| བོད་རང་གི་སྔོན་བྱོན་མེས་པོ་རྣམས་ཀྱི་བཞེས་དགོངས་ལྟར་ན། 《རླངས་ཀྱི་པོ་ཏི་བསེ་རུ》ལས། འབྱུང་བ་སྣ་ལྔའི་སྙིང་པོ་ལས། །སྒོ་ང་ཆེན་པོ་གཅིག་ཡོང་བ། །ཕྱིའི་སྒོང་ཤུན་ལས་ལྷ་བྲག་དཀར་པོ་ཆགས། །ནང་གི་སྒོང་ཆུ་ལས་དུང་མཚོ་དཀར་མོར་འཁྱིལ། །བར་གྱི་སྒོ་ངའི་དར་ཆ་ལས། །རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། །སྒོ་ངའི་འཕྲུལ་གྱིས་བཅོ་བརྒྱད་ཆགས། །སྒོ་ང་བཅོ་བརྒྱད་འབྲིང་བ་དེ། །དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། །དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན། །ཞེས་སྒོ་མའི་འཕྲུམ་གྱིས་སྒོ་ང་བཅོ་བརྒྱད་བྱུང་བ་དེ་དག་ལས་ཡུལ་ཆེན་བཅོ་བརྒྱད་ཀྱི་སྣོད་བཅུད་རྣམས་ཆགས་པ་དང་། ལྷག་པར་དུ་དུང་སྒོང་གཅིག་ལས་ཞང་བོད་མི་བརྒྱུད་ཀྱི་མེས་པོ་སྨོན་པའི་མི་བོ་ལུམ་ལུམ་ཞེས་བྱ་བ་དེ་བྱུང་ཞིང་། དེ་ལས་ཞང་ཞུང་དང་བོད་ཀྱི་མི་བརྒྱུད་རྣམས་ཆད་ཚུལ་བསྟན་ཡོད།
གོང་གི་སྲིད་པ་ཀློང་གི་སྒོ་ང་ལས་སྣོད་བཅུད་རྣམས་གྲོལ་ཚུལ་གྱི་ལྟ་བ་འདི་ནི་བོན་ལུགས་ཀྱི་ལྟ་ཚུལ་ལམ་གནའ་རབས་བོད་ཀྱི་རང་བྱུང་ཁམས་ཀྱི་དགོངས་པ་མཚོན་པ་ཞིག་ཡིན་སྟབས། དེང་སྐབས་བོད་མི་མང་ཤོས་ལ་གོམས་པའི་སངས་རྒྱས་ཆོས་ལུགས་སྣོད་བཅུད་ཆགས་ཚུལ་དང་མི་འདྲ་བས་འགའ་ཞིག་ལ་མཚར་མཚར་འདྲ་ནའང་། གྲུབ་མཐའི་ཕྱོགས་ཞེན་གྱི་ལྟ་བ་གུ་དོག་པོ་དེ་སྤངས་ནས་རིགས་པ་བརྟགས་ན། བོད་ལུགས་ལྟར་བཤད་པའི་འབྱུང་བ་སྣ་ལྔའི་སྙིང་པོ་ལས་སྲིད་པ་ཀློང་གི་སྒོ་ང་གྲུབ་ཚུལ་དང་། དེང་སང་གི་ཚན་རིག་པ་རྣམས་ཀྱིས་འབྱུང་བའི་བྱེད་ལས་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་མི་འདྲ་བ་སྣ་ཚོགས་ཤིག་ཆགས་པ་དང་། ཆགས་བཞིན་པ་དང་། སྟོང་པ་སོགས་ཀྱི་ཚུལ་ཇི་སྙེད་ཅིག་བཤད་པའམ། སྤྱིར་བཏང་འབྱུང་བའི་ནུས་པ་ཚོགས་པའི་ཕུང་པོ་ལས་སྲིད་པ་ཀློང་གི་སྒོ་ང་ཞེས་བྱ་བ། །སྒོ་ངའི་དབྱིབས་ཚུགས་དང་འདྲ་བ་ཞིག་ཏུ་གྲུབ་ཚུལ་གྱི་བཤད་པ་དེ་དང། དེང་དུས་ཀྱི་ཚན་རིག་པ་ཚོས་ཉི་ཁྱིམ་གྱི་གྲངས་སུས་ཀྱང་བགྲང་བར་མི་ནུས་པ་དེ་རྣམས་ཀྱི་ནང་དུ་གཟའ་དང་། སྐར་མ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་རིལ་པོ་བྱའི་སྒོ་ངའི་དབྱིབས་དང་འདྲ་བར་ཆགས་ཡོད་པའི་བཤད་པ་དང་འགལ་མེད་དུ་གྲུབ་ཡོད་པས་ན། གཤེན་གྱི་གསུང་ལས་བྱོན་པའི་ཀློང་སྒོང་དང་། །ཚད་མས་དངོས་སུ་དམིག་པའི་འཇིག་རྟེན་ནི། །སྲང་མདའི་ཡང་ལྗིད་མཉམ་པའི་རིགས་ལམ་འདིར། །མཁྱེན་ལྡན་གཞོན་ནུའི་ཚོགས་རྣམས་ཅིས་མི་དགྱེས། །ཞེས་པའི་གསུང་ངག་གཙུག་ཏུ་བཀུར་ནས། ཞལ་ཐང་གི་དཀྱུས་སུ་བཞེངས་ཡོད་པ་ལགས་ན། དོན་གྱི་ཞིབ་ཆ་མཁྱེན་འདོད་པ་དག་གིས་ནམ་མཁའི་ནོར་བུ་མཆོག་གི་གསུང་རྩོམ་《ཏི་སེའི་འོད》དང་《ནོར་བུའི་དོ་ཤལ།》《ནོར་བུའི་མེ་ལོང་།》 བཅས་མཇལ་བར་འཚལ་ལོ།། ཞེས་རྨ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གི་དགེ་མིང་ཅན་བིས་མདོ་བ་རྡོ་རྗེ་རིན་ཆེན་དུ་འབོད་པས་རབ་རྒྱན་མེ་གླང་ལོའི་རྒྱལ་ཟླའི་རྫོགས་པ་གསུམ་པའི་ཉིན་འཕྲལ་མར་བྲིས་པ་དགེ་ལེགས་འཕེལ།།
《ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོའི་རྣམ་བཤད་མཐོང་གྲོལ་ཀུན་གསལ་མེ་ལོང་》
འབྲུག་མོས་ཞུ་དག་བྱས། |