དུས་རབས་བདུན་པའི་དུས་མགོར་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱས་པ་ནས་བོད་ཀྱི་སྤྱི་ཚོགས་ཀྱི་སྒྲིག་གཞི་ཚགས་དམ་པར་བཅོས་ཤིང་། ཕྱི་འཇིག་རྟེན་གྱི་སྔོན་ཐོན་རིག་གནས་ཀུན་གྱི་ཉིང་བཅུད་བསྡུ་ལེན་བྱེད་པར་མཐའ་བཞིའི་རྒྱལ་ཁབ་ཀུན་ལ་མཛའ་མཐུན་གྱི་འབྲེལ་ལམ་མང་པོ་བརྒྱུད་ནས། བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་དེ་ཉིན་རེ་བཞིན་གོང་འཕེལ་སོང་བ་མ་ཟད། མཐའ་བཞིའི་གྲངས་ཉུང་མི་རིགས་སམ་ས་ཁུལ་མང་ཆེ་ཤོས་ཀྱང་དབང་དུ་བཅུག ཤ་ཅུ་ས་ཁུལ་དེ་དུས་རབས་བདུན་པའི་དུས་དཀྱིལ་ཙམ་ནས་བོད་ཀྱི་སྲིད་གཞུང་དང་འབྲེལ་བ་དམ་པོ་བྱུང་ཡོད། ལྷག་པར་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ཀྱི་སྟོབས་ཤུགས་དེ་འཕེལ་རྒྱས་ཀྱི་ཡང་རྩེར་སླེབས་ཡོད་པས། ལོང་ནན་དང་ཧི་ཞིའི་ས་ཁུལ་ཡོངས། ཨན་ཞིའི་སྡེ་བཞི་ལ་སོགས་པའི་ས་ཆ་ཐམས་ཅད་བོད་ཀྱིས་བདག་གིར་བཟུང་བ་ལ་ས་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ཚགས་དམ་གཏན་འཁེལ་བྱས་པ་མ་ཟད། བོད་ཀྱི་མང་ཚོགས་ཀྱང་ས་ཁུལ་དེ་དག་ཏུ་སྤོས་ཏེ་གཏན་སྡོད་མཛད།
ཤ་ཅུ་ནི་ད་ལྟའི་ཀན་སུའུ་ཞིང་ཆེན་གྱི་ཆེས་ནུབ་ཕྱོགས་སུ་ཡོད་པའི་ས་ཁུལ་ཞིག་ཡིན། གནའ་དུས་ནས་ཨེ་ཤ་ཡ་དང་ཡོ་རོབ་གླིང་བར་གྱི་འགྲིམ་འགྲུལ་དང་དཔལ་འབྱོར་བརྗེ་རེས་བྱེད་པའི་དར་གོས་ཚོང་ལམ་སྟེང་གི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཤ་ཅུ་ནི་སྟོད་སྨད་གཉིས་ཀྱི་འགྲུལ་ལམ་གྱི་འགག་གནད་ཅིག་ཡིན་པས་ཐང་བོད་ཕྱོགས་གང་ལ་མཚོན་ནའང་དཔལ་འབྱོར་དང་རིག་གནས་ཀྱི་ཁེ་ཕན་ལས་གཞན་དེ་ལས་ཀྱང་གཙོ་བོ་ཞིག་ནི་ནུབ་ཕྱོགས་ཀྱི་ཨན་ཞི་སྡེ་བཞི་ལ་སོགས་པ་དབང་བསྒྱུར་ཐུབ་མིན་ལ་རག་ལས་ཡོད། ཨན་ཞི་སྡེ་བཞི་དབང་དུ་བསྒྱུར་ཐུབ་མིན་ཐད་ཀར་ཐང་བོད་ཕྱོགས་གཉིས་ཀྱི་བདེ་འཇགས་ལ་ཐུག་ཡོད་པས་དམག་འཁྲུག་གི་དྲང་བདེན་རང་བཞིན་ཡང་དེ་ལས་མ་འདས་ལ། རྒྱལ་ཕམ་གྱི་དབྱེ་བ་ཡང་ཕྱོགས་གཉིས་ཀྱི་སྟོབས་ཤུགས་ལ་རག་ལས། (1)དེ་བས་བོད་བཙན་པོའི་སྟོབས་ཤུགས་དེ་དུས་རབས་བདུན་པའི་དུས་དཀྱིལ་ནས་ཤ་ཅུ་ས་ཁུལ་དུ་ཐོན་ཡང་། གཅིག་ནས་སྐབས་དེར་བོད་ཀྱི་དམག་དཔུང་གི་སྟོབས་ཤུགས་ཕྱོགས་བཞིར་ཁྱབ་ཡོད་པ་དང་། གཉིས་ནས་ནུས་པ་ལྡན་པའི་སྲིད་གཞུང་གི་འཐུས་སྒོ་ཆ་ཚང་ཞིག་གྲུབ་མེད་པ། གསུམ་ནས་ཐང་རྒྱལ་རབས་ཀྱི་སྲིད་འབྱོར་རིག་གསུམ་ཆེར་རྒྱས་ཡོད་སྟབས་བོད་ཀྱི་བྱ་སྤྱོད་ནི་འགྲོ་ཞོར་དང་འཐབ་ཞོར་གྱི་རྣམ་པར་ཟད།
