གནས་ཡུལ། མདུན་ངོས། ལོ་རྒྱུས།
 
 
༄༅།།ལྷ་སའི་འདམ་ར་དང་ཉེ་འཁོར་གནའ་ཤུལ་སྐོར་རགས་ཙམ་གླེང་བ།
སྤེལ་དུས།2008-06-24   ཡོང་ཁུངས་།བོད་ལྗོངས་ཞིབ་འཇུག   རྩོམ་པ་པོ།

   {ནང་དོན་གནད་བསྡུསདེང་སྐབས་ལྷ་སའི་གློ་བ་སའལྷ་སའི་གསོ་རླུང་གི་བང་མཛོད་ཅེས་གྲགས་པའི་འདམ་རའི་ཆགས་ཚུལ་དང་། རྣམ་པ། ནུས་པ། ལོ་རྒྱུས་ཐོག་འདམ་ར་དེ་ཇི་ལྟར་བྱས་ནས་དོ་དམ་དང་བེད་སྤྱོད་བྱས་ཚུལ་སྐོར་གླེང་ཡོད་་མ་ཟད། འདམ་རའི་ཉེ་འཁོར་དུ་གནས་པའི་གནའ་ཤུལ་ཁག་ལ་དངོས་སུ་བསྐྱོད་ནས་བརྟག་དཔྱ་དང་འབྲེལ་ཡོད་མི་སྣར་བཅར་འདྲི་ཞུས་རྗེས་ཤེས་རྟོགས་བྱུང་བའི་གནས་གནས་ཚུལ་དག་ངོ་སྤྲོད་བྱས་ཡོད།

                                      བརྡ་ཆད་གཙོ་བོའདམ་ར། ཆུ་མིག ཁོར་ཡུག ལྷཀླུ། སྡེ་བཞིའི་འདམར། གནའ་ཤུལ།

    རབ་དཀར་གསང་རིའི་ར་བའི་དབུས་སུ་ཤང་ཤང་སྐྱིད་ཆུས་མཆོད་པའི་གནས་མཆོག་དང་ཁྱད་འཕགས་རི་བོས་སྲུང་བའི་ཡུལ། ཀུན་གྱིས་སྨོན་པའི་ལྷ་ས་ཆགས་ཡོད། འདི་ཡུ་ས་དཔྱ་ཡུལ་གྱི་བཀོད་པའི་སྐོར་ལ་མེས་པོའི་དུས་ནས་ད་ལྟའི་བར་གསུང་རྒྱུན་ཕུན་སུམ་ཚོགས་པོ་ཡོད་པ་ནི་གཏམ་རྒྱུད་དང་དེབ་ཐེར་ཀུན་ལས་ཤེས་ཐུབ། གནས་མཆོག་འདི་ཡི་ནམ་དུས་བཞི་ནི་ཆེས་གསལ་ཞིང་ཚ་གྲང་སྙོམས་ལ། དོག་བདེ་ཉང་བྲན་ཕུ་ཆུ་གཉིས་གཙང་ཆུར་འགྲན་བཞིན་ལྷུང་ལྷུང་དུ་འབབ། སྡེ་བཞིའི་འདམ་ར་ཞེས་གཡུ་ཡི་གཞོང་པ་འདྲ་པ་དེར་བ་དེར་དབྱར་དུས་འདམ་བུ་རྒྱུས་ཤིང་དུས་བཞི་བྱ་རིགས་སྣ་ཚོགས་འཚོ་ཞིང་དེ་ཡི་ཉེ་འཁོར་དུ་གནའ་ཤུལ་དུ་མ་མཆིས། དེས་ན་ཁོ་བོས་འདིར་དེང་གི་དུས་སུ་ལྷ་སའི་གློ་བ་ཞེས་ཀུན་གྱིས་བསྔགས་པའི་ལྷ་སའི་འདམ་རའམ་ལྷ་ཀླུའི་བརླན་གཤེར་ཁུལ་དང་། དེའི་ཉེ་འཁོར་དུ་ཆགས་པའི་གནའ་ཤུལ་སྐོར་ངོ་སྤྲོད་རགས་ཙམ་ཞུ་རྒྱུ་གཤམ་གསལ་ལྟར་རོ། 

                                                   དང་པོ། འདམ་རའི་ཆགས་ཚུལ་དང་་ལྟའི་གནས་སྟངས་སྐོར། 

   འདམ་རའི་ཆགས་ཚུལ་ལམ་དེ་ཇི་ལྟར་བྱུང་བའི་སྐོར་ལ་འདི་ཡིན་གྱི་དཔྱད་གཞིའི་ཡིག་རིགས་ཤིག་གང་སར་བཙལ་འཚོལ་བྱས་ཀྱང་འབྲས་མེད་དུ་གྱུར་གཤིས། འོན་ཀྱང་ལོ་ཤས་གོང་དུ་ཁོ་བོས་འདམ་རའི་ཉེ་འཁོར་དུ་སྔ་དུས་ནས་འཚོ་བཞུགས་གནང་བའི་རྒན་གྲས་ཚོར་བཅར་འདྲི་ཞུས་རྗེས་འདམ་རའི་ཆགས་ཚུལ་སྐོར་ལ་གསུང་སྲོལ་ཁག་གསུམ་ཙམ་འདུག་པ་ཤེས་རྟོགས་ཐུབ་བྱུང་དེ་ཡང་གཅིག་ནི་འདམ་ར་ནི་འོག་ཀླུ་ཡུལ་ནས་མི་ཡུལ་ལ་ཕུལ་བ་ཡིན་ཟེར་བ་དང་། གཉིས་ཨེ་མཚོ་ལུད་ནས་འདམ་ར་ཆགས་ཟེར་བ། གསུམ་འཇའ་ཚོན་ཆུ་མིག་དང་འདྲ་བའི་ཆུ་རྩྭ་ཆེས་མང་བའི་ཆུ་མིག་དང་གང་སར་ཆགས་པའི་མཚོ་འཁོར་གྱིས་འདམ་ར་ཆགས་ཞེས་པ་བཅས་སོ། སྔ་དུས་ནས་འདམ་རའི་ཁུལ་དུ་འཚོ་ཞིང་དེའི་ནང་དུ་ལས་ཀར་འགྲོ་མྱོང་མཁན་གྱི་རྒན་རབས་ཚོས་གསུང་དོན་ལ། གནའ་དུས་འདམ་རའི་རྒྱུད་དུ་འགྲོ་སྐབས་དེ་ན་རིང་ཚད་རྨིད་གཉིས་ཙམ་ཡོད་པའི་འདམ་རྩྭས་ཁེངས་པས་གཟབ་ནན་མ་བྱས་ན་དེའི་དཀྱིལ་དུ་ཆགས་པའི་མཚོ་འཁོར་གྱི་ནང་དུ་རྡིབ་ཉེན་ཆེན་པོ་ཡོད་པ་མ་ཟད། འཇའ་ཚོན་ཆུ་མིག་གི་ཉེ་འཁོར་དུའང་ཆེ་ཆུང་སྣ་ཚོགས་ཀྱི་ཆུ་མིག་མང་ལ་དེ་དག་གི་གཏིང་ཡང་རིང་བ་དང་། སྐྱེས་མི་གཅིག་པའི་ཤིང་སྡོང་འདྲ་མིན་སྣ་ཚོགས་ཡོད་པ་བཅས་མི་རྣམས་དེ་རྒྱུད་དུ་འགྲོ་སྐབས་དངོས་འབྲེལ་སྐྱི་གཡའ་བ་ཡོད་ཅེས་གསུང་གི་འདུག

 ཆུ་མིག་དང་། མཚོ་འཁོར། འདམ་རྩྭ་བཅས་གསུམ་ལས་གྲུབ་པའི་འདམ་ར་འདིའི་ཐོག་དུས་བཞི་སོ་སོར་ཡོང་བའི་བྱ་རིགས་ཁྲུང་ཁྲུང་དང་ངང་པ་སེར་པོ་སོགས་སྣ་ཚོགས་འཁོར་བ་དང་། ཤོད་སྲོལ་ལ་འདམ་རའི་ནང་དུ་མཚོ་འཁོར་མང་བས་མཚོ་གླང་གི་སྐད་སྒྲས་ལྷ་ཀླུ་དང་བྲག་རི་ཁུག་ཁུལ་གྱི་མེ་སེར་ཚོའི་ཁང་པའི་ནང་དུ་སྦིར་སྒྲས་ཁེངས་ཀྱི་ཡོད་སྐད། གལ་ཏེ་མི་སུ་འདྲ་ཞིག་ལ་མཚོ་གླང་གི་ལྕི་བ་ཐོབ་ཚེ་ཕྱུག་པོ་ཆགས་རྒྱུ་ཉག་གཅིག་ཡིན་སྐོར་ཤོད་སྲོལ་ཡང་ཡོད། དེ་ཡང་འདམ་རའི་བྱང་ཤར་མཚམས་ཀྱི་བྲག་རི་ཁུག་གྲོང་ཁུལ་དུ་སྔ་དུས་ལབ་དོང་ཟེར་བའི་མི་ཚང་ཞིག་ཡོད་ལ་ཁྱིམ་ཚང་དེའི་ཕ་ལ་མཚོ་གླང་གི་ལྕི་བ་རྙེད་རྗེས་ཁྱིམ་ཚང་དེ་དར་ཞིང་རྒྱས་པའི་མི་ཚང་ཕྱུག་པོ་ཞིག་ཏུ་གྱུར་བར་གྲགས་སོ། གཞན་ཡང་ཁོ་བོས་འདམ་སྐོར་གྱི་བྱང་ལམ་བརྒྱུད་ནས་འགྲོ་དུས་བྲག་རྡོ་ཆེན་པོ་ཞིག་གི་ལྡེབས་སུ་ཐུབ་པ་ཆེན་པོའི་ཞབས་འོག་ཏུ་རྨ་བྱ་གཉིས་ཆུ་འཐུང་བཞིན་པའི་བརྐོས་རིས་ཤིག་ཡོད་པ་མཐོང་ཞིང་། དེའི་སྐོར་ཉེ་ཁུལ་དུ་གནས་པའི་མི་སེར་ལ་སྐད་ཆ་འདྲི་སྐབས། ཁོང་ཚོས་གནས་དེར་སྔ་མོ་ནས་རྨ་བྱ་ཆུ་འཐུང་རྒྱུད་ཅེས་འབོད་སྲོལ་ཡོད་ཚུལ་གསུང་གི་འདུག དེ་ཡང་གོང་དུ་ཞུ་ཟིན་པ་ལྟར་སྔ་དུས་འདམ་ར་འདི་བཞིན་ལོ་རེ་བཞིན་འདམརྩྭས་ཁེངས་བཞིན་ནམ་དུས་སོ་སོར་བསྟུན་པའི་བྱ་རིགས་འཚོ་གནས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་དེའི་ནང་གི་ཆུ་མིག་དང་། མཚོ་འཁོར། རང་བྱུང་གི་ཆར་ཆུ་བཅ་པའི་ཆུའི་འབྱུང་ཁུངས་ཁོ་ན་ཡིན་ལ། དུས་རབས་འགའ་ཞིག་རིང་འདམ་ར་དེ་བོད་ས་གནས་སྲིད་གཞུང་གིཕྱིའི་བང་མཛོད་ཆེན་མོར་རྩི་ཞིང་། རྩྭ་གཉེར་ལས་ཁུངས་ནས་རེས་སྐོར་འཁོར་བའི་རྩྭ་གཉེར་ཞིག་གིས་དབུས་པའི་གཤོང་འགོག་དང་འདམ་སྲུང་བ་འགའ་ཞིག་བསྐོ་གཏོང་བྱེད་ཅིང་། ཁོང་ཚོས་དུས་ཁག་བཞིར་དབྱེ་བའི་གཞུང་འདམ་གྱི་ལ་འགན་འཁུར་དགོས་ཏེ། དཔྱིད་དུས་ནས་འདམ་རར་ཆུ་གསོག་ཆེད་ནམ་རྒྱུན་གྱི་ཆུ་བཤང་བྱེད་སའི་ཟམ་པ་དང་པོ་དང་། སྤྱི་པའི་ཟམ་པ། ཀླུ་སྡིངས་རྐུབ་བཅས་ཀྱི་ཆུ་ལམ་གྱི་རྐ་འགོ་ཁག་བཀག་གི་ཡོད་པ་དང་། དབྱར་དུས་ཆར་ཞོད་ཚུགས་པའི་སྐབས་གཞི་ནས་རྐ་འགོ་ཁག་བཤངས་རྗེས་འདམ་ཆུ་རང་བཞིན་གྱིས་འཛག་འགྲོ་བར་བྱེད་པ་ཡིན། ཆུ་འཛག་པའི་རྗེས་སུ་ཞོལ་གཉེར་ལས་ཁུངས་ཀྱིས་རྫོང་གཞིས་བཅོ་བརྒྱད་ཀྱི་ཁྲལ་ཁུངས་མི་སེར་བསྐུལ་ནས་འདམ་རྩྭ་བརྔ་བསྡུ་བྱེད་པའི་སྲོལ་ཞིག་ཆགས། དེའི་སྐོར་ལསྔར་འཕྱོངས་རྒྱས་ཁུལ་གྱི་ཁྲལ་པ་རྣམས་ལྷ་ས་ནོར་གླིང་རྒྱུད་དུ་ལོ་རེར་འདམ་རྩྭ་ཐེངས་རེ་བརྔ་བར་འགྲོ་དགོས་ཀྱི་ཡོད། དེའི་སྐབས་ལོ་གཅིག་ཁྲལ་པ་བུད་མེད་གཅིག་གིས་འདམ་རྩྭ་བརྔ་སྐབས་གཞས་གཅིག་བཏང་བའི་གཞས་ཚིག་ཏུ།  ང་ནི་འཕྱོངས་རྒྱས་གཞུང་ནས་ཡིན། འཕྱོངས་རྒྱས་ཞོལ་ཁྲལ་རྒྱུག་མཁན་ཡིན། རྒྱལ་མཆོག་ལྔ་པའི་འཁྲུངས་ས་ཡིན། ཉི་མ་རྒྱ་ཐོང་ནང་ནས་སྲོ་མཁན་ཡིན། སྒོག་པ་རྗ་ཁོག་ནང་ལ་འདེབས་མཁན་ཡིན། ཞབས་བྲོ་ཏིང་ཁུང་ནང་ལ་རྒྱག་མཁན་ཡིན། ཞེས་བཏང་བ་རྒྱལ་མཆོག་ལྔ་པ་ཆེན་པོས་གསན་རྗེས་ཕྱི་ལོ་དེ་ནས་བཟུང་འཕྱོངས་རྒྱས་ཞོལ་གྱི་ཁྲལ་པ་རྣམས་ལ་འདམ་རྩྭ་བརྔ་རྒྱུའི་ཁྲལ་ཆག་བྱུང་སྐད་། སྐབས་དེའི་གཞས་གཏོང་མཁན་ནི་ཟླ་བ་སྒྲོལ་མ་ཡིན། ཞེས་པའི་ཤོད་སྲོལ་དེར་གཞིགས་ན་འདམ་རྩ་བརྔ་བའི་ཁྲལ་དེ་ཏ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་བྱུང་ཡོད་པ་དང་། དེ་སྐབས་འདམ་རྩྭ་བརྔ་བའི་ལས་ཁྲལ་ལྗིད་པོ་ཡིན་པ་ཤེས་ཐུབ། དེ་ནས་རྩྭ་སྐམ་ཚར་རིམ་བཞིན་ནོར་བུ་གླིང་གའི་ཆིབས་ར་མདོ་སྦུག་དང་། ཞོལ་ཆིབས་ར་མདོ་སྦུག་མཛོ་མོ་རྭ་དང་རྫོང་རྒྱབ་གླང་ཁང་སོགས་གཞུང་ཁོངས་རྩྭ་འགྲོ་ས་ཚང་མར་སྐྱེལ་བ་དང་། དགུན་དུས་ཀྱང་འཁྱག་རྩྭ་བརྔ་བསྡུའི་ལས་ཀ་བསྐུལ་བ་གྲགས། དེ་དུས་ཆུ་རྐ་བཤང་ནས་ཆུ་འཛག་ཏུ་བཅུག་ཀྱང་འདམ་རའི་དཀྱིལ་གྱི་མཚོ་མཁོར་དང་ཆུ་མིག་གི་ཆུ་མུ་མཐུད་ནས་གནས་མུས།

