གནས་ཡུལ། མདུན་ངོས། རྣམ་ཐར།
 
 
༄༅།།དཔལ་གྲུབ་པའི་དབང་ཕྱུག་ཐང་སྟོང་པའི་གངས་ཅན་བཟོ་རྩལ་ཐད་ཀྱི་ངོ་མཚར་རྨད་བྱུང་བའི་མཛད་རྗེས།
སྤེལ་དུས།2008-09-25   ཡོང་ཁུངས་།བཟོ་གནས་སྐྲ་རྩེའི་ཆུ་ཐིགས།   རྩོམ་པ་པོ། དཀོན་མཆོག་བསྟན་འཛིན། འབྲུག་མོས་ཞུ་དག་བྱས།

དཔལ་གྲུབ་པའི་དབང་ཕྱུག་དེ་ཉིད་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོར་༡༣༦༡ལ་གཙང་སྟོད་གཡས་རུ་བྱང་སའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་སུ། ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུལ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ། ཡབ་ཡུམ་གཉིས་ལས་རིགས་ཀྱི་མྱུ་གུ་ལྕམ་སྲིང་དྲུག་བྱུང་བའི་བཞི་པ་དེ་ཡིན་ལ། མཚན་ཁྲོ་བོ་དཔལ་ལྡན་ཞེས་གསོལ། ཟླ་བ་བཅུ་གཅིག་ཙམ་བཞེས་པའི་ཚེ་ས་ལ་ལྷའི་སྐུ་དང་མཆོད་རྟེན་དང་དཀྱིལ་འཁོར་གྱི་རྣམ་པ་སོགས་བྲིས། དགུང་ལོ་གསུམ་བཞི་བཞེངས་པའི་ཚེ་ཟན་དང་འདམ་ལ་ལྷའི་སྐུ་འགའ་རེ་བཟོས་ནས་འདི་གསེར་གྱི་ལྷ་ཡིན། འདི་གཡུའི་ལྷ་ཡིན། འདི་བྱུ་རུའི་ལྷ་ཡིན་པས་ཕྱག་ཚོལ་ཟེར། དགུང་ལོ་ལྔ་བཞེས་ཏེ་ར་ལུག་གི་རྗི་བོ་མཛད་པའི་

ཚེ་བྱིས་པ་མང་པོ་འགོ་བསྡུས་ནས། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། ལྕགས་ཟམ་འཛུགས་པ། གྲུ་ཤན་གཏོང་བ་དང་དེ་དག་ལ་རབ་གནས་སོགས་ཀྱི་རྣམ་འགྱུར་ཅི་ཡང་མཛད།

 དེ་ནས་དགོན་པ་བྱང་སྡིངས་སུ་བླ་མ་ཆོས་སྐྱོང་དཔལ་བ་ལས་ཡི་གེ་ཀློག་བསླབ་པར་བརྫངས་པ་བརྡ་བསྟན་པ་ཙམ་གྱིས་མཁྱེན། ཡིག་བྲིས་བསླབ་པ་ལ། ཡི་གེ་འབྲི་དགོས་ན་ཐབས་མི་འཆག་གསུངས་ནས། ལ་ཉྫ་དང་ཝརྟ་ལ་མཁའ་འགྲོའི་བརྡ་ཡིག། བོད་ཀྱི་ཡིག་རིགས་ལྔ་སོགས་བྲིས་བྱུང་བས་སློབ་དཔོན་དང་བཅས་ཡ་མཚན་དུ་གྱུར། དེ་ནས་བྱང་སྡིངས་ཉི་མ་སེང་གེའི་མདུན་ནས་རབ་ཏུ་བྱུང་། མདོག་སྟོད་སྐྱ་རའི་དགོན་པའི་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། མཚན་བརྩོན་འགྲུས་བཟང་པོ་གསོལ། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང་། དཀོན་མཆོག་དར་ལས་སྡེ་སྣོད་ཀྱི་རིག་ལམ་མང་པོ་གནས། ས་སྐ་དཀའ་བཞིའི་གྲྭ་སྐོར་ལ་བྱོན། དེ་ཙ་ན་ནང་གི་ཡོན་ཏན་ཁྱད་པར་ཅན་འཁྲུངས་པས་ཆོས་བརྒྱད་མགོ་སྙོམས་བརྟུལ་ཞུགས་གླང་ཆེན་གི་མྱོས་པ་ལྟ་བུ་སྟེ་བརྩོན་འགྲུས་སྨྱོན་པར་གྲགས་སོ། །དེ་ནས་གང་བུ་ལེར་དར་མ་དཔལ་བ་ལས་ཆུའི་དཀའ་ཐུབ་གྱི་གདམས་པ་དང་། ལྷ་གདོང་པ་བསོད་ནམས་མཆོག་དང་། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་གཞོན་ནུ་བློ་གྲོས། བྱ་འཕུར་བ་སོགས་ལས་གསང་སྔགས་གསར་རྙིང་གི་གདམས་པ་ཟབ་མོ་མང་དུ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་པའི་གནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ་བས། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ། འཇིགས་མེད་རྒྱལ་པོ་ལྟ་བུ་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོགས། ཞེས་གྲགས་སོ། 

དེ་ནས་དཔལ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་དེ་ཉིད་ཀྱིས་སྐུ་ཚོང་གང་པོར། འཛམ་གླིང་སྤྱི་དང་བྱེ་བྲག་རང་རེ་ཁ་བ་ཅན་ལ་སྨན་པ་དང་བདེ་བའི་ཐབས་སུ་རྟེན་བཞེངས་དང་བཟོ་སྐྲུན་རྒྱ་ཆེན་པོ། སྐྱེ་བོ་ཕལ་བའི་བློ་ཡུལ་དུ་ཤོང་དཀའ་བ་མཛད་ཚུལ་ལ། རིན་ཆེན་ལྕགས་ཀྱི་ཟམ་པ་ལྔ་བཅུ་ང་བརྒྱད། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། 

 

ཤིང་ཟམ་དྲུག་ཆུ་དྲུག་ཆུ་ཐམ་པ། སངས་རྒྱས་བྱང་སེམས་ཀྱི་སྐུ་རྟེན་རྒྱབ་མཐོ་སུམ་ཅུ་སོ་བདུན་གྱི་ཆེ་ཚད་དང་། ཆུང་ཚད་མཁྱིད་གང་ལས་བྱས་པའི་རིན་པོ་ཆེ་གསེར། དངུལ།   གཡུ། བྱུ་རུ། མུ་ཏིག་སྤོས་ཤེལ། དུང་རྣམས་ལ་བསྒྲུབ་པ་བརྒྱ་ཕྲག་བརྒལ་བ། འཇིམ་སྐུ་མཐོ་ལྔ་བཅུ་རྩ་ལྔ་ནས་མཐོ་གསུམ་པའི་བར་སྟོང་ཕྲག་ལྔ། ལྡེབས་བྲིས་དང་རས་བྲིས་རྒྱས་པ་བྲིས་པའི་འདུ་ཁང་དང་གཙུགས་ལག་ཁང་བརྒྱ་དང་ཉི་ཤུ། བཀའ་འགྱུར་གསེར་བྲིས་མ་གཅིག་གཙོས་གསུང་རྟེན་དུ་བཀའ་འགྱུར་བཅོ་བརྒྱད། བསྟན་འགྱུར་བཅོ་ལྔ། ཐུགས་ཀྱི་རྟེན་དཔལ་རི་བོ་ཆེའི་མཆོད་རྟེན་ཆེན་པོ་ཕྱོགས་རེ་ལ་ཕོ་འདོམ་བཞི་བཅུ་ཡོད་པ་ཆེ་ཚད་དང་། ཕྱོགས་རེ་ལ་འདོམ་བརྒྱད་ཡོད་པ་ཆུང་ཚད་བྱས་པའི་མཆོད་རྟེན་བརྒྱ་དང་བཅུ་གཅིག་དབེན་གནས་ཐར་པ་གླིང་ལ་སོགས་པ་སྒྲུབ་སྡེ་མང་པོ་དང་། སེམས་ཅན་གྱི་སྲོག་སྐྱོབ་པ། སྦས་ཡུལ་དང་མཐའ་འཁོར་རྣམས་སུ་གནས་སྒོ་ཕྱེ་བ། ཨོ་རྒྱན་ཆེན་པོའི་བཀའ་ལུང་དང་མཐུན་པར་འཇིགས་པ་སྣ་ཚོགས་ལས་གྲོལ་བའི་སའི་མ་བཙའ་བཏབ་པ་སོགས་མཐའ་ཡས་པ་ལས། ཇི་ལྟར་མཛད་པའི་ཚུལ་ཡང་འགའ་བཤད་པ་ལ། གྲུབ་ཐོབ་ཆེན་པོ་དེ་ཉིད་དགུང་ལོ་རེ་བརྒྱད་བཞེས་པ་ས་ཕོ་སྤྲེལ་ལོར། ཤར་ཀོང་པོ་བརྒྱུད་ཀློ་ཡུལ་གྱི་ཁ་སྟོད་ཧེ་ནར་ཕེབས་ཏེ་སྤྲུལ་བ་སྣ་ཚོགས་ཀྱིས་ཀླ་ཀློ་མཐའ་འཁོབ་མུན་པའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད་པའི་སྐབས་ཤིག་གི་ཚེ།  