རྒྱལ་བོ་སྲོང་བཙན་སྒམ་པོ་ནས་བཟུང་དུས་རབས་གཅིག་ལྷག་གི་རིང་སྔོན་གྱི་མནའ་འབྲེལ་ལམ་ལུགས་ཀྱི་རྨང་གཞིའི་སྟེང་རྒྱལ་བློན་བར་གྱི་འབྲེལ་བ་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ཚགས་ཇེ་ཞིབ། འབངས་དམག་གི་དབྱེ་བ་ཞིབ་མོ་དབྱེ་ནས་ཞིང་ཕྱུགས་ཐོན་སྐྱེད་གོང་འཕེལ་དུ་གཏོང་བར་བརྩོན་པ་མ་ཟད། བཙན་པོའི་སྟོབས་ཤུགས་ཕྱོགས་བཞིར་བསྐྱེད་ནས་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཐོན་ལ། རིག་གནས་དང་ལག་རྩལ་ཐད་ནས་ཀྱང་རིགས་མང་ནང་འདྲེན་གྱིས་བོད་ཀྱི་སྤྱི་ཚོགས་དེ་དཔལ་འབྱོར། རིག་གནས། ཆབ་སྲིད་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་རྩེར་སོན། དེ་ལས་གལ་ཆེ་བ་ཞིག་ནི་བོད་བཙན་པོའི་སྟོབས་ཤུགས་ཀྱིས་སྐབས་དེའི་ནུབ་ཕྱོགས་ཀྱི་ཏ་ཟིག་ལ་སོགས་པའི་རྒོལ་བ་བཀག་ཏེ་མེས་རྒྱལ་ནུབ་ཁུལ་གྱི་བདེ་འཇགས་དང་མི་རིགས་མང་བོ་མཐུན་སྒྲིལ་མཉམ་གནས་འོངས་པར་བྱས་རྗེས་རླབས་ཆེན་བཞག་ཡོད།
དང་པོ། བོད་ཀྱི་བརྡ་རྙིང་ཡིག་ཚང་ལས་བྱུང་བའི་དཔོན་རིམ་དང་ཡི་གེ་སྩོལ་ལུགས།
༡.དབང་བསྒྱུར་གྱི་ཐོག་མའི་ཛ་དྲག་གི་གནས་བབ་དང་དེའི་ཕྱིས་ཀྱི་དཔོན་གནས་ལམ་ལུགས་ལ་ཐེབས་པའི་ཤུགས་རྐྱེན། རྒྱ་བོད་ཀྱི་ཤོག་དྲིལ་ཡིག་ཆ་དག་བསྡུར་ན་བོད་བཙན་པོས་ཤ་ཅུ་ས་ཁུལ་དབང་དུ་བསྡུས་རྗེས་ནས་ཐོག་མའི་ལོ་བཅུ་ལྷག་ཙམ་གྱི་རིང་ལ་ས་གནས་ཀྱི་སྟོབས་འབྱོར་ཅན་གྱིས་འགོ་ཁྲིད་པའི་འོས་ལངས་བསྟུད་མར་བྱུང་བས། བོད་ཀྱི་སྲིད་འཛིན་གྱི་འགོ་བ་མཐོ་ཤོས་མང་པོའི་རང་སྲོག་ཤོར་བ་མ་ཟད་སྲིད་འཛིན་གྱི་དཔོན་སྣེ་ཡང་བརྗེ་སྤོར་གང་མང་བྱས་ཡོད་དེ། དབྱིན་ཇིའི་རྒྱལ་ས་ལོན་ཏོན་གྱི་ཧིན་རྡུའི་ལས་དོན་པུའུ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ཡིག་བྲིས་མ་རྟགསfr.80བར།
༡.ཕོ་བྲང་འོན་ཅང་དོ་ནས་བཀྱེ་བའི་ཕྱག་རྒྱ་ཕོག་སྟེ། ཞ་སྔར་སྡུན་དུ་བཙན་
༢.པོས། ཤ་ཅུའི་སྐུན་ཀར་འབངས་དང་བཆས་སུ་ཕག་ཏུ་བཞེས་ཏེ་
༣.ཆབ་སྲིད་ལ་བསྟོས་ཏེ། བོད་འབངས་ཀྱི་མཆོག་བཀུམ་གྱིས་ཤིང་། ཐུགས་
༤.པག་ཏོ་དོག་རྩེ་རྗེར་བསྐོས་ཐེ་དགུང་ལོ་བདུན་ལགས་ན་ཡང་། ཤ་ཅུ་
