གནས་ཡུལ། མདུན་ངོས། རྣམ་ཐར།
 
 
༄༅།།དགའ་ལྡན་ཁྲི་ཐོག་ང་ལྔ་པ་ཁྲི་ཆེན་ངག་དབང་ནམ་མཁའ་བཟང་གི་རྣམ་ཐར།
སྤེལ་དུས།2008-08-29   ཡོང་ཁུངས་།༡༩༩༩ལོའི་དེབ་དང་པོ། 《བོད་ལྗོངས་ནང་བསྟན》   རྩོམ་པ་པོ། རྣམ་རྒྱལ་གྱིས་མཁོ་འདོན་བྱས།

     འཇམ་མགོན་གཉིས་པར་གྲགས་པའི་ནམ་མཁའ་བཟང་ཞེས་བསྔགས་པ་ཁྲི་ཐོག་ལྔ་བཅུ་ང་ལྔ་པ་ཁྲི་ཆེན་ངག་དབང་ནམ་མཁའ་བཟང་ངམ། བློ་བཟང་དཔལ་ལྡན་ནི་མདོ་སྨད་ཨ་མདོའི་ཕྱོགས་སུ་རྨོག་རི་ལྡན་ཐང་ཞེས་པར་གྲོང་ཁྱིམ་བཞི་བཅུ་སྐོར་ཡོད་པའི་ནང་ཚན་འཕགས་པ་ཚང་ཞེས་སྔོན་བོད་ཀྱི་མིའུ་གདུང་དྲུག་གི་གྲས་ཀྱི་རུས་ཞིག་ཕྱོགས་དེར་འཁྱར་བ་ལ་རོང་ཚ་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ནས་ཟམ་ཚ་ངོ་རང་ཟེར་བའི་རྒྱུད་ལས་དཔའ་རྩལ་ཕུན་སུམ་ཚོགས་ཤིང་ཡ་རབས་དམ་པའི་ངང་ཚུལ་ཅན་ལུགས་གཉིས་ཀྱི་བྱ་བ་གང་ཡང་མཐའ་རུ་འདོན་པ་སོགས་ལ་གཞན་འགྲན་མེད་པའི་ཡབ་དཀོན་མཆོག་སྐྱབས་དང་། ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་རབ་མྱོས་ཞེས་པའི་ལྕགས་རྟ་ལོར་སྐུ་འཁྲུངས། གཞོན་ནུའི་དུས་ནས་སྒོ་གསུམ་དགེ་ལ་གཞོལ་བའི་དབང་གིས་དཀོན་མཆོག་དང་ཡབ་ཡུམ་གཉིས་བཅས་བླ་མར་འཛིན་པ་ལས་སྐྱེ་བོ་གཞན་དང་ནམ་ཡང་སྣང་བ་མི་བསྟུན་པའི་དབང་གིས་ཐམས་ཅད་ཀྱིས་ཐུགས་གཏུམ་པར་འཛིན་ཅིང་། འཕགས་དགེ་བླ་མར་གྲགས་པ་དམ་ཅན་ཆོས་བསྲུང་མང་པོ་བྲན་དུ་འཁོལ་བ་སོགས་ལུང་རྟོགས་རྒྱ་མཚོའི་བདག་ཉིད་ཅན་ཞིག་ཡོད་པ་དེ་ཉིད་ལ་སྒོ་གསུམ་བྲན་དུ་ཕུལ་ཏེ་ཡུན་རིང་བསྟེན་ཅིང་། འདུལ་བའི་མངའ་བདག་ཉང་ཚང་ཆེན་པོ་ལས་དགེ་བསྙེན། དགེ་ཚུལ། རབ་བྱུང་གི་བསླབ་པ་རྣམས་ལེགས་པར་ནོད་དེ། གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་དགེ་ཚུལ་གྱི་བསླབ་བྱ་བླང་འདས་སོ་དྲུག་སོགས་ལ་སྤང་བླངས་ཚུལ་བཞིན་དུ་མཛད་བཞིན་པ་ནས་རབ་ཏུ་བྱུང་བའི་ལས་སུ་བྱ་བ་ཀློག་པ་ཐོས་བསམ་ལ་འབད་པ་ཆེན་པོས་ཡོན་ཏན་ཀུན་གྱི་ཕྱི་མོ་ཡི་གེ་འབྲི་ཀློག་ནས་བཟུང་སངས་རྒྱས་བྱང་སེམས་ཀྱི་བསྟོན་སྨོན། ཡི་དམ་ལྷག་པའི་ལྷ་མང་པོའི་སྒྲུབ་ཐབས་ཆེ་ཆུང་སོགས་ལ་འཛིན་སྦྱང་ཀློག་གསུམ་གྱིས་དུས་འདའ་བར་མཛད། བར་བར་དུ་བླ་མའི་ཕྱུགས་མ་སྐྱོང་བ་སོགས་མཛད་སྐབས། རྗེ་ཉིད་ཀྱི་འཁྲུངས་རབས་ཀྱི་ཕྲེང་བར་བསྟེན་པའི་དཀར་ཕྱོགས་ཀྱི་ཆོས་བསྲུངས་རྣམས་ནས་བསྐུལ་བ་ལྟ་བུས་དགུང་ལོ་བཅོ་ལྔ་སྐོར་ལ་ཉེ་བའི་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན། དགོས་དབང་ཞིག་གིས་ཟླ་གྲོགས་རྣམས་དང་ཅུང་མི་མཐུན་པ་ལྟ་བུར་མཛད་དེ། ནང་སོ་རྟ་མགྲིན་སྐྱབས་ཟེར་བའི་སྟོབས་འབྱོར་ཆེ་བ་ཞིག་དང་འཐབ་འཛིངས་ཀྱིས་ཁོ་པར་རྨས་སྐྱོན་ཆེ་ཙམ་བྱུང་རྐྱེན་གྱིས་བསྐུལ་བས་མཚན་མོ་དེ་རང་ལ་དབུས་གཙང་དག་པའི་ཞིང་དུ་ཕེབས་པར་ཐུགས་ཐག་བཅད་དེ་འཕགས་དགེ་བླ་མའི་སྐུ་མདུན་ལ་ཕེབས་ནས་གནས་ཚུལ་ཞུས་པར། བླ་མ་ཤིན་ཏུ་མཉེས་ཏེ་ཕེས་ཁར་བླ་མའི་ཞལ་ནས་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས་སྙིང་ནས་གསོལ་བ་ཐོབ། དགེ་ལྡན་གསེར་ཁྲི་མ་ཐོབ་པར་ཕྱིར་མ་ཡོང་། ཉིན་རེ་བཞིན་དམིགས་བརྩེ་མ་སྟོང་ཕྲག་རེ་དང་། ཆོས་རྒྱལ་ནང་སྒྲུབ་གྱི་བསྟོད་པ་ཚར་རེ་མ་ཆག་པ་གྱིས་ཞེས་གསུངས་ནས་ཕྱག་འཁར་ཞིག་རྗེ་འདིའི་ཕྱག་ཏུ་གཏད་དེ། གཙུག་ལག་ཁང་རྣམས་ཀློག་པ་དང་ཞེས་སོགས་གསུངས་ཏེ་ཐུགས་སྨོན་རྣམ་པར་དག་པ་མཛད་པ་བཞིན་ཕྱག་འཁར་དེ་བསྣམས་ནས་སྔོན་བྱོན་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་དུ་བཤད་སྒྲུབ་བསྟན་པའི་འབྱུང་ཁུངས་བསིལ་ལྡན་ས་ལའི་སྨན་ལྗོངས་སུ་སྐྱེས་བུའི་ཁྱུ་མཆོག་ཁྲི་ཆེན་རྒྱལ་མཚན་སེངྒེ་དང་ཆབས་གཅིག་པར་ལམ་ཕྲེང་རྣམས་སུ་ཡང་འདུལ་བའི་བཅས་མཚམས་ལས་ནམ་ཡང་མི་མདའ་བའི་ངང་ནས། ལྷོ་ཁ་སྐོར་གྱི་གནས་རྟེན་རྣམས་མཇལ་ཏེ་ཐོག་མར་དགེ་ལྡན་དང་དེ་ནས་སེ་རར་ཕེབས། གནས་རྟེན་རྣམས་མཇལ་ཞིང་དེ་གཉིས་སུ་ཞུགས་རྩིས་མཛད་ཀྱང་ཐོབ་ཁུངས་ཀྱི་ཁམས་མཚན་སོ་སོ་ནས་སྣེ་ལེན་མ་བྱས་པར་ལྷ་ལྡན་དུ་ཕེབས་ཏེ་ཇོ་ཤཱཀྱ་རྣམ་གཉིས་དང་། པོ་ཏ་ལ། གསེར་གདུང་རིན་པོ་ཆེ་སོགས་བོད་ཡུལ་གངས་རིའི་ལྗོངས་ཀྱི་མཆོད་གནས་ཁྱད་པར་ཅན་རྣམས་ལ་ཐུགས་སྨོན་རྣམ་པར་དག་པ་མཛད། ཕེབས་ལམ་རྣམས་སུ་ཡང་དམ་པ་གཉིས་གཞན་གྱི་སྤྱོད་ཚུལ་ལས་ཁྱད་དུ་འཕགས་པའི་དབང་གིས་མ་བརྟགས་པའི་སྐྱེ་བོ་མང་པོས་ཀྱང་གློ་བུར་དུ་ཕྱག་འཚལ་བ་དང་ལྡང་བ་ཞུ་བ། ངག་ནས་བསྟོད་བསྔགས་དང་ཆེ་བརྗོད་ཆེན་པོ་བྱེད་བ་བྱུང་འདུག་སྟེ། དེ་དག་ནི་དུས་ཕྱིས་དམ་པ་གཉིས་ཀས་དགེ་ལྡན་གསེར་ཁྲི་རིན་པོ་ཆེར་དབང་བསྒྱུར་ནས་ཆེ་རྒུ་ཐམས་ཅད་ཀྱི་གཙུག་གི་ནོར་བུས་གཏུགས་ཏེ་ཕྱག་འཚལ་བ་སོགས་ཀྱི་རྟེན་འབྲེལ་ཡང་རང་འགྲིག་ཏུ་བྱུང་འདུག དེ་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་སྲས་ནམ་མཁའི་སྐར་ཚོགས་ལྟ་བུའི་ནང་ནས་འཕྲིན་ལས་ནམ་མཁའ་དང་མཉམ་པ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་འཕྲིན་ལས་ཀྱི་ལས་ཀྱི་ཆ་ཤས་ལས་གྲུབ་པའི་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་སྡེ་ཆེན་པོའི་ཡ་གྱལ་མཁས་གྲུབ་བྱེ་བའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཁམས་ཚན་གཞུང་པར་ཕེབས་ཏེ། གྲྭ་ཚང་སོགས་ཀྱི་འཇུག་སྒོ་རྣམས་ལེགས་པར་མཛད། དེ་ནས་སྒོ་མང་ཞལ་སྔ་ནས་རྗེ་བཙུན་འཇམ་དབྱངས་བཞད་པ་སོགས་སྤྱི་ཆོས་དང་། མཁས་དབང་དཔལ་ལྡན་གྲགས་པ་སོགས་སྒེར་ཆོས་ཀྱི་སློབ་དཔོན་དུ་བསྟེན་ནས་ཐོག་མར་རིག་པའི་སྒོ་འབྱེད་བསྡུས་ཚན་ཆེ་ཆུང་ནས་བཟུང་ཕར་ཕྱིན་ཟུར་བཀོལ། དབུ་མ་འདུལ་མཛོད་རྣམ་འགྲེལ་ལ་སོགས་པ་གྲྭ་ཚང་རང་གི་ཡིག་ཆ་གསར་རྙིང་རྣམས་གཞི་མར་བཟུང་སྟེ། རྗེ་ཡ་སྲས་རྣམས་ཀྱི་གསུང་རྣམ་བཤད། གསེར་ཕྲེང་། དགོངས་པ་རབ་གསལ། སྟོང་ཐུན་ཆེན་མོ། རྣམ་བཤད་ཐར་ལམ་གསལ་བྱེད། མཚོ་ཊིཀ། ཆིམས་མཛོ་སོགས་ཐད་ཀ་ཐད་ཀའི་བརྩིས་བཞག སྤྱི་མཐའ་དཔྱོད་རྩ་ཊིཀ་སོགས་ཀྱིས་འཛིན་སྐྱོར་རྩོད་གསུམ་ལ་རྩེ་གཅིག་ཏུ་ཐུགས་གཞོལ་བས་སྤྱི་ཁང་ཕྱི་ནང་དང་འཛིན་གྲྭ་ཡས་ཐམས་ཅད་ཀྱི་མིག་རྒྱན་དུ་འགྲོ་བ་ཤ་སྟག་མཛད། འདི་དག་གྱི་སྐབས་ནས་བཟུང་སྐུ་ཚེ་དེ་ལ་ཨ་ར་པ་ཙ་དང་། ཡ་མ་ར་ཛ། གསང་སྙིང་བཛྲ་ཌྷྲཀ་བཅས་དུང་ཕྱུར། ཡིག་བརྒྱ་ས་ཡ་བཞི། རྟེན་འབྲེལ་བསྟོད་པ་འབུམ་ཐེར།འཇམ་དཔལ་མཚན་བརྗོད་ཁྲི་ཚར། གཞན་ཡང་ཀླུ་དབང་རྒྱལ་པོ། མགོན་པོའི་སྙིང་པོ་དང་ལྷ་མོའི་བྷྱོ་བདུན་མ་སོགས་ཀྱང་གྲངས་མང་དུ་སོང་། ཐུགས་གཉེར་གྱི་ཚེ་ཡང་ཚོང་དང་བུན་བསྐྱེད་བྱེད་པ་བཟོ་དང་ལག་ཤེས་སློབ་པ། གཞན་གྱི་སྒེར་གཡོག་ཏུ་ཉིན་གཅིག་ཙམ་ཡང་ཕེབས་པ་ལྟ་ཞོག ཆོས་ལྟར་བཅོས་པའི་གྲོང་ཆོག་འགྲིམ་བརྩིས་དང་སྨན་དང་རིག་གནས་ཆང་ཆུང་སློབ་པ་སོགས་ཐོས་བསམ་རྣམ་དག་གི་བགེས་ཇི་སྙེད་མཆིས་པ་རྣམས་ཀྱང་ཐག་བསྲིང་བར་མཛད། དེ་ནས་གནས་སྐབས་སུ་ཟས་གོས་ཀྱི་གཡེང་བ་ཡང་ཡེ་མ་མཛད་པར། འགྱེད་དངུལ་ཊམ་རེ་ཙམ་བྱུང་ན་ཡང་དེ་ཕྲལ། མར་རྩམ་གཟིགས་ནས་ཇི་སྐད་དུ་མདོ་ལས། སྤྱན་གྱིས་དངོས་ཀུན་གཟིགས་པའི་ཕྱིར།། བདེ་གཤེགས་མར་མེ་ཕུལ་བ་ཡིས།། སངས་རྒྱས་ཉིད་ནི་མཉེས་ཞེས་གྲགས།། ཕུལ་བའི་བཅོམ་ལྡན་གང་ཞེ་ན།། ཐུབ་དབང་དྲི་མེད་སྤྱན་ལ་འབུལ།། རིང་དང་ཕྲ་དང་སྒྲིབ་པ་དང་།། དཔག་ཚད་ཀྱིས་ཆོ་མཐོང་ལ་ལྟོས།། རྒྱལ་ལ་ཞུན་མར་ཕུལ་བ་ཡིས།། དེ་འབྲས་ཡིན་པར་ཐུབ་པས་གསུངས་།། ཞེས་དང་། རོ་ཞིམ་རེག་ན་བདེ་བ་དང་།། ལྷ་དང་མི་ཡི་ཁང་བཟང་ན།། འོད་གསལ་གསེར་གྱི་གཞོང་པ་རུ།། ལྷ་ཡི་བདུ་རྩིས་བཀང་ཟ་བ།། དེ་དག་སངས་རྒྱས་ལ་སོགས་པའི།། དགེ་འདུན་ཡུལ་དུ་ལྷགས་པ་ལ།། ཞལ་ཟས་ཕུལ་བའི་འབྲས་བུ་ཡིན།། ཞེས་པའི་ཕན་ཡོན་རྣམས་ལ་དགོངས་ཏེ། མཆོད་མེ་དང་ཞལ་ཟས་བཞེངས་ནས་འབུལ་བ་དང་། དེ་དུས་རང་ནས་བཟུང་ཆོས་འབྲེལ་ཐོབ་པའི་བླ་མ་ཞལ་བཞུགས་རྣམས་ཀྱི་ཞབས་བརྟན་དང་། ཞིང་གཤེགས་རྣམས་ཀྱི་དགོངས་རྫོགས་སོགས་སུ་དངོས་པོ་ཅི་ཡོད་འགྲོ་བར་མཛད། རྒྱུན་བར་ཡང་གྲྭ་ཇ། མང་ཇ། ཚོམས་ཇ་ཙམ་ལས་གཟིམ་ཤག་ཏུ། ཇ་བསྐོལ་བ་སོགས་ཀྱི་རྩོལ་བ་ནི་རྣམ་ཀུན་ནས་མེད་པར་ཆུ་རྐྱང་ཙམ་ལ་བརྟེན་ནས་འཚོ་བར་མཛད། ཚོགས་ལ་ཕེབས་དུས་ཀྱང་ཕལ་ཆེར་གསོལ་ཞིབ་རིགས་བསྣམས་རྒྱུ་མེད་པའི་དབང་གིས་གྲལ་མཚེས་པ་རྒྱུས་ཡོད་དག་སྣང་ཅན་མང་པོས་གསོལ་ཞིབ་ཕུལ་བ་ཚར་རེ་ཙམ་བྱུང་ན་དེ་ནས་བཟུང་སྟེ། གྲལ་གཞན་དུ་སྤོས་ནས་གསོལ་ཞིབ་འབུལ་མི་དེ་དང་གྲལ་མཚེས་མི་མཛད་པ་སོགས་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་དེ་དུས་རང་ནས་ཡོད་པས་ཐམས་ཅད་ཀྱིས་དག་སྣང་ཆེ་ཞིང་སྨོན་གནས་སུ་གྱུར། བར་སྐབས་ཤི་གུང་རུ་ཁང་དུ་བཞུགས་དུས། ཧ་གདོང་དགེ་རྒན་ཐོན་ཟིན་ཞིག་དང་སྒེའུ་ཁུང་ཁ་སྤྲོད་དུ་བྱུང་པར་དགེ་རྒན་དེ་ཉིད་ཉིན་རེ་བཞིན་དུ་ཤག་ལ་མི་སྣ་ཚོགས་དང་ཚོགས་འདུ་རང་བྱེད་པ་དང་། དོན་མེད་ཀྱི་གཏམ་ལབ་སྣ་ཚོས་པས་མི་ཚེ་ཅི་འཁྱོལ་བྱེད་ཅིང་། སྲིན་པོ་བཞིན་དུ་ཁ་ཤ་ཁྲག་དང་མ་བྲལ་བར་བྱས་ནས་རུ་པ་ཡང་རྗེ་འདི་ཉིད་བཞུགས་པའི་ཕྱོགས་སུ་འཕེན་པ་ཞིག་བྱུང་བར། ཇི་སྐད་དུ། དམ་པས་སྨད་པའི་མི་དགེའི་ལས་རྣམས་ལ།། བག་མེད་དགའ་མགུར་འཇུག་རྣམས་མཐོང་བའི་ཚེ།། དགེ་སྡིག་ཤན་འབྱེད་ཆོས་ཀྱི་རྒྱལ་པོ་དེ།། ཤི་འམ་མཆེ་བ་ཟ་པར་ཤེས་པ་འདྲ།། ཞེས་དང་། སྐྱིད་ཤོད་པའི་བྱ་རོག་ཕྲིན་བསྐུར་ལས། ཡང་གཅིག་སྤྲུལ་པའི་བྱ་རོག་ཚུར་གསོན་དང་།། བྱ་ཁྱོད་གྲྭ་ས་ཀུན་ལ་འབྱོན་ལགས་མོད།། ཆོས་མཐུན་བཙུན་པ་རྣམས་ལ་ང་མི་ཞུ།། སེར་གཟུགས་དཀོར་ཟན་རྣམས་ལ་འདི་སྐད་གསུངས།། ཚེ་འདི་བློས་བཏང་ཕྱི་མ་དོན་གཉེ་བའི།། བཤད་སྒྲུབ་བྱ་བར་བརྩོན་པའི་རབ་བྱུང་དང་།། ལྷན་ཅིག་དད་ཟས་བག་མེད་ལོངས་སྤྱོད་པ།། དམྱལ་བའི་བུད་ཤིང་སྒྲུབ་པ་མ་ལགས་སམ།། ཞེས་གསུངས་པ་ལྟར་རྗེ་འདིའི་ཐུགས་ལ་འདི་འདྲ་བའི་རབ་བྱུང་གི་གཟུགས་བརྙན་ནི། རབ་བྱུང་ལྟ་ཞོག་མི་ལུས་ཙམ་པོ་ཡང་མ་ཐོབ་པར་མི་ལུས་འབྱུང་པོ་ཆེ་རང་དུ་འདུག་སྙམ་ནས་ཡང་ཡང་སྤྱན་ཆབ་འབྱིན་པ་དང་། ཡང་སྐབས་འགར་ཁྱོད་རང་ཤ་ཟོ་ངེད་ཀྱི་དཔེ་ཆ་བལྟ། ཕུགས་སླེབས་ཀྱང་སུ་ཆེ་བལྟ་སྙམ་དུ་དཔེ་ཆའི་རྟིང་བསྐུལ་ལ་ཤིན་ཏུ་ཕན་པར་བྱུང་གསུངས། བདག་ཉིད་ཆེན་པོ་འདི་དག་ལ་ནི་བཟང་ངན་གྱི་རྐྱེན་ཇི་འདྲ་ཞིག་བྱུང་ཡང་ཐམས་ཅད་ཆོས་ལ་བསྐུལ་བའི་སློབ་དཔོན་ཤ་སྟག་ཏུ་སོང་ནས་སྐད་ཅིག་རེ་རེ་ལ་ཡང་ཉམས་རྟོགས་གོང་འཕེལ་དུ་འགྲོ་བ་ཞིག་བྱུང་འདུག་པས་ད་ལྟ་རང་རེ་རྣམས་ཀྱིས་ནི་རྣམ་ཐར་འདི་འདྲ་བའི་ཆ་ཤས་ཙམ་རེ་ལག་ཏུ་ལོན་པ་ཞིག་བྱུང་ཀྱང་འཁོར་བ་མཐའ་ཅན་དུ་འགྲོ་བར་གདོན་མི་ཟའོ།། དེ་ལྟར་གྲྭ་སར་ཆོས་ར་འགྲིམས་པའི་སྐབས་ནས་བཟུང་གཙོ་བོར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་རྣམ་པར་དག་པ་གཞི་མར་བཟུང་སྟེ། མི་ཚེའི་རྐང་ཐོས་བསམ་དང་ཆོས་གྲྭར་ཕེབས་ནས་ཞལ་འདོན་དང་རྩོད་གྲྭ་སོགས་ཀྱིས་འཁྱོལ་བར་མཛད་པ་ལས། ཚེ་འདིའི་སྣང་ཤས་ཆེ་བའི་མི་དང་ནམ་ཡང་མི་བསྟུན་པར་མཐོ་མཐོ་རླུང་ལ་བསྐུར། དམའ་དམའ་ཆུ་ལ་སྐྱུར། འོག་ནས་འགྲོ་བ་ཆུ་ལས་མེད་པ་ཞིག་མཛད་དེ། ད་ལྟ་ཐོས་བསམ་པའི་སྐབས་ཡི་ཟེར་ནས་བཅས་མཚམས་ལས་འདའ་བ་ལ་ཇི་མི་སྙམ་ཤིང་ནམ་ཕུགས་ལ་བསྒོམ་ལ་དྲིལ་ནས་རྣམ་པར་དག་པ་བྱེད་རྒྱུའི་ཁུལ་གྱིས་རྟག་འཛིན་གྱི་བློ་དེས་རང་གཞ་ཐམས་ཅད་བསླུས་པར་གཟིགས་ཏེ་ཐོས་བསམ་སྒོམ་གསུམ་སྟབས་གཅིག་ཏུ་མཛད་པའི་མཐུ་ལས། ཐ་ན་སོ་ཐར་གྱི་བཅས་པ་རགས་པ་རྣམས་ལྟ་ཞོག་ཕྲ་མོ་ཕྱི་དྲོའི་ཁ་ཟས་གཅོད་པ་དང་། ཕལ་ཆེར་འོད་དམར་གཅོད་པ། སྟན་གཅིག་པ་སོགས་ཀྱི་ཕྱག་ལེན་རྣམས་ཀྱི་སྒོ་ནས་འབྲེལ་ཚད་དོན་ལྡན་དུ་མཛད། ཆབ་ལེན་ཀྱང་སྔ་ཆབ་དང་ཕྱི་ཆབ་གཉིས་ཀ་ལེན་པར་མཛད་པ་མ་ཟད་ད་ལྟ་ཆབ་ལེན་ཡིན་ཟེར་ནས་ཆུ་ཐིགས་རེ་ཁ་ལ་རེག་ཙམ་བྱེད་པས། བཅས་པའི་མཐའ་འཛིན་ཙམ་ཡང་ཕན་ཡོན་ནི་ཆེ་མོད། རྗེ་འདིས་ནི་རྒྱུན་པར་ཆབ་བཞེས་སྐབས་ཆུ་ཁུར་པ་དོ་གསུམ་ཙམ་ཞལ་དུ་བཞེས་ནས་ཞལ་བཤལ་བ་དང་།བསིལ་ཁང་དུ་ཕེབས་དུས་ཀྱང་ཆབ་རིལ་དེ་ནང་དུ་ཁྱེར་ན་བཙོག་འགྲོ་གསུངས་ནས་ངེས་པར་ཆབ་རིལ་ཀྱང་བསིལ་ཁང་གི་ཕྱི་ལ་བཞག་སྟེ། དེ་ནས་ཞལ་བཤལ་བར་མཛད་པས་མཚོན་འདུལ་བའི་ཕྱག་ལེན་ཆེས་ཕྲ་ཐམས་ཅད་ལའང་དགྲ་བཅོམ་པ་ཉེ་བར་འཁོར་གཉིས་པ་ལྟ་བུ་ཞིག་ཡོད་པར་འདུག