| དེ་ནས་མཛད་པ་སྤྱི་ལ་བསྟོད་པ་ནི། བཞེད་པ་ཇི་བཞིན་འཇུག་ལ་མངའ་བརྙེས་པས། །ཕུན་ཚོགས་ཉེར་བཞི་མཛད་ཆེན་བཅུ་གཉིས་དང་། །ཆོ་འཕྲུལ་གསུམ་དང་ལྷུན་གྲུབ་འཕྲིན་ལས་ཀྱིས། །འགྲོ་བའི་ཕན་བདེན་སྒྲུབ་ལ་ཕྱག་འཚལ་ལོ། །ཞེས་སྨྲས་སོ།།
དེ་ཡང་མདོ་ལས། དགེ་མཐར་ཕྱིན་པ་ཁྱོད་ལ་ནི། །སྦྱོར་བྱུང་དགེ་བ་འགའ་མ་མཆིས། །ཁྱོད་ནི་གང་ཞིག་བཞེད་ན་ཡང་། །བཞེད་པ་ཙམ་ལ་རག་ལས་སོ། །ཞེས་དང་།མཆིམས་འཇམ་པའི་དབྱངས་ཀྱིས། རྒྱུ་དང་འབྲས་བུ་ཕན་འདོགས་པ། །གསུམ་པོ་རེ་རེའང་བཞི་བཞི་སྟེ། །ཚོགས་ཀུན་ཡུན་རིང་བར་ཆད་མེད། །གུས་བྱས་གོམས་པ་བཞི་ནི་རྒྱུ། །ཡེ་ཤེས་དང་ནི་སྤངས་པ་དང་། །མཐུ་དང་གཟུགས་སྐུ་ཕུན་ཚོགས་པ། །རྣམ་བཞི་འབྲས་བུ་དེ་དག་ཀྱང་། །རྣམ་པ་བཞི་བཞེར་ཤེས་བྱ་སྟེ། །མ་བསྟན་མཁྱེན་དང་ཐམས་ཅད་མཁྱེན། །རྣམ་ཀུན་མ་འབད་མཁྱེན་པ་བཞི། །ཡེ་ཤེས་ཕུན་ཚོགས་ཉོན་མོངས་ཀུན། །གཏན་དུ་སྤངས་དང་བག་ཆགས་བཅས། །ཏིང་འཛིན་སྙོམས་འཇུག་སྒྲིབ་ཀུན་སྤངས། །རྣམ་བཞི་སྤངས་པ་ཕུན་ཚོགས་སོ། །ཕྱིའི་ཡུལ་སྤྲུལ་རྒྱུར་བྱིན་རླབས་པ། །ཡུལ་ལ་མངའ་བརྙེས་གཏོང་བྱིན་རློབ། །ཚེ་ལའོ་ཐོགས་བཅས་ཐོགས་མེད་དང་། །རིང་ལ་མྱུར་གཤེགས་ཆུང་ངུར་ནི། །མང་འཇུག་སྤྱོད་ལམ་མངའ་བརྙེས་པའོ། །ཡ་མཚན་ནར་མ་སྣ་ཚོགས་པ། །སྟོན་ལ་མངས་བརྙེས་རྣམ་པ་བཞི། །རྒྱལ་བའི་མཐུ་ནི་ཕུན་ཚོགས་པའོ། །མཚན་དང་དཔེ་བྱད་སྟོབས་དང་ནི། །སྐུ་གདུང་རིང་བསྲེལ་རྡོ་རྗེ་ལྟར། །སྲ་བ་གང་ཡིན་སངས་རྒྱས་ཀྱི། །གཟུགས་སྐུ་ཕུན་ཚོགས་རྣམ་བཞིའོ། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །འཁོར་བའི་སྡུག་བསྔལ་དག་ལས་ནི། །གཏན་དུ་ཐར་མཛད་རྣམ་པ་བཞི། །ཕན་འདོགས་པ་དེ་རྣམ་གཅིག་ཏུ། །བདེ་འགྲོ་དང་ནི་ཐེག་གསུམ་འགོད། །བཞི་ཡིན་འགྲོ་བའི་བླ་་མ་དེའི། །ཡོན་ཏན་རྒྱ་མཚོ་དཔག་མེད་ཕྱིར། །རབ་ཏུ་དབྱེ་བ་མཐའ་ཡས་མོད། །ཆེ་བའི་བདག་ཉིད་མདོར་བསྡུས་པའོ། །གང་དག་སྐྱོབས་པ་ཀུན་མཁྱེན་གྱི། །ཡོན་ཏན་དམ་པ་གང་ཤེས་ནས། །རྒྱལ་དང་དེ་ཡི་དམ་ཆོས་དང་། །དེ་ཡི་རྗེས་འཇུག་དགེ་འདུན་ལ། །རབ་དང་དེ་དག་མཁས་པ་ཡིན། །ཞེས་གསུངས་པ་ལྟར། རྒྱུ་ཕུན་སུམ་ཆོགས་པ་བཞིན་དང་། འབྲས་བུ་ལ། ཡེ་ཤེས་དང་། སྤངས་པ་དང་། མཐུ་དང་། གཟུགས་སྐུ་བཞི་ཡོད་པས། རེ་རེ་ལ་ཕུན་ཚོགས་པ་བཞི་བཞི་ཕྱེ་བས་བཅུ་དྲུག་དང་། ཕན་འདོགས་པ་ཕུན་སུམ་ཚོགས་པ་བཞི་འདྲེན་ཚུལ་གཉིས་ཡོད་པས། ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ལས་ཐར་བར་མཛད་པ་བཞིའམ། རྣམ་པ་གཅིག་ཏུ་ན། བདེ་འགྲོ་དང་ཐེག་པ་གསུམ་ལ་འགོད་པ་སྟེ་བཞིའོ།།