༥.བཀུམ་ནས། སླད་གྱིས་ཁྲོམ་གྱིས་མདབ་ནོན་པས་ལྷོག་པའི་རྔབ་
༦.བདག་སྤུས་བཐུས་ཏེ་རྩེ་རྗེར་སྩལད་ནས། དགུང་ལོ་བཅུ་
༧.ནང་འཁྲུག་དང་པན་པུན་དུ་མ་གྱུར་ད་ཕ་ལགས། རྗེ་བླས་ཀྱང་སྩང་
༨.པ་ཡང་མྱི་ཆད་པར་འབུལ་ཞིང་བླར་ཡང་སྨན་ཡོན་ཐོགས་པ་བདག་གློ་
༩.སྣས་མྱི་དབུལ་བར་ཕྱག་རྒྱ་འགའ་ཞིག་ཆི་གནང་ཞེས་གདོལ་
༡༠.དབུལ་བར་གནང་ཞེས། བཀའ་བློན་བཚན་བཞེར་དང་བློན་ཉ་
༡༡.ཕྱག་རྒྱ་འཆན་དུ་སྩལད་པ། (2)
གོ་བདེར་ཕབ་པ། ཕོ་བྲང་འོན་ཅང་དོ་ནས་གནང་བའི་བཀའ་རྒྱ་ཕབ་པ། བཙན་པོའི་ཞ་སྔར་སྔོན་ཤ་ཅུའི་སྐུ་མཁར་དང་འབངས་བཅས་པ་བདག་གིར་བཞེས་པ་ལ། རྒྱ་མི་རེ་འགས་བཙན་པོའི་སྲིད་དབང་ལ་མ་འདོད་པར་བོད་ཀྱི་འབངས་དམག་ལས་དཔོན་སྣེ་མཆོག་བཀུམས་པ་ལ། ཐུགས་རྒྱ་ཆེ་ཞིང་ཐབས་ཡོད་པ་ཞིག་ཏོ་དོག་རྩེ་རྗེར་བསྐོས་ཏེ་ལོ་བདུན་སོང་ཡང་ཛ་དྲག་གི་ལོ་རྒྱུས་གནས་བབ་བསྒྱུར་མ་ཐུབ་པས་ཤ་ཅུའི་ངོ་ལོག་པས་བསད། དེ་ལ་ཁྲོམ་གྱི་མདུན་ས་ནས་སྤྱི་ཚོགས་བདེ་འཇགས་གོ་རིམ་ཅན་དུ་སླར་གསོ་འོངས་པར་བདག་གི་ནུས་པར་གདེངས་འཇོག་མཐོན་པོ་གནང་ནས་རྩེ་རྗེར་བསྐོས་པའི་ལོ་བཅུའི་རིང་ནང་འཁྲུག་དང་མི་མཐུན་པའི་གནས་ཚུལ་ཅི་ཡང་མ་བྱུང་བས། བཙན་པོས་འབྲུ་རིགས་རྒྱུན་ཆད་མེད་པར་གནང་བར། བདག་གིས་ཀྱང་ཅི་ནུས་པས་བཙན་པོའི་སྲིད་དབང་ལ་ཕན་པ་རྒྱ་ཆེར་ཐོབ་ན་ཡང་སེམས་གཏིང་ནས་མ་བཞེས་པར། བཀའ་རྒྱ་ཅི་ཞིག་གནང་ཞེས་གསོལ་བ་ལ་སྔར་གྱི་གོ་གནས་དང་བཀའ་རྒྱ་བསྩལ་ཞེས། བཀའི་བློན་བཙན་བཞེར་དང་བློན་ཉས་བཀའ་ཡིག་ལ་སུག་རྒྱས་མནན་ཏེ་གནང་ཞེས་པའོ། །
གོང་གི་ཤོག་དྲིལ་ལས་གསལ་བ་ལྟར་བོད་བཙན་པོས་ཤ་ཅུ་ས་ཁུལ་དབང་དུ་བསྡུས་ནས་ལོ་དུ་མ་ཞིག་འགོར་རྗེས་སུ། ས་གནས་མི་དམངས་ཀྱིས་བོད་ཀྱི་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་འོས་ལངས་བྱུང་ནས་བོད་ཀྱི་འབངས་དམག་ལས་དཔོན་སྣེ་མཆོག་བཀུམ་པ་ཐུགས་རྒྱ་ཆེ་ཞིང་ཐབས་ཡོད་པ་ཞིག ཏོ་ཏོག་རྩེ་རྗེར་བསྐོས་ཏེ་ལོ་བདུན་འགོར་རིང་དུ་ཤ་ཅུ་ས་ཁུལ་གྱི་ཛ་དྲག་ཆེ་བའི་ལོ་རྒྱུས་ཀྱི་གནས་བབ་བསྒྱུར་མ་ཐུབ་པར་འོས་ལངས་དམག་གིས་བཀྲོངས་པ་ཡིན། སྐབས་འདི་དག་གི་ཟིང་འཁྲུག་གི་གནས་ཚུལ་ཤོག་དྲིལ་S.1438(3)ཐིག་ཕྲེང་༧༡པར”ཤ་ཅུའི་བཙན་པོའི་སྲིད་དབང་ལ་རྒོལ་བའི་ཟིང་འཁྲུག་ཐེངས་མང་བསླངས་པ་མཚམས་བཞག་མ་ཐག་འབངས་བདེར་ཕབ་ནས་དཔོན་གནས་བགོས་པ”ཐིག་ཕྲེང་༧༢པར་“ལོ་གཉིས་མ་འགོར་བར་ཟིང་འཁྲུག་སླར་ལངས”། ཟིང་འཁྲུག་དུ་ཞུགས་པའི་ངོ་ལོག་པ”ཧྥན་གོ་ཀྲུང་སོགས་མི་དྲུག་གིས་གོ་མཚོན་ཆ་ཚང་སྤྲས་ནས་ཟླ་འདིའི་ཚེས་བཅུ་གཅིག་གི་ནམ་ཕྱེད་ཡོལ་མར་མཁར་སྒོ་ཆུང་བ་ནས་འཛུལ་ཏེ་སྤྱན་ཆེན་པོ་སོགས་བསད། དགོང་མོ་དེར་འབངས་མི་མང་པོས་དགའ་འབོད་ཀྱིས་རྒྱུད་བསྒྲགས་པ་མུན་ནག་པས་མང་ཉུང་ཤེས་ཐབས་བྲལ། …མཁར་ཕྱི་ནང་ཀུན་ཏུ་བོད་བློན་རྣམས་འབྲོ་སྐོང་བྱེད་པ་སོགས་ཧ་ཅང་ཪྙོག་ཟིང་ཆེ་བར་མནའ་གྲལ་དུ་ཚུད་པ་འགས་རྩེ་རྗེ་དང་བོད་སྤྱན་བུ་ཚ་སོགས་ལྷོ་སྒོ་ནས་སྐྱོབ་རྩིས་བྱས་པར་རྩེ་རྗེ་སོགས་ཀྱིས་ཁང་བ་མེར་བསྲེགས། གྲིས་རང་སྲོག་བཅད་དེ་མེར་ལྕེབས་ནས་ཐལ་བར་གྱུར། འབངས་མི་རྣམས་བསྡུས་ནས་ཞི་དྲག་གཉིས་ཀྱིས་ངོ་ལོག་པ་བཟུང་བར་ལྷ་མིས་དཀར་ནག་གི་དབྱེ་བ་ཤེས་ནས་ཧྥན་གོ་ཀྲུང་སོགས་མ་ལུས་པར་ཁྲིམས་རྒྱར་བཅུགབོད་ཀྱི་དཔོན་དམག་སོགས་ཤི་རྨས་བྱུང་བ་བགྲངས་ཀྱིས་མི་ལངས། “ཞེས་པ་བཞིན་བོད་བཙན་པོས་ཤ་ཅུ་དབང་དུ་བསྒྱུར་བའི་ཐོག་མའི་དུས་སུ། སྤྱི་ཚོགས་དང་སྲིད་གཞུང་གི་སྒྲིག་གཞི་ཆ་ཚང་མེད་པ་མ་ཟད་ས་གནས་མི་དམངས་ཀྱིས་བཙན་འཛུལ་བར་འཛིན་པའི་དགྲའི་སེམས་ཀྱི་ལྟ་སྟངས་ཞི་མེད་པས། ཟིང་འཁྲུག་ཐེངས་མང་བསླངས་ནས་བོད་ཀྱི་དབང་བསྒྱུར་ལ་རྒོལ་བ་ཚ་ནན་ཐེབས་པའི་གནས་ཚུལ་དེ་ལྟ་བུ་ཞིག་གི་འོག གོང་གི་བོད་ཡིག་གི་ཤོག་དྲིལ་འདིའི་རྩོམ་པོ་ཉིད་ཤ་ཅུའི་རྩེ་རྗེ་བསྐོས་པ་དང་ཐེངས་འདིར་བོད་ཀྱི་དཔོན་དམག་མང་པོ་བཀྲོངས་པ་ཡིན་པས། བོད་ཀྱིས་ཤ་ཅུ་དབང་དུ་བསྡུས་རྗེས་ཀྱི་ཐོག་མའི་ལོ་བཅུ་ལྷག་རིང་སྔ་ཕྱིར་ཐེངས་གསུམ་ལ་སྲིད་གཞུང་གི་དཔོན་གནས་དག་བརྗེ་སྤོར་བྱས་ཡོད། S.5812《གླང་ལོའི་(༨༠༩)ཟླ་བརྒྱད་པར་ཕུལ་པའི་ཤ་ཅུ་འབངས་ཀྱི་སྡོད་ཁང་གི་རྩོད་པའི་ཁྲམ་ཚན》(4)ཡི་གེ་འདིའི་འགོར་”བློན་སྟག་ཞི(论悉诺息)སླེབས་དུས་འབངས་མང་གི་སྡོད་ཁང་གཞི་འཛིན་ལ་རྩོད་པ་ཆེ་བར་གཞུང་ཡིག་གནང་བ་ཡོད་མཁན་ཁང་བདག་ཡིན་པར་ཕྱིན་ཆད་རྩད་མི་ཆོག་པར་བཅོས་པ་མ་ཟད། བློན་མང་ལོད(论莽罗)ནས་ལྡིང་ཀའི་ས་གནས་དག་འབངས་ཀྱི་ལྡུམ་ར་དང་སྡོད་ཁང་དུ་བགོས་ནས་སྔར་བཞིན་འཕྲོག་རྩོད་མི་ཆོག་པའི་བཀའ་རྒྱ་གསར་དུ་གནང་། “ཞེས་དང་། སྡོད་ཁང་རྩོད་པའི་གནས་ཚུལ་བརྗོད་སྐབས”ཁོས་(ཁྱིམ་མཚེའི་བདག་པོ)གཞུང་གི་བྱ་བར་གནོད་པར་མི་ལྟ་བར་ཁང་ས་བཙན་གྱིས་བདག་གིར་བཟུང་ནས་ལོ་ཉི་ཤུའི་རིང་ལ་དཔྱད་གླེང་ཅི་ཡང་མེད་པ་ཅི། ཁོ་ནི་དང་པོ་ནས་གཡོ་སྒྱུ་ཆེ་བ་ཀུན་གྱིས་ཤེས་གསལ་ལྟར། “ཡིག་ཆ་འདི་ལས་ང་ཚོས་ཤེས་ཐུབ་པ་ནི་བློན་སྟག་ཞི་ནི་སྤྱི་ལོ༧༨༨ཡས་མས་སུ་ཤ་ཅུར་ས་ཁུལ་དུ་ཡོད་པའི་བློན་པོ་ཞིག་ཡིན། ཡང་གཅིག་བཤད་ན་ཤ་ཅུ་ས་ཁུལ་གྱི་གནས་ཚུལ་ཧ་ཅང་ཪྙོག་འཛིང་ཆེ་བའི་དུས་སྐབས་ཡིན་པས། ཁོས་ཤ་ཅུ་ས་ཁུལ་གྱི་ཛ་དྲག་ཆེ་བའི་རྣམ་པ་དེ་ཞོད་འཇགས་སུ་གཏོང་བར་ནུས་པ་ཆེན་པོ་ཐོན་པ་མ་ཟད། ལོ་ངོ་ཉི་ཤུ་ལྷག་འགོར་ནའང་ཁོང་གི་གསུངས་ཚད་མར་འཛིན། S.1438ཐིག་ཕྲེང79པར་”རྩེ་རྗེ་གསར་བ་ཤ་ཅུར་སླེབས་རྗེས་འབངས་བདེ་ཞིང་ཞིང་ལས་གཉེར”། ཞེས་དང་། བོད་ཡིག་ཤོག་དྲིལfr.80པར་”སླད་གྱིས་ཁྲོམ་གྱིས་མདབ་ནོན་པས་ལྷོག་པའི་རྔབ་བདག་སྤུས་བཐུས་ཏེ་རྩེ་རྗེར་སྩལད་ནས། དགུང་ལོ་བཅུ་ནང་འཁྲུག་དང་པན་པུན་དུ་མ་གྱུརད་ཕ་ལགས། “ཞེས་གོང་གི་ཡིག་ཆ་གསུམ་པོར་མིང་གསལ་བོ་བཀོད་ཡོད་མེད་མ་གཏོགས་བློན་པོ་གལ་ཆེ་བ་ཞིག་གིས་ཤ་ཅུའི་དབང་བསྒྱུར་ཐད་བྱས་རྗེས་ཧ་ཅང་ཆེ་བ་ཁ་མཐུན། དེ་བས་གོང་གི་ཤོག་དྲིལ་དག་ཏུ་བརྗོད་བའི་བློན་པོ་དག་ནི་མི་སྣ་གཅིག་ཏུ་འདོད།
དེ་བས་གོང་གི་ཤོག་དྲིལ་ལས་བྱུང་བའི་སྤྱི་ལོ༨༠༩ནས་ཕྱིར་ལོ་ཉི་ཤུ་དེད་པའི་སྤྱི་ལོ་༧༨༨རྩེ་རྗེ་གསར་བ་བློན་སྟག་ཞིའི་འགུལ་བསྐྱོད་ཞིབ་པར་བཀོད་ཡོད་པས་ཁོ་རང་ནི་སྤྱི་ལོ༧༨༦-༧༨༧བར་ཤ་ཅུར་སླེབས་པ་ངང་གིས་ཤེས་ཐུབ། དེས་ན་ཐུགས་པག་ཏོ་ཏོག་རྩེ་རྗེ་བཀྲོངས་ལོ་དང་ཧྥན་གོ་ཀྲུང་འོས་ལངས་བྱུང་བ། ཤ་ཅུ་བོད་ཀྱིས་དབང་དུ་བསྒྱུར་རྗེས་ཀྱི་ལོ་དགུ་བ་རང་ཤུགས་ཀྱིས་སྤྱི་ལོ༧༨༦ལ་འབབ་དེ་ནས་ལོ་དགུ་ཡར་དེད་ན་སྤྱི་ལོ༧༧༧ཤ་ཅུ་ཐོག་མར་བོད་ཀྱིས་དབང་དུ་བསྡུས་པར་ར་སྤྲོད་ཐུབ།
མདོར་ན། ཤ་ཅུ་ས་ཁུལ་བོད་བཙན་པོས་དབང་དུ་བསྡུས་པའི་ཐོག་མའི་དུས་སུ་ཤ་ཅུའི་འབངས་ལས་འོས་ལངས་ཐེངས་མང་བྱས་ཏེ་ཏོ་ཏོག་རྩེ་རྗེ་དང་བཅས་པ་སྐུ་གཤེགས་རྗེས་བློན་སྟག་ཞི་ཟེར་བ་ཞིག་རྩེ་རྗེ་བསྐོས་པ་ལ་ཁོས་སྔ་ཕྱིར་ལོ་བཅུ་ལྷག་ལ་འགན་བཞེས་ཏེ་བོད་ཀྱི་དབང་བསྒྱུར་སྲ་བརྟན་དང་ཤུགས་སྣོན་བྱེད་ཐབས་མང་པོ་ལག་བསྟར་བྱས་པས། ལོ་བཅུའི་རིང་ཐད་དུ་ནང་འཁྲུག་དང་མི་མཐུན་པའི་གནས་ཚུལ་ཅི་ཡང་མ་བྱུང་། དེ་ནས་ལོ་ངོ་ཉི་ཤུ་ལྷག་མགོར་རྗེས་སུ་བྲིས་པའི་ཤོག་དྲིལ་ལྟར་ན་ཤ་ཅུ་ས་ཁུལ་གྱི་དམངས་དོན་ཞུ་གཏུགས་སུ་ཡང་ཁོང་གི་གསུངས་ཚད་མར་བཟུང་ནས་དཔོན་འབངས་ཡོངས་ཀྱིས་རྗེས་སུ་ཡི་རང་བྱེད་ལ། བོད་ཡིག་གི་ཤོག་དྲིལ་དུ་བཙན་པོས་ཀྱང་ཁོང་ལ་བརྩི་མཐོང་ཆེན་པོས་འབྲུ་རིགས་སོགས་རྒྱུན་ཆད་མེད་པར་གནང་བའི་ཚུལ་བཀོད་ཡོད། རྩེ་རྗེ་གསར་བ་འདི་ནི་བོད་ཀྱིས་ཤ་ཅུ་ས་ཁུལ་གྱི་དབང་བསྒྱུར་ཐད་བྱས་རྗེས་ཧ་ཅང་ཆེ་བའི་དཔོན་སྣ་ཞིག་ཡིན་པ་མ་ཟད། ཏུན་ཧོང་གི་ལོ་རྒྱུས་སྟེང་ཡར་ཐོན་ལྡན་པའི་མི་སྣ་ཞིག་ཡིན།
ཟིང་འཁྲུག་འདི་དག་གིས་དབང་བསྒྱུར་བར་ངོས་ཤེས་ཟབ་མོ་ཞིག་ཐེབས་པ་ནི་སྔར་གྱི་གཏུམ་སྤྱོད་ཀྱི་བྱེད་སྟངས་ཡོངས་སུ་དོར་ནས་སྤྱི་ཚོགས་དང་སྲིད་འཛིན་སྒྲིག་གཞིར་ཚགས་དམ་པ་དང་། འབངས་ལས་སྐད་གྲགས་ཡོད་པའི་དཔོན་སྣེ་བསྐྱར་འདེམས་བྱས་པ་མ་ཟད་བོད་རྒྱ་བློན་ཡོངས་ནས་ཁྲག་འཐུང་ནས་མནའ་བསྐྱལ་བ་སོགས་ས་གནས་དཔོན་འབངས་ཀྱི་བློ་འགུགས་ལ་ཧུར་བསྐྱེད་བྱས་པ་སྟེ། P1438ཐིག་ཕྲེང12པར”བཙན་པོས་བདག་གིར་བཟུང་ནས་ལོ་ངོ་བརྒྱད་རིང་ལ་སྔ་ཕྱིར་ཐེངས་གསུམ་ལ་ཁྲག་འཐུང་ནས་མནའ་བསྐྱལ། “ཞེས་དང་”མཁར་ཕྱི་ནང་ཀུན་ཏུ་བོད་བློན་རྣམས་འབྲོ་སྐོང་བྱེད་པ་སོགས་ཧ་ཅང་ཪྙོག་ཟིང་ཆེ་བར་མནའ་གྲལ་དུ་ཚུད་པ་འགས་རྩེ་རྗེ་དང་བོད་སྤྱན་བུ་ཚ་སོགས་ལྷོ་སྒོ་ནས་སྐྱོབ་རྩིས་བྱས”ཞེས་རྒྱལ་བློན་མནའ་འབྲེལ་གྱི་ལམ་ལུགས་ནི་གདོད་མའི་ཚོ་ཁག་མནའ་འབྲེལ་གྱི་ཤུལ་རྗེས་གསལ་བོ་ཞིག་ཡིན། མནའ་འབྲེལ་གྱིས་གཅིག་ནས་རྒྱལ་བློན་བཙན་པོའི་སྲིད་ལ་བློ་སེམས་གཅིག་ཏུ་བསྡུ་བ་དང་ཕྱོགས་གཞན་ནས་ཞང་དང་བློན་གྱི་བུ་ཚའི་སྤྱི་ཚོགས་ཀྱི་གོ་གནས་ཁག་ཐེག་བྱས་ཡོད། གསར་དུ་དར་བའི་བོད་ཆེན་པོའི་རྒྱལ་ཁབ་ལ་མཚོན་ན་རྒྱལ་བློན་སྲིད་ལ་རྡོག་རྩ་གཅིག་ཏུ་སྤྲེལ་པར་གལ་ཆེའི་རང་བཞིན་ཡོད་པས། ཐང་ཡིག་གསར་མར”རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ངུ་རེ་བསྡུ། དེ་དུས་ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད། ལོ་གསུམ་ན་འདུན་མ་ཆེ་རེ་བསྡུ། “(5)ཞེས་གསལ། བོད་ཀྱིས་ཤ་ཅུ་ས་ཁུལ་དབང་དུ་བསྡུས་རྗེས་ཤ་ཅུའི་སྐུ་དྲག་དང་དཔོན་རིགས་ཁག་བསྡུས་ནས་བོད་བློན་རྩེ་རྗེ་སོགས་དང་མཉམ་དུ་མནའ་བསྐྱལ་ཏེ་དཔོན་གནས་བསྩལ་པ་གསལ་བོ་ཤེས་ཐུབ། ཤོག་དྲིལ་དུ་གསལ་བ་ལྟར་མནའ་འབྲེལ་ལམ་ལུགས་ཀྱིས་ཤ་ཅུ་ས་ཁུལ་གྱི་བདེ་འཇགས་དང་རྒྱ་བོད་མཐུན་སྒྲིལ་འོངས་པར་ནུས་པ་བླ་མེད་ཐོན་པ་མ་ཟད། ཕྱིས་ཀྱི་བོད་བློན་དང་རྒྱའི་དཔོན་རིགས་མཉམ་གནས་ཀྱི་སྲིད་གཞུང་གི་རྩ་འཛུགས་འཐུས་ཚང་ཞིག་གྲུབ་པར་རྨང་གཞི་བཏང་།