དེ་ལྟ་བུའི་ཕྱག་ལེན་དེ་དག་ནི་དུས་ཀྱི་མཐའ་འདིར་རྒྱལ་བའི་བསྟན་པའི་ནང་མཛོད་སོ་སོར་ཐར་བའི་ཕྱག་ལེན་ཉམས་སྨད་པའི་སྐབས་སུ་ཁྲི་ཆེན་འདི་ཉིད་ཀྱིས་བསྟན་པའི་རྩ་བ་གཞི་ནས་གསོ་བར་མཛད་པའི་དབང་གིས་དེང་སང་འདུལ་བའི་ཕྱག་ལེན་གྱི་ཕྱོགས་འགྲོ་དོན་ཙམ་གྲྭ་ས། རྒྱུད་གྲྭ། རི་ཁྲོད། གཞིས་དགོན་ཐམས་ཅད་ལ་ཁྱབ་པ་འདི་ཡང་དམ་པ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན་ནོ་ཞེས་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་སོགས་གཟུ་བོར་གནས་པའི་མཁས་པ་དང་བཙུན་པ་དང་གྲུབ་པའི་འཁོར་ལོས་བསྒྱུར་པ་རྣམས་ལ་གཏམ་དུ་གྲགས་སོ།། གཞན་དུ་མཁས་པར་རློམ་པ་འགས་ཀྱང་བསྟན་པའི་རྩ་བ་སོ་ཐར་གྱི་ཕྱག་ལེན་མཐའ་དག་རས་སུ་བོར་ནས་ས་ལམ་མཐོན་པོའི་རྩད་གཅོད་སོགས་ཀྱིས་དུས་འདའ་བ་ཡང་རང་རེ་ལས་དང་པོ་བ་དག་ལ་ནི་ཕན་པ་ཤིན་ཏུ་ཆུང་བར་སྣང་།

    ལྷག་པར་ཆོས་གྲྭའི་བར་གསེང་རྣམས་སུ་ཡང་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཡན་ལག་བདུན་པ་མཎྜལ་སོགས་སྔོན་དུ་འགྲོ་བའི་སྒོ་ནས། མདོ་སྔགས་ཀྱི་ལམ་གྱི་རིམ་པ་རྣམས་ལ་ཤར་སྒོམ་ཡང་ཡང་མཛད་པ་དང་། ཇོ་ཤཱཀྱ་རྣམ་གཉིས་སོགས་རྟེན་གསུམ་རྣམས་ལ་ཡང་ཕྱག་མཆོད་བསྐོར་བ་སོགས་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱོར་ཡང་དག་པར་མཛད། དེ་དུས་དངོས་ཆས་ཤིན་ཏུ་བཀྲེན་པར་གྱུར་ཀྱང་སྐུ་ཚེ་འདིའི་མཛད་པ་ཐམས་ཅད་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་དང་མཚུངས་པར་འགྱུར་བ་དང་། འཁྲུངས་རབས་ཀྱི་ཕྲེང་བ་ཀུན་ཏུ་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་སྲོག་ཤིང་དུ་འགྱུར་བ་མ་འོངས་པ་ན་དེ་བཞིན་གཤེགས་པ་སེངྒ་ང་རོའི་འཁོར་གྱི་ཐོག་མར་འགྱུར་བ། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས། དཔལ་ལྡན་བཀྲ་ཤིས་སྒོ་མང་། གཞུང་པ་ཁམས་ཚན་གྱིས་གཙོས་གདན་ས་ཐམས་ཅད་ལ་གྲྭ་བཙུན་སོགས་འདུས་ཚོགས་རྒྱས་ཤིང་། བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་གོང་འཕེལ་དུ་འགྱུར་ཕྱིར་ཁམས་ཚན་དགེ་རྒན་སྐབས་རྗེ་ཐམས་ཅད་མཁྱེན་པའི་སྐུ་བརྙན་མི་ཚད་མ་མཇལ་བ་ཙམ་གྱིས་སྲིད་ཞིའི་རྒུད་པ་ལས་གྲོལ་བར་ནུས་པ་ཞིག་ཕྱག་བཟོ་མཛད་དེ་རིང་བསྲེལ་རྣམ་བཞི་སོགས་ཀྱིས་ཕྱུག་པར་མཛད་ཅིང་། རབ་གནས་སོགས་ཀྱང་ཆ་ལག་ཚང་བ་རྗེ་ཉིད་ནས་སྒྲུབ་པར་གནང་། རྗེ་ཉིད་རྒྱུད་འགྲིམས་ཀྱིས་མཆོད་སྤྱད་ཀྱང་ནང་བཞུགས་སུ་ཕུལ་བའི་སྟ་གོན་མཛད་ཀྱང་དགོས་དབང་ཞིག་གིས་བརྗེད་པ་ལྟར་ལུས་འདུག་པར་རྟེན་འབྲེལ་གཞན་ཞིག་ཡོད་པར་སྣང་། སྐུའི་ལྟོ་བ་ཅུང་ཟད་ཆུང་སྐྱོན་ཙམ་བྱུང་བས་རྗེས་འཇུག་རྣམས་གནས་སྐབས་སུ་འཚོ་བ་དཀོན་པ་ལྟར་འབྱུང་བར་གྲགས་ན་ཡང་། གྲྭ་ཚོགས་དང་ཐོས་བསམ་འཕེལ་བའི་རྟེན་འབྲེལ་ཤིན་ཏུ་གཙུག་ཏུ་བསྟེན་ཏེ་དཔེ་ཁྲིད་དབང་ལུང་ཁྲིད་མན་ངག་མཐའ་ཡས་པང་གསན་ཞིང་། མཁས་དབང་ཉིད་ནས་ཀྱང་རྗེ་འདི་པར་མདོ་སྔགས་ཀྱི་ཟབ་གནས་ཐམས་ཅད་སྦ་གསང་མེད་པར་ཕས་བུ་ལ་སློབ་པ་ལྟར་མཛད། གཞན་ཡང་ཐང་སག་པ་དངོས་གྲུབ་རྒྱ་མཚོའི་ཐུགས་སྲས་རྗེ་ཆོས་རྒྱ་མཚོ། སྤྲུལ་སྐུ་བློ་བཟང་བསྟན་པ། རྗེ་འཇམ་དབྱངས་བཞད་པའི་ཐུགས་སྲས་མཁན་ཆེན་ངག་དབང་བློ་བཟང་། བླ་མ་འཇམ་དཔལ་དབྱངས་སོགས་ལ་དགའ་ལྡན་ཕ་ཆོས་གསེར་གྱི་ཡང་ཞུན་ལྟ་བུའི་སྙན་རྒྱུད་ཀྱི་མན་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ཚིག་དོན་ཕྲ་ཚུལ་དུ་གསན་ཏེ་ཚིག་དོན་ཕྲ་མོ་ཙམ་ཡང་མ་ལུས་པ་ཟིན་བྲིས་སུ་བཏབ་ནས་ཐུགས་ཉམས་སུ་བསྟར། དེ་ནས་དགུང་ལོ་སོ་བདུན་པ་ཟིལ་གནོད་ཞེས་པ་མེ་རྟ་ལོ་གཞུང་ལུགས་རབ་འབྱམས་ཡོངས་ལ་མཁས་པའི་ཕུལ་དུ་ཕྱིན་པ་ན་འབྲས་སྤུངས་རྡོ་གཅལ་རབ་འབྱམས་པའི་མཚན་བཏགས་མཛད་ནས་ལན་དང་བཤད་པ་ཐམས་ཅད་མཁས་པ་རྣམས་མགུ་བ་བསྐྱེད་པའི་ཐབས་སུ་འགྱུར་བར་མཛད། འདི་སྐབས་དགོས་པ་ཁྱད་པར་ཅན་ཞིག་ལ་དགོངས་ཏེ་གསོལ་ཇ་མཆོད་པའི་ཞལ་དཀར་ཡུ་རིང་ཕྱག་ནས་ཤོར་བ་ལྟར་མཛད་དེ་རྡོ་གཅལ་སྟེང་དུ་ལྷུང་བ་ན་གས་ཆག་གཏན་ནས་མེད་པར་ཟངས་སྣོད་རྡོ་ལ་རྡབ་པ་ལྟར་ཕྱོགས་གཅིག་ཙམ་ལ་སྐྱོགས་པ་འདྲ་བའི་གྲུབ་རྟགས་ངོ་མཚར་ཅན་ཞིག་བསྟན་ཏེ་ཐམས་ཅད་དད་མོས་ཀྱི་ས་ལ་བཀོད། དེ་ནས་འདུལ་འཛིན་ཀུན་གྱི་གཙུག་རྒྱན་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཡེ་ཤེས་ཀྱི་ཞབས་དྲུང་དུ་བསྙེན་པར་རྫོགས་ཏེ་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པའང་གསན། དེའི་ཚེ་ཀུན་གཟིགས་པཎ་ཆེན་མཆོག་ནས་ཁྱེད་ཆོས་གོས་རྣམ་གསུམ་གྱོན་བཞིན་པ་དང་བཅས་མི་ཕམ་ཆོས་ཀྱི་མདུན་སར་ཕེབས་རྒྱུ་ཡིན་ནམ་གསུང་བ་ན་བདག་ཀྱང་དེ་ཁོ་ན་ལྟར་སྨོན་པས་

