟོན་པས་དྲི་རྨེད་མཛད་པས། ངོ་ཤེས་པ་རྣམས་ཀྱི་བཀའ་མཆིད་རྒྱས་པར་གསོལ། དེ་ལས་གཞན་རྣམས་མ་ཤེས་པ་ལ། སྟོན་པས་སྨན་དེ་རེ་རེ་བཞིན་འདིའི་མིང་ལ་འདི་སྐད་ཅེས་བྱ༑ ནད་འདི་ལ་ཆོ་ག་འདི་ལྟ་བུའི་ཕན་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པས། འཚོ་བྱེད་ང་རྒྱལ་ཆག་སྟེ། དེ་བཞིན་གཤེགས་པ་ནི་ཡན་ལག་བཞི་དང་ལྡན་པའི་སྨན་པའི་རྒྱལ་པོ་བླ་ན་མེད་པའོ་ཞེས་ཆེད་དུ་བརྗོད་ཅིང་། སྟོན་པས་ཀྱང་ཆོས་བསྟན་པས་འཚོ་བྱེད་གཞོན་ནུས་གསོས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ།།

དེ་ནས་སླར་རྒྱལ་པོའི་ཁབ་ཕེབས་པ་ན། རི་སྤོས་ངད་ལྡན་དང་རི་ཁ་བ་ཅན་གྱི་གནས་ཤིན་ཏུ་བསིལ་བ་དང་། སྨན་གྱི་ངད་དེས། དེ་བཞིན་གཤེགས་པ་གྲང་ནད་ཀྱི་སེར་མས་བསྙུན་པར་གྱུར་པ་ན། འཚོ་བྱེད་ཀྱིས་ཨུཏྤལ་སོ་གཉིས་ཞེས་བྱ་བའི་བཀྲུ་སྨན་དྲི་མནམས་པས་ཆོག་པ་དག་ཕུལ་ཅིང་། བུ་རམ་དང་ཨ་རུ་རའི་ཁུ་བས་རིམ་པས་བསྙུན་དྭངས་སོ་གསུངས།

དེ་ལྟར་མདོ་དག་ལས། བཅོམ་ལྡན་འདས་ཀྱི་སྐུ་བསྙུན་པར་གསུངས་པ་དང་། སྐུ་ལ་རྡོའི་ཆ་ཤས་ཕོག་སྟེ་མཚལ་བ་བྱུང་བ་དང་། སྐུ་རྒྱབ་མི་བདེ་བ་དང་། ཞབས་ལ་སེང་ལྡེང་གི་ཚལ་བ་ཟུག་པར་གསུངས་པ་སོགས་ནི། དྲང་དོན་ཁོ་ན་ཡིན་ཏེ། ཚུལ་བསྟན་གྱི་མཛད་པ་དེ་དག་གིས་ཀྱང་འགྲོ་བ་མང་པོ་ཞིག་གི་རྒྱུད་སྨིན་པར་བྱས་པ་མདོ་དེ་དག་ལས་གསལ་བའི་ཕྱིར་རོ།།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060