ཆོས་ཀྱི་འཁོར་ལོ་གསུམ་པ་སྐོར་བ་ནི། བསྟོད་པ་ལས། སླར་ཡང་གདུལ་བྱའི་ཁམས་དང་བསམ་པ་བཞིན། །དགོངས་པ་ངེས་འགྲེལ་ལང་གར་གཤེགས་པ་སོགས། །མཚན་ཉིད་ངོ་བོ་ཡོད་མེད་ལེགས་ཕྱེས་ཀྱི། །འཁོར་ལོ་གསུམ་པ་བསྐོར་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ།།
དེ་ཡང་མདོ་སྡེ་དགོངས་འགྲེལ་ལས། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདི་ན་བདག་གཅིག་པུ་དབེན་པ་ཞིག་ན་མཆི་བའི་ཚེ། སེམས་ཀྱི་ཡོངས་སུ་རྟོག་པ་འདི་ལྟ་བུ་སྐྱེས་ལགས་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། སྐྱེ་བའི་མཚན་ཉིད་དང་འཇིག་པའི་མཚན་ཉིད་དང་། སྤང་བ་དང་ཡོངས་སུ་ཤེས་པ་ཡང་བཀའ་བསྩལ། ཕུང་པོ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་སྐྱེ་མཆེད་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཟས་རྣམས་ཀྱི་བར་ཡང་བཀའ་བསྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ཡོངས་སུ་ཤེས་པ་དང་། སྤང་བ་དང་། མངོན་དུ་བགྱི་བ་དང་། བསྒོམ་པ་ཡང་བཀའ་བསྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཁམས་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། ཁམས་སྣ་ཚོགས་པ་ཉིད་དང། ཁམས་དུ་མ་ཉིད་དང་། སྤང་པ་དང་། ཡོངས་སུ་ཤེས་པ་ཡང་བཀའ་བསྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། མ་སྐྱེས་པ་རྣམས་སྐྱེས་པ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་བསྩལ། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་བ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ཡང་བཀའ་བསྩལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་གི་མཚན་ཉིད་ཀྱང་བཀའ་བསྩལ། མི་མཐུན་པའི་ཕྱོགས་དང་། གཉེན་པོ་དང་། བསྒོམ་པ་དང་། མ་སྐྱེས་པ་རྣམས་སྐྱེས་པ་དང་། སྐྱེས་པ་རྣམས་གནས་པ་དང་། མི་བསྐྱུད་པ་དང་། སླར་ཞིང་འབྱུང་བ་དང་། འཕེལ་ཞིང་ཡངས་པ་ཉིད་ཀྱང་བཀའ་བསྩལ།།
བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་ཀྱང་བཀའ་བསྩལ་ལགས་ན། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས། ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་བསྩལ་སྙམ་བགྱིད་ལགས་ཏེ།པའི་དོན་དེ་ཉིད། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ། ཆོས་ཐམས་ཅད་མ་སྐྱེས་པ། མ་འགགས་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བཀའ་བསྩལ་པའི་དོན་དེ་ཉིད། བཅོམ་ལྡན་འདས་ལ་བདག་ཡོངས་སུ་ཞུ་ལགས་སོ།།ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ། །ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང་། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང་། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་ཅེས་ནི་ངས་བཤད་དོ། །འདི་ལ་མཁས་པ་གང་ཞིག་དགོངས་པ་ཤེས་པ་ནི། །རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཀུན་གྱི་རྣམ་དག་ལམ་ནི་གཅིག་པུ་འདི་ཡིན་ཏེ། །རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད། །དེ་ཕྱིར་ཐེག་པ་གཅིག་པ་འདི་ནི་འདོགས་བྱེད་ཀྱང་། །སེམས་ཅན་རིགས་ནི་རྣམ་པ་སྣ་ཚོགས་མེད་མ་ཡིན། །སེམས་ཅན་ཁམས་འདི་ན་ནི་གང་དག་བདག་གཅིག་པུ། །མྱ་ངན་འདའ་བར་བྱེད་པའི་སེམས་ཅན་དཔག་ཏུ་མེད། །གང་དག་མྱ་ངན་འདས་ཀྱང་སེམས་ཅན་མི་གཏོང་བའི། །བསྟན་པ་སྙིང་རྗེ་ལྡན་པ་དེ་དག་ཤིན་ཏུ་དཀོན། །གང་གྲོལ་དེ་དག་རྣམས་ཀྱི་ཟག་པ་མེད་པའི་དབྱིངས། །ཕྲ་ཞིང་བསམ་གྱིས་མི་ཁྱབ་མཉམ་ཞིང་བྱེ་བྲག་མེད། །ཐམས་ཅད་དོན་གྲུབ་སྡུག་བསྔལ་ཉོན་མོངས་སྤངས་པ་སྟེ། །གཉིས་སུ་བརྗོད་པ་མ་ཡིན་བདེ་ཞིང་བརྟན་པ་ཡིན། །ཞེས་སོ། །ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎཱ་སི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ཡང་དག་པར་ཞུགས་པ་རྣམས་ལ། འཕགས་པའི་བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་པ་ཞིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་པ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མཆིས་པ་དང། འགགས་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་བ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་པ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་ཉིད་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་པ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ་། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་བདེན་བཞིའི་ཆོས་འཁོར་སོགས་ཀྱི་སྐབས་སུ། གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་གསུངས་པས་དྲང་དོན་དང་། འཁོར་ལོ་བར་པའི་སྐབས་སུ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པར་གསུངས་པས་དྲང་དོན་དང་། འཁོར་ལོ་ཐ་མའི་སྐབས་སུ་ཆོས་རྣམས་ལས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་། གཞན་དབང་དང་ཡོངས་གྲུབ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་བོ་ཞེས། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་མ་གྲུབ་པའི་ཆ་ལེགས་པར་ཕྱེ་ནས་བསྟན་པས་ངེས་དོན་གྱི་མདོ་ཡིན་པར་གསུངས་སོ།།
ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་དགོངས་པ་ངེས་པར་འགྲེལ་བའི་ཆོས་ཀྱི་རྣམ་གྲངས་འདིར་བསྟན་པ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི།
བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དོན་དམ་ཡང་དག་འཕགས། འདི་དོན་དམ་པ་ངེས་པའི་དོན་བསྟན་པ་ཡིན་ཏེ། འདི་ནི་དོན་དམ་པ་ངེས་པའི་དོན་བསྟན་པ་ཞེས་བྱ་བར་ཟུངས་ཤིག ཅེས་གསུངས་ལ། དོམ་དམ་པ་ནི། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། དོན་དམ་པ་ནི་མཚན་ཉིད་ལྔ་དང་ལྡན་པ་ཡིན་ཏེ། བརྗོད་དུ་མེད་པའི་མཚན་ཉིད་དང་། གཉིས་སུ་མེད་པའི་མཚན་ཉིད་དང་། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཐ་དད་པ་དང་ཐ་དང་པ་མ་ཡིན་པ་ཉིད་ལས་ཡང་དག་པར་འདས་པའི་མཚན་ཉིད་དང་། ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་དོ། །ཞེས་སོ།།
དེ་ལ་དང་པོ་གཉིས་ནི། བྱང་ཆུབ་སེམས་དཔའ་ཚུལ་བཞིན་ཀུན་ཏུ་འདྲིས་པ་དང་། བྱང་ཆུབ་སེམས་དཔའ་དོན་ཟབ་དགོངས་པ་ངེས་པར་འགྲེལ་བ་གཉིས་ཀྱི་དྲིས་ལན་གྱི་ལེའུ་ལས། ཟབ་མོ་བྱིས་པའི་སྤྱོད་ཡུལ་མ་ཡིན་པ། །བརྗོད་མེད་གཉིས་མིན་རྒྱལ་བས་བསྟན་མཛད་ཀྱང་། །བྱིས་པ་གཏི་མུག་རྨོངས་པ་འདི་དག་ནི། །སྨྲ་བའི་སྤྲོས་ལ་དགའ་ཞིང་གཉིས་ལ་གནས། །མ་རྟོགས་པའམ་ལོག་པར་རྟོག་པ་དག། ལུག་དང་བ་ལང་དག་ཏུ་ཡང་སྐྱེ་ཞིང་། །དེ་དག་ཤེས་པའི་སྨྲ་བ་དེ་བོར་ནས། །ཤིན་ཏུ་ཡུན་རིང་འཁོར་བ་འདིར་འཁོར་འགྱུར་། །ཞེས་དང་།
གསུམ་པ་ནི། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་ཞུས་པ་ལས་སོ་སོ་རང་རིག་མཚན་མེད་སྤྱོད་ཡུལ་ཏེ། །བརྗོད་དུ་མེད་ཅིང་ཐ་སྙད་ཡོངས་ཆད་པ་། རྩོད་དང་བྲལ་བ་དོན་དམ་ཆོས་ཡིན་ཏེ། །དེ་ནི་རྟོག་གེ་ཀུན་ལས་འདས་མཚན་ཉིད། །ཅེས་དང་།
བཞི་པ་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་ཤིན་ཏུ་རྣམ་དག་གིས་ཞུས་པ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་དང་།
ལྔ་པ་ཐམས་ཅད་དུ་རོ་གཅིག་པའི་མཚན་ཉིད་ནི། འཕགས་པ་རབ་འབྱོར་གྱིས་ཞུས་པ་ལས། དོན་དམ་དེ་ནི་ཐ་དད་མ་ཡིན་ཏེ། །ཀུན་ཏུ་རོ་གཅིག་མཚན་ཉིད་སངས་རྒྱས་གསུངས། །དེ་ལ་གང་དག་ཐ་དད་ཀུན་རྟོག་པ༑༑ དེ་དག་ང་རྒྱལ་གནས་པ་རྨོངས་པ་ཡིན། །ཞེས་སོ།།
དེ་ལ་སེམས་ཀྱི་མཚན་ཉིད་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་ཞུས་པ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་དང་།
ཆོས་རྣམས་ཀྱི་མཚན་ཉིད་ནི། བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ཀྱིས་ཞུས་པ་ལས། མཚན་ཉིད་མེད་པའི་ཆོས་ནི་རབ་ཤེས་ན། །ཀུན་ནས་ཉོན་མོངས་མཚན་ཉིད་ཆོས་སྤོང་འགྱུར། །ཀུན་ནས་ཉོན་མོངས་ཆོས་ནི་རབ་སྤངས་ན། །ཤིན་ཏུ་རྣམ་དག་མཚན་ཉིད་ཆོས་ཐོབ་འགྱུར། །སྐྱེ་བོ་བག་མེད་ཉེས་རྩོམ་ལེ་ལོ་ཅན། །འདུ་བྱེད་སྐྱོན་ལ་རྟོག་པར་མི་བྱེད་པ། །བརྟན་མེད་གཡོ་བ་མེད་པའི་ཆོས་རྣམས་ལ། རབ་ཏུ་ཉམས་པས་སྙིང་བརྩེར་བྱས་པ་ཡིན། ། ཞེས་ཚིགས་བཅད་དང་པོ་མཚན་ཉིད་གསུམ་ལ་སྦྱར་ནས་གསུངས་ཤིང་། ལང་གར་གཤེགས་པ་ལས་ཀྱང་། བརྟགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ནི་ཡོད་པ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་རྣམ་པར་བརླག། ཅེས་ངོ་བོ་ཉིད་མེད་པ་གསུམ་ལ་བདེན་པར་ཡོད་མེད་ཀྱི་ཆ་ཕྱེ་ནས་གསུངས་སོ།།
ཞི་གནས་དང་ལྷག་མཐོང་གི་རབ་ཏུ་དབྱེ་བ་ནི། དགོངས་འགྲེལ་ལས། བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་བྱམས་པས་ཞུ་བ་ཞུས་པ། ཞེས་པ་ནས། རིགས་ཀྱི་བུ་རྣམས་དང་། རིགས་ཀྱི་བུ་མོ་དག་གིས་འདི་ལ་ཤིན་ཏུ་བརྩོན་པར་བྱ་བའི་རིགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་བསྩལ་ཏོ། །ཆོས་རྣམས་གདགས་པ་རྣམ་གཞག་གང་ཡིན་པ། །དེ་ནི་རྣལ་འབྱོར་བག་ཡོད་དོན་ཆེན་ཡིན། །གང་དག་ཆོས་དེར་བརྟེན་ནས་རྣལ་འབྱོར་འདིར། །ཡང་དག་བརྩོན་པ་དེ་དག་བྱང་ཆུབ་འཐོབ། །གང་དག་གླགས་ལྟ་དེ་སྐད་རྒོལ་བ་ལས། །ཐར་བར་ལྟ་བས་ཆོས་ཀུན་ཆུབ་བྱེད་པ། །བྱམས་པ་དེ་དག་རྣམ་འབྱོར་འདི་ལས་ནི། །ཐག་རིང་གནམ་ས་རིང་བ་དེ་བཞིན་ནོ། །བློ་ལྡན་སེམས་ཅན་དོན་ཞེས་དེ་དག་གིས། ལན་བྱེད་རིག་ནས་སེམས་ཅན་དོན་བརྩོན་མིན། །ལམ་དེར་རྟོགས་ན་ཀུན་གྱི་དམ་པ་དང་། །ཟང་ཟིང་མེད་པའི་དགའ་བ་འཐོབ་མི་འགྱུར། །གང་དག་འདོད་ཕྱིར་ཆོས་ཀྱི་ལུང་འབོགས་པ། །དེ་དག་འདོད་པ་སྤངས་པ་ཕྱིར་ལེན་ཏེ། །རྨོངས་པ་དེ་དག་ཆོས་ཀྱི་རིན་པོ་ཆེ། །རིན་ཐང་མེད་པ་རྙེད་ཀྱང་སྤོང་ཞིང་རྒྱུ། །དེའི་ཕྱིར་རྩོད་དང་འདུ་འཛི་སྤྲོས་ལྡན་པ། །རྣམ་པར་སྤོང་ལ་བརྩོན་འགྲུས་མཆོག་བྱས་ཏེ།། ལྷར་བཅས་འཇིག་རྟེན་བསྒྲལ་བར་བྱ་བའི་ཕྱིར། ། རྣལ་འབྱོར་འདི་ལ་རབ་ཏུ་བརྩོན་པར་གྱིས། །ཞེས་གསུངས་སོ། །
དེ་ཡང་འཁོར་ལོ་གསུམ་པ་དགོངས་པ་ངེས་པར་འགྲེལ་བའི་མདོ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་གཞལ་མེད་ཁང་ཆེན་པོར་གསུངས་ལ། ལང་གར་གཤེགས་པ་ནི། རྒྱ་གར་ཤར་ལྷོའི་ཕྱོགས་ཀྱི་གླིང་ཕྲན་སྔོན་སྲིད་པོས་བཟུང་བས་ལང་གའི་ཡུལ་ཞེས་གྲགས་ཤིང་། ཕྱིས་དེད་དཔོན་སེང་གེ་ཞེས་བྱ་བས་བཟུང་བས་སེང་གྷ་ལའི་གླིང་དུ་གྲགས་པར་རི་པདྨ་འདབ་བཞིའི་རྣམ་པའི་དབུས་ཀྱི་རི་མ་ལ་ཡ་ཞེས་པ་དབྱིབས་ཟླུམ་པོ་བང་རིམ་དྲུག་དང་ལྡན་པའི་རྩེ་མོར། བྱང་ཆུབ་སེམས་དཔའ་བློ་གྲོས་ཆེན་པོ་སོགས་ལ་གསུངས་པར་བཤད་དོ། །དེ་ལྟར་འཁོར་ལོ་གསུམ་པ་ལེགས་ཕྱེ་ཆོས་འཁོར་གྱི་སྐབས་སུ། གཞན་དབང་དང་། ཡོངས་གྲུབ་གཉིས་བདེན་གྲུབ་ཏུ་གསུངས་ཀྱང་། འཁོར་ལོ་གསུམ་པ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། སེམས་ཅན་རྣམས་ཀྱི་སེམས་བདེན་གྲུབ་ཀྱིས་སྟོང་བའི་སྟོང་ཉིད་དེ་ལ། རང་བཞིན་དུ་གནས་པའི་རིགས་དང་། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་གསུངས་ཏེ། རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར། །ཤེས་བྱ་ཐམས་ཅན་རྣམ་ཀུན་སྟོང་བ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མི་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཡང་དག་མཐའ་ནི་འདུས་བྱས་ཀྱིས། །རྣམ་པ་ཐམས་ཅད་དབེན་པ་སྟེ། །ཉོན་མོངས་ལས་དང་རྣམ་སྨིན་དོན། །སྤྲིན་ལ་སོགས་པ་བཞིན་དུ་བརྗོད། །ཉོན་མོངས་སྤྲིན་འདྲ་བྱ་བ་ཡིན། །ལས་ནི་རྨི་ལམ་ལོངས་སྤྱོད་བཞིན། །ཉོན་མོངས་ལས་ཀྱི་རྣམ་པར་སྨིན། །ཕུང་པོ་སྒྱུ་མ་སྤྲུལ་བ་བཞིན། །སྔར་ནི་དེ་ལྟར་རྣམ་བཞག་ནས། །སླར་ཡང་བླ་མའི་རྒྱུད་འདིར་ནི། །ཉེས་པ་ལྔ་དག་སྤང་བའི་ཕྱིར། །ཁམས་ཡོད་ཉིད་ཅེས་བསྟན་པ་ཡིན། །ཞེས་དང་། དེའི་ཊཱིཀྐ་ལས། ཤེར་ཕྱིན་གྱི་མདོར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བ་གློ་བུར་པ་ལྟར་གསུངས་པ་དང་། འཁོར་ལོ་ཐ་མ་འདིར་སེམས་ཀྱི་རང་བཞིན་ལ་ཞུགས་པའི་རང་བཞིན་ཡོད་པར་གསུངས་པ་ལ་འགལ་བ་མེད་དེ། ཡང་དག་པའི་མཐའ་སེམས་ཅན་གྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་ནི། འདིར་གསུངས་པའི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ལ། དེ་ཉིད་སྡུག་ཀུན་གྱིས་བསྡུས་པའི་འདུས་བྱས་ཀྱི་རྣམ་པར་ཐམས་ཅད་ཀྱིས་དབེན་པ་སྟེ། སེམས་ཀྱི་རང་བཞིན་ལ་མ་ཞུགས་པའི་གློ་བུར་པ་ཡིན་པ་ཤེར་ཕྱིན་གྱི་མདོའི་དོན་ཡིན་པའི་ཕྱིར་ཞེས་དང་། དེ་ལྟར་འཁོར་ལོ་བར་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་བར་རྣམ་པར་བཞག་ནས། སླར་ཡང་བླ་མའི་རྒྱུད་དེ་རྒྱུད་ཕྱི་མ་འཁོར་ལོ་ཐ་མ་འདིར་ནི། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པ་ཉིད་ཅེས་བསྟན་པ་དགོས་པ་དང་བཅས་པ་ཡིན་ཏེ། ཉེས་པ་ལྔ་སྤངས་ནས་ཡོན་ཏན་ལྔ་བསྐྱེད་པའི་ཆེད་དུ་ཡིན་པའི་ཕྱིར། ཞེས་གསུངས་སོ། །དེ་ནས་དུས་གཞན་ཞིག་ན་བཅོམ་ལྡན་འདས་རྒྱལ་བྱེད་ཚལ་དུ་བཞུགས་པའི་དྲུང་དུ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གསོལ་པ། བདག་གི་བུ་མོ་མ་ག་ངྷ་བཟང་མོ་འདི། ན་སོ་དར་ལ་བབ་ཅིང་། བུ་རམ་ཤིང་འཕེལ་གྱི་ཁྱིམ་བདག་ཚོང་དཔོན་གྱི་བུ་ཁྱུ་མཆོག་སྦྱིན་གྱི་ཁྱིམ་འཛིན་དུ་བསླང་ཟེར་བ་། བདག་གི་སྲོག་དང་ལོངས་སྤྱོད་ཐམས་ཅད་ཀྱི་བདག་པོ་ནི་བཅོམ་ལྡན་འདས་ལགས་ན། བཀའ་གྲོལ་ན་བུ་མོ་སྟེར་རམ་སྙམ་ཇི་ལྟར་ལགས་ཞུས་པས། བཅོམ་ལྡན་འདས་ཀྱི་གནང་བ་ཐོབ་སྟེ་སྟེར་བར་ཁས་བླངས། དེ་ནས་མ་ག་ངྷ་བཟང་མོ་དར་ཟབ་མང་པོས་བརྒྱན་ཏེ་བུ་རམ་ཤིང་འཕེལ་དུ་མནའ་མར་བརྫངས་པས། ཐག་རིང་ཞིང་བཅོམ་ལྡན་འདས་ཀྱི་ཞལ་མི་མཇལ་སྙམ་པས་སྐྱོ་ནས་ངུ་བཞིན་དུ་སོང་། སྐབས་ཤིག་ཁྱིམ་དེར་ཕྱི་པའི་མཆོད་གནས་ཡོན་ཏན་མེད་ཅིང་གཅེར་བུ་པ་སྐྲ་འབལ་བ་སོགས་མ་བསྡམས་པ་མང་པོ་བོས་ནས་བསྙེན་བཀུར་བྱེད་པ་ལ། བཟང་མོ་ཡིད་མ་མགུ་སྟེ། སྒྱུག་མོ་ལ་སྨྲས་པ། ཁྱེད་རྣམས་བ་གླང་ཕྱུགས་དང་འདྲ་བའི་མཆོད་ཡུལ་འདི་རྣམས་མཆོག་པར་ཞེ་རེ་ཁྲེལ་བྱས་པས། སྒྱུག་མི་ན་རེ། འོ་ན་ཁྱོད་ཀྱི་ཡུལ་ན་མཆོད་འོས་ཅི་འདྲ་ཡོད་ཟེར་བར། བཟང་མོས་སྨྲས་པ། བདག་གི་ཁྱིམ་དུ་མཆོད་འོས་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་མཛེས་ཤིང་ལྟ་བས་མི་ངོམས་པ་མཚན་བཟང་པོ་འདི་ལྟ་བུ་ཞེས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་པོ་རེ་རེ་ནས་བཤད་དེ། དེ་ལྟར་མཚན་དང་དཔེ་བྱད་ལྡན་པ་ཞི་ཞིང་དུལ་བ་མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་པ། འགྲོ་བ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་ཕ་མ་ལྟར་ཐུགས་ལྷག་པར་བརྩེ་བ་སོགས་ངོ་མཚར་དཔག་ཏུ་མེད་པའི་ཡོན་ཏན་ཡོད་ཚུལ་རྒྱས་པར་བཤད་པས། དེ་དག་དད་པར་གྱུར་ནས་ཁྱོད་ཀྱི་མཆོད་ཡུལ་དེ་བདག་ཅག་གིས་མཐོང་བའི་སྐབས་ཡོད་དམ་མེད། འདིར་སྤྱན་འདྲེན་པར་ཕྱིན་ན་གདན་འདྲོང་ངམ་མི་འདྲོང་ཞེས་དྲིས་པས། ངའི་སྟོན་པ་ལ་ཐག་ཉེ་རིང་དང་ཐུགས་རྗེ་ལ་ཕྱི་ནང་མེད། གསོལ་བ་བཏབ་ན་སྤྱན་འདྲོང་ཞིང་ཞལ་མཐོང་ཐུབ་ཟེར། དེ་ནས་ཁང་ཁྱིམ་བྱི་དོར་དང་མཆོད་པའི་ཡོ་བྱད་ཁྱད་པར་དུ་འཕགས་པ་བཤམས་ཏེ། བཟང་མོས་སྤོས་དང་མེ་ཏོག་ཁྱེར་ཏེ་ཁང་བཟང་གི་རྩེ་མོར་སོང་ནས། བཅོམ་ལྡན་འདས་བཞུགས་པའི་ཕྱོགས་སུ་ཁ་བལྟས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུན་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་སོགས་ལྟར་གསོལ་བ་བཏབ་ཅིང་ལག་པའི་སྙིམ་པས་མེ་ཏོག་གཏོར་བས། མེ་ཏོག་དཀར་སེར་དམར་སྔོ་རྣམས་བདུག་སྤོས་ཀྱི་དུད་སྤྲིན་དང་དྲི་བཟང་འཐུལ་བཞིན་ནམ་མཁའ་ནས་དལ་གྱིས་སོང་བས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་མེ་ཏོག་རྣམས་སྤོས་དྲི་དང་བཅས་གུས་པའི་ཚུལ་གྱིས་བབ་ཅིང་། ཞུ་བའི་ཚིག་དབྱངས་བཅས་བྱུང་བའི། ཀུན་དགའ་བོ་ལ་བཀའ་བསྩལ་པ། ནངས་པར་མ་ག་ངྷ་བཟང་མོས་བསྙེན་བཀུར་གྱི་མགྲོན་དུ་འགྲོ་བས། དེ་ཐག་རིང་བ་དཔག་ཚད་བརྒྱ་དང་དྲུག་ཅུ་ཡོད་པ་དེར་ཉིན་ཕྱེད་ལ་སླེབས་པར་བྱ་དགོས་པས། དགེ་སློང་རྫུ་འཕྲུལ་དང་ལྡན་པ་གང་ཡོད་ལ་ཚུལ་ཤིང་བྲིམས་ཤིག་གསུངས། ཀུན་དགའ་བོས་སྲོད་ལ་ཚུལ་ཤིང་བྲིམས་པས། གང་པོ་བགྲེས་པོས་ལག་པ་བརྐྱངས་པ་ན། ཀུན་དགའ་བོས། གང་པོ། ནངས་པར་མ་ག་ངྷ་བཟང་མོ་གནས་ས་དཔག་ཚད་བརྒྱ་དང་དྲུག་ཅུའི་ལམ་ཉིན་ཕྱེད་ལ་བགྲོད་ནས་བུ་རམ་ཤིང་འཕེལ་དུ་འབྱོན་དགོས་པས་རྫུ་འཕྲུལ་གྱིས་ནམ་མཁའ་ནས་གཤེགས་པ་ཡིན་ཞེས་བརྗོད་པས། དེས་བསམ་པ་བདག་གིས་དགྲ་བཅོམ་ཐོབ་ཀྱང་རྫུ་འཕྲུལ་མ་ཐོབ་པ་འདི་དགེ་སློང་རང་སྡེའི་མདུན་ཉམས་རེ་དམའ་སྙམ་སྟེ་བསྒོམས་པས་དེའི་ནུབ་རྫུ་འཕྲུལ་ཐོབ་བོ། །ནངས་སྔ་བར་དགྲ་བཅོམ་པ་རྫུ་འཕྲུལ་ཐོབ་པ་རྣམས་གཙུག་ལག་ཁང་དུ་འཛོམས་ནས་ཐམས་ཅད་ནམ་ཁམའ་ལ་བྱོན། དེའི་ཚེ་བུ་རམ་ཤིང་འཕེལ་དུ་མ་ག་ངྷ་བཟང་མོ་སོགས་ཀྱིས་ཁང་བཟང་གི་རྩེར་མེ་ཏོག་དང་བདུག་སྤོས་ཐོགས་ནས་ནམ་མཁའ་ལ་ལྟ་ཞིང་གསོལ་བ་འདེབས་པར། ནམ་མཁའ་ནས་གསེར་གྱི་ཤིང་རྟ་ལ་ཆིབས་པའི་དགེ་སློང་གཟི་བརྗིད་ཉི་མ་ལྟར་འོད་འབར་བ་ཞིག་བྱོན་པ། དེར་ཚོགས་པའི་སྐྱེ་བོ་ཀུན་གྱིས་མཐོང་ནས་བཅོམ་ལྡན་འདས་ཡ་གི་ཡིན་ནམ་ཟེར། བཟང་མོས་འདི་དགེ་སློང་ཀུན་ཤེས་ཀོོཎྜི་ནྱ་བྱ་བ་ཡིན་ཟེར། ཡང་རིའི་རྩེ་མོ་ལ་བཞུགས་པའི་དགེ་སློང་ཞིག་བྱོན་པས། སྟོན་པ་ཡ་གི་ཡིན་ནམ་ཟེར། མིན་ཏེ་འདི་ནི་དཀའ་ཐུབ་ལ་ཞི་བར་གནས་པའི་ཉན་ཐོས་ཀྱི་མཆོག་གསེར་གྱི་ལྗོན་པ་ལྟར་འོད་འཕྲོ་བ་འོད་སྲུངས་ཆེན་པོ་ཡིན་ཟེར། ཡང་འབྲུག་གྲག་ཅིང་གློག་འཁྱུག་པའི་སྤྲིན་གྱི་གསེབ་ནས་སེང་གེ་ལ་ཆིབས་པ་ཞིག་བྱོན། འདིའམ་ཟེར། མིན་ཏེ། འདི་ནི་ས་སྟེང་གྲགས་པས་ཁྱབ་པ་ཤཱ་རིའི་བུ་ཞེས་བྱ་བ་ཡིན། ཡང་གླང་ཆེན་གངས་རི་ལྟར་དཀར་བ་མཆེ་བ་བཞི་དང་ལྡན་པ་ལ་ཆིབས་པ་ཞིག་བྱོན། འདིའམ་ཟེར། མིན་ཏེ། འདི་ནི་བསོད་ནམས་ཆེན་པོ་ཕུལ་དུ་བྱུང་བ་མོོ་འགའ་གྱི་བུ་ཞེས་བྱ་བ་ཡིན། ཡང་གསེར་གྱི་པདྨ་བེེཌཱུརྱའི་འདབ་མ་དང་ལྡན་པ་ནམ་མཁའ་དྲི་བཟང་གིས་འགེངས་པའི་པདྨའི་སྙིང་པོར་བཞུགས་པ་ཞིག་བྱོན། འདིའམ་ཟེར། མིན་ཏེ། འདི་ནི་དགེ་སློང་མ་འགག་པ་ཞེས་བྱ་བ་ཡིན། ཡང་བྱ་ཁྱུང་ལ་ཆིབས་ཏེ་གཤོག་རྩལ་དང་ལྡན་པས་སྤྲིན་རྣམས་འཐོར་ཞིང་མགྱོགས་པར་འབྱོན་པ་ཞིག་བྱུང་། འདིའམ་ཟེར། མིན་ཏེ་འདི་ནི་བྱམས་མའི་བུ་གང་པོ་ཞེས་བྱ་བ་ཡིན། ཡང་ཆུའི་རྫིང་བུའི་སྟེང་དུ་བཞུགས་ཏེ་ཤིན་ཏུ་ཞི་ཞིང་དུལ་བའི་དགེ་སློང་ཞིག་བྱོན། འདིའམ་ཟེར། མིན་ཏེ་འདི་ནི་དུལ་བའི་མཆོག་འཕགས་པ་རྟ་ཐུལ་ཞེས་བྱ་བ་ཡིན། ཡང་གསེར་གྱི་ཏཱ་ལའི་འཁྲི་ཤིང་ཆུ་སྐྱེས་གཡོ་བ་ལ་བཞུགས་པ་ཞིག་བྱོན། འདི་ནི་བསོད་ནམས་མངོན་པར་གསལ་ཞིང་རྫོགས་པ་འཕགས་པ་ཉེ་བར་འཁོར་ཞེས་བྱ་བ་ཡིན་ཟེར། ཡང་ཁྱུ་མཆོག་མ་ཧེ་ལ་ཆིབས་ཏེ་ཤིན་ཏུ་བརྟན་པས་ལྡིང་ཞིང་འབྱོན་པ་ཞིག་བྱོན། འདི་ནི་བློ་རབ་ཏུ་བརྟན་པ་དང་དགེ་སློང་ཀོོ་ཤི་ལ་ཞེས་བྱ་བ་ཡིན་ཟེར། ཡང་བེེཌཱུརྱའི་ཁང་བཟང་གསེར་དང་ནོར་བུའི་པ་ཏྲ་རིས་ཀྱིས་བརྒྱན་ཅིང་འོད་ཀྱིས་བྱུགས་པའི་ནང་དུ་བཞུགས་པ་ཞིག་བྱོན། འདི་ནི་འཕགས་པ་ཀཱ་ཏྱཱ་ཡ་ན་བྱ་བ་ཡིན་ཟེར། ཡང་ངང་བ་རླབས་ཀྱིས་འཕུར་ཡང་འོད་ཟེར་འགྱེད་པ་ལ་ཆིབས་པ་ཞིག་བྱོན། འདི་དཀའ་ཐུབ་ཀྱི་མཆོག་ཏུ་གྱུར་པ་དགེ་སློང་པི་ལིང་ད་བད་སཱ་ཞེས་བྱ་བ་ཡིན་ཟེར། ཡང་ལྗོན་ཤིང་དང་གསེར་གྱི་པད་ཚལ་རྒྱས་པ་ལ་བཞུགས་པ་ཞིག་བྱོན། འདི་ནི་འཇིག་རྟེན་གྱི་འདོད་ཡོད་ལ་ཆགས་པ་མེད་པ་རྣ་བ་བྱེ་བར་གྲགས་པ་ཡིན། ཡང་ཁོར་ཡུག་ཐམས་ཅད་གསེར་འོད་ཀྱིས་འགེངས་ཤིང་ཆོས་ཀྱི་འཁོར་ལོ་སྒྱུར་ཞིང་འབྱོན་པ་ཞིག་བྱོན། འདི་ནི་སྟོན་པའི་སྲས་སྒྲ་གཅན་འཛིན་ཞེས་བྱ་བ་ཡིན་ཟེར། དེ་ནས་ས་གཞི་རི་བྲག་ནམ་མཁའ་སོགས་འོད་དང་འོད་ཟེར་གྱིས་གང་ཞིང་དགེ་འདུན་མང་པོའི་ཚོགས་བཅས་བྱོན་པའི་མཐར། སངས་རྒྱས་ནི་ཉི་མ་བརྒྱ་སྟོང་གི་གཟི་འོད་ལྟར་འབར་ཞིང་། ཟླ་བ་བརྒྱ་ཕྲག་ཚོགས་པ་ལྟར་གྱི་དཀར་བའི་བསིལ་འོད་ཅན། འཁོར་དུ་རྒྱལ་ཆེན་བཞི་སོགས་ནོར་ལྷའི་ཚོགས་དང་། ཚངས་པ་དང་བརྒྱ་བྱིན་དང་དྲི་ཟ་ཟུར་ཕུད་ལྔ་པ་སོགས་ཀྱིས་བསྐོར་ནས་མཆོད་རྫས་དུ་མ་དང་བཅས་ལྷ་མོ་ནམ་མཁའ་གང་བས་མེ་ཏོག་གཏོར་ཞིང་མཆོད་པ། དེ་ལྟ་བུའི་བཅོམ་ལྡན་འདས་འཁོར་དང་བཅས་པ་ནམ་མཁའ་ནས་མར་བྱོན། གྲོང་ཁྱེར་དེ་ལ་སྒོ་ལམ་བཅོ་བརྒྱད་དུ་སྤྲུལ་བ་བཀྱེས་ནས་སྒོ་རེ་རེ་ནས་བཅོམ་ལྡན་འདས་རེ་རེ་བྱོན་ཏེ་གཅིག་ཏུ་གྱུར་ནས་ཁང་བཟང་དུ་རིན་པོ་ཆེའི་སེངྒེའི་ཁྲི་ལ་བཞུགས་སོ། །མ་ག་ངྷ་བཟང་མོ་གཉེན་རྩ་ལག་དང་བཅས་པས་དཔག་ཏུ་མེད་པའི་འདོད་ཡོན་ཆེན་པོས་རབ་ཏུ་མཆོད་ཅིང་ཞབས་ལ་ཕྱག་འཚལ་ཏེ་མགོས་གཏུགས། གྲོང་ཁྱེར་གྱི་སྐྱེ་བོ་ནང་དུ་མ་ཆུད་པ་རྣམས་ཀྱིས་ཕྱི་ནས་ཕྱག་འཚལ་ཞིང་མཆོད་པའི་ཚེ། ཁང་བཟང་དེ་ཉིད་རིན་པོ་ཆེ་ཟླ་ཤེལ་ལས་གྲུབ་པའི་ཁང་བཟང་དུ་སྤྲུལ་ནས། ཕོ་བྲང་ཕྱི་གསལ་ནང་གསལ་རྩིག་པར་རི་མོ་བྲིས་པ་བཞིན་མཐོང་ངོ་། །དེ་དག་གི་མཆོད་པ་རྣམས་ཀྱང་བཅོམ་ལྡན་འཁོར་བཅས་ཀྱིས་བཞེས་ནས། མ་ག་ངྷ་བཟང་མོ་གཉེན་བཤེས་འཁོར་དང་བཅས་པ་རྣམས་དང་། གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཆོས་རྒྱ་ཆེར་བསྟན་པས། ལུས་ཅན་བགྲང་བར་དཀའ་བ་ཞིག་གིས་བདེན་པ་མཐོང་བར་གྱུར་ནས། ཡུལ་ཁམས་དེ་དག་ཐམས་ཅད་སངས་རྒྱས་ཀྱི་བསྟན་པའི་གདུལ་བྱའི་ཞིང་དུ་གྱུར་ཏོ། །
དེ་ནས་དུས་གཞན་ཞིག་ན། བཅོམ་ལྡན་འདས་གནོད་སྦྱིན་ལག་ན་རྡོ་རྗེ་དང་ལྷན་ཅིག་བྱང་ཕྱོགས་ཀྱི་ནམ་མཁའ་ལ་གཤེགས་ཏེ། ནགས་ཚལ་སྔོན་པོ་སྔོ་ཞིང་བསྒྲེང་བ་ཞིག་གཟིགས་པས། འདི་ནི་ཨུ་ཤི་རིའི་རི་ཡིན་ཏེ། ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ཞི་གནས་དང་རྗེས་སུ་མཐུན་པའི་གནས་རཱ་མ་ས་ལའི་ཚལ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །ཀླུའི་རྒྱལ་པོ་སོག་མ་མེད་པའི་གནས་སུ་བྱོན་ཏེ། དེའི་འཁོར་ཀླུ་དྲུག་ཁྲི་སོགས་ཆོས་ལ་བཀོད་དོ། །དེ་ནས་ཡང་བཅོམ་ལྡན་འདས་དང་ལག་ན་རྡོ་རྗེ་གཉིས་ནམ་མཁའ་ལ་གཤེགས་པ་ན། ནགས་ཚལ་སྔོན་པོ་མཚོ་དང་བཅས་པ་ཞིག་གཟིགས་ནས། འདི་ནི་ཁ་ཆེའི་ཡུལ་ཡིན་ཏེ། ང་འདས་ནས་ལོ་བརྒྱ་ལོན་པ་ན། དགེ་སློང་ཉི་མའི་གུང་པ་ཞེས་བྱ་བ་འབྱུང་སྟེ། དེས་བསྟན་པ་རྒྱས་པར་བྱེད་ལ། ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་གྱི་མཆོག་ཏུ་འགྱུར་ཞིང་གྲོང་བརྡལ་དྲུག་ཁྲི་དྲུག་སྟོང་དྲུག་ཅུ་རྩ་གསུམ་མོ། །ཞེས་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས། ཡུལ་བཅོམ་བརླག་གི་ལྗོངས་རྒྱུ་ཞིང་གཤེགས་པ་ན། རི་བོ་ནགས་ཚལ་སྔོན་པོས་བརྒྱན་པ་ཞིག་གཟིགས་ནས། རི་འདི་ནི་རི་རྩེ་མཐོ་ཞེས་བྱ་བ་སྟེ། ང་འདས་ནས་ལོ་བརྒྱ་ལོན་པ་ན། གར་མཁན་དང་དཔའ་བོ་ཞེས་བྱ་བས་འདིར་གཙུག་ལག་ཁང་བརྩིགས་ཏེ། ཞི་ལྷག་གཉིས་ཀ་དང་མཐུན་པའི་གནས་མལ་གྱི་མཆོག་ཏུ་འགྱུར་ལ། ཡུལ་འདིར་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་འབྱུང་སྟེ། དེ་ནི་མཚན་མེད་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལྷོ་ཕྱོགས་ལྔ་ལེན་གྱི་ལྗོངས་རྒྱུ་ཞིང་ཆུ་ཀླུང་གང་གཱའི་འགྲམ་ནས་མར་གཤེགས་པ་ན། དགེ་སློང་ཞིག་གིས། བདག་ལ་མདོར་བསྡུས་པའི་ཆོས་ཀྱིས་དགྲ་བཅོམ་ཐོབ་པ་ཞིག་གསུང་དུ་གསོལ་ཅེས་ཞུས་པས། གང་གཱའི་ཆུ་ལ་ཤིང་སྡོང་ཞིག་ཁྱེར་བ་གཟིགས་ནས། ཤིང་འདི་ཕར་འགྲམ་དང་ཚུར་འགྲམ་དང་། དབུས་སུ་ཆགས། སྐམས་ལ་མ་བྱུང་། མི་དང་མི་མ་ཡིན་པས་མ་བཟུང་། ཀླུང་དུ་མ་རུལ་ན་རྒྱ་མཚོར་གཞོལ་བར་འགྱུར་རོ། །དེ་བཞིན་དུ་ཁྱོད་ཀྱང་ཕ་རོལ་ཚུལ་རོལ་ལ་མ་ཆགས། ཞེས་པ་ནས། མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ་ཞེས་ཆོས་མདོར་བསྡུས་པ་བསྟན་པའི་དོན་དགེ་སློང་གིས་བསམ་པས་དགྲ་བཅོམ་ཐོབ་བོ། །དེ་ནས་རིམ་གྱིས་གྲོང་ཁྱེར་ཆུ་མངས་སུ་གཤེགས་ཏེ། ཀུན་དགའ་བོས། བླ་གོས་བཞི་ལྟེབ་བྱས་པའི་སྟེང་དུ་བཅོམ་ལྡན་འདས་བཞུགས་སོ། །བཀའ་སྩལ་པ། ཕྱོགས་འདི་ན་བཅོམ་ལྡན་འདས་འོད་སྲུངས་ཀྱི་རིང་བསྲེལ་མ་ཉམས་པར་ཡོད་ཀྱི། བལྟ་བར་འདོད་དམ་གསུངས། འཁོར་རྣམསཆ་ཀྱིས་འཚལ་ལགས། ཞེས་ཞུས་པས། ས་འོག་གི་ཀླུ་རྣམས་ཀྱིས་རིན་པོ་ཆེའི་སྒྲོམ་བུ་བླངས་ཏེ་ཕུལ་པ་ཁ་ཕྱེ་བ་ན། བཅོམ་ལྡན་འདས་འོད་སྲུངས་ཀྱི་རིང་བསྲེལ་མ་ཉམས་པར་བྱུང་ངོ་། །དེ་ལ་སྐྱེ་བོ་ཐམས་ཅད་ཀྱིས་བལྟས་ཤིང་མཆོད་དོ། །དེ་ནས་མི་རིང་བར་ས་འོག་ཏུ་ནུབ་བོ། །དགེ་བསྙེན་ཞིག་གིས་ས་ཕྱོགས་དེ་ལ་སྐོར་བ་བྱས་པས། བཅོམ་ལྡན་འདས་ཀྱིས་སྐྱེ་བོ་རྣམས་ལ་བཀའ་བསྩལ་པ། མཁས་པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་དག་ལ་གོམ་འདོར་ན། །འཛམ་བུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །ཞེས་དང་། དེ་བཞིན་དུ་འཇིམ་གོང་འཇོག་པ་དང་། མེ་ཏོག་དང་མར་མེ་དང་བྱུག་པ་སོགས་འབུལ་བ་རྣམས་ཀྱི་ཕན་ཡོན་གསུངས་ནས། དེ་བཞིན་གཤེགས་པ་བཞུགས་པ་དང་། མྱ་ངན་ལས་འདས་པ་མཆོད་པ་དག་གི་ཕན་ཡོན་མཉམ་པར་གསུངས་སོ། །དེ་ནས་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པའི་སྐབས་ཤིག རྒྱལ་པོ་མ་སྐྱེས་དགྲས། བྲམ་ཟེ་དབྱར་བྱེད་ལ་ཁྱོད་སྟོན་པའི་དྲུང་དུ་སོང་ལ། ངས་སྤོང་བྱེད་པ་རྣམས་རྨེག་མེད་པར་བྱ་ན། བཀའ་ཅི་སྩོལ་ཅེས་ཞུས་ཤིག་དང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་ལུང་བསྟན་པ་དེ་ཟུངས་ཤིག་ཟེར་རོ། །དབྱར་བྱེད་ཀྱིས་ཀྱང་དེ་ལྟར་ཞུས་པ་ན། བཀའ་བསྩལ་པ། ངས་སྤོང་བྱེད་པ་ལ་ཉམས་པར་མི་འགྱུར་བའི་རྒྱུ་བདུན་བཤད་དོ། །བདུན་ནི། ཡང་དང་ཡང་དུ་འདུ་ཞིང་འདུ་བ་ལ་རིང་དུ་གནས་པ་དང་། འགྲོ་འདུག་དང་དགོས་པ་དང་བྱ་བ་མཐུན་པར་གནས་པ་དང་། སྨིན་པར་བྱ་བ་མ་ཡིན་པ་ལ་སྨོན་པ་མི་འདོར་ཞིང་ཁྲིམས་བཅས་པ་བཞིན་དུ་སྤྱོད་པ་དང་། བུད་མེད་བགྲོད་བྱ་མ་ཡིན་པ་ལ་མི་བགྲོད་པ་དང་།
རྒན་རབས་ལ་བཀུར་བསྟི་བྱེད་ཅིང་ཚིག་ཉན་པ་དང་། མཆོད་རྟེན་ལ་མཆོད་ཅིང་སྔོན་གྱི་མཚན་མ་མི་འདོར་བ་དང་། ཡུལ་གྱི་དགྲ་བཅོམ་པ་རྣམས་ལ་དད་པས་བསྙེན་བཀུར་བྱེད་པའོ། །ཞེས་གསུངས། དེ་ནས་དགེ་སློང་ཐམས་ཅད་བསྡུས་པ་ལ། དགེ་འདུན་ཉམས་པར་མི་འགྱུར་བའི་རྒྱུ་བདུན་ཡང་གསུངས་ཏེ། དང་པོ་གསུམ་སྤོང་བྱེད་པའི་སྐབས་དང་འདྲ་ལ། བཞི་པ་ནི། འདོད་ཆགས་ཀྱི་དབང་དུ་མ་གྱུར་པ་དང་། ལྔ་པ་ནི། གནས་བརྟན་རྒན་རིམ་ལ་བསྙེན་བཀུར་བྱེད་པ་དང་། དྲུག་པ་དབེན་པར་གནས་འཆའ་བ་དང་། བདུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་དད་པས་ཆོས་གོས་ལ་སོགས་པས་བསྙེན་བཀུར་བྱེད་པའོ་གསུངས། དེ་ནས་རིམ་གྱིས་བཅོམ་ལྡན་འདས་འོད་མ་ཅན་གྱི་གྲོང་ཁྱེར་དུ་བྱོན་ནས་ཤིང་ཤ་པའི་ཚལ་དུ་བཞུགས་སོ། །དེའི་ཚེ་སྐུ་སྙུན་ཚབས་ཆེན་པོ་བྱུང་བའི་ཚུལ་བསྟན་ཏོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སྙུན་ཚབས་ཆེན་པོས་ཐེབས་པས། བདག་ནི་དུག་འཚལ་པ་བཞིན་ཕྱོགས་ཀྱང་བསླད། ཆོས་རྣམས་ཀྱང་བསྐྱུད་པར་གྱུར་མོད། བདག་གི་རེ་བ་ནི། དགེ་འདུན་གྱི་སླད་དུ་ཞག་ཆེམས་ཅུང་ཟད་ཅིག་བཀའ་མ་བསྩལ་གྱི་བར་དུ་མྱ་ངན་ལས་མི་འདའོ་སྙམ་མོ། །བཀའ་བསྩལ་པ། ཀུན་དགའ་བོ། གང་དགེ་འདུན་ནི་བདག་གི་ཡིན་ཏེ། བདག་གིས་དགེ་འདུན་ལ་བརྟེན་པར་བྱའོ་སྙམ་པ་དེ་ནི་ཁ་ཆེམས་ཅུང་ཟད་སྨྲ་བར་འགྱུར་མོད། ང་ལ་ནི་དེ་འདྲའི་དགོངས་པ་མི་མངའ་བས། ཁ་ཆེམས་བསྟན་དུ་ཅི་ཡོད། ངས་རྟགས་ཏུ་གོམས་པར་བྱས་པའི་བྱང་ཕྱོགས་སོ་བདུན་ནི་ཡང་དང་ཡང་དུ་བཤད་ཟིན་ཏོ། །ཀུན་དགའ་བོ། ང་ནི་རྒས་འཁོགས་ཏེ་གཉིས་ལ་བརྟེན་ནས་འཚོའོ། །ཁྱོད་མྱ་ངན་མ་བྱེད་ཅིག འདུས་བྱས་ལ་མི་འཇིག་པ་ག་ལ་ཡོད་དེ་གནས་མེད་དོ། །ཀུན་དགའ་བོ། དེ་ལྟ་བས་ན་བདག་ཉིད་སྐྱབས་དང་། བདག་ཉིད་གནས་དང་། བདག་ཉིད་གླིང་དང་། ཆོས་སྐྱབས་སུ་བཙལ་བར་བྱ་ཡི། གཞན་མ་ཡིན་ནོ་གསུངས། དེ་ནས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་སྤྲེའུའི་རྫིང་འགྲམ་གྱི་ཁང་བ་བརྩེགས་པ་ན་བཞུགས་པའི་ཚེ། ཁྱིམ་བདག་ནོར་ཅན་དང་། ནོར་ཅན་གྱི་ཆུང་མ་དང་། ནོར་ཅན་གྱི་བུ་དང། ནོར་ཅན་གྱི་མནའ་མ་བཞིས་ཉི་མ་རེ་རེ་ལ་སྤྱན་དྲངས་ནས་མཆོད་པ་ཁྱད་པར་ཅན་རྣམས་ཀྱིས་མཆོད་དོ། །དེའི་རྗེས་སུ་ལི་ཙ་བྱི་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་དེ། སྐྱེ་བོ་དཔག་ཏུ་མེད་པ་བྱང་ཆུབ་གསུམ་དུ་ངེས་པར་མཛད་དོ། །དུས་ལན་ཅིག་བསོད་སྙོམས་མཛད་དེ་ཤིང་གཅིག་གི་དྲུང་དུ་བཞུགས་ནས། བཀའ་བསྩལ་པ། ཀུན་དགའ་བོ། མི་རྣམས་ལ་ཚེ་གཅེས་ཏེ། གང་སུ་ཡང་རུང་རྫུ་འཕྲུལ་གྱི་རྐང་བ་བཞི་ལ་བརྟེན་ཅིང་སྒོམ་པ་ལན་མང་དུ་བྱས་པ་དེ་ནི། འདོད་ན་བསྐལ་བའམ་བསྐལ་བ་ལས་ལྷག་པའི་བར་དུ་ཡང་བཞུགས་སོ། །ཞེས་བཀའ་བསྩལ་ན། ཀུན་དགའ་བོས་ཅང་མི་ཞུའོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་གསུངས་ཀྱང་ཅང་མི་ཞུ་སྟེ། འདི་བདུད་ཀྱིས་ཁེབས་སོ་སྙམ་དུ་དགོངས་ནས། ཀུན་དགའ་བོ་ལ་བཀའ་བསྩལ་པ། འོ་སྐོལ་གཉིས་འཁྲུགས་པོར་མི་འགྱུར་བའི་ཕྱིར། ང་ནི་འདིར་འདུག་ན་ཁྱོད་ཤིང་གཞན་གྱི་དྲུང་དུ་སོངས་ཤིག་བྱས་པས། ཀུན་དགའ་བོ་ཤིང་གཞན་ཞིག་གི་དྲུང་དུ་སོང་། བཅོམ་ལྡན་འདས་ཤིང་དྲུང་དེར་བཞུགས་པའི་ཚེ་དྲུང་དུ་བདུད་སྡིག་ཅན་འོངས་ནས། བཙུན་པ་ཁྱེད་སྔོན་སངས་རྒྱས་པའི་ཚེ། བདག་གིས་མྱ་ངན་འདའ་བར་མཛོད་ཅིག་ཅེས་ཞུས་པས། ངས་འཁོར་རྣམ་བཞི་ལ་ཚངས་པར་སྤྱོད་པ་བསྟན་ཏེ། ལྷ་དང་མིའི་སྐྱེ་བོ་མང་པོ་ལ་རྒྱས་པར་མ་གྱུར་གྱི་བར་དུ་མྱ་ངན་ལས་མི་འདའོ་ཞེས་གསུངས་ན། ད་དེ་ལྟར་གྱུར་ལགས་ཀྱི། མྱ་ངན་ལས་འདས་པའི་དུས་ལ་བབ་བོ། །ཞེས་ཞུས་པས། བཀའ་བསྩལ་པ། སྡིག་ཅན་ཁྱོད་རྩོམ་པ་མ་ཆེ་ཞིག