སྨོན་པ་ཇི་བཞིན་འགྲུབ་བའི་སྐྱབས་འཇུག་བརྩེ་གཟིགས་མཁྱེེན་ཞུ་བར་མཛད། པཎ་ཆེན་མཆོག་ནས་ཀྱང་དགྱེས་བཞིན་དུ་ཞལ་གྱིས་བཞེས་ཏེ་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་ཀྱང་མང་ཙམ་གནང་ཚོད་དུ་འདུག དེ་ནས་མདོ་ཕྱོགས་ཀྱི་གསན་བསམ་མཐར་ཕྱིན་པ་ན་རིག་འཛིན་འདུས་པའི་ཁྱུ་རྒྱན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཕེབས་ནས་མདོ་སྔགས་ཀྱི་དམ་བཅས་མཚོན་ཐམས་ཅད་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་དུ་འགྲོ་བ་ཤ་སྟག་དང་། ལྷག་པར་མཁན་ཆེན་རྡོ་རྗེ་འཆང་ལ་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མ་བྲལ་བར་མཛད་དེ་རྩིས་བཞག འགྲེལ་པ། བསྐྱེད་རྫོགས་གར་ཐིག་དབྱངས་གསུམ་ཐམས་ཅད་ལ་སྦྱོང་མཐར་དང་། སྒྲིག་ལམ་སོགས་ལ་ཐུགས་བརྩོན་གང་ཆེ་ངོས་ཚོང་པ་ཁེ་སྤོགས་ཚོལ་བ་བཞིན་མཛད། དེ་སྐབས་དབྱངས་ཅན་མ་དམར་མོའི་བསྙེན་སྒྲུབ་ཟླ་བ་དྲུག་མཛད་པས། འཆད་རྩོད་རྩོམ་གསུམ་ལ་མཁྱེན་རབ་ཀྱི་ཀློང་བརྡོལ་བས་མི་རིང་བར་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ན་ཚེ་འདིའི་ཆེ་ཐབས་སྤངས་ནས་ཐོས་དོན་སྒྲུབ་ལ་གཞོལ་ཕྱིར་རི་བོ་དགེ་འཕེལ་དུ་ཕེབས་ཏེ། ལམ་གྱི་གཙོ་བོ་རྣམ་གསུམ། གསང་བདེ་འཇིགས་གསུམ། སྐྱེས་བུ་གསུམ་གྱི་ཆོས་སྐྱོང་ལ་བརྟེན་ནས་ཉམས་ལེན་རྩེ་གཅིག་ཏུ་གཞོལ། སྐབས་དེར་རྒྱུད་སྟོད་བླ་མ་དབུ་མཛད་སྐུ་ཡོན་ཆེ་ཆུང་སོགས་ཀྱི་གླེང་སྣ་ཚོགས་ལ་བརྟེན་དགེ་བཤེས་རྙིང་པ་གང་ཡོད་བསྡུས་ཏེ་རྗེ་དོན་ཡོད་མཁས་གྲུབ་ཀྱི་དྲུང་དུ་ཉིན་བཅུ་སྐོར་མདོ་སྔགས་གཉིས་ཀའི་བགྲོ་གླེང་མཐའ་ཆོད་པ་གནང་བར་ཐམས་ཅད་ཀྱི་རྗེ་འདི་འོས་གཅིག་པུ་ལྟ་བུས་རྒྱུད་སྟོད་མཁན་ཁྲིར་མངའ་གསོལ། དེ་ནས་ཤར་རྩེ་སོགས་ལ་རིམ་པར་ཕེབས། དེ་དག་གི་ཚེ་ལའང་ཚེ་འདིའི་ཆེ་ཐབས་སྒྲུབ་པ་སོགས་རྒྱང་རིང་དུ་སྲིངས་ཏེ། ཕྱག་ཏུ་ཅི་འབྱོར་ཐམས་ཅད་ཕྲལ་ཕྲལ་དུ་དགེ་འདུན་གྱི་བསྙེན་བཀུར་ཁོ་ནར་གཏོང་བ་ལས། གཤིན་གསོན་གྱི་དངོས་ཆས་ཇི་འདྲ་ཞིག་བྱུང་ཡང་གཞན་སུ་སྒྱུར་བ་དང་རང་དོན་དུ་གཏོང་བ་སོགས་གཏན་ནས་མ་མཛད། ཆོས་ཐོགས་སོ་སོར་ཡང་སྔར་གྱི་ལུགས་སྲོལ་བཟང་པོ་བཞིན་གཏོང་སྒོའི་མཐུན་རྐྱེན་གང་འཛོམ་སྐབས་ཚོགས་ནས་འཆད་ཉན་གང་སྨར་དང་མཐུན་རྐྱེན་རྫོགས་ཕྲལ་ཆོས་ཐོག་གྲོལ་བ་ལས་འཇིག་རྟེན་གྱིས་གཏམ་ཙམ་དོན་དུ་གཉེར་ནས་གཏོང་སྒོ་བཟང་ངན་ཇི་ལྟར་བྱུང་ཀྱང་ནར་གཏོང་བྱེད་པ་ཐུགས་བརྩོན་ཆེར་མ་མཛད་ཀྱང་གཏོང་སྒོར་སྙད་པའི་ཚོང་ཁེ་སོགས་གཏན་ནས་མ་གནང་བར་ཆོས་སྲུང་རྣམས་ལ་འཕྲིན་བཅོལ་རེ་མཛད་པ་ན་གཤིན་གསོན་གྱི་དངོས་པོ་ཆེ་ཆུང་སྣ་ཚོགས་པ་དང་། གསེར་དངུལ་རྟ་ནོར་ཇ་མར་སོགས་ཕྲལ་ཕྲལ་དུ་འབུལ་མི་ཟམ་མི་ཆད་པ་བྱུང་ཞིང་། དཔེར་མཚོན་ན། དབྱར་གནས་སྐབས་ཡེར་པའི་ཆོས་གྲྭ་ཚོགས་ཏེ་ཞག་ཤས་སོང་བར་མང་ཇའི་ཇ་མར་ཆད་ནས་མང་ཇ་ཚོགས་མི་ཐུབ་པ་ཉེ་བ་རྗེ་ཉིད་རང་གི་ཆིབས་པ་སྒ་བཅས་ཚང་མ་ལྷ་ལྡན་དུ་ཚོང་རྒྱུར་བསྐུར་ནས་ཇ་མར་ཉོ་དགོས་ཀྱི་བཀའ་གནང་བ་བཞིན་ཉེ་གནས་ཀྱིས་ཀྱང་ཆིབས་པ་སྒ་བཅས་ཚོང་སྒྱུར་དུ་ཕྱིན་པ་ན། ཡེར་པའི་དགོན་གཤམ་གྱི་མཆོད་རྟེན་དཀར་ཆེན་གྱི་ཉེ་འདབས་སུ་སླེབས་པའི་ཚེ་ཚོགས་ཡོངས་ལ་ཉིན་མང་པོའི་བ་གྱི་ཉིན་ཁྱོངས་ཞུ་རྒྱུའི་ཇ་མར་སོགས་ཕོན་ཆེ་ཙམ་འབུལ་མི་བྱུང་བར་ཆིབས་པ་ཚོང་རྒྱུ་རེ་ཞིག་འཐེན་ཆོག་པ་བྱུང་བ་སོགས་དམ་ཅན་ཆོས་སྲུང་མང་པོ་བྲན་དུ་བཀོལ་བའི་མཐུ་སྟོབས་ནུས་པའི་བདག་ཉིད་ཅན་ཡིན་པའི་རྒྱུ་མཚན་ནི་མང་དུ་ཡོད་པར་སྣང་། མཁན་ཁྲི་སྐྱོང་རིང་ཡང་འཇིག་རྟེན་གྱི་སྒྲོབ་སྒྲོབ་སོགས་ལ་ནམ་ཡང་མི་དགྱེས་པར་བླ་སློབ་ཚང་མ་ཆོས་ཐོག་ཐམས་ཅད་དུ་འཆད་ཉན་གཙོ་བོར་འབད་པ་དང་། ཆོས་མཚམས་རྣམས་སུ་ཡི་དམ་ཞི་ཁྲོ་མང་པོ་བསྙེན་མཚམས་དང་། སྒྲིགས་ཀྱིས་བཅད་པའི་བདག་འཇུག བསྐང་གསོ་ཆེ་ཆུང་། སྤྱིན་བསྲེག དཀྱིལ་འཁོར་བྲིས་ཐིག་སོགས་ཕྱག་ལེན་ཆ་མཐའ་དག་ནས་མི་ཉམས་གོང་འཕེལ་ངོས་སྔ་སོར་བདེ་མཆོག་གི་འཆད་ཉན་ཉམས་ཆག་ཏུ་གྱུར་པ་ཡང་རྗེ་བླ་མའི་དགོངས་བཞེད་བཞིན་ལཱུ་ཨི་པའི་ལུགས་ཀྱི་བདག་བསྐྱེད་སྒྲུབ་དཀྱིལ་དབང་ཆོག་དང་བཅས་པ་ཚོགས་འདོན་དང་། སྐྱོར་ལུང་ཆོས་ཐོག་ནས་བཟུང་སྔ་དྲོ་བསྐྱེད་རྫོགས། ཕྱི་དྲོ་སྦས་དོན་ཀུན་གསལ་གྱི་འགྲེལ་བཤད་སོགས་ཀྱང་གསར་འཛུགས་མཛད། དེ་ནས་མཁན་ཁྲི་མཐར་འཁྱོལ་ཏེ་སྐུ་ཆས་གང་ཡོད་ཐམས་ཅད་རྒྱུད་པ་གྲྭ་ཚང་གི་ཡིན་པ་མ་གཏོགས་ངེད་ལ་ནི་ཁབ་སྐུད་ཙམ་ཡང་དགོས་པ་མེད་གསུངས་ནས་གསེར་དངུལ་དར་གོས་ཆེན་འབྲུ་རྩམ་ཇ་མར་ཚྭ་བུལ་དན་ཆ་ཤིང་ཁྲོལ་སོགས་ཐམས་ཅད་མཁན་པོ་གསར་པ་རང་ལ་རྩིས་འབུལ་ཞུས། ད་ནི་ཚེ་མཇུག་འདིར་རྣལ་འབྱོར་དབང་ཕྱུག་མི་ལ་རས་པ་བཞིན་དུ་ལུས་ལ་བབས་བསྐུར་ལྟོ་གོས་ལ་གྱོང་བསྐུར་ནས་ཚེ་དང་སྒྲུབ་པ་སྙོམས་ཐུབ་པ་ཞིག་བྱེད་པས་དངོས་པོ་ཁབ་སྐུད་ཙམ་ཞིག་དཔོན་གཡོག་སུ་ལ་ཡང་མ་འབྱར་བ་དགོས་ཞེས་ཕྱག་མཛོད་ལ་ནན་ཆེར་གསུངས། ཕྱག་མཛོད་ནས་ཀྱང་དེ་ལུགས་བཞིན་སྒྲུབ་ཁུལ་ཞུ་བ་ཁྲི་བཤོལ་ནས་ཕེབས་པ་རང་གི་དེ་ཉིན་ཕྱགས་མཛོད་ལ་དེ་རིང་རང་རེ་རྣམས་ཀྱི་གུང་ཚིགས་སྐབས་རྩམ་པ་ཞིག་མེད་ན་ཕུད་མཆོད་ལ་ཇི་འདྲ་བྱེད་གསུངས་པས། ཕྱག་མཛོད་ནས་ཉིན་གཅིག་གཉིས་འདེང་ཙམ་གྱི་དངུལ་ཕྲན་བུ་ཞིག་ཉར་ཚག་བྱས་ཡོད་ཞུས་པས། འོ་ན་དེ་ལེགས་དེ་ལྟ་ན་འདིར་ཁྱེར་ཤོག་གསུངས་པར། ཕྱག་མཛོད་ནས་ལྐོག་ཏུ་དངུལ་སྲང་འགའ་ཞིག་ཉར་བ་དེ་ཕུལ་བས། འདི་ཡང་རྒྱུད་པ་གྲྭ་ཚང་གི་ཡིན་པར་འདུག་གསུངས་ནས་དེ་ཕྲལ་མཁན་པོ་གསར་པར་གནང་། དེ་དུས་ཞབས་ཕྱི་རྣམས་ཡིད་ཆད་ནས་ལོ་དེ་ཙམ་རྒྱུད་པ་གྲྭ་ཚང་དང་བླ་མའི་ཞབས་ཕྱི་ཞུས་ནས་དཔོན་གཡོག་ཐམས་ཅད་ལ་ཉིན་གཅིག་གི་ལྟོ་ཟ་ཐེང་གཅིག་ཙམ་ཡང་མེད་པ་འདི་འདྲ་ཟེར་ནས་མཆི་མ་འབྱིན་དགོས་པ་བྱུང་འདུག་ཀྱང་། རྗེ་འདི་ཐུགས་སྣང་ཡེ་མེད་པར་རྒྱུད་པའི་ཚོགས་གཤམ་དུ་ཕེབས་ནས་ངའི་ལུས་ལ་གྱོན་པའི་ཆོས་གོས་རྣམ་གསུམ་དང་གདིང་བ་ལྷུང་བཟེད་ཙམ་མ་གཏོགས་རྒྱུད་པ་གྲྭ་ཚང་གི་དངོས་པོ་ཁབ་སྐུད་ཙམ་འབྱར་འདུག་ན་དམ་ཅན་ཆོས་རྒྱལ་ཁྱོད་རང་གིས་ཚར་ཆོད་ཅིག་ཅེས་མི་འཇིགས་པའི་སྒྲ་གྲགས་ནས་ནག་ཆེན་བཙོན་དོང་ལས་ཐར་བ་བཞིན་སྤྲོ་བ་དང་བཅས་ཕེབས་པས་རྐྱང་ཐང་སྒང་ནས་སོག་རིགས་པ་འགའ་ཞིག་གིས་གསེར་མང་ཙམ་འབུལ་མི་བྱུང་བས་དེ་ཉིན་ནས་བཟུང་ཉིན་ཁ་ཤས་ཀྱི་འཚོ་བའི་མཐུན་རྐྱེན་མཛད་འདུག