དབུ་མ་འཇུག་པ་ལས། སླར་ཡང་མི་གཡོའི་སྐུ་མངའ་ཁྱོད་ཀྱིས་སྲིད་གསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོར་ལོའང་སྟོན་པར་མཛད། །དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་ནི། །མང་པོས་བཅིངས་པ་མ་ལུགས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་བར་མཛད། ཅེས་དང་།
ཐེག་པ་ཆེན་པོ་བསྡུས་པ་ལས། སེམས་ཅན་རྣམས་ལ་ཐུགས་བརྩེ་བ། །ཕྲད་དང་བྲལ་བར་དགོངས་པ་ཅན། །མི་འབྲལ་དགོངས་ཤིང་བདེ་དང་ལྡན། །དགོངས་པ་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཐུབ་པས་འཇིག་རྟེན་ཀུན་ཟིལ་མནན་། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །སེམས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་ཉོན་མོངས་ཀུན། །མ་ལུས་པ་དག་འདུལ་མཛད་པ། །ཉོན་མོངས་སེལ་བ་ཉོན་མོངས་པ། །བརྩེར་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་ཏུ་ཡང་། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །གནས་དང་གནས་པ་བཤད་བྱ་དང་། །ཚིག་དང་ཤེས་པ་སྟོན་པ་ལ། །རྟག་ཏུ་བློ་གྲོས་མི་ཐོགས་པ། །སྟོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཆེད་དུ་བཞུད་དང་དེ་དག་གི། ཚིག་དང་སྤྱོད་མཁྱེན་འོངས་པ་དང་། །འགྲོ་དང་ངེས་འབྱུང་སེམས་ཅན་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་མཆོག་ཏུ་རྟོགས་པར་འགྱུར། །མཐོང་བ་ཙམ་གྱིས་དད་འགྱུར་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་བ་དང་། །སྤྲུལ་བ་དང་ནི་སྒྱུར་བ་དང་། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱབས་དང་དག་པ་དང་། །ངེས་འབྱུང་ཐེག་པ་ཆེན་པོ་ལ། །སེམས་ཅན་རྣམས་ལ་མི་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་དང་ནི་སྤངས་པ་དང་། །ངེས་འབྱུང་བགེགས་བྱེད་སྟོན་མཛད་པ། །བདག་གཞན་དོན་ལ་མུ་སྟེགས་གཞན། །མི་ཚུགས་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་དུ་ཚར་གཅོད་གསུང་མཛད་པ། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །བསྲུང་བ་མི་མངའ་བསྙེལ་མི་མངའ། །ཚོགས་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་བཞུགས་ཀུན་ཏུ་རྟག་པར་ཡང་། །ཀུན་མཁྱེན་མ་ལགས་སྤྱོད་མི་མངའ། །ཁྱོད་ནི་ཡང་དག་དོན་དུ་ན། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་ཀུན་གྱི་དོན་མཛད་པ། །ཁྱོད་ནི་དུས་ལས་ཡོལ་མི་གདའ། །རྟག་ཏུ་འབྲས་བུ་ཡོད་མཛད་པ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ཏུ་གདུགས་ཞག་གཅིག། ལན་དྲུག་ཏུ་ནི་གཟིགས་མཛད་པ༑༑ ཐུགས་རྗེ་ཆེ་དང་ལྡན་པ་པོ། །ཕན་འདོགས་ཁྱོདལ་ཕྱག་འཚལ་ལོ། །ཞེས་དང་།དབུ་མ་སྙིང་པོ་ལས། བྱང་ལག་རིན་ཆེན་བདུན་ཕྱུག་ཅིང་། །ཡོན་ཏན་དཔག་མེད་འབྱུང་བའི་གནས། །ལྷ་དང་ལྷ་མིན་ཕྱག་བྱས་པ། །དམ་ཆོས་འཁོར་ལོ་བསྐོར་བརྙེས་ཤིང་། །མུ་ཏིག་འཕྲོ་འདྲའི་གྲགས་པ་དང་། །སྟོན་ཟླ་ཉ་བའི་དྲི་མེད་པའི། །འོད་ཟེར་ལྟ་བུའི་གསུང་དག་གི། ཕྱོགས་བཅུ་དག་ནི་རྒྱས་མཛད་ལ། །དཀོན་མཆོག་གསུམ་གདུང་གནས་བྱའི་ཕྱིར། །ཡོན་ཏན་འབྱུང་གནས་དམ་པའི་སྲས། །ལྷ་ཀླུ་ལ་སོགས་སྤྱི་གཙུག་གིས། །བསྟེན་པ་མཆོད་པ་བཞག་མཛད་དེ། །རང་དང་གཞན་དོན་མཛད་པའི་ཕྱིར། །དེ་དག་མྱ་ངན་འདས་ལགས་འདས། །དེ་ལས་གཞན་གང་ལུས་བཅད་ཆད། །དེ་ཡང་མྱ་ངན་འདས་པ་ཡིན། །ཞེས་དང་། དེ་ཡིས་སྐུ་དང་གསུང་རྣམས་ཀྱིས། །ཡིད་བཞིན་ནོར་བུ་དཔག་བསམ་ལྟར། །གདུལ་བའི་དབང་གིས་ཕྱོགས་ཀུན་ཏུ། །སྣ་ཚོགས་བདག་པོའི་གཟུགས་སུ་བསྒྱུར་། །ཅེས་དང་།རྟོག་གེ་འབར་བ་ལས། དེ་ཡིས་རྣམ་པ་དྲུག་ཅུ་དང་། །ལྡན་པའི་གསུང་དང་ཆོ་འཕྲུལ་དང་། །བཅས་པས་ལྷ་དང་ལྷ་མིན་མི། །ལ་སོགས་ཡིད་ནི་དགའ་བར་བྱེད། །རྫུ་འཕྲུལ་དང་། ཀུན་བརྗོད་པ་དང་། རྗེས་སུ་བསྟན་པ་དང་ལྡན་པ་ནི། །ཆོ་འཕྲུལ་དང་བཅས་པ་སྟེ། འདིའི་རྫུ་འཕྲུལ་ནི་ཁྱབ་པ་དང་། སྙན་པ་དང་། ཟབ་པ་ལ་སོགས་པའོ། །ཀུན་བརྗོད་པ་ནི། བུ་དང་བུ་མོ་ལ་སོགས་པ་ཚེ་རིང་བ་ལ་སོགས་པ་སྟོན་པ་དང་། དགེ་བ་དང་མི་དགེ་བའི་ལས་འདི་དག་ལས་འགྲོ་བ་དྲུག་གི་སེམས་ཅན་རྣམས་བྱུང་བར་གྱུར་ཏོ། །འབྱུང་བར་འགྱུར་རོ། །དུས་འདི་སྲིད་དུ་འཁོར་བར་གནས་ནས་ཐར་པ་བསྒྲུབ་པར་འགྱུར་རོ་ཞེས་བྱ་བའོ། །རྗེས་སུ་བསྟན་པ་ནི། ཡང་འདི་ནི་ཆོས་སོ་འདི་ནི་ཆོས་མ་ཡིན་པའོ། །འདི་ལ་ནི་བསླབ་པར་བྱའོ། །འདི་ལ་ནི་བསླབ་པར་མི་བྱའོ། །ཆོས་འདི་དག་ནི་སྲིད་པ་སྒྲུབ་པར་བྱེད་པ་སྟེ། འདོད་ཆགས་ལ་སོགས་པའོ། ཆོས་དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སྟེ། དྲན་པ་ཉེ་བར་བཞག་པ་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་དཔག་ཏུ་མེད་པའི་ཆོ་འཕྲུལ་བསྟན་པ་རྒྱས་པར་རིག་པར་བྱའོ། །ཞེས་གསུངས་སོ། །བསྟོད་པ་འདི་ནི་ཡན་ལག་བདུན་གྱི་དབང་དུ་བྱས་པ་ལས། དང་པོ་ཕྱག་འཚལ་བ་སོང་བས། ལྷག་མ་དྲུག་ནི། དེ་ལྟར་མི་ཕྱེད་དད་པས་ཕྱག་འཚལ་ནས། །མཐའ་ཀླས་ཞིང་གི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཐོག་མེད་དུས་ནས་བསགས་པའི་སྡིག་ལྟུང་ཀུན། །འགྱོད་པས་བཤགས་ཤིང་སླན་ཆད་ཡང་དག་སྡོམ། །ཐོག་མཐའ་བར་གྱི་མཛད་ཐམས་ཅད་ལ། །སྙིང་ནས་སྨོན་ཞིང་དགའ་བས་ཡི་རང་ངོ་། །སྐྱེ་དགུ་རྣམས་ཀྱི་བླང་དོར་མཚོན་པའི་མིག