  གཤམ་དུ་ཁོ་བོས་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་ནས་དགུ་བཅུའི་བར་གྱི་གནས་སྟངས་ཇི་ལྟར་ཡིན་མིན་ཐད་ལ་འདམ་རའི་ཉེ་འཁོར་གྱི་ས་ཆ་དངོས་ལ་བསྐྱོད་ནས་རྒྱུས་མངའ་ཅན་ལ་བཅར་འདྲི་དང་སྦྲགས་རྟོག་ཞིབ་བྱས་པ་ལོ་དུས་སོ་སོར་ཕྱེ་ནས་བཀོད་ན།

    ༡༩༥༩ལོར་བཅོས་སྒྱུར་བྱས་རྗེས་འདམ་་དེ་བར་སྐབས་ཤིག་རིང་ལྷ་ཀླུ་དང་བྲག་རི་ཁུག་ཨུ་ཡོན་ལྷན་ཁང་གིས་བདག་གཉེར་བྱས་པ་དང་། དེ་རྗེས་བྲག་རི་ཁུག་དོན་གཅོད་ཁང་བཙུགས་རྗེས་དོནགཅོད་ང་ནས་བདག་པོ་བརྒྱབ་པས་དོན་གཅོད་ཁང་གི་འདམ་ར་ཞེས་འབོད། སྤྱི་ལོ༡༩༦༤ལོའི་རྗེས་སུ་བོད་དག་ཁུལ་ཁང་གིས་དམག་མི་ཕོན་ཆེ་བསྐུལ་ནས་འདམ་རའི་ཐོག་ཞིང་བཟོའི་ལས་དོན་སྤེལ་ནས་འདམ་ར་དེ་ཤར་ནས་ནུབ་དང་ལྷོ་ནས་བྱང་སོ་སོར་བཤགས་ཏེ་དྲ་མིག་གི་ཞིང་ཁ་བཟོས་པ་དང་།   མི་འགའ་རེས་ཞིང་ཁ་ཡག་པོ་སྐྱེས་སོང་ཟེར་ལ། ཡང་འགའ་རེས་ཞིང་ཁ་ཡག་པོ་སྐྱེས་མ་སོང་ཟེར་མཁན་ཅི་རིགས་བྱུང་ཡོད་། གང་ལྟར་ལེགས་ཉེས་ཇི་བྱུང་མི་ཤེས་པར་ལོ་ཤས་སོང་རྗེས་ཞིང་ཁ་འདེབས་རྒྱུ་མཚམས་འཇོག་བྱས། དེའི་རྗེས་སུ་འདམ་ར་དེ་ལྷ་ཀླུ་དང་། བྲག་རི་ཁུག་ཞོལ། རྒྱ་མཚོ་སྟོད་སྨད་དང་དན་བག་བཅས་ལ་བགོས་ནས་སྤྲད་པས། ཁོང་ཚོས་འདམ་རྩྭས་སྒོ་ཕྱུགས་གསོ་བ་དང་། ལ་མག་ཇ་བག་ཆུང་ལྟར་གཅོད་འབྲེག་བྱས་ནས་མེ་ཤིང་ལ་སྤྱོད་ཅིང་།   ཁུལ་དེ་དག་གི་མི་མང་པོས་ལྷ་ས་ཁུལ་དུ་ལ་མག་གི་མེ་ཤིང་བཙོང་བའི་དུས་སྐབས་ཤིག་ཀྱང་བྱུངའདུག ད་དུང་ས་ཁུལ་ཁག་སོ་སོས་རང་སོའི་འདམ་སྲུང་མི་སྣ་བཀོད་སྒྲིག་གིས་འདམ་རྩྭ་བརྔ་མཁན་དང་ལ་མག་འབྲེག་མཁན་ནས་དངུལ་བླངས་ཏེ་ཨུ་ཡོན་ལྷན་ཁང་ལ་སྤྲོད་དགོས་ཀྱི་ཡོད་པ་བཅས་ཀྱི་ལོ་རྒྱུས་བྱུང་ཡོད། 

     སྤྱི་ལོ་༡༩༥༩ཚུན་གྱི་འདམ་རའི་ཆུའི་འབྱུང་ཁུངས་ཀྱི་གནས་སྟངས་ཐད་འགྱུར་བ་ཇི་ལྟར་ཕྱིན་སྐོར་ཤེས་རྟོགས་བྱུང་བ་རྣམས་གཤམ་ལ་རེ་རེ་བཞིན་ཞུ་རྒྱུར། དེ་ཡང་ཐོག་མར་བྱང་རང་སྐྱོང་ལྗོངས་ཏང་གི་སློབ་གྲྭའི་འགོ་ནས་ལྷོ་ཀླུ་སྡིངས་ན་ཁ་བར་དུ་ཆུ་ཡུར་རིང་པོ་ཞིག་བཟོས་པ་ནས་བཟུང་། འདམ་རའི་ཆུ་རྩའི་ཆུ་ཁ་རང་བཞིན་གྱིས་ཡུར་བུ་དེའི་ནང་དུ་འཛེར་བ་དང་གཅིག དམག་མིས་འདམ་དཀྱིལ་དུ་དྲ་མིག་གི་ཞིང་ཁ་བཟོས་ཤིང་དེར་ཆུ་འདྲེན་ཆེ་ཤར་ནས་ནུབ་དང་ལྷོ་ནས་བྱ་དུ་དབྱེ་བའི་ཆུ་ཡུར་ཁག་འགའ་ཞིག་གསར་དུ་བཏོད་པ་ནས་བཟུང་འདམ་ཆུ་ཡང་དེ་ནས་རྒྱུགས་པ་དང་གཉིས། དེ་བས་གལ་ཆེ་བ་ཞིག་ལ་ལོ་རབས་བརྒྱད་ཅུའི་དུས་མཇུག་ཏུ་ད་ལྟའི་འདམ་ར་ལམ་གཞུང་གི་བྱང་དུ་ཀྲུང་ཀན་ཆུའི་ཟེར་བའི་ཡུར་བུ་ཁ་ཞེང་ཆེ་བ་དེ་བཟོས་པའི་རྗེས་འདམ་ཆུ་སྔར་བས་རྒྱུགས་ཤུགས་ཆེ་རུ་སོང་བ་དང་གསུམ། ལོ་རབས་བདུན་ཅུའི་ནང་བྱེ་རགས་ཀྱི་ཆུ་ཡུར་རྙིང་དོར་གསར་བཟོ་བྱས་ནས་ཆུ་ཁ་དེ་འདམ་རའི་བྱང་དུ་གཅུས་ཤིང་། བྱེ་གསོག་གི་ཆུ་རྫིང་ཡང་བཟོས་ཀྱང་བྱེ་བཤང་གི་ལས་ཀའི་དོ་དམ་ལེགས་པོ་མ་བྱུང་བའི་ཐོག དེའི་རྒྱུད་དུ་རྡོ་གཤག་ལས་སྣོན་གྱི་ལས་གྲྭ་མང་པོ་ཡོད་པའི་རྐྱེན་གྱི་བྱེ་གསོག་རྫི་རགས་ཀྱི་རྡོ་ཕལ་ཆེ་བ་བརྐུ་ཤོར་ཐེབས་པར་བརྟེན་ཆུའི་ནང་གི་བྱེ་མ་ལོ་ཤས་རིང་འདམ་རའི་ནང་དུ་རྒྱུགས་ཤིང་དེ་རྒྱུད་ཀྱི་འདམ་རྩྭ་ཁྱོ་ཆེན་ཞིག་བྱེ་འོག་ཏུ་ཚུད་པ་དང་། དེ་བཞིན་འདམ་རའི་ནང་གི་མཚོ་མཁོར་མང་ཆེ་བ་སྐམ་པ་དང་སྦྲགས་འདམ་རྩྭ་ཡང་དེ་བས་སྐྱེ་ཞན་པར་གྱུར་པ་མ་ཟད  ནམ་དུས་བཞིན་འཁོར་ནས་ཡོང་བའི་བྱ་རིགས་ཁག་ཀྱང་གར་སོང་ཆ་མེད་དུ་གྱུར། དེ་ལྟའི་གནད་དོན་ལ་བྲག་རི་ཁུག་ཁུལ་དང་ལྷ་ཀླུ་ཁུལ་གྱི་མི་སེར་གཙོས་པའི་ལྷ་སའི་བོད་རྒྱ་མི་རིགས་ཁག་དང་།ལྷག་པར་དུ་འབྲེལ་ཡོད་གོང་རིམ་སྲིད་གཞུང་གི་འགོ་ཁྲིད་དང་འབྲེལ་ཡོད་ཚན་པ་བཅས་པ་བློ་ཕམ་སྐྱེས་ཤིང་། རེ་ཞིག་ཚང་མས་སེམས་ཁུར་ཆེན་པོ་བྱེད་སའི་གནས་ཤིག་ཏུ་གྱུར་ཡོད། 

གོང་གི་གནས་ཚུལ་དེ་རིགས་ལ་དམིགས་ནས་འབྲེལ་ཡོད་ཚན་པས་གོང་རིམ་སྲིད་གཞུང་གི་མཛུབ་ཁྲིད་འོག་འདམ་རའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དོ་དམ་ལས་ཀ་དེ་ལོ་རབས་དགུ་བཅུའི་ནང་དངོས་སུ་སྤེལ་འགོ་བཙུགས་པ་དང་། ཉང་བྲན་དང་དོག་བདེ་གཉིས་ཀྱི་ཕུ་ཆུའི་བྱེ་གསོག་གི་ཆུ་རྫིང་ལས་གྲྭ་གཉེར་བ་ད་ལྟ་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་ཞིང་། དོ་དམ་གྱི་ལས་ཀ་དངོས་ལའང་དམིགས་བསལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད་དེ། ད་ལྟ་གསར་སྐྱེས་ཀྱི་འདམ་རྩྭ་ནི་སྔོ་ལྗང་རྫོབ་སྐྱེས་བྱས་ནས་ཡོད་པ་དང་། དུས་བཞིར་འཁོར་བའི་བྱ་རིགས་ཀྱང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བ་བཅས་དགའ་འོས་པའི་རྣམ་པ་ཐོན་བཞིན་ཡོད་པས་ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་ད་ལྟ་བར་འདམ་ར་སྲུང་སྐྱོབ་ཀྱི་ཆེད་དུ་བློ་གཅིག་སེམས་གཅིག་གིས་མི་ཤུགས་དང་དངོས་ཤུགས་གང་ཐད་ནས་ཤུགས་ཆེའི་རྒྱབ་སྐྱོ་མཛད་མཁན་རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ནི་སྨོས་ཅི་དགོས། འོན་ཏེ་འདམ་རའི་འགག་གནད་དེ་ནི་ཆུའི་འབྱུང་ཁུངས་ལ་ཐུག་པས། དམངས་ཁྲོད་དུ་འདམ་ཆུ་ནང་སྡོད་པར་ཆར་ཆུ་དགོས། །ཚེར་མ་སྐམ་ལ་སྡོད་པར་ཐན་པ་དགོས། །ཞེས་ཤོད་སྲོལ་ཡོད། དེས་ན་ཇི་ལྟར་བྱས་ནས་འདམ་ཆུ་འཚོ་ཐུབ་པ་དང་། ཇི་ལྟར་བྱས་ནས་སྔར་ཡོད་ས་འོག་གི་འདམ་ཆུ་ཆུ་ཡུར་གྱི་ནང་དུ་འཛག་མི་འགྲོ་བ། འབབ་ཆུ་བྱེ་བཤང་གི་ཆུ་རྫིང་སྐྲུན་རྒྱུའི་ལས་དོན་དེ་ཇི་ལྟར་བྱས་ནས་གཉེར་སྐྱོང་ལེགས་པོ་ཡོང་བ་བྱ་རྒྱུ་བཅས་ཀྱི་ཐད་ལ་ད་དུང་མུ་མཐུད་དེ་ད་ཡོད་དང་རྒྱང་རིང་གི་ཐུགས་དགོངས་ཟབ་བཞེས་གནང་དགོས་པའི་གནད་དོན་ཡང་མི་ཉུང་བ་ཞིག་མཆིས་སོ། །

                                                   གཉིས་པ། འདམ་རའི་མིང་དང་། རྒྱ་ཁྱོན། དེ་མིན་གྱི་འབྲེལ་ཡོད་གནས་ཚུལ།

      དེང་སང་འདམ་ར་དེར་ལྷ་ཀླུའི་བརླན་གཤེར་སྲུང་སྐྱོབ་ཁུལ་ཞེས་འབོད་སྐབས་ལྷ་སར་བཅའ་སྡོད་བྱས་མ་ཐག་པའི་མི་ཡིན་ནའང་འདྲ། ད་ཆ་འཚར་ལོངས་ཡོང་བཞིན་པའི་གཞོན་སྐྱེས་བཅས་ཀྱི་བསམ་པར། འདམ་རའི་སྤྱི་མིང་ལ་ལྷ་ཀླུ་ཞེས་ཟེར་བའི་ཚོར་སྣང་ཞིག་ཡོང་ངེས། དོན་དམ་པར་ལྷ་ཀླུ་འདི་སྔ་དུས་ནས་འདམ་རའི་ཤར་རྒྱུད་ཀྱི་ཟུར་དུ་ཆགས་པའི་གྲོང་ཆུང་ཞིག་ཡིན་པས། གྲོང་ཆུང་ཞིག་གི་མིང་དེས་ལྷ་སའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་བཅུ་གཅིག་ཙམ་ཟིན་པའི་འདམ་རར་ཁྱབ་ག་ལ་སྲིད། ལར་སྔ་དུས་འདམ་རའི་སྤྱི་མིང་ལ་སྡེ་བཞིའི་འདམ་ར་ཞེས་འབོད་པ་དང་། དེའི་སྤྱིའི་རྒྱ་ཁྱོན་ལ་མུའུ་༧༣༠༠ཙམ་ཡོད་ཅེས་གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས་དེབ་དྲུག་པ་ཁྲེན་ཀོན་ཆུསཀྱི་དེབ་ཐེར་ནང་དུ་གསལ་པོར་བཀོད་འདུག་ལ། ཉེ་དུས་འདམ་ར་སྲུང་སྐྱོབ་ཆེད་དུ་ལྕགས་རི་སྐོང་བའི་རྗེས་སུ་དེའི་སྤྱིའི་རྒྱ་ཁྱོན་ནི་ཕིན་ཕང་སྤྱི་ལེ་དྲུག་དང་ཚག་གཉིས་ཡོད་ཅེས་བོད་ལྗོངས་ཉིན་རེའི་ཚགས་པར་༢༠༠༤ལོའི་ཟླ་༡༡ཚེས་༡ཉིན་གྱི་ཚགས་པར་གྱི་པར་ངོས་དང་པོའི་ནང་དུ་བཀོད་འདུག བོད་རྙིང་པའི་སྐབས་སུ་སྡེ་བཞིའི་འདམ་རའི་ཤར་ངོས་ཀྱི་བྱང་ནས་ལྷོ་བར་རིམ་པ་བཞིན་སེ་ར་དགོན་པའི་སྤྱི་བསོའི་འདམ་ར་དང་། དཔལ་ལྡན་འབྲས་སྤུངས་དགོན་གྱི་གྲྭ་ཚང་ཆེ་གྲས་སྒོ་མང་གྲྭ་ཚང་གི་སྒོ་མང་འདམ་ར། ལྷ་ཀླུའི་འདམ་ར། རྭ་སྒྲེང་འདམ་ར་དང་། གཞན་ཡང་ལྷ་ཀླུ་དང་བཅས་པའི་སྒེར་པ་ཆེ་གྲས་ཀྱི་འདམ་ར་བཅས་ཁག་སོ་སོར་བགོས་ནས་ཐོབ་སྐལ་བདག་འཛིན་ལ་སྤྲད་པར་གྲགས།