༢.ཤ་ཅུ་ས་གནས་སྲིད་གཞུང་གི་དཔོན་རིམ་དངོས་བཤད་པ།
སྤྱིར་བཏང་སྲིད་གཞུང་གི་སྒྲིག་གཞིས་སྤྱི་ཚོགས་ཀྱི་དོ་དམ་དང་རྩ་འཛུགས་དང་ཆབ་སྲིད་ཀྱི་འཇོན་ཐང་བཅས་གསལ་བོ་མངོན་ཐུབ། བོད་བཙན་པོའི་སྲིད་གཞུང་གི་སྒྲིག་གཞིས་སྐབས་དེའི་བོད་མིའི་ཆབ་སྲིད་ཀྱི་འཇོན་ཐང་དང་རྩ་འཛུགས་ཀྱི་ཚགས་དམ་མིན་གསལ་བོ་མངོན་ཡོད། སྤྱི་ཚོགས་དོ་དམ་དང་བདེ་འཇགས་ལེགས་པོ་འོངས་མིན་ནི་སྲིད་གཞུང་གི་སྒྲིག་གཞི་ཚགས་དམ་མིན་ལ་ཐུག་ཡོད་པས། བོད་བཙན་པོའི་མངའ་ཁོངས་རྒྱ་ཆེན་པོ་དེ་ལོ་ངོ་ཉིས་བརྒྱ་ལྷག་ལ་ཡུན་གནས་ཐུབ་པ་ནི་སྲིད་གཞུང་གི་སྒྲིག་གཞི་ཚགས་དམ་པོ་ཞིག་ཡོད་པའི་རྟགས་ཡིན། ལྷག་ཏུ་དམག་སྲིད་ཀྱི་རྩ་འཛུགས་འཐུས་ཚང་ཞིག་མེད་ན་དེ་ལྟ་བུའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་འོག་གཞི་རྒྱ་ཆེ་བའི་དམག་དཔུང་བཀོད་འདོམས་མི་ཐུབ་པ་མ་ཟད། མི་རིགས་མང་པོ་མཉམ་དུ་ཡུན་གནས་ཀྱི་དོ་དམ་ལེགས་པོ་འོངས་མི་སྲིད་པས་བོད་བཙན་པོས་སྲིད་གཞུང་ནས་སྲིད་གཞུང་གི་སྒྲིག་འཛུགས་ཐད་ནུས་པ་བླ་ལྷག་བཏོན་ནས་འཐུས་ཇེ་ཚང་དང་སྒྲིག་ལམ་ཅན་དུ་འབད་པ་ལྷོད་མེད་བྱས་ཡོད་། བོད་བཙན་པོའི་རྒྱལ་རབས་ནི་གདོད་མིའི་ཚོ་ཁག་མནའ་འབྲེལ་གྱི་རྨང་གཞིའི་སྟེང་འཕེལ་རྒྱས་ཕྱིན་པ་ཡིན་པས་གདོད་མའི་ཚོ་ཁག་མནའ་འབྲེལ་གྱི་ཤུལ་རྗེས་མངོན་ཤུགས་གང་རུང་ནས་མངོན་སྟེ། གོ་གནས་བསྐོ་འཇོག་དང་སྤྱི་ཚོགས་ཀྱི་ལས་སྒོ་མི་འདྲ་བར་འགན་ནུས་དབྱེ་བ། དབང་ཆའི་ཆེ་ཆུང་བཀར་བ་ནི་སྔོན་གྱི་ཚོ་ཁག་མནའ་འབྲེལ་གྱི་རྨང་གཞིའི་སྟེང་ཡུན་རིང་བོའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱི་བློ་གྲོས་ཀྱིས་མི་རིགས་དང་རྒྱལ་ཁབ་གཞན་ལ་སློབ་སྦྱོང་དང་། མི་རིགས་གཅིག་གྱུར། མངའ་ཁོངས་རྒྱ་བསྐྱེད་པའི་ཕྱི་རོལ་གྱི་སྒུལ་ཤུགས་འོག་འཐུས་ཚང་དུ་གྱུར་བ་རེད།
1བདེ་བློན་གྱི་མདུན་ས་དང་ཁྲི་དཔོན་གྱི་སྐོར།