དེ་དུས་སུ་ཡང་ཉིན་རེ་གསོལ་ཚིག་སྐབས་སྔ་ཆབ་བཞེས་ཕྱག་བསིལ་ནས་ཕུད་མཆོད་ལ་ཞལ་ཟས་ཁྲུ་གང་བ་ལྔ་རེ་ཆག་མེད་སྔ་སོར་ནས་མཛད་མུས་བཞིན་པ་བཅས་གསོལ་ཚིགས་ཀྱི་ཕུད་མཆོད་ཆད་དོགས་ཀྱི་ཐུགས་ཁྲལ་ལས། གཞན་མ་དཔོན་གཡོག་རྣམས་ཀྱི་ལྟོ་གོས་ཀྱི་ཐུགས་ཁྲལ་ནི་ནམ་ཡང་མ་མཛད་པར་འདུག འདི་དག་ལ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོས་བཀའ་ཆོས་ཆེན་མོའི་སྐབས་རང་རེ་རབ་ཏུ་བྱུང་བ་རྣམས་ཀྱིས་གུང་ཚིགས་སྐབས་སྔ་ཆབ་བླངས་ནས་སྟོན་པའི་བཀའ་དྲིན་དྲན་པའི་སྒོ་ནས་ཐུབ་དབང་གི་བསྟོད་པ་རྒྱས་བསྡུས་གང་རུང་རེ་སྔོན་དུ་བཏང་། དེ་ནས་དཀོན་མཆོག་རྗེས་དྲན་གྱི་མདོ་འདོན་དགོས་ཤིང་། དེ་ནས་བླ་མ་ཡི་དམ་དཀོན་མཆོག ཕུད་ལ་དབང་བའི་འབྱུང་པོ་སོགས་ལ་ཕུད་མཆོད་དགོས་ཚུལ་གྱི་གསུང་བཤད་སྐབས་ད་ལྟ་རང་རེ་རྣམས་ནི་ཕུད་མཆོད་ཀྱང་ཆུང་ངུ་རེ་དང་། ཆང་བུ་ཡང་སྐུད་པ་འདྲ་བ་རེ་སྐྱུར་བར་འདུག་སྟེ། བདག་གི་བླ་མ་ཁྲི་ཆེན་ནམ་མཁའ་བཟང་དེ་ཉིད་ནི་ཉིན་རེ་ཕུད་མཆོད་ལ་ཞལ་ཟས་ཁྲུ་གང་བ་ལྔ་རེ་མ་ཆག་པ་ཕུལ་བར་མཛད་དེ། ཁྲི་ཆེན་ནས་གསུང་པར་ངེད་རྒྱུད་པའི་མཁན་ཁྲི་དགོངས་པ་ཁྲོལ་ཕྲལ་སྐབས་སུ་ནི་ཕུད་ཆོད་འབུལ་རྒྱུ་དེ་ཡང་ཁག་ཙམ་བྱུང་ཀྱང་དཀོན་མཆོག་གི་ཐུགས་རྗེས་མ་ཆད་ཙམ་ནི་བྱུང་ཞེས་གསུངས་པ་ཡང་དངོས་སུ་ལན་མང་པོ་ཐོས། དེ་ནས་དགེ་འཕེལ་རི་ཁྲོད་དུ་ལོ་ཤས་བར་ཐུགས་དམ་ཆུ་བོའི་རྒྱུན་བཞིན་སྐྱོང་བར་མཛད། དེ་དུས་སུ་ཡང་གསོལ་ཆས་དང་ན་བཟའ་སོགས་ལ་ནི་ཐུགས་སྣང་ཡེ་མེད་ཅིང་གྲྭ་རྐྱ་འགས་མར་དཀར་རིལ་རེ་ཙམ་ཕུལ་བ་ཡང་འཕྲལ་དུ་མཆོད་མེར་འབུལ་བར་མཛད། དཀོན་མཆོག་ལ་དམིགས་པའི་རྫས་མེ་ཏོག་གི་འདབ་མ་ཙམ་ཡང་རང་དོན་དུ་མི་སྤྱོད། རྒྱ་ལ་སྐུ་འདྲའི་ན་བཟའ་ཙམདང་སྙན་དར་རེ་ཙམ་སྔ་ཕྱི་ཞུ་དགོས་བྱུང་ཀྱང་མ་འགྱངས་པ་དེ་བའི་ཚབ་འབུལ་བར་མཛད་པ་སོགས་སྡོམ་པ་གསུམ་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་དྲི་ངན་ནི་གཟིམས་སྤྱིལ་གྱི་ཕྱི་ནང་ཐམས་ཅད་དུ་ཁྱབ་པ་དང་། ལྗགས་ཐུན་གྱི་སྐབས་ལྟ་བུར་ནི་ཆེ་བཙན་སུ་འདྲ་ཞིག་བྱུང་ན་ཡང་སྐུ་མདུན་དུ་བཅར་ས་མེད་ཅིང་། ཐུན་མཚམས་རྣམས་སུའང་གཞན་དོན་དུ་ཁ་གཡར་བའི་མོ་ཕྱྭའི་རིགས་ནི་རྩ་བ་ནས་མི་མཛད་ཀྱང་། སྐྱབས་མགོན་ནོ་མིན་ཧན་ཆེན་པོ་དེ་དུས་གྲྭ་རྐྱང་རང་བཞིན་བའི་རྣམ་པ་ཅན་དུ་ཡོད་པར་རྗེ་འདི་ལ་བདག་ཕ་ཡུལ་དུ་འགྲོ་རྩིས་ལ་ལོ་ཇི་ཙམ་དུ་ཕྱིན་ན་དགའ་ཚུལ་ཞུས་པར་ཁྱོད་རང་འབྲུག་ལོའི་བར་སྔར་མུས་བཞིན་རྒྱུད་གྲྭ་རང་དུ་སྡོད། དེ་ནས་འགྲོ་འདུག་གི་དབྱེ་བ་དོད་ཡོང་ཞེས་བཀའ་ཕེབས་པ་བཞིན་ལོ་དེ་རང་ལ་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས་དགོས་བྱུང་བ་ལྟ་བུ་ནི་མཐའ་ཡས་སོ།། ཐར་འདོད་བློ་གསར་བའི་རིགས་ལ་ནི་མདོ་སྔགས་ཀྱི་ཆོས་སྐོར་ཇི་འདྲ་ཞིག་བྱུང་བ་ལྟ་བུ་ནི་མཐའ་ཡས་སོ།། ཐར་འདོད་བློ་གསར་བའི་རིགས་ལ་ནི་མདོ་སྔགས་ཀྱི་ཆོས་སྐོར་ཇི་འདྲ་ཞིག་ཞུས་པ་རྣམས་ཀྱང་ཕྲལ་ཕྲལ་དུ་གནང་། ལྷག་པར་དེ་སྐབས་རྗེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ཡེ་ཤེས་རྒྱལ་མཚན་དེ་ཉིད་ཕུར་བུ་ལྕོག་ཏུ་བྱམས་མགོན་བླ་མ་རིན་པོ་ཆེའི་ཞབས་པད་བསྟེན་ནས་ཡོད་པར་ཉིན་ཅིག་བྱམས་མགོན་བླ་མ་རིན་པོ་ཆེ་ནས། ཁྱོད་རང་འབྲས་སླུངས་དགེ་འཕེལ་དུ་འཁོར་ལོ་སྡོམ་པ་ངུར་སྨྲིག་གི་རྣམ་པར་རོལ་བ་དགའ་ལྡན་ཤར་བ་ཆོས་རྗེ་ནམ་མཁའ་བཟང་ཞེས་བྱ་བ་བཞུགས་ཡོད་པས། དེ་ལ་གྲུབ་ཆེན་ལཱུ་ཨི་པ་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་ཆེན་དང་མན་ངག་རྣམས་ཞུས་ན། བྱིན་རླབས་ཀྱི་བཀའ་བབས་ཤིག་འདུག་པས་དེ་ལྟར་གྱིས་ཤིག་སྙིགས་མའི་དུས་འདིར་འདི་འདྲ་བའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་ནི་ཤིན་ཏུ་རྙེད་དཀའ་བས་དེ་ལུགས་བཞིན་བསྟེན་ཚུལ་མ་ལོག་པ་གལ་ཆེའོ་ཞེས་འདོམས་པར་མཛད་པ་བཞིན་ཕྲལ་དུ་དགེ་འཕེལ་དུ་ཕེབས། རྗེ་འདི་ཉིད་ཀྱི་ཞལ་དཀྱིལ་མཇལ་བ་ཙམ་གྱིས་སྐུ་ལུས་སྤུ་ཟིང་ངེ་བ་དང་བཅས་དད་འདུན་ཚད་མེད་པ་འཕེལ། ཕྱག་འཚལ་ཡན་ལག་བདུན་པ་གྲུབ་ཕྲལ། ཇི་སྐད་དུ། པུས་བཙུགས་ཐལ་མོ་སྦྱར་བྱས་ཏེ།། ཉན་སོགས་འདོད་པས་གསོལ་གསུམ་བཏབ།། ཅེས་གསུངས་པ་ལྟར་ཕྱག་གཉིས་ཐལ་མོ་སྦྱར་ཏེ་རྒྱུ་མཚན་རྣམས་ཞིབ་པར་ཞུས་པ་ན་རྗེ་འདི་ཉིད་ནས་ཁྱོད་གཙང་པ་བླ་མ་ལ་དད་པ་ཆེ། ཆོས་ལ་དོན་གཉེར་ཡོད། རི་ཁྲོད་ལ་སྒོམ་སྲན་ཆེ་བས་ངའི་ཡི་དམ་ཐུན་མོང་མིན་པ་འདིའི་དབང་མན་ངག་རྣམས་ཁྱོད་འདྲ་བའི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་སྣོད་ལྡན་ལ་མི་སྟོན་ན་སུ་ལ་སྟོན་ཞེས་ཡོངསའཛིན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཕྱིས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་དང་ཁྱད་པར་ལྷ་ཆོས་བདུན་ལྡན་རྣམ་ཐར་གཙང་མས་གངས་ལྗོངས་འདི་ཡོངས་སུ་ཁྱབ་བར་མཛད་པར་དགོངས་ནས། གཙང་པ་དགེ་སློང་རང་མནྜལ་རྒྱས་བ་ཞིག་ཤོམས་ཤིག ངེད་ཀྱི་དཀྱིལ་འཁོར་སྟ་གོན་བྱེད་གསུངས། ཡོངས་འཛིན་རིན་པོ་ཆེན་ནས་ཕྲལ་དུ་དགེ་འཕེལ་དགེ་སློང་རྣམས་ལ་བསོད་སྙོམས་ཤིག་མཛད་པས་དངུལ་ཊམ་བདུན་ཕྱག་འབྱོར་བྱུང་བ་བཞིན་བླ་མའི་ཕྱག་ཏུ་ཕུལ་ཏེ་འདིས་མཚོན་ལུས་ལོངས་སྤྱོད་དུས་གསུམ་དགེ་རྩ་དང་བཅས་པ་ཆོས་ཡོ་དུ་འབུལ་བ་ལགས་ཞུ་བར་མཛད་པས། རྗེ་འདི་ཉིད་ཤིན་ཏུ་དགྱེས་ནས་རྟེན་འབྲེལ་ལེགས་གསུངས་ཏེ། འཁོར་ལོ་བདེ་མཆོག་གི་དབང་ཆེན་སྦྱོར་དངོས་མཇུག་གསུམ་ཚང་བ་ཟབ་ལམ་རིམ་པ་གཉིས་ཀྱི་ཁྲིད་གེགས་སེལ་བོགས་འདོན་དང་བཅས་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། རྒྱུན་བར་འབྲལ་མེད་ངོས་འདོད་ཆོས་ཀྱི་རིགས་མང་པོ་དང་། སྡོམ་པ་གསུམ་གྱི་བཅས་མཚམས་བསྲུང་ལུགས་ཀྱི་མན་ངག་སོགས་ལག་ལེན་མྱོང་ཁྲིད་ཀྱི་ཚུལ་དུ་བསྩལ།