                                                                གསུམ་པ། འདའི་ཉེ་སྐོར་གྱི་གནའ་ཤུལ་ངོ་སྤྲོད།

        སྡེ་བཞིའི་འདམ་རའམ་སྲུང་སྐྱོབ་བྱེད་མུས་ཀྱི་བརླན་གཤེར་ཁུལ་འདིའི་མཐའ་འཁོར་དུ་གནའ་སྔ་མོ་ནས་ཆགས་པའི་གནའ་ཤུལ་མང་པོ་ཞིག་ཡོད་པ་དེ་དག་རེ་རེ་བཞིན་ངོ་སྤྲོད་ཞུས་ན། དེ་ཡང་དང་པོ་འདམ་ར་དེའི་ཤར་རྒྱུད་དུ་ལྷ་ཀླུའི་དགའ་ཚལ་ཞེས་པ་གནའ་དུས་སུ་རང་བྱུང་ནགས་ཚལ་སྟུག་ལ། མཚེའུ་ཆེ་ཆུང་དང་ནེའུ་གསིང་རྣམ་པར་བཀྲ་བ་སོགས་མཛེས་སྡུག་ཤིན་ཏུ་ལྡན་པ་ཞིག་ཡོད་སྟབས་མི་ཚོས་ལྷ་དང་ཀླུའི་བུ་དང་བུ་མོ་སྤྲོ་གསེང་བྱ་ཡུལ་དགའ་བའི་ཚལ་ཞིག་རེད་ཅེས་བརྗོད་སྲོལ་ཡོད་པས་དེའི་ཁུལ་གྱི་ས་མིང་ལ་ལྷ་ཀླུའི་དགའ་ཚལ་ཞེས་ཐོགས་པ་དང་ཕྱིས་སུ་ལྷ་ཀླུ་ཞེས་པའི་བསྡུས་མིང་ཡང་ཆགས་ཤིང་། གནའ་དུས་པུར་རྒྱལ་བོད་ཀྱི་རྒྱལ་རབས་སོ་བཞི་པ་ཙམ་ནས་བཟུང་ཁུལ་དེ་སྤྲོ་གསེང་གཏོང་ཡུལ་དུ་གྱུར་རོ་ཞེས་ཟེར་སྲོལ་མཆིས། དགའ་ལྡན་ཕོ་བྲང་པའི་སྲིད་དབང་དབུ་བརྙེས་རྗེས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་ཆོས་སྲིད་མཛད་འཕྲིན་གྱི་བར་གསེང་ལ་གནས་དེར་སྤྲོ་གསེང་དུ་ཆིབས་སྒྱུར་བསྐྱངས་སྲོལ་ཡོད་པ་མ་ཟད། མཛེས་ལྗོངས་དེའི་དབུས་སུ་གནས་པའི་མཚེའུ་ཆེ་བ་དེའི་སྟེང་དུ་སྤྲོ་གསེང་གནང་ཡུལ་ཐོག་བརྩེགས་གསུམ་ལྡན་གྱི་ཕོ་བྲང་ཞིག་ཀྱང་གསར་སྐྲུན་མཛད་ཡོད། སྐབས་དེར་དམངས་གཞས་ནང་ལའང་ལྷ་ས་ལྷ་ས་སྐྱིད་པ། །དེ་ལས་ལྷ་ཀླུ་སྐྱིད་པ། །ལྷ་ས་ལྷ་ཀླུའི་དབར་ལ། །རྫོང་རྒྱབ་ཀླུ་ཁང་སྐྱིད་པ། །ཞེས་གཏོང་གི་ཡོད་པ་རེད།ཅེས་དང་། རྒྱལ་་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོར་ སྔར་སྲོལ་རྒྱལ་བའི་ཡབ་ཡུམ་སྐུ་མཆེད་སོགས་ལ་སྡེ་པ་གཞུང་ན་ཡབ་གཞིས་བཀོད་སྒྲིག་ཞུ་གི་ཡོད་པ་དེའང་ས་གནས་ལེགས་པ་ཞིག་དགོས་པས་སྐབས་དེར་ལྷ་ཀླུར་ཡབ་གཞིས་གཏན་འཁེལ་བྱས་ཤིང་། དེ་གོང་ལྷ་ཀླུར་ཚངས་དབྱངས་རྒྱ་མཚོའི་ཕོ་བྲང་ཡོད་མུས་དེའི་ཤར་ངོས་སུ་ཡོད་པའི་གཞིས་ཁང་ཞེས་དེཁུལ་གྱི་འགོ་པའི་སྡོད་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ཉིད་རྩ་བཤིགས་ཀྱིས་དེར་ཡབ་གཞིས་གསར་རྒྱག་བྱས་ཏེ་ཡབ་གཞིས་ལྷ་ཀླུ་དགའ་ཚལ་ཞེས་ཡུལ་མིང་ཁྱིམ་དུ་བཏགས་པ་དང་། དུས་རབས་བཅུ་དགུའི་དུས་མཇུག་ཏུརྒྱལ་བ་སྐུ་ཕྲེང་བརྒྱད་པའི་ཡབ་གཞིས་ལྷ་ཀླུར་བའི་སྐུའི་རུས་རྒྱུད་ཆད་པ། མ་རྒྱུད་ཡོད་ནའང་ཁྱིམ་ཚང་དུ་མི་ངོ་མང་པོ་མེད་པ་བཅས་ལ་བརྟེན་རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པའི་ཡབ་ཡུམ་དང་སྐུ་མཆེ་རྣམས་ལ་ཡབ་གཞིས་གསར་སྐྲུན་མ་དགོས་པར་ལྷ་ཀླུ་ཟླ་སྒྲིལ་བཏང་སྟེ་དེར་ཡོད་འཁྱོས་ཐེས་དང་འཁྱོངས་སྣོན་གཞིས་ཀ་རྣམས་ཀྱི་ཁར་ཁ་གསབ་ཏུ་འོལ་ཁ་རྫིང་ཕྱིའི་གཤམ་དུ་འོལ་ཁ་འཁྲུངས་གཞིས་ཀྱི་ཉི་འཁོར་ས་ཁང་མི་གསུམ་དང་། ཀོང་པོ་དགའ་ཆགས་གཞིས་ཀ་སྩལ་ཡོད་པ་བཅས་ཀྱི་ལོ་རྒྱུས་ནིབོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདས་བསྒྲིགསདེབ་བདུན་པར་ལྷ་ཀླུ་ཚེ་དབང་རྡོ་རྗེས་མཛད་པའི་ཡབ་གཞིས་ལྷ་ཀླུའི་ཁྱིམ་ཚང་གི་ལོ་རྒྱུ་ནང་འཁོད་འདུག མདོར་ན་དེ་རྒྱུད་དུ་རྒྱལ་བ་སྐུ་ཕྲེ་དྲུག་པའི་ལྷ་ཀླུ་དགའ་ཚལ་གྱི་ཕོ་བྲང་དང་། རྒྱལ་བ་སྐུ་ཐོག་གཉིས་ཀྱི་ཡབ་གཞིས་ཟླ་སྒྲིལ་བའི་ཡབ་གཞིས་ལྷ་ཀླུ། དེ་སྔོན་ཡབ་གཞིས་ལྷ་ཀླུའི་ཁྲལ་པ་མི་ཚང་ཆེ་བ་ཉི་ཤུ་རྩ་ལྔ་དང་དེ་མིན་གྱི་དུད་ཆུང་དང་མོ་ཡན་བཅས་ཐེམ་དུད་མང་པོ་ཡོད་སྐད། གཞན་ཡང་དེ་ན་ལོ་རྒྱུས་ཐོག་ལ་མག་བྲེགས་ནས་བརྩེགས་པའི་ཁང་པ་ཞིག་ཀྱང་ཡོད་པ་ད་བར་མཐོང་རྒྱུ་འདུག་པ་བཅས་དེ་ནི་འདམ་རའི་ཤར་རྒྱུད་དུ་ཆགས་པའི་གནའ་ཤུལ་རྩ་ཆེན་ཞིག་ཡིན། 

        དེ་ནས་འདམ་རའི་ལྷོ་ངོས་སུ་ཆགས་པའི་རྐྱང་ཐང་སྒང་་ཁའི་རྒྱུད་དུ་རྒྱལ་བ་སྐུ་ཕྲེང་ལྔ་པས་ཀསྨིར་ནས་ཡིན་པའི་ཁ་ཆེའི་ཆོས་པ་སྦི་ཡར་གུབ་ཅེས་པ་ཞིག་ཡོད་པ་དེས་ཉིན་ལྟར་ཉིན་དགུང་ཉང་བྲན་མདོའི་ལྷང་གི་རི་ལྡེབས་བྲག་རྡོ་ཞིག་གི་སྟེང་དུ་ཕྱག་འཚལ་གྱི་ཡོད་པ་མཁྱེན་རྗེས་ད་ལྟའི་་ཆེའི་ཕྱག་ཁང་དང་། དུར་ས་ཡོད་པའི་གླིང་ག་དེ་གནང་བར་གྲགས། སྐབས་དེར་གླིང་གའི་རྒྱ་ཁྱོན་ཆེ་ཆུང་དེ་མདའ་གང་དུ་བབས་ས་དེ་མཚམས་སུ་འཛིན་ནས་གཏན་འཁེལ་བྱས་པས་རྒྱང་མདའ་སྒང་ཞེས་བརྗོད། ལ་མའི་ལྕགས་རི་བསྐོར་བའི་ནང་ཤིང་སྣ་མེ་ཏོག་སོགས་འདེབས་འཛུགས་བྱས་པར་ལྷ་ས་བ་ཚོས་ཁ་ཆེའི་གླིང་ག་ཞེས་འབོད། གླིང་ག་དེའི་ནང་མདའ་རྒྱང་མ་འཕེན་ས་དེར་སྒོ་ཆེན་ཞིག་དང་། དེའི་ནུས་ངོས་སུ་སྦི་ཡ་གུབ་ཀྱི་བང་སོ། ཕྱག་ཁང་ཆེ་ཆུང་གཉིས། ཀསྨིར་ཡུལ་གྱི་ཁ་ཆེའི་ཆོས་དད་པ་ཚོའི་དུར་ས་བཅས་ཡོད། དུས་རྒྱུན་ཁ་ཆེའི་སྙུང་གནས་དང་གོར་བན་དུས་ཆེན་སྐབས་ཁ་ཆེ་བ་མང་པོ་གནས་དེར་འདུ་ཚོགས་བྱེད་པའི་སྲོལ་ཆགས་ཡོད། 