དེ་བཞིན་གཤེགས་པ་ཟླ་བ་གསུམ་ནས་འདའོ་ཞེས་བཀའ་བསྩལ་ཏོ། །དེར་བདུད་དེ་དགའ་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེའི་འདུ་བྱེད་ནི་བཏང་། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་སོ། །དེའི་ཚེ་ས་གཡོས། སྐར་མདའ་ལྟུང་། ཕྱོགས་རྣམས་ནི་མེས་ཚིག་ལྷའི་རྔ་བརྡུངས་སོ། །དེ་ནས་ཀུན་དགའ་བོས། བཅོམ་ལྡན་འདས་ལ་ས་གཡོ་བའི་རྒྱུ་ཞུས་པས། རླུང་གི་ཁམས་འཁྲུགས་པ་དང་། རྫུ་འཕྲུལ་ཅན་གྱིས་ས་ཆུང་ཞིང་ཆུ་ཆེ་བར་བསྒོམས་པ་དང་། བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། སྐུ་བལྟམས་པ་དང་། སངས་རྒྱས་པ་དང་། ཆོས་འཁོར་བསྐོར་པ་དང་། སྐུ་ཚེའི་འདུ་བྱེད་བཏང་བ་དང་། མྱ་ངན་ལས་འདས་པ་ནའོ། །ཞེས་ས་གཡོ་བའི་རྒྱུ་བརྒྱད་གསུངས་པས། ཀུན་དགའ་བོ་དོགས་པ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱིས་སྐུ་ཚེའི་འདུ་བྱེད་བཏང་བར་མ་གྱུར་ཏམ་ཞེས་ཞུས་པ་ན། དེ་བཞིན་ནོ་ཞེས་བཀའ་བསྩལ་ཏོ། །དེ་ནས་ཀུན་དགའ་བོས། བཅོམ་ལྡན་འདས་བསྐལ་བའམ། བསྐལ་བ་ལས་ལྷག་པར་བཞུགས་པར་གསོལ་ཅེས་ཞུས་པ་ན། ཀུན་དགའ་བོ་ཁྱོད་ཀྱིས་ཉེས་ཏེ། ངས་ལན་གསུམ་གྱི་བར་དུ་སྨྲས་ཀྱང་ཁྱོད་བདུད་ཀྱིས་ནོན་ཏེ་ཅང་མི་སྨྲའོ། །ད་ནི་འདོད་པའི་བདག་པོ་ལ་ཁས་བླངས་ཟིན་ཏེ། དེ་བཞིན་གཤེགས་པ་ནི་གཉིས་སུ་གསུངས་པའི་གནས་མེད་དོ་གསུངས། དེའི་ཚེ། སྒོང་སྐྱེས་སྒོ་ངའི་སྦུབས་གྲོལ་ལྟར། །ནང་གི་བདག་ཉིད་མཉམ་བཞག་པས། །ཡང་དག་ཡང་དག་མ་ཡིན་པའི། །ཐུབ་པས་འདུ་བྱེད་ཡོངས་སུ་བཏང་། །ཞེས་བཀའ་བསྩལ་ཏོ།།
དེ་ནས་དགེ་སློང་ཐམས་ཅད་བསྡུ་བར་མཛད་དེ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་ན། ཚེ་འདི་དང་ཕྱི་མ་ལ་གང་ཕན་པ་དང་བདེ་བ་དེ་གཟུང་བར་བྱ་སྟེ། དེ་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །ཞེས་བཀའ་བསྩལ་ཏེ། །དེ་ཡང་ཉན་ཐོས་ཀྱི་ས་ལས། དེ་ལ་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་གང་ཞེ་ན། །བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་པོ་འདི་ལྟ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་བ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ།
༡.ལུས་དྲན་པ་ཉེ་བར་བཞག་པ་དང་། ༢.ཚོར་བ་དང་། ༣.སེམས་དང་། ༤.ཆོས་དྲན་པ་ཉེ་བར་བཞག་པ་དང་།
༡.ཡང་དག་པའི་སྤོང་བའི་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། ༢.སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པ་དང་། ༣.ཡང་དག་པའི་སྤོང་བ་དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པ་དང་། ༤.དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། བསྒོམ་ཡོངས་སུ་རྫོགས་པ་དང་། ཕྱིར་ཞིང་འབྱུང་བ་དང་། འཕེལ་བ་དང་། རྒྱས་པར་བྱ་བའི་ཕྱིར་འདུན་པ་སྐྱེད་པར་བྱེད། འབད་པར་བྱེད། བརྩོན་འགྲུས་རྩོམ་པར་བྱེད་ཅིང་། སེམས་རབ་ཏུ་འཛིན་པར་བྱེད། རབ་ཏུ་འཇོག་པར་བྱེད་པ་དང་།
༡.འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་བ་དང་། ༢.བརྩོན་འགྲུས་དང་། ༣.སེམས་དང་། ༤.དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་བ་དང་།
༡.དད་པ་དང་། ༢.བརྩོན་འགྲུས་དང་། ༣.དྲན་པ་དང་། ༤.ཏིང་ངེ་འཛིན་དང། ༥.ཤེས་རབ་ཀྱི་དབང་པོ་དང་།
༡.དད་པ་དང་། ༢.བརྩོན་འགྲུས་དང་། ༣.དྲན་པ་དང་། ༤.ཏིང་ངེ་འཛིན་དང་། ༥.ཤེས་རབ་ཀྱི་སྟོབས་དང་། ༡.དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ༢.ཆོས་རྣམ་པར་འབྱེད་པ་དང་། ༣.བརྩོན་འགྲུས་དང་། ༤.དགའ་བ་དང་། ༥.ཤིན་ཏུ་སྦྱངས་པ་དང་། ༦ཏིང་ངེ་འཛིན་དང་། ༧.བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་།
༡.ཡང་དག་པའི་ལྟ་བ་དང་། ༢.ཡང་དག་པའི་རྟོག་པ་དང་། ༣.ཡང་དག་པའི་ངག་དང་། ༤.ཡང་དག་པའི་ལས་ཀྱི་མཐའ་དང་། ༥.ཡང་དག་པའི་འཚོ་བ་དང་། ༦.ཡང་དག་པའི་རྩོལ་བ་དང་། ༧.ཡང་དག་པའི་དྲན་པ་དང་། ༨.ཡང་དག་པའི་ཏིང་ངེ་འཛིན་ལ་གོམས་པ་དང་། ཡོངས་སུ་འདྲིས་པ་དང་། ཀུན་ཏུ་བསྟེན་པ་དང་། སྒོམ་པ་དང་། ལན་མང་དུ་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་ཞེས་བྱ་བའོ། །ཞེས་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་དྲན་པ་ཉེ་བར་བཞག་པ་བཞི་ནི་ཕྱིན་ཅི་ལོག་བཞིའི་གཉེན་པོར་རྣམ་པར་བཞག་པ་ཡིན་ནོ། །དེ་ལ་ལུས་དྲག་པ་ཉེ་བར་བཞག་པ་ནི་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་བཞག་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ལུས་དྲན་པ་ཉེ་བར་བཞག་པ་བསྒོམ་པ་ལ་མི་སྡུག་པ་དང་། ལྗང་བའི་དུར་ཁྲོད་རྣམ་པ་བཞི་བསྟན་པ་དེས་དེ་དག་ལན་མང་དུ་ཡིད་ལ་བྱེད་པ་ན་མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཚོར་བ་དྲན་པ་ཉེ་བར་བཞག་པ་ནི། སྡུག་བསྔལ་ལ་བདེ་བར་ཕྱིན་ཅིག་ལོག་པའི་གཉེན་པོར་རྣམ་པར་བཞག་པ་ཡིན་ཏེ། འདི་ལྟར་ཚོར་བ་དག་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་པ་ནི་གང་ཅུང་ཟད་ཅི་ཚོར་ཡང་རུང་སྟེ། དེ་དག་དེ་ལ་སྡུག་བསྔལ་བ་ཡིན་ནོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ན་དེའི་ཕྱིར་དེའི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་སེམས་དྲན་པ་ཉེ་བར་བཞག་པ་ནི། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་བཞག་པ་ཡིན་ཏེ། འདི་ལྟར་དེའི་སེམས་འདོད་ཆགས་དང་བཅས་པ་ལ་སོགས་པའི་རབ་ཏུ་དབྱེ་བས་ཉིན་མོ་དང་མཚན་མོ་དང་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དེ་དང་དེ་དག་འདས་པར་གྱུར་པའི་ཕྱིར་སེམས་རྣམ་པ་དུ་མ་རྣམ་པ་མང་པོ་སྣ་ཚོགས་མཐོང་ནས་མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཆོས་དྲན་པ་ཉེ་བར་བཞག་པ་ནི། བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པའི་གཉེན་པོར་རྣམ་པར་བཞག་པ་ཡིན་ཏེ། འདི་ལྟར་དེ་ལ་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་གང་དག་ཡིན་པ་རྣམས་ནི་ཡོད་ལ། བདག་མེད་པར་ལྟ་བ་ལ་སོགས་པ་དགེ་བའི་ཆོས་དེ་དག་ནི་མེད་པའི་ཕྱིར། ཕུང་པོ་རྣམས་ལ་བདག་ཏུ་ལྟ་བར་འགྱུར་བས་དེས་དེ་ལྟར་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཆོས་ལ་ཆོས་ཀྱི་རྗེས་སུ་བལྟས་ཤིང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ན་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པ་གང་ཡིན་པ་དེ་སྤོང་བར་འགྱུར་བའི་ཕྱིར་རོ། །ཞེས་སོགས་དང་། དེ་ལ་སྡིག་པ་མི་དགེ་བའི་ཆོས་རྣམས་གང་ཞེ་ན། འདོད་པ་ན་སྤྱོད་པའི་ལུས་ཀྱི་ལས་དང་ངག་གི་ལས་དང་། ཡིད་ཀྱི་ལས་ཉོན་མོངས་པ་ཅན་རྣམས་ཏེ། ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པར་བསྡུས་པ་གང་དག་ཡིན་པ་དང་། དེ་དག་ཀུན་ནས་སློང་བར་བྱེད་པའི་ཉོན་མོངས་པ་རྣམས་གང་དག་ཡིན་པའོ། །དེ་དག་ཀྱང་གང་དག་ཕྲད་པར་མ་གྱུར་ཅིང་མངོན་དུ་མ་གྱུར་པ་དེ་དག་ནི་མ་སྐྱེས་པ་ཡིན་ནོ། །གང་དག་ཕྲད་བར་གྱུར་ཅིང་མངོན་དུ་གྱུར་པ་དེ་དག་ནི་སྐྱེས་པ་ཡིན་ནོ། །དེ་ལ་དགེ་བའི་ཆོས་རྣམས་ཞེས་བྱ་བ་ནི་གང་དག་དེ་དག་གི་གཉེན་པོར་གྱུར་པའི་ཆོས་རྣམས་ཏེ། ཉེས་བར་སྤྱད་པའི་གཉེན་པོར་གྱུར་པ་དང་། སྒྲིབ་པའི་གཉེན་པོ་གྱུར་པ་དང་། ཀུན་ཏུ་སྦྱོར་བའི་གཉེན་པོར་གྱུར་པ་རྣམས་སོ། །དེ་དག་མ་སྐྱེས་པ་དང་། སྐྱེས་པ་ཡང་སྡིག་པ་མི་དགེ་བའི་ཆོས་རྣམས་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་རིག་པར་བྱའོ། །དེ་ལ་གང་གི་ཚེ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པ་དང་། རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་བསྐྱེད་པར་མི་བྱ་བ་དང་། སྐྱེས་ཤིང་ཕྲད་པ་རྣམས་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་དང་དུ་མི་ལེན་ཞིང་སྤང་བ་དང་བསལ་བར་བྱའོ་ཞེས་སྤྲོ་བ་སྐྱེད་པར་བྱེད་ཅིང་སྨོན་ལམ་འདེབས་པར་བྱེད་པ་དེ་ནི་འདུན་པ་སྐྱེད་པར་བྱེད་པ་ཡིན་ནོ། །སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་དང་པོ་ཉིད་ནས་མི་སྐྱེད་པའི་ཕྱིར་སྤྲོ་བ་སྐྱེད་པར་བྱེད། སྨོན་ལམ་འདེབས་པར་བྱེད་ཅིང་དང་དུ་ལེན་པར་མི་འདོད་པ་གང་ཡིན་པ་དེ་ནི་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་ཡིན་ནོ། །སྐྱེས་པ་རྣམས་དང་དུ་མི་ལེན་ཅིང་སྤང་བར་བྱེད་པ་གང་ཡིན་པ་དེ་ནི་སྤང་བའི་ཕྱིར་འདུན་པ་ཡིན་ནོ། །ཞེས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་སྐབས་སུའང་དེ་ཉིད་ལས། ངེས་པར་འབྱུང་བའི་རྟོག་པ་དང་། གནོད་སེམས་མེད་པའི་རྟོག་པ་དང། རྣམ་པར་འཚེ་བ་མེད་པའི་རྟོག་པ་ལ་ཡང་དག་པར་རྟོག་པར་བྱེད་པ་གང་ཡིན་པ་དེ་ནི་ཡང་དག་པའི་རྟོག་པ་ཡིན་ཏེ། གལ་ཏེ་རེ་ཞིག་རྣམ་པར་རྟོག་པ་དག་སེམས་འཇུག་པར་གྱུར་ན་ནི་དེ་ལྟ་བུའི་རྣམ་པར་རྟོག་པ་དག་ལ་རྟོག་པར་བྱེད་དོ། །གལ་ཏེ་གཏམ་ལ་སེམས་འཇུག་པར་འགྱུར་ན། དེ་ལྟ་བ་དེ་ཉིད་ཀྱི་དབང་དུ་བྱས་ཏེ། དགེ་བའི་རྟོག་པ་དེ་དག་ཉིད་ཀྱིས་ཆོས་དང་ལྡན་པའི་གཏམ་ཟེར་བ་དེ་ནི་དེའི་ཡང་དག་པའི་ངག་ཡིན་ནོ། །དེ་གལ་ཏེ་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་དག་འདོད་ཅིང་། དེ་དག་ལ་ཡོངས་སུ་འཚོལ་བར་བྱེད་པ་དང་། དེ་འགྲོ་བ་དང་ལྡོག་པ་དག་ལ་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དང་། ཅུང་ཟད་བལྟས་པ་དང་། རྣམ་པར་བལྟས་པ་དང་། བསྐུམས་པ་དང་། བརྐྱངས་པ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་བཅངས་པ་དང་། ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་དང་། གཙུག་ལག་ཁང་དུ་འགྲོ་བའམ། ཆོས་གོས་ལ་སོགས་པ་ཡོངས་སུ་འཚོལ་བའམ། འགྲོ་བའམ། སྡོད་པ་དང་། འདུག་པ་དང་། ཉལ་བ་དང་། གཉིད་ཀྱི་སྙོམ་པ་བསྲང་བའི་བར་དག་ལ་ཡང་ཤེས་བཞིན་དུ་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ནི་དེའི་ཡངས་དག་པའི་ལས་ཀྱི་མཐའ་ཞེས་བྱ་བའོ། །དེ་ཆོས་གོས་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་ཀྱི་བར་དག་ཆོས་ཀྱིས་ཡོངས་སུ་འཚོལ་བར་བྱེད་པ་དེ་དང་། ལོག་པར་འཚོ་བར་བྱེད་པའ་ཆོས་རྣམས་རྣམ་པར་སྤངས་པའི་བར་གང་ཡིན་པ་དེ་ནི་དེའི་ཡང་དག་པའི་འཚོ་བ་ཞེས་བྱ་བའོ། །སྤོང་བས་ཡང་དག་པར་བསྡུས་པ་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་གང་དག་ཡིན་པ་དེ་ནི། དེས་དང་པོ་ཁོ་ནར་ཟག་པ་མེད་པའི་ཡིད་ལ་བྱེད་པ་ཐོབ་པ་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། ལྷན་ཅིག་ཁོ་ནར་ཐོབ་པ་ཡིན་ཏེ། དེ་དག་ནི་དེའི་འཕགས་པ་དགྱེས་པིའ་ཚུལ་ཁྲིམས་ཞེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