     ཁྱད་པར་དུ་དཔལ་གསང་བ་འདུས་པའི་མན་ངག་གི་སྙིང་པོའི་མཐར་ཐུག་པ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་ཐུགས་ཀྱི་བཅུད་ཕྱུང་པའི་གདམས་པ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་ཡི་གེར་འགོད་པར་མཛད་པའི་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་མན་ངག་དང་བཅས་རྗེན་པར་བསྩལ་ཏེ། ཁྱོད་གཙང་པ་ཆོས་དང་བླ་མ་ལ་དད་པ་ཆེ་ཞིང་ཡིད་གཞུངས་པས། ངེད་ཀྱི་ཉེ་གནས་ཀྱི་འོས་སུ་འདུག་ཀྱང་ཁྱོད་ཀྱི་སྒྲུབ་པའི་བགེགས་སུ་འགྲོ་བར་འདུག ད་ནི་ས་མཐའ་རི་ཁྲོད་ལ་འགྲོ་རན་པས་སོང་ཞིག་གསུངས་པ་བཞིན་ཡོངས་འཛིན་མཆོག་ནས་ཀྱང་ཕྱག་བཙལ། ཞབས་སྤྱི་བོར་བླངས་བསྟན་འགྲོའི་དཔལ་དུ་ཞབས་པད་བརྟན་པ་དང་། བདག་ཀྱང་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་དགོས་པ་སོགས་ཀྱི་སྐྱབས་ཞུ་དང་། དེ་ནས་ཕྱི་ཕྱག་འཚལ་གྲབ་མཛད་པར། རྗེ་འདིས་ཐུགས་འཕྲེང་བའི་རྣམ་པས་ད་དུང་རང་རེ་འཕྲད་པའི་རྟེན་འབྲེལ་གྱི་ཆེད་འགྲོ་ཁར་ཕྱག་མ་འཚལ་ཞིག ཁོ་བོ་དགེ་ལྡན་གསེར་ཁྲིར་འཁོད་པའི་ཚོད་ལ་འཕྲད་དུ་ཤོག་ཆོས་ཀྱི་ཁ་ཏ་འགའ་ཞིག་ཀྱང་བྱེད། ཕངས་བའི་མན་ངག་ཞིག་ཀྱང་སྟེར། དེའི་བར་དུ་སྦྱིན་བདག་གི་ངོ་མ་འཛིན། ཟས་ནོར་ལ་སྲེད་པ་མ་ཆེ། སྲོག་འཚོ་ཙམ་གྱི་ལྟོ་གོས་ཀྱིས་ཆོག་ཤེས་པར་གྱིས་ལ་མི་མེད་ཀྱི་རི་ཁྲོད་དུ་དགའ་ལྡན་སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱལ་མཚན་ཚུགས་ཤིག་ཅེས་པ་ལ་སོགས་པའི་བཀའ་སློབ་མཐའ་ཡས་པ་བསྩལ། དེ་ནས་ཡོངས་འཛིན་རིན་པོ་ཆེས་ཀྱང་རྗེ་འདིའི་སྐུ་མདུན་ནས་ཕེབས་ཏེ་བླ་མའི་གཟིམས་སྤྱིལ་གཟིགས་གཟིགས་ཀྱི་བར་ཕྱི་འགྲོས་ཀྱིས་ཕེབས། གཟིམས་སྤྱིལ་མཐོང་མི་མཐོང་གི་མཚམས་སུ་ཕེབས་པ་ན་རྗེ་འདིའི་སྐུ་གསུངས་ཐུགས་ཀྱི་ཡོན་ཏན་ལ་དད་པ་བཅོས་མིན་དུ་འཁྲུངས་ཏེ་སྤྱན་ཆབ་མང་དུ་ཤོར། སླར་ཡང་ཞལ་དཀྱིལ་མཇལ་འདོད་ཀྱིས་ཕྱིར་ལོག་མཛད་གྲབ་དང་། ཡང་ཐུགས་བསམ་ལ་བླ་མ་རིན་པོ་ཆེ་དགའ་ལྡན་གསེར་ཁྲིར་ཕེབས་ནས་ཞལ་མཇལ་གསུང་ཐོས་ཀྱི་ཞལ་བཞེས་བཟང་པོ་ཡོད་པས་སྐྱོན་མི་འདུག་དགོངས་ནས་ཕྱག་མང་དུ་བཙལ་མཎྜལ་ཕུལ་ཏེ་གསོལ་བ་འདེབས་བཞིན་པར་ཕེབས། དེ་ནས་ཐུགས་སྲས་དམ་པ་བྲག་རྒྱབ་སྔགས་རམ་པ་བློ་བཟང་ཆོས་འཕེལ་དང་། མཁས་གྲུབ་ཆེན་པོ་དགེ་འདུན་བདེ་ཆེན་སོགས་ནམ་མཁའི་སྐར་ཚོགས་ལྟ་བུའི་ཐུགས་སྲས་བསྟན་འཛིན་དམ་པ་མང་པོ་བྱོན་པ་ཐམས་ཅད་ཀྱང་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་བཞིན་དེ་ཐམས་ཅད་ཀྱང་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་བཞིན་དེ་ཐམས་ཅད་ཀྱང་བསྟན་པ་ལ་བྱ་བ་རླབས་པོ་ཆེའི་མཛད་པ་ཕ་ཤུལ་བུས་འཛིན་ནུས་པ་ཤ་སྟག་བྱུང་། ལྷག་པར་བླ་མ་འཇམ་དཔལ་དབྱངས་ཀྱིས་བཀའ་དྲིན་དྲན་ཕྱིར་དང་རྒྱུན་པར་རང་གི་དད་རྟེན་དུ་རྩ་བའི་བླ་མ་ཉིད་བྲིས་སྐུ་ཞིག་བཞེངས་ཆོག་པ་དང་། རབ་གནས་ཀྱང་དེ་ག་ནས་མཛད་པ་ཞིག་ཐུགས་རྗེས་གཟིགས་དགོས་ཚུལ་ཞུས་པར། དེ་ལན་དུ་ངེད་ཀྱི་བྲིས་སྐུ་བཞེངས་པར་དེ་ཙམ་གྱི་དགོས་ཚོགས་མི་སྣང་ཞིང་། དེ་བས་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་དཔལ་དབྱངས་ལྟ་བུའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་ཁྱད་དུ་འཕགས་པ་ཞིག་བཞེངས་ཐུབ་ན་ངེད་ཀྱིས་རབ་གནས་བྱས་ཆོག་གསུངས་པར་ཕྲལ་དུ་རྗེ་བླ་མཆོག་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྲིས་ཐང་ཆེ་ལེགས་ཤིག་བཞེངས། རྩ་བའི་བླ་མ་ཉིད་ལ་ཕྱག་ནས་ཞུས་ཏེ་དད་རྟེན་དུ་ཡུན་རིང་པོར་བཅངས་ནས་གསོལ་པ་འདེབས་རྟེན་མཛད། དེ་ནས་དགའ་ལྡན་སོག་པོ་ཁམས་ཚན་གྱི་དད་རྟེན་དུ་བསྩལ་བ་བཞིན་ད་ལྟ་སོག་པོ་ཁམས་ཚན་གྱི་རྟེན་གཙོར་བཞུགས་ཤིང་། བྱིན་རླབས་ཅན་འདི་ཉིད་ཕེབས་པ་ནས་བཟུང་སྟེ་གྲྭ་རྒྱུན་དང་གྲྭ་ཚོགས་ཆེ་བ་དང་། བསྟན་འཛིན་དམ་པ་བར་མ་ཆད་དུ་བྱོན་ནས་སློབ་གཉེར་ཐོབ་བསམ་གྱི་བྱ་བ་མཐའ་དག་གོང་འཕེལ་དུ་འགྱུར་པ་ནི་མངོན་སུམ་དུ་གྱུར་པ་འདི་འོ།། དེ་ནས་རབ་བྱུང་བཅུ་གཉིས་པའི་ཟད་པ་ཞེས་པ་མེ་སྟག་ལོ་དགེ་ལྡན་གསེར་ཁྲི་རིན་པོ་ཆེར་ཕེབས་དགོས་ཀྱི་བཀའ་རྒྱ་འབྱོར་ཞིང་། དེ་དག་གི་ཚེ་ཡང་ཇི་སྐད་དུ། སློབ་མ་རྣམས་ལ་ཆོག་ཤེས་དམ་ཆོས་འཆད།། བླ་མ་རང་ནི་ཁབ་སྐུད་ཡན་ཆོད་བསོག། དཔོན་སློབ་གཉིས་ཀ་ཁྲེལ་པའི་རྣམ་ཐར་ཏེ།། འདི་ཡང་འགལ་རྟགས་ཡིན་པར་ཐུབ་པས་གསུངས།། ཞེས་གསུངས་པ་ལྟར་གྱི་དུས་མཐར་འགྲོ་དོན་བྱེད་པར་རློམས་པའི་བླ་གཟུགས་འགའ་ཞིག་གི་རྣམ་ཐར་ལྟ་བུ་ནི་རྒྱང་རིང་དུ་བསྲིངས་ནས་ཚེ་འདི་བློས་བཏོང་བའི་བྱ་བཏབ་ཀུན་སྤངས་ཁོ་ནའི་རྣམ་ཐར་གཙང་མ་བདག་གིར་བཞེས་པ་ལས། ཁྲི་ཆས་རིགས་དཔོན་གཡོག་ཚང་མས་གཏན་ནས་མ་འགྲིགས་ཀྱང་། སྲིང་སྐྱོང་ཕོ་ལྷ་བས་དག་སྣང་ཆེན་པོས་ཁྲི་ཆས་དང་དཔོན་གཡོག་ཚང་མའི་ན་བཟ་རྟ་སྒ་བཅས་ཆ་ཚང་སྤུས་གང་ལེགས་ཕུལ་ནས་ཁྱེད་ཀྱིས་རྗེས་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེར་བྱ་བ་རྒྱ་གང་ཆེ་མཛད་པ་དང་། ངེད་ནས་ཀྱང་བསྟན་པ་རིན་པོ་ཆེ་དང་བསྟན་འཛིན་དགེ་འདུན་གྱི་སྡེ་དང་བཅས་པར་སྲི་ཞུ་གུས་འདུ་གང་ཆེ་ཞུ་ཞིང་། རང་རེ་མཆོད་ཡོན་གཉིས་ཟུང་དུ་འབྲེལ་ནས་བསྟན་པ་རིན་པོ་ཆེ་ལ་ཕན་སླེབ་གང་ཆེ་ཞུས་ཆོག་པ་ཞུ་ཞེས་ཁྲིར་ཕེབས་ཀྱི་དགོས་ཆ་ཚང་མ་གྲ་སྒྲིག་མཛད། ལྷ་ལྡན་ནས་དགའ་ལྡན་དུ་ཆིབས་ཁ་བསྒྱུར་བའི་ཞོག་པ་རང་གང་ཅིར་ཐུགས་སྣང་ཡེ་མེད་པར་ཐུགས་དམ་ལ་རྒྱུན་པར་བཞིན་ཆིག་དྲིལ་དུ་བཞུགས་ཤིང་ཞབས་ཕྱི་རྣམས་བྲེལ་གཡེང་འདི་འདྲ་བྱེད་པ་ཅི་ཡིན་གསུངས་པ་ན། ངེད་རྣམས་དགའ་ལྡན་ཁྲི་སྟོན་དུ་འགྲོ་བའི་གྲབ་བྱེད་པ་ཡིན་ཞུས་པས། རྗེ་ཉིད་ནས་དགའ་ལྡན་ཁྲི་པ་ང་ཡིན་མོད་གསུངས་པར་དེ་ལན་ཅི་ཡང་ཞུ་མ་ནུས། དེ་ནས་གསེར་ཁྲི་ཆེན་མོར་ཞབས་སོར་བཀྲ་ཤིས་ཀྱི་འཁོར་ལོ་རྣམ་པར་བཀོད་ནས། ཕ་ཤུལ་བུས་འཛིན་པ་བཞིན་དུ་སྤྱི་ཆོས་དང་སྒེར་ཆོས་ཐམས་ཅད་ཀྱི་སྐབས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོའི་སྒོ་འཕར་ཡངས་པོར་ཕྱེ། ཁྲིར་བཞུགས་རིང་ཡང་ཇུན་གར་སོགས་སོག་རིགས་མང་པོ་བོད་ལྗོངས་སུ་རྣམ་དཀར་དགེ་སྒྲུབ་ཏུ་ཡོངས་སྐབས་ཁྲི་ཆེན་འདི་ཉིད་ལ་ནི་རྗེ་རྒྱལ་བ་གཉིས་པ་དངོས་ཀྱི་འདུ་ཤེས་ཀྱིས་རིན་པོ་ཆེའི་དཔྱད་པ་ངོ་མཚར་ཅན་སྤྱི་དང་དངུལ་རྐྱང་རྟ་རྨིག་མ་ཤ་སྟག་གིས་གཟིམས་ཆུང་ཁེངས་པ་དང་དབུ་གདུགས་གསོལ་ཅོག་སོགས་ཁྲི་ཆས་ཆ་ཚང་བཅས་ཕུལ་བར་ཁྲི་ཆེན་དེ་ཉིད་ནི་དེ་དག་ལ་དགྱེས་ཚོར་མེད་པའི་ཁར་སྤྱན་ཆབ་འབྱིན་བཞིན་པར་ཁྱེད་རྣམས་བསོད་ནམས་རེ་ཆུང་། ངེད་གྲྭ་སར་སློབ་གཉེར་ལ་བརྩོན་ཞི་ཆོས་པ་རྣམས་དག་གི་སྐབས་སུ་ནི་ཁ་ལ་རྩམ་པ་ཐུར་མ་གང་ཙམ་ཡང་འདེབས་པའི་དབང་མ་བྱུང་། ད་ལྟ་ནི་ངེད་དཀོར་གྱིས་ས་ཚོས་རྡོ་ཚོས་སུ་སོང་སྐབས་ཁྱོད་རྣམས་ཀྱི་རིན་པོ་ཆེ་འདི་ཙམ་དོན་མེད་ཆུད་ཟོས་སུ་གཏོང་ཕོད་པ་གསུང་ནས་སྐུ་གསུངས་ཐུགས་རྟེན་ཕྱོགས་སུ་ཞལ་བསྒྱུར་བ་ལས། འབུལ་བའི་ཕྱོགས་སུ་སྤྱན་ཟུར་ཙམ་ཡང་མི་གཟིགས། མཇལ་དར་རྒྱུ་ལེགས་པ་ཆེ་ཆུང་ཇི་ལྟར་འབུལ་མི་བྱུང་ཀྱང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཀྱི་སྐུ་པར་བཏབ་སྟེ་གསེར་གདུང་ཁང་གིས་མཚོན་མཆོད་ཁང་སོ་སོར་དབུལ་བར་མཛད། དེ་བཞིན་དུ་རིན་པོ་ཆེ་ཆེ་ཆུང་ཇི་ལྟར་འབུལ་མི་བྱུང་ཚེ་ཡང་། ཕྲལ་དུ་ཉེ་གནས་ཀྱིས་བསྡུ་མ་ཐུབ་ན། སྐུ་མདུན་དུ་གྲྭ་པ་ཆོས་གྲྭ་བ་ལྟ་བུ་བྱུང་ཚེ་དེ་ལ་གནང་། དེ་མིན་རས་སྣམ་གང་རིགས་ཀྱིས་ཐུམ་ནས་གཞན་དུ་སྐྱུར་བ་དང་། སྤྱན་ཡང་གཉའ་ཤིང་གང་ལྷག་མི་གཟིགས་པ་སོགས་སྲིད་པའི་ཕུན་ཚོགས་ཐམས་ཅད་མི་གཙང་པའི་འདམ་ཁྲོད་བཞིན་དུ་གཟིགས་པའི་ངེས་འབྱུང་བཅོས་མིན་ཐུགས་ལ་མངའ་བའི་རང་མདངས་མཐའ་ཡས་པ་ཞིག་ཡོད་པར་སྣང་། ཁྲི་ཆེན་འདི་ཉིད་ཁྲིར་བཞུགས་སྐབས་དྭ་ལའི་བ་ཐུར་ཡབ་སྲས་ནས་ཚོགས་ཆེན་འདུ་ཁང་ཆེན་མོ་གསར་བསྐྲུན་དང་། ཁྲི་ཐོག་ཁང་དུ་རྒྱ་ཕིབས་གསར་འཛུགས་སོགས་རྗེ་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེར་སྲི་ཞུ་བླ་ན་མེད་པ་མཛད་འདུག་ཅིང་། སྨོན་ལམ་ཆེན་མོ་དང་ཚོགས་མཆོད་སྐབས་ཀྱིས་མཚོན་པའི་གྲྭ་ས་གཞིས་དགོན་ཐམས་ཅད་ཀྱི་ཚོགས་ལ་དགེ་སློང་རྣམས་ཀྱིས་བླ་གོས་གྱོན་པ་དང་། ཐམས་ཅད་ཀྱིས་མཆིལ་ལྷམ་མི་བྱོན་པ། དགོངས་ཇ་ཐམས་ཅད་ལ་ཚོགས་གཤམ་དུ་རུང་ཆུ་འདེབས་པ་དང་། དགེ་ལྡན་དུ་གསོ་སྦྱོང་དབྱར་གནས་སོགས་ཀྱི་སྐབས་གནས་ལ་བློ་མཐུན་གྱི་ལས་སོགས་ཆགས་པའི་ཕྱིར་དུ་གསེར་ཁྲི་ཆེན་མོའི་སྟེང་གི་བཞུགས་འདིང་འོག་ནས་རས་ཡུགས་རྐྱང་བ་གྲལ་མགོའི་འདིང་བའི་འོག་ཏུ་ཚུད་པར་མཛད་པ་སོགས་སོ་ཐར་གྱི་ཕྱག་ལེན་ཕྲ་ཞིང་ཕྲ་བ་ཐམས་ཅད་ཕྱག་ལེན་དུ་བསྟར་བ་ཞིག་ཡོད་པས་བོད་ལྗོངས་འདི་རྣམས་སུ་ཡང་འཕགས་ཡུལ་གཉིས་པ་ལྟར་འདུལ་འཛིན་གསེར་རིའི་ཚོགས་ཀྱིས་གཙང་རུག་གེ་བས་གང་བ་ཞིག་བྱུང་བའི་དབང་གིས། འཇམ་མགོན་རྒྱལ་བ་གཉིས་པ་དང་སྒོ་ཀུན་ནས་མཚུམས་པར་གྱུར། ཡང་སྐབས་ཤིག་བློ་བུར་དུ་ངས་དམ་ཅན་ཆོས་རྒྱལ་ལ་གཏོར་མ་ཞིག་སྦྱིན་པར་ཁོ་མ་ཧེའི་མཇུག་མ་གདམས་ནས་རིངས་ཐབས་སུ་གཏོར་མ་ལེན་པ་ཞིག་འདུག ཁོ་ལ་བྲེལ་བ་ཆེ་ཙམ་ཞིག་ཡོད་པ་འདྲ་གསུངས། དེ་ནས་མི་རིང་བར་དྭ་ལའི་བ་ཐུར་གྱིས་མངའ་རིས་གུང་ལ་སྦྱོར་ངན་བཤམས་ནས་གུང་རྗེས་འབྲང་དང་བཅས་བཀྲོངས། དེ་དུས་ཁྲི་ཆེན་ནས་ཀྱང་མཐུ་གཏོར་མནན་གསུམ་བྱེད་དགོས་ཀྱི་བཀའ་རྒྱ་དང་། ཀྲོངས་ཚར་ནས་ལྷ་སྡེ་མི་སྡེ་ཚང་མས་ལེགས་འབུལ་ཞུས་པ་བཞིན་དགེ་ལྡན་པས་ཀྱང་ལེགས་འབུལ་དགོས་ཚུལ་གླེང་བར། ང་དགའ་ལྡན་གསེར་ཁྲིའི་སྟེང་ནས་མི་གསོད་མི་ཐུབ་ཅེས་པ་དང་། མི་བསད་པ་ལ་གའ་བའི་ལེགས་འབུལ་བྱེད་མི་ཐུབ་ཅེས་སོགས་སུས་ཀྱང་བློར་མི་ཤོང་བའི་བཀའ་སློབ་མང་པོ་གནང་བ་སོགས་ལ་སྤྱིར་དྭ་ལའི་བ་ཐུར་དེ་བགེགས་ཀྱིས་བསྐྱོད་པ་ལྟ་བུས་བྱ་བ་ཐམས་ཅད་མ་བརྟགས་པའི་གཟུ་ལུམ་ཆེན་པོ་དང་། ལྷག་པར་སྤྱི་སྒེར་ཚང་མར་བགེགས་དབང་ཟློག་ཏུ་མེད་པའི་དབང་གིས་རྗེ་འདི་ཉིད་ཁྲིར་ཕེབས་ནས་ལོ་ངོ་ལྔ་སོང་བའི་ལྕགས་རྟ་ལོར་དྭ་ལས་ནས་ཁྲི་ཕྲལ་དུ་བཙན་འཇོག་དགོས་ཚུལ་བྱུང་བར་ཞབས་གྲས་རྣམས་ཀྱིས་ཆོས་ལ་དགྲ་བྱུང་ན་སངས་རྒྱས་ར་ཟླར་སྦྲན་པའི་དཔེ་བཞིན་ད་ལམ་རང་དཔོན་པོར་དྲག་པོའི་ལས་སྦྱོར་ཞིག་ཐུགས་རྗེས་གཟིགས་དགོས་ཞུས་པ་ན། ཅི་ཟེར་ང་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྗེ་བཙུན་བྱམས་པ་མགོན་པོ་དང་ཡབ་རྗེ་འཇམ་དཔལ་སྙིང་པོའི་དྲུང་དུ་ཆོས་གོས་རྣམ་གསུམ་དང་བཅས་ཏེ་འགྲོ་བ་ཡིན་པས་ཁྱོད་ཚོ་དེ་འདྲ་མ་ཟེར་གསུངས། དེ་གོང་ཞིག་ནས་མནལ་ལམ་དུ་དགའ་ལྡན་ཡིད་དག་ཆོས་འཛིན་དུ་རྗེ་བཙུན་བྱམས་པ་མགོན་པོ་དང་ཡབ་རྗེ་འཇམ་དཔལ་སྙིང་པོའི་དྲུང་དུ་ཆོས་གོས་རྣམ་གསུམ་དང་བཅས་ཏེ་འགྲོ་བ་ཡིན་པས་ཁྱོད་ཚོ་དེ་འདྲ་མ་ཟེར་གསུངས། དེ་གོང་ཞིག་ནས་མནལ་ལམ་དུ་དགའ་ལྡན་ཡི་དག་ཆོས་འཛིན་དུ་འགྲོ་བ་ཡིན་ཟེར་ཏེ།

 