དེ་ནས་འདམ་རའི་ལྷོ་ནུབ་ཏུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་འཁྲུངས་ལྷ་གསོལ་ཡུལ་ཡིན་པའི་སྐྱིད་ཚལ་ཀླུ་སྡིངས་ཞེས་པ་དེ་གནས་ཤིང་། ཟེར་སྲོལ་ལ་དེར་ཐོག་མར་འདམ་སྲུང་བའི་སྡོད་ཁང་ཞིག་ཡོད་པར་གྲགས། ད་ལྟ་འདིའི་རྒྱུད་དུ་དེང་དུས་ཀྱི་ཁྱད་ཆོས་ལྡན་པའི་རྒྱ་བཟོ་དང་བོད་བཟོའི་ཐོག་བརྩེགས་ཅན་གྱི་ཁང་པས་ཁེངས་ཡོད།

      དེ་ནས་འདམ་རའི་ཆུ་འགྲོའི་ཟམ་པ་དང་པོ་གནས་ཡུལ་དེ་རང་དུ་ཟམ་པ་གསར་རྒྱག་བྱས་ཡོད་ལ། དེ་ནི་སྔ་དུས་ནས་འབྲ་སྤུངས་དང་ལྷ་ས་གཉིས་བར་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་སེར་སྐྱ་མང་ཚོགས་རྣམས་བསྐྱོད་ཡུལ་གྱི་ཟམ་པ་གཙོ་བོ་ཞིག་ཡིན་ལ། གནའ་དུས་ནས་འདམ་རའི་ཆུ་ཡི་རྐ་འགོ་གཙོ་བོ་ཞིག་ཀྱང་རེད་འདུག

     དེ་ནས་འབྲ་སྤུངས་དགོན་པ་ནས་ལྷ་སའི་ལམ་འཁེལ་གྱི་ཉལ་ནའི་རི་ཟུར་ནས་ཁ་ཤར་བྱང་ལ་གཏད་དེ་ཕྱིན་ཚེ་དེ་སྔ་བོད་རྒྱལ་གླང་དར་མ་བཀྲོངས་མཁན་ལྷ་ལུང་དཔལ་རྡོར་བཞུགས་མྱོང་བར་གྲགས་པའི་བྲག་ཕུག་ཅིག་ཡོད་པ་དེ་ན་སླེབས་ཤིང་། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་གནས་ཆུང་སྐུ་རྟེན་ཤཱཀྱ་ཡར་འཕེལ་གྱིས་གནས་དེར་གནས་ཆུང་སྐུ་རྟེན་མཚམས་ལ་བཞུགས་སའི་རི་ཁྲོད་བཏབ་སྟེ་གྲྭ་གྲངས་༡༨བཙུགས་པ་འདི་ལ་ལྷ་ལུང་རི་ཁྲོད་ཅེས་གྲགས་ཤིང། སྔར་དགོན་བདག་གནས་ཆུང་གྲྭ་ཚང་ཡིན། རི་ཁྲོད་ཀྱི་ལྷོ་གཤམ་དུ་དེ་སྔ་ལྷ་ལུང་བཙན་ཁང་ཟེར་བའི་ཁང་རྙིང་ཞིག་ཡོད་པ་དེ་ནི་སྐུ་རྟེན་ཤཱཀྱ་ཡར་འཕེལ་གྱིས་རི་ཁྲོད་བཏབ་པའི་ས་རྡོ་ཤིང་གི་ལྷག་མས་བཞེངས་ཞེས་ད་ལྟ་གནས་དེ་ན་འཚོ་བཞུགས་གནང་མུས་ཀྱི་རྒན་མོ་ཞི་གིས་གསུངས། དེང་སང་ལྷ་ལུང་རི་ཁྲོད་དུ་མཚམས་ལ་སྡོད་མཁན་ཨ་ནེ་འགའ་ཤས་འདུག 

    དེ་ནས་མུ་མཐུད་བྱང་ཤར་ཕྱོགས་སུ་ཁ་གཏད་དེ་ཕྱིན་ན་ལྷ་ལུང་རི་ཁྲོད་དང་ཅུང་ཉེ་བའི་བྲག་རི་ཁུག་གི་རི་འདབས་སུ་བྲག་རི་དགོན་གསར་ཤོད་རི་ཁྲོད་ཟེར་བ་ཞིག་ཡོད། སྔོན་དུས་དེར་ཀརྨ་བཀའ་བརྒྱུད་ཀྱི་དགོན་པ་ཆེན་པོ་ཞིག་ཡོད་པ་དུས་རབས་བཅུ་བདུན་པའི་ནང་འཐོར་ཞིག་ཏུ་སོང་རྗེས་དེར་འབྲས་སྤུངས་དགོན་གྱི་བླ་མ་ཡེ་ཤེས་སྙན་གྲགས་ཀྱིས་རི་ཁྲོད་བཏབ་པ་ནས་བཟུང་། དགོན་གསར་ཤོད་སྤྲུལ་སྐུ་རིམ་བྱོན་ཕེབས་སྲོལ་དརཞིང་། དགོན་བདག་ནི་འབྲས་སྤུངས་སྔགས་པ་གྲྭ་ཚང་ཡིན་འདུག དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བར་སྐབས་ཤིག་རིང་དེར་ལྷ་ས་ཞོལ་གྲོང་གི་ལུག་ར་བྱས་པ་དང་། དགོན་དེ་རིག་གསར་སྐབས་སུ་གཏོར་སྐྱོན་བཏང་བས་ད་ལྟ་གྱང་རོ་ལས་ལྷག་མེད།

     བྲག་རི་དགོན་གསར་ཤོད་ནས་བྲག་རི་བླ་བྲང་ངམ་བྲག་རི་རི་ཁྲོད་བར་གྱི་འདམ་བསྐོར་གྱི་བཤུལ་ལམ་ཐོག་མུ་མཐུད་དེ་བསྐྱོད་ན། ལམ་བར་དུ་དད་ལྡན་མང་ཚོགས་ཀྱིས་བྲག་རྡོ་ཆེན་པོའི་ཐོག་ཏུ་རིགས་གསུམ་མགོན་པོ་ལ་སོགས་པའི་སྐུ་སྣ་ཚོགས་བརྐོས་པའི་ནང་དམིགས་བསལ་ཁྱད་ཆོས་ལྡན་པའི་བྲག་བརྐོས་རི་མོ་གཉིས་འདུག་སྟེ། དེ་ཡང་གཅིག་ནི་བྲག་རྡོ་ཆེས་ཤིན་ཏུ་མཐོ་་ཞི་གི་ཐོག་ལ་སེ་འབྲས་ཀྱི་ཞལ་ངོར་གྲགས་པའི་བྲག་བརྐོས་རི་མོ་དེས། སེ་འབྲས་གཉིས་ཀྱི་ས་མཚམས་དེ་འདི་ནས་ཤར་ནུབ་སོ་སོར་ཕྱེ་བའི་ཚུལ་ཡིན་སྐད་པ་དང་། གཅིག་ཤོས་ནི་གོང་དུ་སྨོས་ཟིན་པའི་རྨ་བྱ་ཆུ་འཐུང་ཟེར་བ་དེ་ལགས།

    དེ་ནས་ཕྱིན་ན་བྲག་རི་བླ་བྲང་ངམ་བྲག་རི་ཁྲོད་དུ་སླེབས་ཤིང་། བླ་བྲང་དེ་ནི་བྲག་རི་ཁུག་གྲོང་ཚོའི་རྒྱབ་ཀྱི་བྲག་རིའི་རི་ལྡེབས་སུ་ཆགས་ཡོད། རི་ཁྲོད་དེ་ནི་དུས་རབས་བཅོ་བརྒྱད་པའི་ནང་ཕ་བོང་ཁའི་མཁན་པོ་རྒྱ་མཚོ་མཐའ་ཡས་ཀྱིས་ཕྱག་བཏབ་ཅེས་ཁྲེན་ཀོན་ཆུས་ཀྱི་ལོ་རྒྱུས་དེབ་ཐེར་ནང་དུ་གསལ། རི་ཁྲོད་དེ་ད་ལྟ་ཉམས་གསོ་བྱས་ནས་དད་ལྡན་མང་ཚོགས་ཀྱི་ཆོས་དད་ཀྱི་དགོས་མཁོ་སྐོང་མུས་ཡིན།

       བྲག་རི་ཁུག་གྲོང་ཚོ་ནས་ཁ་ལྷོར་གཏད་ནས་ཕྱིན་ཚེ། ད་བར་གནས་མུས་ཡིན་པའི་འཇའ་ཚོན་ཆུ་མིག་ཁུལ་དུ་སླེབས་ཤིང་། དེ་ནི་སྔ་དུས་ནས་ཆགས་པའི་རང་བྱུང་གི་ཆུ་མིག་རྩ་ཆེན་ཞིག་ཡིན། གནས་དེ་ནི་ད་ཆ་དབྱར་དུས་ཆུ་རྐྱལ་བྱེད་ས་དང་གླིང་གཏོང་སྤྲོ་གསེང་བྱེད་ཡུལ་གྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་མ་ཟད། ལྷ་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་དང་ལས་བྱེད་པ་ཚོའི་དབྱར་དུས་གུང་གསེང་གཏོང་གནས་གཙོ་བོ་ཞིག་ཀྱང་ཡིན།

                                  བཞི་བ། འདམ་ར་དང་འདིའི་ཉེ་འཁོར་གྱི་གནའ་ཤུལ་སྲུང་སྐྱོབ་བྱ་དགོས་ཀྱི་བསམ་གཞིགས།

        ད་ལྟ་ནས་བཟུང་སྟེ་འདམ་རའི་བརླན་གཤེར་གྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་འདི་ཁོར་ཡུག་སྲུང་སྐྱོབ་ཚན་པ་ཁོ་ན་ཙམ་མ་ཟད། ལྷ་སར་འཚོ་སྡོད་བྱེད་མཁན་གྱི་ལས་རིགས་ཁག་གི་ལས་བྱེད་པ་དང་། ཁྲེན་ཀོན་ཆུས་ཁོངས་ཀྱི་རྒྱ་ཆེའི་གྲོང་མི་མང་ཚོགས། དེ་བཞིན་ལྷ་སར་བཅའ་སྡོད་རྒྱ་ཆེའི་དཔོན་དམག་དང་བཅས་ཚང་མར་འགན་འཁྲི་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཚན་པས་སྲུང་སྐྱོབ་ལས་ཀའི་བཀོད་སྒྲིག་དང་དྲིལ་བསྒྲགས་ཀྱི་ལས་དོན་ཚགས་ཚུད་པོ་ཞིག་སྤེལ་ཐུབ་ན། འདམ་ར་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་རྒྱུར་གདོན་མི་ཟའོ། །

གཞན་ཡང་། སྲུང་སྐྱོབ་ཁུ་གྱི་འདམ་ར་འདིའི་མཐའ་འཁོར་དུ་གནས་པའི་གནའ་ཤུལ་རྙིང་པ་དེ་དག་གིས་གཙོས་པའི་རྫོང་རྒྱབ་ཞར་འཕེན་དང་བོད་ཟླ་དང་པོའི་ནང་གི་རྟ་རྒྱུག་མི་རྒྱུག དྲུག་པ་ཚེས་བཞིའི་སྐབས་ཀྱི་འདམ་བསྐོར་ལ་སོགས་ཀྱི་སྲོལ་རྒྱུན་ལུས་རྩལ་དང་ཆོས་ལུགས་བྱེད་སྒོ་ཁག་ཉམས་གསོ་དང་སླར་གསོ་བྱ་ཐུབ་ན་དེས་རང་རེ་ལྷ་ས་ཁུལ་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་བྱེད་སྒོའི་ནང་དུ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རྣམ་གྲངས་གསར་པ་ཞིག་ཁ་སྐོང་ཐུབ་ངེས་ཡིན་ནོ། །

        གོང་དུ་ཞུས་པའི་འདམ་རའི་ལོ་རྒྱུས་དང་དེ་དང་དེ་འབྲེལ་གྱི་གནའ་ཤུལ་རིག་གནས་དག་སྲུང་སྐྱོབ་བྱེད་རྒྱུའི་སྐོར་གྱི་གནས་ཚུལ་དག་ནི་རང་ཉིད་ས་ཆ་དངོས་སུ་བསྐྱོད་པ་ནས་བརྟག་དཔྱད་དང་འབྲེལ་ཡོད་མི་སྣར་བཅའ་འདྲི་བྱས་རྗེས་བྲིས་པ་ཞིག་ཡིན་ལགས། དེས་གོང་རིམ་འབྲེལ་ཡོད་སྲིད་གཞུང་གི་དབུ་ཁྲིད་དང་ཚན་པ་ཁག་ནས་འདམ་རའི་སྲུང་སྐྱོབ་ཀྱི་ལས་དོན་ལ་སྔར་ལས་ལྷག་པའི་ཐུགས་ཁུར་དང་རྒྱབ་སྐྱོབ་གནང་རྒྱུར་དགེ་མཚན་ཐོན་པའི་རེ་སྨོན་ཞུ་བཞིན་ཡོད།

 

དཔྱད་གཞིའི་ཡིག་ཆའི་སྐོར།

༡. བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས།སྤྱིའི་འདོན་ཐེངས་༡༦པ།

༢. གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནསདེབ་དྲུག་པ།

༣. ལྷོ་ཁའི་དམངས་སྒྲུང་ལེགས་བཏུས།དེབ་དང་པོ།

 

བཅར་འདྲི་ཞུ་ཡུལ་གྱི་མི་སྣ།

༡. ཉང་བྲན་ཤང་གྲོང་ཚོ་བདུན་པའི་བསོད་ནམས་ཚེ་རིང་། བཅར་འདྲི་ཞུ་དུས་དགུང་ལོ་༧༠ཡིན།

༢. ལྷ་ཀླུ་ཨུ་ཡོན་ལྷན་ཁང་གི་གྲོང་མི་རྒན་གྲས་བསོད་ནམས། བཅར་འདྲི་ཞུ་དུས་དགུང་ལོ་༧༤ཡིན།

༣.ལྷ་ཀླུའི་གྲོང་མི་རྒན་གྲས་བདེ་བ་ལགས། བཅར་འདྲི་ཞུ་དུས་དགུང་ལོ་༧༦ཡིན།

 

                             《བོད་ལྗོངས་ཞིབ་འཇུག༢༠༠༥ལོའི་དེབ་བཞི་པ།

                                                     འབྲུག་མོས་ཞུ་དག་བྱས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060