ལེགས་གསུང་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །གང་དུ་འཚོ་གཞེས་སྤྲུལ་སྐུ་ཉིན་མོའི་མགོན། །འགྲོ་ཀུན་གདུང་བར་མི་འགོད་གསོལ་བ་འདེབས། །རིང་ནས་བསགས་པའི་བསོད་ནམས་དངོས་པོ་ཀུན། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་འཛིན་ཅིང་། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ཀྱི། །དམ་ཆོས་མཐའ་དག་འཛིན་པའི་རྒྱུ་རུ་བསྔོ། །ཞེས་སྨྲས་སོ།།
མདོ་སྡེ་བསྐལ་བ་བཟང་པོ་ལས། དུས་ངན་པ་དང་སེམས་ཅན་མ་རུངས་དང་། །ཆོས་ནུབ་མཐའ་དང་ངན་སོང་འཕེལ་བ་ན། །མཁས་པ་ཤིན་ཏུ་ཡིད་འབྱུང་བྱས་ནས་ནི། །བག་ཡོད་རི་དྭགས་བཞིན་དུ་སྐྲག་པར་འགྱུར། །ཞེས་གསུངས་ལ།ཟླ་བ་སྒྲོན་མའི་མདོ་ལས། བསྐལ་བ་བྱེ་བ་གང་གཱའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་ནུབ་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་དང་།
མདོ་ལས། སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །རྫོགས་པའི་སངས་རྒྱས་གྲགས་ལྡན་པའི། །སྐུ་ཀུན་ལ་ཡང་ཕྱག་འཚལ་ལོ། །རྫོགས་སངས་གང་དུ་བལྟམས་པ་དང་། །གང་དུ་བྱང་ཆུབ་ལ་རེག་དང་། ཆོས་ཀྱི་འཁོར་ལོ་བསྐོར་པ་དང་། །ཟག་མེད་མྱ་ངན་འདས་ཕྱག་འཚལ། །བདེ་གཤེགས་གང་དུ་བཞུགས་པ་དང་། །འཆག་པ་དང་ནི་བཞེངས་པ་དང་། སེང་གེ་ལྟ་བུར་གཟིམས་པ་ཡི། །གནས་དེ་ལ་ཡང་ཕྱག་འཚལ་ལོ། །སྟེང་དང་འོག་དང་བར་དག་དང་། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། །སྐུར་བཅས་སྐུ་ནི་མེད་པ་ཡི། །མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །གང་གིས་ཚིགས་བཅད་འདི་བཞི་ཡིས། །དེ་བཞིན་གཤེགས་ལ་བསྟོད་བྱེད་པ། །བསྐལ་བ་བྱེ་བ་སྟོང་རྣམས་སུ། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་དང་།
ལུང་སྨན་གྱི་གཞི་ལས། གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱ་བ་ཆུང་ངུ་བྱེད་འགྱུར་པའང་། །དེ་དག་མཐོ་རིས་སྣ་ཚོགས་དག། བགྲོད་ནས་བདུད་རྩིའི་གོ་འཕང་འཐོབ། །ཅེས་དང་།
ལྷ་ལས་ཕུལ་བྱུང་གི་བསྟོད་པ་ལས། སྙིང་ནས་དད་དམ་ཇི་ལྟར་དགའ་བ་དང་། །ཐེ་ཚོམ་གྱིས་སམ་གཞན་གྱི་ངོར་ཡང་རུང་། །གང་ཞིག་ཐུབ་དབང་ཟླ་བ་དེར་ཕྱག་བྱེད། །དེས་ན་ལྷ་ཡི་བདེ་བ་ཕུན་ཚོགས་འཐོབ། །ཅེས་དང་།