སྐས་རིང་པོ་ཞིག་ལ་འཛེགས་ནས་ཕེབས་པའི་གདང་བུ་རྩེ་མ་དེ་ལ་མ་ཐར་བར་པཎ་ཆེན་རིན་པོ་ཆེ་ནས་སྐུ་གཟན་རྐྱང་བའི་སྣེ་ལ་འཇུ་བར་མཛད་བས་ཕྲལ་དུ་ཐར། ད་ནི་ཇི་ཙམ་ན་ཕེབས་ཀྱང་སྐུ་གཟན་ལ་འཇུ་མི་དགོས་ཟེར་བ་ཞིག་བྱུང་པ་དང་། སྔར་ཐུགས་རྫོགས་བཞེས་དུས་པཎ་ཆེན་ཐམས་ཅད་མཁྱེན་པས་བཀའ་ཕེབས་པ་དང་ཤིན་ཏུ་མཐུན་པར་བྱུང་འདུག དེ་ཡང་ཁྲི་པ་རིམ་བྱོན་གྱི་ལུགས་སྲོལ་བཞིན་དུ་དངུལ་གདུང་བཞེང་བཞེད་ཡོད་ཀྱང་། རྒྱུན་པར་སྐུ་ཆས་རྣམས་ལ་བདག་འཛིན་མེད་ཅིང་། དངོས་ཆས་ཇི་སྙེད་བྱུང་བ་རྣམས་ཀྱང་དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་གཏོར་སྒོར་ཤ་ཁུར་ཤ་ཐིམ་རང་དུ་གཏོང་བར་མཛད་པ་ལས། དངུལ་གདུང་བཞེང་རྒྱུའི་རྩོལ་བ་ཆེར་མ་མཛད་རུང་། རྗེ་ཉིད་ཀྱི་སློབ་མ་སོག་རིགས་དད་ཅན་ཞིག་གིས་སོག་ཡུལ་ནས་དངུལ་གདུང་བཞེང་ཐེབས་སུ་རྒྱ་དངུལ་རྟ་རྨིག་མ་ཉི་ཤ་ཐམ་པ་དང་ཕྲ་རྒྱན་གྱི་ནོར་རིགས་གང་དགོས་རྣམས་འབུལ་རྒྱུར་བསྐུར་བ་དེ་དུས་འབྱོར་པར་ཡང་དངུལ་འདི་ཙམ་རང་དགོས་པ་མི་འདུག་གསུངས། དེ་ནས་ཁྲི་བཤོལ་ཁར་ཚོགས་ཡོངས་ལ་བཀའ་ཆོས་རྒྱས་པ་ཞིག་གནང་བར་ཚོགས་པ་ཐམས་ཅད་སྤྱན་ཆབ་བསིལ་བ་བྱུང་། ཁྲི་ཆེན་རང་ནི་དེ་ཙམ་གྱི་ཐུགས་སྣང་མེད་ཀྱང་ཅུང་འུར་བའི་ཚུལ་གྱིས་ཁོ་བོ་དགའ་ལྡན་གསེར་ཁྲིར་འཁོད་ནས་རྗེ་ཐམས་ཅད་མཁྱེན་པའི་བསྟན་པ་ལ་ཕན་གནོད་གང་བྱས་དམ་ཅན་ཆོས་རྒྱལ་རང་དཔང་པོ་ཡིན་ནོ་གསུངས། ཡང་ང་ལ་དྭ་ལའི་བ་ཐུར་གྱིས་དགོངས་ཕོག་གཏོང་ཁུལ་བྱེད་པ་འདི་རིགས་ལ་བསམ་ན་ངས་དམ་ཅན་ཆོས་རྒྱལ་ལ་གཏོར་མ་འཛུབ་མོ་ཙམ་ཞིག་བྱིན་ན་ཁོ་རྐང་མཐིལ་སེ་ལྷག་གེ་འགྲོ་བར་ཐེ་མི་ཚོམ་ནའང་། ངེད་ཆོས་གོས་རྣམ་གསུམ་དང་བཅས་ཏེ་མི་ཕམ་ཆོས་ཀྱི་མདུན་སར་འགྲོ་བ་ཡིན་པས་དགེ་འདུན་རྣམས་ཐུགས་ཕམ་མི་དགོས་གསུང་བ་སོགས་བཀའ་སློབ་ཀྱི་མཐའ་མ་གསུངས་ནས་ཐེ་པོ་ཁམས་ཚན་དུ་ཕེབས། དེ་ནས་དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་ལོར་ཐུགས་དམ་ལ་བརྩོན་མུས་ནས་སྐུ་གཤེགས་པར་ཉེ་བའི་ཚེ་བཞུགས་འདིང་ཁར་སྐྱིལ་ཀྲུང་མཛད། ཆོས་གོས་རྣམ་གསུམ་དང་དབུ་པཎ་སྣེ་རིང་བཅས་བཞེས་ཏེ་མཆོད་པ་རྒྱས་པ་ཞིག་བཤམ་དུ་འཇུག་པར་མཛད་ནས་དགའ་ལྡན་ལྷ་བརྒྱ་ཚར་གཅིག་གསུངས་ཟིན་པ་དང་ང་འགྲོ་མི་ཕམ་ཆོས་ཀྱི་མདུན་སར་འགྲོ་གསུང་བ་དང་མཉམ་དུ་དག་ཞིང་དུ་གཤེགས་སོ།། འདི་ལྟ་བུ་ནི་འཕེན་པའི་སྟོབས་ཀྱིས་འཕོ་བ་ཡིན་ཚུལ་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་ནས་གསུངས་པ་ཐོས། དེ་ནས་སྐུ་གདུང་རིན་པོ་ཆེར་ཕྱག་མཆོད་གསོལ་འདེབས་སོགས་རྒྱ་ཆེན་པོ་མཛད་དེ། ཐུགས་དམ་གྲོལ་བ་དང་སྐུ་གདུང་རིན་པོ་ཆེར་དྲི་བཟང་གི་ཆུས་ཁྲུ་བ་སོགས་སྲི་ཞུ་དང་གུས་འདུད་བླ་ན་མེད་པ་ཞུས་ཏེ། ཐེ་པོ་ཁང་གི་ཡང་སྟེངས་སུ་ཞུགས་སུ་ཕུལ་བ་ན་རྟགས་མཚན་ཕུན་སུམ་ཚོགས་ཤིང་། ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་ཅན་གྱི་པུར་རུས་རྣམས་ལ་ཡང་རང་བྱོན་མང་དུ་ཕེབས་པར་རྗེས་འཇུག་རྣམས་ནས་གསེར་དངུལ་སྤེལ་མ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་རྒྱུག་ཐོ་ཉི་ཤུ་རྩ་གཅིག་པ་ནང་ཞུགས་སུ་གསེར་འཇངས་བརྡུངས་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་དང་། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་སོགས་རིང་བསྲེལ་རྣམ་བཞི་དང་། ཁྲི་ཆེན་དེ་ཉིད་ཀྱི་ཐུགས་ལྗངས་སྤྱན་གསུམ་དང་རིང་བསྲེལ་ཅན་གྱི་པུར་རུས་རྣམས་བཞུགས་ཤིང་། རིན་པོ་ཆེ་སྣ་ཚོགས་པའི་ཕྲས་ཕྱུག་པ་སྦྱོར་དངོས་མཇུག་གསུམ་ཚང་བའི་རབ་གནས་སོགས་ལེགས་པར་སྒྲུབ་སྟེ་ཐུབ་པ་ཚུལ་ཁྲིམས་མའི་ལྷ་ཁང་དུ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ།། ཇུན་གར་གྱིས་ཕུལ་བའི་དབུ་གདུགས་དང་དབུ་པཎ་སྡེ་རིང་། གསོལ་ཅོག་སོགས་ཁྲི་ཆས་ཕལ་ཆེར་འཕྲིན་ལས་ཀྱི་མཇུག་སྐྱོང་ལ་དགོངས་ཏེ་ཉེ་གནས་རྣམས་ཀྱིས་གཞུང་པ་ཁམས་ཚན་གྱི་ནང་རྟེན་དུ་ཕུལ་བ་བཞིན་དགེ་འདུན་རྣམས་ཀྱི་དད་རྟེན་དུ་ཡོད་ལ། རྗེ་འདི་ཉིད་ཀྱིས་མཛད་པའི་གསུང་རྩོམ་གྱི་རིམ་པའང་འབྲས་སྤུངས་དགེ་འཕེལ་རི་ཁྲོད་དུ་མཁས་གྲུབ་རིམ་བྱོན་གྱི་ལོ་རྒྱུས་དང་གནས་བསྟོད། དམ་ཅན་ཆོས་སྲུང་རྣམས་ཀྱི་གཏོར་འབུལ་སོགས་མཐའ་ཡས་པ་ཡོད་ཚོད་དུ་སྣང་ངོ་།། དེ་ལྟར་ཁྲི་ཆེན་འདི་ཉིད་ཀྱིས་ཐུགས་སྲས་ཡོངས་འཛིན་རིན་པོ་ཆེར་ཁོ་བོ་དུས་ཚོད་འདི་ཙམ་དུ་དགེ་ལྡན་གསེར་ཁྲི་ལ་འགྲོ་བས་དེ་དུས་ཕྲད་པར་ཤོག་ཅེས་བཀའ་གནང་བ་བཞིན་ཕེབས་ཀྱང་། སྔར་གྱི་རྟེན་འབྲེལ་ཞིག་གི་དབང་གིས་ཞལ་དངོས་སུ་མཇལ་ཐུབ་པ་ནི་མ་བྱུང་འདུག་ཅིང་། ཞུགས་འབུལ་ཉིན་སྐུ་དགུང་རིན་པོ་ཆེར་མེ་འབུལ་བ་དང་ཡོངས་འཛིན་རིན་པོ་ཆེར་ཕེབས་པ་དུས་མཉམ་དུ་བྱུང་ཞིང་། ཕྲལ་དུ་ཕྱག་འཚལ་བ་དང་གདུང་འབུལ་སོགས་མཛད། དེ་ནས་དངུལ་གདུང་བཞེང་སྐབས་བཟོ་པ་རྣམས་ཀྱི་ལག་གཡོག་མཛད་པ་སོགས་བླ་མའི་ཞབས་འདེགས་ལ་དགོངས་ནས་ཁོ་ཐག་ཆོད་པའི་ཞབས་འདེགས་སྒྲུབ་རྒྱུ་བྱུང་གསུངས་ཚུལ་རྣམ་ཐར་དུ་གསལ་བ་ལྟར་རོ།། ཞེས་དགེ་ལྡན་ཁྲི་ཐོག་ལྔ་བཅུ་ང་ལྔ་པ་ཁྲི་ཆེན་ངག་དབང་ནམ་མཁའ་བཟང་གི་རྣམ་ཐར་མདོར་བསྡུས་འདི་ནི་སྒོ་མང་གཞུང་པ་ཁམས་ཚན་གྱི་གྲྭ་བགྲེས་རབ་འབྱམས་ཀུན་དགའ་ཆོས་བཟང་དང་། དགེ་སློང་དགེ་འདུན་ལྷུན་གྲུབ། ཁམས་ཚན་ཚོགས་དམངས་ནས་ཁྲི་ཆེན་འདི་ཉིད་ཀྱི་རྣམ་ཐར་ཟིན་བྲིས་མདོར་བསྡུས་ཡི་གེར་འཁོད་པ་ཞིག་བྱུང་ན་བསྟན་རྒྱུན་ལ་ཡང་ཕན་པར་སྣང་བས་ཅིས་ཀྱང་ནས་འབྲི་དགོས་ཞེས་གསུང་བཞིན་སེར་སྨད་མཁན་མིང་གྲགས་པས་སྐྱིད་ཤོད་ཉང་བྲན་ཆུ་བཟང་རི་ཁྲོད་དུ་བྲིས་པའོ།།།།

                                                         འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060