འཕགས་པ་དམ་པ་ཡང་དག་པར་སོང་བ་རྣམས་ཀྱིས་ཅི་ནས་ཀྱང་བདག་གི་ངག་གིས་ཉེས་པར་བྱས་པ་དང་། ལུས་ཀྱིས་ཉེས་པར་སྤྱད་པ་དང་། ལོག་པའི་འཚོ་བ་དག་མི་བྱ་བས་བསྡམས་པ་དེ་ཐོབ་པར་བྱའོ་ཞེས་ཡུན་རིང་པོ་ནས་དགྱེས་པ་དང་། སྡུག་པ་དང་། ཕངས་པ་དང་། ཐུགས་སུ་འཐད་པར་མཛད་པ་ཡིན་ཏེ། དེ་དག་གི་ཡུན་རིང་པོ་ནས་དགྱེས་པ་དང་། སྡུག་པ་དང་། ཕངས་པ་དང་། ཐུགས་སུ་འཐད་པར་མཛད་པ་གང་ཡིན་པ་དེས་དེའི་ཚེ་ན་ཐོབ་པས་ན། དེའི་ཕྱིར་འཕགས་པ་དགྱེས་པ་ཞེས་བྱའོ། །འདི་ལྟར་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དག་ཐོབ་ན། ཤེས་བཞིན་དུ་རྫུན་གྱི་ཚིག་སྨྲ་བར་མི་བྱེད། བསམས་བཞིན་དུ་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། མ་བྱིན་པར་ལེན་པར་མི་བྱེད། འདོད་པས་ལོག་པར་གཡེམ་པར་མི་བྱེད་ཅིང་། ཆོས་མ་ཡིན་པས་ཆོས་གོས་ལ་སོགས་པ་ཡོངས་སུ་འཚོལ་བར་ཡང་མི་བྱེད་པས་ན། དེ་ལྟར་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དེ་དག་ཉིད་ཀྱི་དབང་དུ་བྱས་ཏེ། ལམ་བསྒོམ་པའི་ཚེ་ན་ངག་འཇུག་པ་གང་ཡིན་པ་དང་། ལུས་ཀྱི་ལས་གང་ཡིན་པ་དང་། འཚོ་བ་གང་ཡིན་པ་དེ་དག་ཀྱང་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དག་ཅེས་བྱའོ། །ཞེས་སོགས་གསུངས་པ་ལྟར་རོ།།
ལུང་ཕྲན་ཚེགས་ལས། བཅོམ་ལྡན་འདས་ཀྱིས་སྲོག་གི་འདུ་བྱེད་དག་བྱིན་གྱིས་བརླབས་ནས། ཚེའི་འདུ་བྱེད་དག་བཏང་ངོ་། །ཞེས་གསུངས་ལ། དགོས་པ་ནི། སྐུ་ཚེ་ལ་མངའ་བརྙེས་པ་ཉིད་དུ་བསྟན་པའི་ཕྱིར་དང་། གང་ཡང་རྫུ་འཕྲུལ་གྱི་རྐང་བ་བཞི་པོ་དེ་ལྟར་བསྒོམས་པ་དག་གིས་འདོད་ན་བསྐལ་བའམ་བསྐལ་བ་ལས་ལྷག་པར་བཞུགས་པར་བྱའོ། །ཞེས་དམ་བཅས་པ་དེ་ཡང་བསྒྲུབ་པའི་ཕྱིར་ཡངས་པ་ཅན་དུ་ཟླ་བ་གསུམ་དུ་སྲོག་གི་འདུ་བྱེད་བྱིན་གྱིས་བརླབས་ཏེ་བཞུགས་སོ། །དེའི་ཚེ་དབྱིབས་ཟླུམ་པོ་བང་རིམ་གསུམ་པ་ཅན་གྱི་རྣམ་རྒྱལ་མཆོད་རྟེན་ནི། ཡངས་པའི་གྲོང་ཁྱེར་པ་རྣམས་ཀྱིས་བཞེངས་སོ། །དེ་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་ལ་གཡས་ཕྱོགས་ནས་གཟིགས་ཏེ་ཕྱི་ལྟོས་མཛད་ནས། འདི་ཡངས་པ་ཅན་ལ་གཟིགས་པའི་ཐ་མ་ཡིན་ནི་གསུངས་སོ། །དེ་ནས་རུ་ཏའི་གྲོང་དང་། དུམ་པའི་གྲོང་དང་། ཨ་མྲའི་གྲོང་དང་། ཛམྦུའི་གྲོང་དང་། རྫི་གྲོང་དང་། ཤུར་བའི་གྲོང་དང་། ལོངས་སྤྱོད་ཀྱི་གྲོང་དང་། མལ་ལའི་གྲོང་སྟེ། གྲོང་བརྒྱད་པོ་དེ་དག་ཏུ་རིམ་གྱིས་བྱོན་ནས། ལོངས་སྤྱོད་ཀྱི་གྲོང་གི་བྱང་ཕྱོགས་ཤིང་ཤ་པའི་ཚལ་དུ་བཞུགས་ནས། དགེ་སློང་རྣམས་ལ་བཀའ་བསྩལ་པ། མདོ་སྡེ་ལ་འཇུག འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་ཆོས་ཡིན་གྱི། དེ་ལས་ཟློག་ན་མ་ཡིན་ནོ། །དགེ་སློང་དག་མདོ་སྡེའི་མཐའ་མ་བརྟེན་གྱི། གང་ཟག་ལ་མ་ཡིན་ནི་གསུངས་། དེ་ལྟར་འདུལ་བ་ལུང་གཞི་དང་། ལུང་རྣམ་འབྱེད་དང་། ལུང་དམ་པ་དང་། ལུང་ཕྲན་ཚེགས་ཏེ། འདུལ་བ་ལུང་སྡེ་བཞིར་གྲགས་པ་དེ་ཡང་སྐབས་སྐབས་སུ་གསུངས་སོ། །ཇི་སྐད་དུ་ལུང་ལས། སངས་རྒྱས་བསྟན་པ་དྲན་བྱེད་ན། ལུས་ཀྱི་ལས་དང་ངག་གི་ལས། ཡིད་ཀྱི་ལས་ལ་མང་དུ་ནི། །སོ་སོར་རྟོག་ཅིག་སྒྲ་གཅན་ཟིན། །འདི་ནི་དགེ་སྦྱོང་ལས་ཡིན་ཏེ། །འདི་ལ་སློབས་ཤིག་སྒྲ་གཅན་ཟིན། །འདི་ལ་ཁྱོད་ནི་སློབ་བྱེད་ན། །དགེ་བར་འགྱུར་ཞིང་སྡིག་མེད་ཡིན། །ཞེས་དང་། ལུས་ངག་ཡིད་ཀྱིས་སྡིག་པ་མི་བྱ་ཞིང་། །འཇིག་རྟེན་ཀུན་ལ་ཡོངས་འཛིན་འདོད་བྲལ་བ། དྲན་དང་ལྡན་ཞིང་ཤེས་བཞིན་ཅན་གྱིས་ནི། །གནོད་ལྡན་སྡུག་བསྔལ་གང་ཡིན་བསྙེན་མི་བྱ། །ཞེས་དང་། གང་ཞིག་ངུར་སྨྲིག་བགོས་ཀྱང་སེམས་ཀྱི་སྐྱོན་མ་སྤངས། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །ལག་ཏུ་ལྷུང་བཟེད་ཐོགས་ཀྱང་ཡོན་ཏན་སྣོད་མ་གྱུར། །རབ་ཏུ་བྱུང་ཡང་དངོས་པོ་ཀུན་ལས་ངེས་མ་བྱུང་། །དགེ་སློང་དེ་ནི་དགེ་སྦྱོང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་འདྲ། །ཞེས་དང་། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །ཞེས་དང་། ལུས་ཅན་རྫུན་དུ་སྨྲ་བ་ཡིས། །ཆོས་གཅིག་ལས་ནི་འདས་གྱུར་ཅིང་། །འཇིག་རྟེན་ཕ་རོལ་བྲལ་བ་ཡིས། །འདི་ལ་སྡིག་པ་མི་བྱ་མེད། ལྕགས་གོང་མེ་ལྕེ་འདྲ་བ་དག། ཟོས་པར་གྱུར་པ་མཆོག་ཡིད་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་དང་། གང་ལས་སྡུག་བསྔལ་སྐྱེ་འགྱུར་བའི། །སྡུག་བསྔལ་དེ་ལ་བདེ་བར་སོམས། །ཞེས་དང་། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐར་ལྟུང་འགྱུར། །ཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པོའི་མཐའ་ནི་འཆི་བ་ཡིན། །ཞེས་དང་། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་དང་། གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་དང་། ཇི་ལྟར་གྲིབ་མ་མི་ཡིས་རྗེས་འབྲང་བ། །འདུག་ན་འདུག་ལ་འགྲོ་ན་འགུལ་བ་ལྟར། །དེ་བཞིན་དགེ་དང་མི་དགེ་གྲིབ་མ་ལྟར། །སངས་རྒྱས་སྨྲ་བ་བླ་ན་མེད་པས་གསུངས། །ཞེས་དང་། ཅུ་སྲིན་གནས་ཀྱི་དུག་ཅན་པ། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །སངས་རྒྱས་གདུལ་བྱར་བྱམས་པ་ནི། །དུས་ལས་འདའ་བར་མི་འགྱུར་རོ། །ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། །རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། །དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བོ་ལ། །རྟོག་པར་མཛད་ཅིང་དེ་སྲོག་སྲུང་བར་མཛད། །ཅེས་དང་། ཟླ་བ་སྐར་མའི་ཚོགས་བཅས་ས་ལ་ལྷུང་ཡང་སྲིད། །ས་འདི་རི་དང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམས་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོས་རྫུན་གསུང་འགྱུར་བ་སྲིད་མ་ཡིན། །ཞེས་སོགས་གསུངས་སོ།།