མཛོད་འགྲེལ་ལས། དེ་བཞིན་གཤེགས་པ་རྣམས་ནི། །བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་སྟེ། ངེས་པར་འབྱིན་པས་འབྲས་བུ་མེད་པ་མ་ཡིན་པ་དང་། དེ་ཡང་གནས་སྐབས་མཐོ་རིས་སུ་འབྱིན་པས་ཡིད་དུ་འོང་བ་དང་། ལན་མང་དུ་འབྱིན་པས་མཆོག་ཏུ་གྱུར་པ་དང་། མཐོང་ཆོས་ལ་སོགས་པ་ལ་མྱོང་བས་མྱུར་བ་དང་། མཐར་མྱང་འདས་འཐོབ་པས་མཐའ་བཟང་བའི་ཕྱིར་རོ། །ཞེས་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་གསུངས་སོ༑༑ དེ་ལྟར་ན་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་རྣམ་པར་ཐར་པ་མདོར་བསྡུས་དང་། ཉན་ཐོས་ཆེན་པོ་དག་གི་རྟོགས་བརྗོད་ཅུང་ཟད་དང་བཅས་པ། རང་གི་དད་པའི་རྟེན་དུ་བརྗེད་བྱང་ཙམ་ཞིག་བཀོད་པ་རེ་ཞིག་རྫོགས་སོ།།།།
སྨྲས་པ། སྟོབས་བཅུ་ཡང་དག་རིག་པའི་ལྷ་ལམ་དུ། །ཐུགས་རྗེའི་ཆུ་འཛིན་རོལ་བའི་དཀྱིལ་འཁོར་ལས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་འབེབས་པ། །བདེར་གཤེགས་ལྷ་ཡི་དབང་པོར་ཕྱག་འཚལ་ལོ། །བསོད་ནམས་ཡེ་ཤེས་དབང་ཕྱོགས་མཁའ་ལས་ཤར། །མི་ཟད་ཕན་བདེའི་སྣང་བ་དཀར་པོའི་མཛོད། །ཐོག་མཐར་བར་དུ་དགེ་བའི་བཀྲ་ཤིས་པ། །ལུང་རྟོགས་དམ་ཆོས་ཉི་ཟླ་དག་ལ་འདུད། །མང་ཐོས་ཚུལ་ཁྲིམས་གཤོག་དཀར་གཡོ་བ་ཡིས། །འདོད་ཡོན་མཁའ་ལ་ཆགས་ཐོགས་མེད་པར་རྒྱུ། །སྲིད་པའི་རྒྱ་མཚོའི་ཕ་རོལ་སྒྲོལ་བའི་གྲོགས། །ཚོགལས་མཆོག་གསེར་མདོག་ངང་བའི་སྡེ་ལ་འདུད། །འཕགས་པའི་ཚོགས་དང་རྒྱན་དྲུག་མཆོག་གཉིས་ནས། །བདག་གི་མཁན་སློབ་བཀའ་དྲིན་ཅན་གྱི་བར། །རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྱིས། །གསེར་རིའི་ཕྲེང་ལྟར་བྱོན་པ་རྣམས་ལ་འདུད། །ནམ་མཁའ་མེད་པས་འདབ་ཆགས་མི་ཟློག་སྟེ། །ནམ་ཞིག་རང་སྟོབས་ཟད་པས་ལྡོག་པ་ལྟར། །ཉན་རང་རྒྱལ་སྲས་རྣམས་ཀྱིས་ཐུབ་དབང་གི། །མཛད་པ་མཐའ་དག་བརྗོད་པར་མི་ནུས་གསུངས། །དེའི་ཕྱིར་རྒྱལ་བའི་མཛད་པ་རྒྱལ་བས་མཁྱེན། །དམན་པས་རྒྱལ་བའི་རྣམ་ཐར་པད་དཀར་ཕྲེང་། །སྤེལ་བ་འོས་མིན་འོན་ཀྱང་ངོ་མཚར་གཏམ། །དུས་ཀྱིས་ནུབ་པར་དོགས་ནས་ཆ་ཙམ་བཟླས། །ང་ཡིན་ཉན་ཐོས་ཚུལ་ཁྲིམས་ལྡན་པ་ནི། །གང་དུ་གནས་པའི་ཡུལ་ལྗོངས་དེ་དང་དེར། །བཀྲ་ཤིས་དགེ་མཚན་སྣང་བ་ཡོད་དོ་ཞེས། །ཤིན་ཏུ་རྗེས་སུ་བརྩེ་བའི་བཀའ་ཡང་བསྩལ། །ཕྲན་བུ་ཡང་ནི་རྒྱལ་བའི་བསྟན་པ་ལ། །རབ་ཏུ་ཞུགས་པའི་སྐལ་བ་ཆེ་ལྡན་ཡང་། །རྒྱལ་བའི་བཀའ་གསུང་ཇི་བཞིན་སྒྲུབ་མ་བྱུང་། །ཚུལ་འདི་བསམ་ཚེ་འགྱོད་པས་ཤེས་པ་འཕྱོ། །སྲིད་པའི་གར་ལ་རྟག་ཏུ་གཡེང་བའི་བློ། །ཆགས་སྡང་རྨོངས་པའི་དབང་དང་བག་མེད་ཀྱིས། །སྒོ་གསུམ་མི་དགེའི་ལམ་དུ་ཞུགས་པ་ཀུན། །རྒྱལ་བ་སྲས་བཅས་སྤྱན་སྔར་སྙིང་ནས་བཤགས། །འདིར་འབད་ལེགས་བྱས་རབ་དཀར་འོ་མའི་ཀླུང་། །སྲས་བཅས་རྒྱལ་བའི་སྨོན་ལམ་རྒྱ་མཚོ་དང་། །ལྷན་ཅིག་འདྲེས་ཏེ་མཁའ་མཉམ་འགྲོ་ཀུན་ལ། །མི་ཟད་ཕན་བདེ་འབྱུང་བའི་རྒྱུར་གྱུར་ཅིག། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྤྲུལ་བ་དང་། །ཡང་སྤྲུལ་བཤེས་གཉེན་དམ་པས་ཚེ་རབས་ཕྲེང་། རྗེས་སུ་བཟུང་སྟེ་སྒོ་གསུམ་བྱ་བ་ཀུན། །གཞན་དོན་བྱང་ཆུབ་སྤྱོད་པ་ཉིད་གྱུར་ཅིག། རྗེ་བཙུན་མི་ཕན་མགོན་པོའི་མཚན་དཔེ་འཇའ། །གླིང་འདིར་མཆོག་སྤྲུལ་རྣམ་པར་ཤར་བའི་དྲུང་། །ལུང་རྟོགས་དམ་ཆོས་སྣོད་དུ་བདག་གྱུར་ཏེ། །མགོན་དེས་བྱང་ཆུབ་ལུང་བསྟན་འཐོབ་པར་ཤོག། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །རྣམ་དག་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །བྱང་ཆུབ་སེམས་ཀྱི་བཀྲ་ཤིས་གང་ཡིན་དེ། །བདག་སོགས་འགྲོ་བའི་རྒྱུད་ལ་འཇུག་པར་ཤོག། བསྐལ་བ་ཆེན་པོ་གྲངས་མེད་རྣམ་གསུམ་ལ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རབ་ཏུ་བསགས། །གྲངས་མེད་ཚོགས་ཀྱི་བཀྲ་ཤིས་གང་ཡིན་དེས། །ཡངས་པའི་འཇིག་རྟེན་ཀུན་ལ་བདེ་ལེགས་ཤོག། ཤཱཀྱའི་རིགས་འཁྲུངས་ཆོས་ཀྱི་འཁོར་ལོ་བསྐོར། །འཇིག་རྟེན་བདེ་ཞིང་བསྟན་པ་རྒྱས་པར་མཛད། །ཆོས་ཀྱི་འཁོར་ལོའི་བཀྲ་ཤིས་གང་ཡིན་དེས། །ཐུབ་བསྟན་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། ། །ཅེས་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའ་ཕྲེང་བ་ཞེས་བྱ་བ་འདི་ནི། རང་ཉིད་ཀྱི་དད་པའི་རྟེན་དུ་ཅུང་ཟད་བྲིས་པའི་སྐབས་སུ། །དགེ་བའི་བཤེས་གཉེན་བློ་བཟང་རྒྱ་མཚོས་མཇུག་རྫོགས་པ་ཞིག་གྱིས་ཞེས་གོས་ངུར་སྨྲིག་མཛོད་དར་དང་བཅས་པས་བསྐུལ་ཅིང་། ཆོས་སྡེ་ཆེན་པོ་བྱ་ཁྱུང་གི་སྨན་པ་ཤེས་བྱ་རིགས་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་མཆོག་ཏུ་ཡངས་པ་དགེ་སློང་བློ་བཟང་ཟླ་བས། སྟོན་པའི་རྣམ་ཐར་འདི་ཉིད་ངེས་པར་མཇུག་གྲུབ་པ་དང་དེ་ཡང་ཅུང་ཟད་རྒྱས་པ་ཞིག་འབྲི་དགོས་ཞེས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་པ་དང་། ལུང་དང་རྟོགས་པའི་ཡོན་ཏན་གྱིས་མངོན་པར་མཐོ་བའི་རྗེ་བཙུན་བློ་བཟང་གྲགས་པ་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་དང་། གཅིག་ཏུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་རིང་དུ་གནས་པར་འདོད་པའི་ལྷག་བསམ་ཅན་རི་ཁྲོད་དབང་པོ་དགེ་སློང་དམ་ཆོས་རྒྱ་མཚོ་རྣམ་གཉིས་ནས་ཀྱང་བཞུགས་གདན་ལྷ་དར་དང་བཅས་པར་བསྐུར་ཅིང་། དུས་ཕྱིས་ལྔ་རིགས་སྨྲ་བའི་དབང་པོ་ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱང་སྟོན་པའི་རྣམ་ཐར་མཛད་བྱང་དང་བཅས་པ་གསལ་ལ་ཡོངས་སུ་རྫོགས་པ་ཞིག་འབྲི་དགོས་ཞེས་ནན་ཏན་དུ་བསྐུལ་པ་ལ་བརྟེན་ནས། མང་དུ་ཐོས་པའི་ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱ་མཚོ། འཚོ་མཛད་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་བྱ་བས། འདུལ་བ་ལུང་སྡེ་བཞི་ལས་གསུངས་པའི་ཐུན་མོང་གི་རྣམ་ཐར་ཉིད་གཙོ་བོར་བཟུང་ཞིང་། རྗེ་བཙུན་ཏཱ་ར་ན་ཐའི་གསུང་རབ་སོགས་མདོ་བསྟན་བཅོས་གཞན་དག་ལས་ཀྱང་ཅུང་ཟད་བཤུས་ཏེ། འདྲེན་པ་དོན་ཐམས་ཅད་གྲུབ་པ་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེལ་གྱི་ལོར་ལུམ་བིའི་ཚལ་དུ་སྐུ་བལྟམས་ནས་ལོ་གྲངས་ཉིས་སྟོང་དགུ་བརྒྱ་སོ་དགུ་པ། རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ལྔ་བཅུ་རྩ་གསུམ་པ་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ། དྲང་སྲོང་ཡེ་ཤུ་སྐུ་འཁྲུངས་པ་ནས་བརྩིས་པའི་ལོ་གྲངས་ཆིག་སྟོང་དགུ་བརྒྱ་དོན་དགུ་པར། མདོ་སྨད་བྱང་གི་སའི་ཆ་གཅན་ཚའི་མ་ཎྀ་ཆུ་འཁོར་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་ཉེ་འཁོར། རྒྱལ་ཁབ་ཆེན་པོའི་བཀའ་ལུང་གིས་ལེགས་བྱས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་སྨན་ཁང་དུ་རྫོགས་པར་བྲིས་པའོ། །ཡི་གེ་པ་ནི། ཉེ་བར་གནས་པའི་འཚོ་བྱེད་དགེ་སློང་ཡོན་ཏན་རྒྱ་མཚོ་དང་། ཆོས་སྡེ་ཆེན་པོ་བྱ་ཁྱུང་གི་བྱིང་འདྲེན་དགེ་སློང་ངག་དབང་དོན་གྲུབ་བོ།།།།
སེམས་ཅན་ཀུན་ལ་ཕན་ཕྱིར་བྱང་ཆུབ་མངའ་བ་བོ། །དོན་རྣམས་ཐམས་ཅད་འགྲུབ་པར་བརྟུལ་བ་ཡོངས་ལྡནཔ། །ཚོགས་ཀྱི་ལས་དགྱེས་ཐུབ་པའི་བཀྲ་ཤིས་གང་བྱུང་བ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། འགྲོ་ལ་ཕན་ཕྱིར་དེ་བཞིན་གཤེགས་པ་དགའ་ལྡན་ལྷའི།། གཞལ་མེད་ཁང་གི་སྙིང་པོ་ནས་ནི་འདིར་གཤེགས་ཏེ།། དབང་བཅས་ལྷས་བསྐོར་པ་ཡི་བཀྲ་ཤིས་གང་བྱུང་བའི།། བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག །ལོ་མ་མེ་ཏོག་འོད་འབར་ཉམས་དགའ་ལུམྦིའི་ཚལ་། །ལྷ་མི་དག་གི་སྟོན་པར་མགོན་པོ་བལྟམས་པ་ན། །སྲིད་པ་མཐར་ཕྱིན་པ་ཡི་བཀྲ་ཤིས་གང་བྱུང་བའི། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། གྲོང་ཁྱེར་སེར་སྐྱའི་གནས་ན་རྒྱལ་པོའི་ཕོ་བྲང་དུ། །ལྷུམས་ནས་བལྟམས་པ་སྟོན་པ་བདེར་གཤེགས་ཟས་གཙང་སྲས། །མྱུར་བསྐྲུན་བདུད་རྩིའི་ཆུས་གཏོར་བ་ཡི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤིག ། གྲོང་ཁྱེར་དམ་པ་སེར་སྐྱའི་གནས་ཞེས་བྱ་བར་ནི། །རྨད་བྱུང་གྲགས་པ་ཆེན་པོའི་ལྷ་ཡིས་མངོན་བསྟོད་པ། །བསམ་ཡས་དགེ་བསྒྲུབ་བསོད་ནམས་ཕུང་པོའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། དགྱེས་ཤིང་ནམ་ཕྱེད་གྲོང་ཁྱེར་ནས་ནི་མངོན་བྱུང་སྟེ། །དཀའ་ཐུབ་ཚལ་དུ་མངོན་པར་གཤེགས་ཤིང་ཚངས་ལ་སོགས། །ལྷ་ཡི་ཚོགས་ཀྱིས་ཡོངས་སུ་བསྐོར་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། རབ་ཏུ་འོད་འབར་གསེར་དང་འདྲ་བའི་སྐུ་མངའ་ཞིང་། །བེེཌཱུརྱ་ལྟར་སྔོ་བའི་རྩྭ་བཏིང་སྟེང་བཞུགས་ཏེ། །སྐྱིལ་མོ་ཀྲུང་བཅས་མི་གཡོ་མཆོག་གི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། ཆུ་བོའི་འགྲམ་ན་ཙཱརྵའི་འཕྲེང་བས་ཡོངས་བསྐོར་པ། །ཤིན་ཏུ་རྨད་དུ་བྱུང་བའི་སྲིད་པ་སེལ་མཛད་པ། །ཀླུ་ཡི་རྒྱལ་པོས་ཕྱག་བྱས་པ་ཡི་བཀྲ་ཤིས་གང། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། ཤིང་རྒྱལ་དྲུང་གཤེགས་བྱམས་པའི་སྟོབས་ཀྱིས་བདུད་ཀྱི་ཕྱོགས། །མང་པོ་བཏུལ་ཚེ་ས་སྟེང་དང་ནི་ནམ་མཁའ་ལ། །བཅོམ་ལྡན་བཀྲ་ཤིས་རྣམ་པ་སྣ་ཚོགས་གང་བྱུང་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། སྡུག་བསྔལ་མཐའ་དག་ཞི་ཕྱིར་རྡོ་རྗེའི་གདན་བཞུགས་ནས། །ནམ་གྱི་ཐོ་རངས་བདུད་བཞི་པོ་དག་རྣམ་བཏུལ་པ། །སྟོན་པ་བདེ་བར་གཤེགས་པའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། གྲོང་ཁྱེར་ཝ་ར་ཎཱ་སིར་དྲང་སྲོང་མཆོག་བཞུགས་ནས། །ཆོས་ཀྱི་འཁོར་ལོ་མཆོག་ལྡན་པ་ཡི་བཀྲ་ཤིས་གང་། ལྷ་ཡུང་དེང་འདིར་ཤིན་ཏུ་རྨད་དུ་བྱུང་གྱུར་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། བཀྲ་ཤིས་གང་ཞིག་འཇིག་རྟེན་ཀུན་ལ་ཕན་བྱེད་ཅིང་། །བསོད་ནམས་དག་བྱེད་འཕགས་པའི་སྐྱེས་བུས་མངོན་བསྟོད་པ། བཅོམ་ལྡན་ཤཱཀྱ་ཐུབ་པ་སེང་གེས་གང་གསུངས་པའི། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། མུ་སྟེགས་བྱེད་པ་ཀུན་གྱི་ང་རྒྱལ་གཞོམ་པ་དང་། །འགྲོ་ལ་བདེ་བ་བསྐྱེད་ཕྱིར་ཆོ་འཕྲུལ་དམ་པ་དག། ཉེ་བར་བསྟན་པའི་རྒྱལ་བའི་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། འགྲོ་ལ་ཕན་ཕྱིར་མཐོ་རིས་གནས་ནས་འདིར་གཤེགས་ཏེ། །ཚངས་པ་ལས་སོགས་ལྷ་ཚོགས་ལག་ན་རྔ་ཡབ་གདུགས། །སྣ་ཚོགས་ཐོགས་པས་ཡོངས་སུ་བསྐོར་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། །དེ་བཞིན་གཤེགས་པ་ཞི་བའི་མཆོག་ཏུ་ཉེར་གཤེགས་པ། །མནྡ་ར་བའི་མེ་ཏོག་མང་པོས་མངོན་མཆོད་ཅིང་། །ལྷ་མཆོག་རྣམས་ཀྱིས་མངོན་པར་བསྟོད་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག། །ལྷ་དབང་ཀླུ་དང་མི་ཡི་དབང་པོས་ཕྱག་བྱས་པ། །མཁའ་ལྡིང་གནོད་སྦྱིན་དྲི་ཟའི་དབང་པོས་མཆོད་པ་དང་། །དེ་བཞིན་གཤེགས་པ་སྟོབས་བཅུ་ལྡན་པའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ནི་སྐྱེ་དགུ་རྣམས་ལ་ཞི་བྱེད་ཤོག།།། |