འདི་ན་ཡ་མཚན་ཆེ་བའི་གནས་སྒོ་མང་པོ་འབྱེད་རྒྱུ་ཡོད། མདའ་དང་སྟ་རེ་རྣམས་ཁྱེར་ཤོག་གསུངས་པར་གྲྭ་པ་རྣམས་ཀྱིས་སྟ་རེ་གཅིག་ལས་ཁྱེར་མི་འདུག འདིར་གནས་སྒོ་གསུམ་འབྱེད་རྒྱུ་ཡིན་ནའང་། ད་རེས་གཅིག་ལས་མི་ཡོང་བའི་རྟགས་སུ་འདུག ངའི་འདའ་འདི་གང་ལ་འགྲོ་ལྟོས་གསུང་བཞིན་ཕྱག་མདའ་གནང་བས་ནགས་སྟུག་པོའི་ཁྲོད་ཀྱི་ཙན་དན་སྡོང་རྒན་ཞིག་ལ་ཟུག་འདུག་པ་བཅད། འོག་གི་རྡོ་ལེབ་ཆེན་པོ་ཞིག་འདུག་པ་བསྒྱུར་བའི་འོག་ཏུ་དབྱིབས་སེང་གེའི་ཁ་འདྲ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དཔལ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ཡབ་ཡུམ། རིགས་གསུམ་མགོན་པོ། བཅུ་གཅིག་ཞལ་སོགས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་མཐའ་ཡས་པ། ཐུགས་རྟེན་བྱང་ཆུབ་མཆོད་རྟེན།  བཀྲ་ཤིས་སྒོ་མང་དང་། སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་མཆོད་རྟེན། སྔོན་ཨོ་རྒྱན་ཆེན་པོས་དབང་གནང་བའི་དཀྱིལ་འཁོར་གྱི་སྟེགས་བུ། དུང་དཀར་གཡས་འཁྱིལ། བཀྲ་ཤིས་པའི་རྟགས་བརྒྱད། སྐྱེད་མོས་ཚལ་དང་ཁྲུས་རྫིང་། དཔག་བསམ་ཤིང་དང་བདུད་རྩི་ཆུ་མིག་ལ་སོགས་པ་འཇིག་རྟེན་གྱི་དཔལ་འབྱོར་མ་ཚང་བར་མེད་པའི་གནས་སྒོ་ཆེན་པོ་ཕྱེ་ནས། ཚོགས་ཀྱིས་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་མཛད་པ་དང་། དགུང་ལོ་བདུན་ཅུ་བཞེས་པ་ལྕགས་ཁྱིའི་ལོར་ལྷ་སར་ཕེབས་ཏེ། སྐྱིད་ཆུར་ལྕགས་ཟམ་འཛུགས་འགོ་ཚུགས་ཏེ་ལྕགས་མོ་ཕག་གི་ལོ་ཡན་འཕྲིན་ལས་ཀྱི་ལྕགས་ཟམ་གཉིས་བཙུགས། དགུང་ལོ་དོན་གཉིས་པ་ཆུ་ཕོ་བྱི་བའི་ལོར་ཡོན་བདག་མ་སྐལ་བཟང་གིས་ཕུལ་བའི་གསེར་སྲང་བཅུས་གཞི་མཛད། ཕྱག་ན་གང་ཡོད་ཀྱི་གསེར་རྣམས་ཇོ་བོ་རིན་པོ་ཆེའི་དྲུང་དུ་གསེར་གྱི་མཎྜལ་ཕུལ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་གསེར་སྐུ་དང་། མདོ་སྡེའི་པོ་ཏི་སུམ་ཅུ་བཞེངས། དགུང་ལོ་དོན་གསུམ་པ་ཆུ་མོ་གླང་གི་ལོར། གནས་ཆེན་དཔལ་ཆུ་བོ་རིར་བཀའ་བསྟན་འགྱུར་གཙུག་ལག་ཁང་དང་རྩེ་ཞོལ་གྱི་དགོན་པ་གཉིས་མཆོད་རྟེན་ཆེན་པོ་རྣམས་ཀྱི་གཞི་འདིངས་དང་ཞལ་བཀོད་མཛད། དེ་ནས་གྲོ་ལ་བྱོན། ཨོ་རྒྱན་ཆེན་པོའི་སྒྲུབ་གནས་སྟག་ཚང་གི་བྲག་ལོགས་ནས་མདོ་རྒྱུད་ཐམས་ཅད་ཀྱི་ཟབ་གནས་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཤོག་དྲིལ་འདོམ་བཅུ་པ་ཞིག་གཏེར་ནས་དྲངས། སྟག་ཚང་སེང་གེ་ཕུག་གི་རི་བརྒྱུད་དུག་སྦྲུལ་ནག་པོ་ཐུར་དུ་རྒྱུགས་པས། པ་གྲོའི་ལུང་པ་གཞུང་གཤགས་བྱེད་པ་འདྲ་བའི་སྣ་ལ་ས་བདག་ཁ་གནོན་གྱི་མཆོད་རྟེན་བརྩིགས་པའི་ས་དཔྱད་མཛད་དེ་ཕྱོགས་བཞིར་ལྕགས་ཕུར་བཏབ། ཆུ་བོ་རི་ལ་ལྕགས་ཟམ་འཛུགས་པའི་སྟ་གོན་དུ་ལྕགས་དང་སོལ་བ་མང་དུ་བསགས་ནས་བཟོ་མཛད། དོར་པོ་ཕུད་དང་། ལྷོ་གླིང་ཁ་རྣམས་སུ་མགར་བ་བཅོ་བརྒྱད་ཀྱི་སར་སྐུ་བཅོ་བརྒྱད་སྤྲུལ་ནས་སྦུད་འབུད་པ། ཐོ་བ་བརྡེག་པ་སོགས་ཀྱི་བཟོ་མཛད་ནས། མཆོད་རྟེན་དང་ལྷ་ཁང་ལྕགས་ཟམ་མང་པོ་སྐྲུན། ལྷོ་ཁ་བཞི་མོར་ཡུལ་གྱི་སའི་མེ་བཙའ་དང་ས་བདག་ཁ་གནོན་གྱི་མཆོད་རྟེན་སོགས། སྐུ་གསུང་ཐུགས་རྟེན་དང་། ལྕགས་ཟམ་སྒྲུབ་སྡེ་སོགས་དགེ་ལས་རྒྱ་ཆེན་མཛད། ཕག་རི་ནས་གནས་ཪྙིང་དུ་ཚ་ལམ་བྱོན། དགེ་བཤེས་ཤིག་གིས་བདག་གི་ཪྙེད་བཀུར་ཞུ་བ་ལ་ཕེབས་པར་ཞུ་ཟེར་བ་ལྟར། ཨུ་ལུང་དུ་ཕེབས་ནས་འཇིམ་པ་ཁྱེར་ཤོག་གསུངས་ཏེ་གསོལ་བ་བཞེས་རིང་གྲུབ་ཆེན་རང་གི་སྐུ་འདྲ་ཞིག་ཕྱག་བཟོ་མཛད་ནས་གནང་། དེ་ནས་བྱོན་ཏེ་བསམ་འགྲུབ་ལྷ་ཁང་གི་གཞི་འདིངས་མཛད། ལ་སྟོད་བྱང་རྣམས་ལ་བྱོན། དགུང་ལོ་དོན་བཞི་པ་ཤིང་སྟག་གི་ལོར་དབེན་གནས་ཐར་པ་གླིང་གི་སྒྲུབ་ཁང་ཞལ་དཀའ་ལྷ་གདོང་དུ་ཐུགས་དམ་ལ་བཞུགས། ཆོས་རྒྱལ་བྱང་པས་ལ་སྟོད་ལྷོ་དབང་དུ་འདུ་བའི་མཆོད་རྟེན་གཉིས་ལྕགས་ཟམ་བཅས་ཟླ་བ་དགུ་ལ་གྲུབ། དེ་ནས་གངས་ལ་ཀློང་ཁའི་ལྕགས་ཟམ་བཙུགས། སྐྱིད་གྲོང་དུ་འཁྲུག་ལོང་དང་གནོད་འཚེ་ཞི་བའི་ཆེད་དུ་ལྷུང་བཟེད་ཁ་སྦུབ་ཀྱི་མཆོད་རྟེན་བཞེངས། དེ་ནས་གངས་ཏི་སེར་ཕེབས་ཏེ་ཕྱོགས་བཞིར་ཆོས་ཁྲི་དང་མཆོད་རྟེན་རེ། སྒྲུབ་ཁང་རང་ཤོང་རེ་བཅས་བརྩིགས། དགུང་ལོ་དོན་བདུན་མེ་མོ་སྦྲུལ་ལོར། དབུས་ཀྱི་མུ་གེ་ཞི་བའི་ཆེད་དུ་ཇོ་བོ་རིན་པོ་ཆེའི་མདུན་གསེར་སྲང་བརྒྱ་དང་ཉི་ཤུ་རྩ་བདུན་ལས་བསྒྲུབས་པའི་ལྷུང་བཟེད་ནས་ཀྱིས་བཀང་བ་ཕུལ། ལོ་དེར་ཡོན་བདག་མ་སྐལ་བཟང་གིས་ཕུལ་བའི་མགུལ་རྒྱན་སོགས་ཀྱིས་གཞི་མཛད་དེ་གསེར་སྲང་དྲུག་ཅུ་རེ་གསུམ་ལས་མཆོད་ཀོང་གཡུ་ལེགས་པ་བཞིའི་ཕྲ་བཏབ་པའི་སྣང་གསལ་ཕུལ། སྔ་ཆུ་མོ་གླང་ལོར་གཞི་འཛིན་མི་བཞག་པ་ནས་ཤིང་ཕོ་བྱའི་ལོ་སྟེ་ལོ་བཅུ་གཉིས་ལ་དཔལ་ཆུ་བོ་རིའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་དང་མཆོད་རྟེན་ཆེན་མོ། རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་བོད་གངས་ཅན་དུ་འགྱུར་རོ་ཅོག་གླེགས་བམ་ལ་བྲིས་པ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་རྫོགས་ནས་རབ་གནས་བརྟན་བཞུགས་རྒྱས་པར་གྲུབ། དེ་ནས་ན་ལེནྡྲ་དང་རྭ་སྒྲེང་བརྒྱུད་ལྷ་སར་ཕེབས། འབུལ་སྡུད་མཛད། བཟོ་བོ་བསགས། ཇོ་བོ་རིན་པོ་ཆེས་ལུང་བསྟན་པ་བཞིན་གཡུ་ཪྙིང་དཀར་དམར་ལ་གྲུབ་ཐོབ་ཆེན་པོ་རང་གིས་བཅད་གཏུབ་དང་བརྡར་སྒྲིག་གི་ཞལ་བཀོད་མཛད་ནས་གཡུའི་རྡོ་རྗེ་འཆང་མཚན་ལེགས་ཁྲུ་གང་བ་དང་། གཡུ་ལས་གྲུབ་པའི་སངས་རྒྱས་སྨན་བླ་དོན་ཡོད་གྲུབ་པ། རྗེ་བཙུན་སྒྲོལ་མ། དུང་ལས་གྲུབ་པའི་སྤྱན་རས་གཟིགས་ཀྱི་སྐུ་ཆེ་ཆུང་བདུན། བྱུ་རུ་ལས་གྲུབ་པའི་སངས་རྒྱས་སྣང་བ་མཐའ་ཡས་དང་ཚེ་དཔག་མེད་ཀྱི་སྐུ། བྱུ་རུ་དང་མུ་ཏིག་དུང་དང་སྤོས་ཤེལ་གཡུ་རྣམས་ལས་མཁའ་འགྲོ་སྡེ་ལྔའི་སྐུ། དངུལ་དང་མུ་ཏིག་ལས་གྲུབ་པའི་ཕྱག་རྡོར་གྱི་སྐུ་རེ་རེ། ཡོན་བདག་མ་སྐལ་བཟང་གིས་ཕུལ་བའི་གསེར་གྱི་གའུས་གཞིར་བྱས། གསེར་གར་ལུགས་ཀྱི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་སོགས་བཞེངས་ཤིང་། གྲུབ་ཐོབ་ཆེན་པོ་ལ་མཁའ་འགྲོ་མས་ཕུལ་བའི་སངས་རྒྱས་ཀྱི་རིང་བསྲེལ་ཅོ་གའི་སྒོ་ང་ཙམ་དང་། དེ་ལས་འཕེལ་བའི་གདུང་རྣམ་སྙིང་པོར་བཞུགས། ཡང་ཁམས་པ་ཞིག་གིས་དུང་ཤིན་ཏུ་ཆེ་བ་ཞིག་ཕུལ་བྱུང་བ་ལ། གྲུབ་ཐོབ་ཀྱིས་ཞལ་བཀོད་ལྟར་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བཟོས་པར་ཇོ་བོ་རང་བྱུང་ལྔ་ལྡན་གྱི་ཐུགས་ཀ་ནས་འོད་ཟེར་ལྔ་བྱུང་བ་ཐིམ། 

དེ་ནས་ལི་ཐང་བརྒྱུད་དར་རྩེ་མདོར་ཕེབས། དེར་ས་གཡོས་མི་ཡོང་བའི་རྟེན་འབྲེལ་མཛད་དགོས་ཞུས་པས། སའི་མེ་བཙའ་ཞིག་དགོས་པ་འདུག་གསུངས་ནས། ས་གནད་ཁྱད་པར་ཅན་དུ་བྱང་ཆུབ་མཆོད་རྟེན་བཞེངས་པའི་ས་ཆོག་དང་ཞལ་བཀོད་མཛད། རི་བོ་རྩེ་ལྔ་དང་རྒྱ་ནག་ཕོ་བྲང་བསྐོར་ནས་དར་རྩེ་མདོར་ཕྱིར་ཕེབས་དུས་བྱང་ཆུབ་མཆོད་རྟེན་གྲུབ་ཟིན་པ་ལ་རབ་གནས་མཛད། ཟལ་མོ་སྒང་དུ་མཆོད་རྟེན་བཞེངས། རྫ་ཆུ་དང་འབྲི་ཆུ། ཉག་ཆུ་གསུམ་ལ་ལྕགས་ཟམ་འཛུགས་མི་བརྫངས། གཞན་ཡང་མདོ་ཁམས་ཀྱི་ཡུལ་དུ་ལྕགས་ཟམ་བཙུགས། རྟེན་གསུམ་བཞེངས། ཀོང་པོར་ཕེབས་ནས་ན་བ་རུ་གནམ་ཚལ་དུ་བླ་བྲང་བཏབ། མཆོད་རྟེན་ཆེན་པོའི་ཐིག་རྩ་དང་ལྷ་ཁང་བཞེངས་པའི་ཞལ་བཀོད་མཛད། ལྷ་སར་བྱོན་ནས་ལྕགས་པོ་རིར་གཡུ་ལས་གྲུབ་པའི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའི་སྐུ་བཪྙན་གྲུབ་ཐོབ་ཆེན་པོ་རང་གི་སྐུ་ཚབ་ཏུ་བཞེངས། དཔལ་ཆུ་བོ་རིར་ཕེབས། སྔ་ཕྱི་བར་གསུམ་དུ་བུ་ཆེན་ལྔ་ཚན་གསུམ་དུ་བསྐོས། དེ་དག་ལ་བཀའ་ཤོག་རེ་དང་ལྕགས་ཀྱི་རྐོང་བུ་རེ། ཆོས་སྐྱོང་གི་རྟེན་ཐུག ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ་རེ་རྣམས་གནང་ནས་འབུལ་སྡུད་ལ་བརྫངས། བཀའ་བཅུ་པ་རྒྱལ་མཚན་བཟང་པོ་གདན་སར་བསྐོས་ནས། སྐུ་གསུང་ཐུགས་ཀྱི་རྟེན་རིན་པོ་ཆེ་ལས་གྲུབ་པའི་མར་མེ་མཛད། ཤཱཀྱའི་རྒྱལ་པོ་སྤྲུལ་པའི་ངུར་སྨྲིག་གི་རྒྱལ་མཚན་གྱིས་མཛེས་པ་དང་། རྒྱལ་བ་བྱམས་པའི་སྐུ་ལ་རིན་པོ་ཆེ་སྣ་ཚོགས་གྱིས་ཕྲ་རྒྱན་ཅན། རྒྱལ་བའི་བཀའ་དྲི་མ་མེད་པ་དང་། འཕགས་ཡུལ་གྱི་པ་གྲུབ་རྣམས་ཀྱི་རྒྱལ་བའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་ཆ་ཚང་། ཐུགས་ཀྱི་རྟེན་པད་གདན་སྟེང་ནས་ཕྱོགས་རེ་ལ་འདོམ་བཅུ་པ་ལྷ་ཁང་གིས་བརྒྱན་པའི་ནང་དུ་དུང་ལས་གྲུབ་པའི་ཡི་དམ་ཐུགས་རྗེ་ཆེན་པོའི་སྐུ་མཐོ་བརྒྱད་པ། ལྕགས་ཤན་སོགས་རྟེན་བཞེངས་ཆ་ཙམ་གྲུབ་པ་རྣམས་ལ་ཞབས་ཏོག་དང་འཕྲོ་བྱེད་དགོས་པ་རྣམས་བཀའ་བཅུ་པས་གང་ཤེས་མཛོད་ཅེས་པའི་ཞལ་བཀོད་མཛད། གཞན་ཡང་ལྕགས་པོ་རིར་གསེར་གར་ལུགས་ཀྱི་འཇམ་དབངས་དང་། དངུལ་གར་ལུགས་ཀྱི་ཕྱག་རྡོར་ཁྲུ་གང་རེ། དུང་གི་ཐུགས་རྗེ་ཆེན་པོ། གཡུ་ཪྙིང་ལས་གྲུབ་པའི་རྡོ་རྗེ་འཆང་། སྨན་བླ་དོན་ཡོད་གྲུབ་པ། གསེར། གཡུ། མུ་མེན། སྤོས་ཤེལ། དུང་རྣམས་ལས་མཁའ་འགྲོ་སྡེ་ལྔ་སོགས་དང་། བྲག་རལ་ཁའི་ལྷ་ཁང་མཆོད་རྟེན། གྱེར་པ་གླིང་གི་ཤན་ཆེན་དང་ཁང་ཆུང་མཐོང་དགའ་སའི་མེ་བཙའ་དགོན་གནས་ཆེ་ཆུང་། གཞན་ཡང་ཉི་མ་དབུས་ཀྱི་ཆུ་ཀླུང་ཆེན་པོ་རྣམས་ལ་ལྕགས་ཟམ་དང་ཤན་དང་ཤན་ཆེན་མང་པོ་ཡོད་པ་ལ་ཁ་འཛིན་དང་བདག་རྐྱེན་པ་བསྐོས། 

དེ་ནས་བོན་དགོན་རི་བོ་དར་སྡིངས་སུ་ཕེབས། གྲུབ་ཐོབ་འདི་ཚེ་དབང་རིན་འཛིན་གྱི་སྤྲུལ་པ་ཡིན་ཟེར་ནས་དད་གུས་ཆེན་པོ་བྱས། བཀྲ་ཤིས་རྩེར་ཡིག་མཁན་བསགས་ནས་ཆོས་བྲིས་པས་བཀའ་འགྱུར་ཆ་གཉིས་གྲུབ་ཏེ་རབ་གནས་མཛད། བྱ་སྦྲུལ་ཕག་དུག་གསུམ་གྱི་རི་ཡི་དབྱིབས་ལ་བཀའ་འགྱུར་ཆ་གཉིས་བཞུགས་པའི་མཆོད་རྟེན་སའི་མེ་བཙའ་བཏབ། གཙང་སྟོད་ཡོངས་རུར་ཕེབས། ཆོས་རྫོངས་དང་ལྷ་རྩེ་བ་སོགས་ལ་ལྕགས་ཟམ་འཛུགས་པའི་འུ་ལག་དང་ཆས་དགོས་གསུང་བ་བཞིན། དགུང་ལོ་གྱ་བདུན་པ་མེ་མོ་ཡོས་ལོའི་ཟླ་བ་གསུམ་གྱི་ཁོངས་སུ་ལྕགས་ཟམ་ཚུགས་ནས་རབ་གནས་དང་མཆོད་རྟེན་གྱི་ས་ཆོག་དང་ཐིག་རྩ་མཛད། དེ་ནས་ཨོ་རྒྱན་ཆེན་པོའི་ལུང་བསྟན་བཞིན། སྤྱིར་ཟུར་ཕུག་གི་དཔོན་བཙུན་མ་སངས་རྒྱས་བཟང་མོ། ཧོར་དམག་བོད་ལ་མི་ཡོང་བའི་ཧོར་བོད་ས་མཚམས་ཀྱི་སའི་མེ་བཙའི་མཆོད་རྟེན་ཞིག་གསོལ་བརྫངས་ནས་གྲུབ་པ་ལ། གྲུབ་ཐོབ་ཆེན་པོ་རྫུ་འཕྲུལ་གྱིས་བྱོན་ཏེ་རབ་གནས་མཛད། དགུང་ལོ་གྱ་དགུ་པ་ས་མོ་སྦྲུལ་ལོ་དཔལ་རི་བོ་ཆེར་ཕེབས་ཏེ་མཆོད་རྟེན་བཀྲ་ཤིས་སྒོ་མང་གི་གཞི་འདིངས། མཆོད་རྟེན་གྱི་ལྡེབས་རིས་བྲིས་པའི་གསེར་ལ་སོགས་པའི་ཚོན་ཐམས་ཅད་གཏེར་ལས་དྲངས། གྲུབ་ཆེན་རང་གིས་ཀྱང་ཕྱག་རིས་མཛད་དེ། མཆོད་རྟེན་གྱི་བང་རིམ་བཞི་ལ་རྒྱུད་སྡེའི་ལྷ་ཚོགས། བུམ་པ་ཉིས་རིམ་ཡན་ལ་བླ་མ་སྐུ་བཞིའི་རིམ་པ་ཟངས་གླིང་གི་སྒོ་མང་དང་འདུ་བ་བྲིས། དགུང་ལོ་གོ་དྲུག་བཞེས་པའི་མེ་ཕོ་བྱི་བའི་ལོ་ལ། མཆོད་རྟེན་གསེར་གདུགས་གསེར་འཕྲུ་དང་བཅས་ཀྱི་བྱ་ལས་ཡོངས་སུ་རྫོགས། དེ་ནས་མཆོད་རྟེན་ཆེན་པོའི་ཤར་ཕྱོགས་སུ་རིན་པོ་ཆེ་ལས་གྲུབ་པའི་ཐུབ་པ་ཆེན་པོ་རྒྱབ་མཐོ་ཉི་ཤུ་རྩ་ལྔ་པ་བཞུགས་པའི་ལྷ་ཁང་ཀ་བ་བཞི་རིན་པོ་ཆེ་ལས་གྲུབ་པའི་སྣང་བ་མཐའ་ཡས་རྒྱབ་མཐོ་སུམ་ཅུ་རྩ་གཅིག་པ་གཙོས་འཇིམ་ལས་གྲུབ་པའི་ཉེ་སྲས་བརྒྱད། རྒྱལ་ཆེན་བཞི། ཁྲོ་བོ་གཉིས་དང་བཅས་པ་བཞུགས་པའི་ལྷ་ཁང་ཀ་བ་དྲུག རིན་པོ་ཆེ་ལས་གྲུབ་པའི་བྱམས་པའི་སྐུ་རྒྱབ་མཐོ་བཅོ་ལྔ་པ་ལྷ་ཁང་ཀ་བ་བཞི། རིན་པོ་ཆེ་ལས་གྲུབ་པའི་སྨན་གྱི་རྒྱལ་པོའི་སྐུ་རྒྱབ་མཐོ་ཉེར་བདུན་པ། ལྷ་ཁང་ཀ་བ་བཞི། ལྷ་ཁང་འདི་རྣམས་ཀྱི་མདུན་ན་ཁྱམས་ཀ་བ་བཞི་བཅུ་ཡོད་པ། དེའི་ཤར་ན་རིན་པོ་ཆེ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོའི་སྐུ་རྒྱབ་མཐོ་སུམ་ཅུ་རྩ་གསུམ་ཡོད་པའི་ལྷ་ཁང་ཀ་བ་བཞི། དེའི་ཤར་ན་རིན་པོ་ཆེ་ལས་གྲུབ་པའི་རྡོ་རྗེ་སེམས་དཔའ་རྒྱབ་མཐོ་སུམ་ཅུ་རྩ་བདུན་པའི་གཙུག་ལག་ཁང་ཀ་བ་བཞི། ལྷ་ཁང་དེ་གཉིས་ཀྱི་མདུན་དུ་ཁྱམས་ཀ་བ་སུམ་ཅུའི་ས། མཆོད་རྟེན་ཆེན་པོའི་ནུབ་ན་རིན་པོ་ཆེ་ལས་གྲུབ་པའི་ཡུམ་ཆེན་མོ་རྒྱབ་མཐོ་ཉེར་ལྔ་པ་ལྷ་ཁང་ཀ་བ་བཞི། འཇིམ་པ་ལས་གྲུབ་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ། རྒྱབ་མཐོ་ཉི་ཤུ་རྩ་གཅིག་པའི་ཀ་བ་བཞི། རྡོ་རྗེ་འཇིགས་བྱེད་རྒྱབ་མཐོ་སུམ་ཅུ་རྩ་ལྔ། ཀྱེ་རྡོ་རྗེ་དང་འཁོར་ལོ་སྡོམ་པ་རྒྱབ་མཐོ་ཉེར་གཅིག་པ་རྣམས་བཞུགས་པའི་ལྷ་ཁང་ཀ་བ་བཞི་རེའི་ལྷ་ཁང་དེ་རྣམས་ཀྱི་མདུན་ན་ཁྱམས་ཀ་བ་ལྔ་བཅུའི་ས། དེའི་གཡས་གཡོན་ན་རིན་པོ་ཆེ་ལས་གྲུབ་པའི་དུས་ཀྱི་འཁོར་ལོ་རྒྱབ་མཐོ་བཅུ་གསུམ་པའི་ལྷ་ཁང་ཀ་བ་གཉིས། དེའི་གཡས་གཡོན་ན་རྡོ་རྗེ་འཆང་རིན་པོ་ཆེའི་ལུགས་མ་རྒྱབ་མཐོ་བཅུ་གཅིག་ཡོད་པའི་ལྷ་ཁང་ཀ་བ་གཉིས། ལྷ་ཁང་དེ་གཉིས་ཀྱི་མདུན་ན་ཁྱམས་ཀ་བ་བཅུ་ཡོད་པ་དང་། ཡང་གྲུབ་ཐོབ་ཆེན་པོ་མགོན་ཁང་གི་སྒོ་དྲུང་བྲག་ཆོས་ཁྲིའི་དབྱིབས་ཅན་ལ་ཞག་བདུན་བཞུགས། མགོན་པོ་སྐུ་ལྔ་རུ་རིན་པོ་ཆེ་དང་དར་རས་སྨན་འཇིམ་པའི་གོང་བུ་ལ་ཆེ་ཆུང་མེད་པ་ལྔ་ལ་བྱིན་རླབས་མཛད་པ་དེ་དག་དང་། མི་མང་གིས་ཧཱུཾ་དང་ཕཊ་སྒྲོགས་པ་ཐོས་པའི་ལྕམ་དྲལ་བདུན་ཀྱི་སྐུ་རྟེན་བཞུགས་པའི་མགོན་ཁང་ཀ་བ་བཅུའི་ས་ལ་ཐོག་སོ་གསུམ་ཡོད་པ། རིན་པོ་ཆེ་ལས་གྲུབ་པའི་རྗེ་བཙུན་སྒྲོལ་མའི་སྐུ་རྒྱབ་མཐོ་བརྒྱད་ལྡེམ་དང་བཅས་པའི་གཙུག་ལག་ཁང་ཀ་བ་བཞི། ཀུན་ཏུ་བཟང་པོའི་སྐུ་རྒྱབ་མཐོ་བཅོ་ལྔ་ཡོད་པ་སོགས་དཔལ་རི་བོ་ཆེའི་རྟེན་དང་བརྟེན་པ་བཅས་པ། གྲུབ་ཐོབ་ཆེན་པོ་དགུང་ལོ་བརྒྱ་དང་ཉེར་བཞི་བཞེས་པ་ཤིང་ཕོ་འབྲུག་གི་ལོར་ཡོངས་སུ་རྫོགས་པར་གྲུབ། 

དེ་ནས་བར་སྐབས་ཤིག་ཏུ་རྒྱ་གར་གྱི་ཕྱི་རོལ་པའི་རྒྱལ་པོ་ཀ་མ་ཏ་ཞེས་སེམས་ཅན་སྣ་ཚོགས་ཀྱི་སྲོག་གཅོད་ཅིང་། ལོ་རེ་ལའང་སྦྲུམ་མ་བརྒྱ་ཕྲག་རེའི་ཤ་ཁྲག་གིས་འདྲེ་མཆོད་སྦྱིན་བྱེད་པ། ཁྱོ་ཤི་བའི་བུད་མེད་གསོན་སྲེགས་བྱེད་པ་སོགས་ཀྱི་སྡུག་པོ་ཆེ་དེ་འདུལ་བའི་ཆེད་དུ། རྒྱ་གར་སྔོན་རྗེས་ཐེངས་གཉིས་བྱོན། སྤྲུལ་པ་སྣ་ཚོགས་ཀྱིས་རྒྱལ་པོ་ཆོས་སུ་བཙུད། ལམ་གྱི་བཞི་མདོ་ཆེན་པོ་རུ་ཕྱི་བྱང་ཆུབ་མཆོད་རྟེན་ལ་ནང་ལྷ་ཁང་དུ་ཡོད་པ། རྒྱུ་གསེར་དངུལ་ལས་གྲུབ་པའི་འབུར་སྐུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐའ་ཡས་པ་བསྐོར་བ་དང་། སྒོ་གཉེར་རྗེ་བླ་མའི་སྐུ་ལ་རྗེ་བཙུན་སྒྲོལ་མ་དང་ཁྲོ་བོ་བཅུས་བསྐོར་བས། གསུང་རྟེན་གསེར་གྱི་རྒྱལ་པོ་མདོ་ལྔ་བཞེངས་ཤིང་རབ་གནས་མཛད་པ་སོགས་ཡུལ་ཁམས་མང་པོའི་སར་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་དོ། ། ཞལ་སློབ་གཙོ་བོ་ལས་ཅན་ལྔ་བཅུ་རྩ་བརྒྱད། ངྷ་ཀི་བཅུ་དྲུག་ལ་སོགས་མང་དུ་བསྐྱངས་བའི་མཐར། དགུང་ལོ་བརྒྱ་དང་ཉེར་ལྔ་བཞེས་པ་ཤིང་སྦྲུལ་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བཞི་ཉིན་སྐྱེ་མེད་ངང་ལ་འགག་མེད་རྩལ་རྫོགས་ཏེ་སོགས་གསུང་ནས་སྐུ་འོད་ཀྱི་ཕུང་པོ་འོད་ཟེར་ཕྱོགས་བརྒྱད་འཕྲོ་བ་ཞིག་ཏུ་སོང་སྟེ་སྒྲུབ་ཁང་གི་ནམ་མཁར་འཕགས་སོ། ། ཞེས་སོགས་རྣམ་ཐར་དུ་གསུངས་པ་ལྟར་བཀོད་པའོ། ། 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060