གནས་ཡུལ། མདུན་ངོས། རྣམ་ཐར།
 
 
༡༥.པར་བྱང་སྨོན་ཚིག
སྤེལ་དུས།2008-08-28   ཡོང་ཁུངས་།   རྩོམ་པ་པོ། བསྐལ་བཟང་ཆོས་རྒྱན་གྱིས་མཛད།

    ཨོཾ་སྭོ་སྟི། གསང་གསུམ་ཡེ་ཤེས་འོད་ཀྱི་ཟ་མ་ཏོག། །འཇིགས་མེད་སྤང་རྟོགས་ཡོན་ཏན་མཁར་འཕགས་ཤིང་། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ་བའི་བདག། འདྲེན་མཆོག་ཉི་མ་གཞོན་ནུས་འགྲོ་འདི་སྐྱོངས། །མདོ་སྨད་བྱང་བརྒྱུད་ནོར་འཛིན་བཞིན་བཟང་མར། །འཁྱུད་པའི་སྐལ་བཟང་དཔག་བསམ་སྐྱེད་ཚལ་དུ། །རྒྱལ་བསྟན་རིན་ཆེན་དྲི་མེད་པདྨ་དཀར། །རྣམ་པར་བཞད་པའི་དཔལ་ཡོན་འགྲོ་ལ་བྱིན། །སྐབས་ཤིག་ངན་རྟོག་སྙིགས་མས་ནོངས་པ་ཡི། །དུས་དེར་ཆོས་ཀྱི་སྤྱན་ནི་ཟུམ་པའི་མོད། །བདག་གི་འདྲེན་པ་ཟླ་མེད་མཆོག་དེ་ཡིས། །སྟོན་པའི་རྣམ་ཐར་གསལ་བའི་མིག་འདི་ཕྱེས། །རྒྱལ་བ་ཉི་མ་གང་དེའི་མཛད་པའི་སྒོ། །དགེ་མཚན་གཏམ་གྱི་ལུང་རིགས་དབྱངས་སྙན་པོ། །སྐལ་ལྡན་གདུལ་བྱའི་དཔལ་དུ་མངོན་བསྒྲགས་པ། །མགོན་པོ་ཁྱོད་ཀྱི་ཐུགས་བསྐྱེད་འདི་རྨད་བྱུང་། །ཐུབ་ཆེན་རྣམ་ཐར་རྒྱ་མཚོ་དར་བའི་རླབས། །རིག་བྱེད་སྙན་ཚིག་སྟོང་གི་ང་རོ་ཅན། །འཇིགས་མེད་མཁས་དགུའི་སྙན་ལ་འཁྱུད་འོས་པ། །བཅད་ལྷུག་སྤེལ་མའི་ཉམས་འགྱུར་ཆོ་གས་སྒེག། མཛད་ཆེན་རྣམ་ཐར་པདྨ་དཀར་པོའི་ལྗོན། །དུས་ཀྱིས་བསྐལ་མིན་རྟག་ཏུ་མཛེས་པ་འདི། །མ་ཐེག་ནོར་འཛིན་བུ་མོ་རྔུལ་བའི་རྒྱུན། །རྣམ་བཞི་ཆུ་བོའི་ཟོལ་གྱིས་རྒྱ་མཚོར་འབབ། །གསང་གསུམ་བརྗོད་པ་སྙན་ཚིགས་རིགས་པའི་དཔྱིད། །བསྔགས་འོས་མཛད་བཟང་ཉམས་འགྱུར་མེ་ན་ཀའི། །མངོན་སྒེག་རྣ་བའི་བཅུད་ལེན་པུསྟི་ཀ། སྲིད་ན་ཟླ་མེད་རིན་ཆེན་ནོར་དུ་གྲུབ། །གང་གི་སྤྱན་སྔ་མཆོག་དེའི་ལྷག་བསམ་གཤིས། །དད་གསུམ་ཟླ་བའི་མདངས་དང་ཉེར་འགྲོགས་པས། །པར་བསྐྲུན་ཀུ་མུད་བཞད་པའི་རྩེ་དགའ་ལས། །ཆོས་སྦྱིན་མི་ཟད་ཡངས་པའི་མཛོད་འདི་ཕྱེས། །འདིར་འབད་གང་མཆིས་རྣམ་དཀར་དགེ་བའི་ཚོགས། །ཀུན་དའི་མདངས་ལ་འཁུ་བའི་ལེགས་བྱས་མཐུས། །མཁའ་མཉམ་མར་གྱུར་འགྲོ་ཀུན་བླ་མེད་ཀྱི། །བྱང་ཆུབ་མཆོག་གི་གོ་འཕང་རྒྱུར་བསྔོ་ཞིང་། །ཁྱད་པར་ཐུབ་པའི་མདོ་སྔགས་བསྟན་པ་སྤྱི། །བྱེ་བྲག་བློ་བཟང་རྒྱལ་བའི་རང་ལུགས་མཆོག། ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་དཔུང་གཉེན་དང་། །ཕན་དང་བདེ་བའི་ཉེར་འཚོར་གནས་པར་ཤོག། ཕྱོགས་བཅུའི་བསྟན་འཛིན་སྐུ་ཚེ་མཛད་འཕྲིན་རྒྱས། །དགེ་འདུན་སྡེམ་རྣམས་བཤད་སྒྲུབ་ཆོས་སྤྱོད་འཕེལ། །འགྲོ་རྣམས་བདེ་ཞིང་སྐྱིད་པའི་དགའ་སྟོན་ལ། །ཡུན་རིང་སྤྱོད་པའི་སྐལ་བཟང་ཉམས་མེད་ཤོག། །།ཅེས་རྗེ་བཙུན་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོས་མཛད་པའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་མཛད་ཆེན་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ་ཞེས་བྱ་བ་འདི་ཉིད། སྔ་སོར་ཁོ་བོ་ཅག་གིས་བརྒྱ་ཚར་གཅིག་སྣུམ་པར་ལ་བཏབ་མོད། སློང་མཁན་མང་པོ་བྱུང་བར་བརྟེན། །དཔའ་རིས་ཟབ་ལུང་པ་ལྷ་རྗེ་དཔལ་ཆེན་དོན་གྲུབ་ནས་ཁུར་ལེན་དང་། །ཟབ་ལུང་པ་གཞོན་ནུ་རིག་པ་སྨྲ་བ་ཚེ་མགོན་སྲུང་གིས་ལྷག་བསམ་དག་པས་པར་ཡིག་བྲིས་ཏེ་ཤིང་པར་དུ་བརྐོས་སྐབས། །གང་གི་བཀས་སློབ་རྒྱ་མཚོའི་མཚན་ཅན་ནས་པར་བྱང་སྨོན་ཚིག་འདི་ལྟ་བུ་ཞིག་དགོས་ཞེས། བཟང་གོས་ཐགས་སུ་བཀྲ་བ་དང་། མཛོད་དར་དཀར་པོ་དང་བཅས་པས་བསྐུལ་པ་ལྟར། ཀལྤ་བྷ་ཏྲ་ངྷརྨ་སྱ་ཛས་བྲིས་པ་འདི་ཡང་། རྒྱལ་བའི་ལུགས་བཟང་རིང་དུ་གནས་པའི་རྒྱུར་གྱུར་ཅིག།
    མདོ་སྨད་ཁ་སྒང་ཨོ་ཨོ་ཞེས། །དཔལ་ལྡན་བཀྲ་ཤིས་ཆོས་རྫོང་དུ། །གཙུག་ལག་ཆོས་སྦྱིན་མི་ཟད་པའི། །ལེགས་བྱས་སྒོ་འཕར་ཡངས་པོར་ཕྱེས། །བཀྲ་ཤིས། །སརྦ་མངྒ་ལཾ།།།།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060