ཤ་ཅུ་ནི་བོད་ཆེན་པོའི་ཤར་ཕྱོགས་ཀྱི་བདེ་བློན་ཁམས་ཆེན་པོ་བཞིའི་ཡ་གྱལ་ཧི་ཞིའི་བདེ་བློན་ཁམས་ཆེན་པོར་གཏོགས་པར། བདེ་བློན་གྱི་མདུན་ས་ཁྲོམ་གྱི་མདུན་ས་བཙུགས་ནས་ཤ་ཅུ་སོགས་ཧི་ཞིའི་ས་ཁུལ་ཡོངས་ཀྱི་དམག་དོན་དང་རིག་གནས། དམངས་དོན་གྱི་བྱ་བ། ས་ཁུལ་ཁག་གི་སྲིད་དམག་གི་འགོ་ཁྲིད་བསྐོ་འཇོག་བཅས་གཅིག་གྱུར་གྱིས་བཀོད་འདོམས་བྱེད། ལས་ཁུངས་དེ་ནི་བདེ་བློན་ཁམས་ཆེན་པོའི་དམག་སྲིད་ཀྱི་དཔོན་གཞུང་མཐོ་ཤོས་ཡིན། རྗེས་ཧི་ཞིའི་བདེ་བློན་ཁམས་ཆེན་པོ་དེ་ཤར་ནུབ་གཉིས་སུ་བགོས་ནས་ཀཱ་ཅུ་ཁྲོམ་ཆེན་པོ་དང་ལའང་ཅུ་ཁྲོམ་ཆེན་པོ་ཞེས་ལོ་རྒྱུས་ལ་ལར་བོད་ཀྱི་ཤར་ཕྱོགས་ཀྱི་ཁྲོམ་ཆེན་པོ་ལྔ་ཞེས་འབོད། (6)སྤྱིར་བཏང་བདེ་བློན་གྱི་མདུན་ས་བློན་ཆེན་བཞི་ཡིས་གྲུབ་པ་སྟེ། P.T1089ལས་”བདེ་བློན་གྱི་མདུན་མ། ཞང་བཙན་བཟང་དང་བློན་རྒྱལ་སྒྲ། སྤྱན་བློན་བྱང་བཞེར་དང་བློན་གཡུ་……ར་བསྡུས་ཏེ་”ཞེས་དང་། “ཞང་བཙན་བཟང་དང་བློན་རྒྱལ་སྒྲ། སྤྱན་བློན་བྱང་བཞེར། བློན་གཡུ་སྒྲས་མཆིད་ཀྱིས་བཅད་པས། བློན་ལེགས་བཞེར་ཁྱི་མ་འདོད་དང་བློན་ཀླུ་བཞེར་སྔོན་བཙན་གྱི་སུག་རྒྱ་འོག་ནས་གཏད་ནས་ཤ་ཅུའི་རྩེ་རྗེ་དང་། དཔོན་སྣའི་གྲལ་ཐབས་སླན་ཅད་འདི་བཞིན་དུ་མཆིས་པར་དཀར་ཆག་འོག་དཔེར་བྲིས་པའ། ཤ་ཅུའི་དཔོན་སྣའི་གྲལ་ཐབས་མཆིད་ཀྱིས་བཅད་དེ། སླན་ཅད་འདི་བཞིན་མཆིས……”(7)བདེ་བློན་གྱི་བློན་ཆེན་བཞིས་རྒྱུན་དུ་ཀྭ་ཅུ་གཙོ་བྱས་པའི་ས་ཁུལ་ཁག་ནས་བདེ་བློན་གྱི་མདུན་མ་བསྡུ་བ་ཡིན་ཏེ། P.T1079ལས”ལུག་གི་ལོ་ལ། བདེ་བློན་ཞང་བཙན་བཟང་དང་བློན་གཡུ་སྒྲ་དང་ཞང་ཁྲི་དོག་རྗེས་འདུན་ས་ཞར་བཏབ། ཞང་ལེགས་སུམ་བཙན་དང་བློན་རྒྱལ་བཟང་དང་ཞང་ལེགས་བཟང་གིས་ཀྭ་ཅུ་ཁྲོམ་གྱི་འདུན་ས་ཆེག་པེའུར་བསྡུས་”། (8)P.T1078ལས་”འབྲུག་ལོའི་དབྱར། ཀྭ་ཅུ་ཁྲོམ་གི་འདུན་ཙ། བློན་རྒྱལ་བཙན་དང་། བློན་བཙན་བཟང་དང་། བློན་སྩོགས་པས། ཀྭ་ཅུ་སེ་ཤའི་ཐང་དུ་བཏབ……”(9)ཅེས་བཞིན་ཀྭ་ཅུ་བདེ་བློན་གྱི་མདུན་ས་ནི་ཧི་ཞིའི་ནུབ་ཕྱོགས་ས་ཁུལ་གྱི་སྲིད་འཛིན་ལས་ཁུངས་ཀྱི་རིམ་པ་མཐོ་ཤོས་ཡིན་ལ་བདེ་བློན་གྱི་བློན་པོ་བཞི་ནི་ས་ཁུལ་འདི་དག་གི་ཆབ་སྲིད་དང་དཔལ་འབྱོར། དམག་དོན། རིག་གནས་བཅས་ཀྱི་དབང་ཆ་ཡོད་དོ་ཅོག་མངའ་བའི་དཔོན་རིགས་ཀྱི་རིམ་པ་མཐོ་ཤོས་ཡིན་པ་གོང་གི་ཡིག་ཆ་དག་ལས་གསལ་བོ་ཤེས་ཐུབ།
ཤོག་དྲིལP.T1089གཞིར་བཟུང་ན་བདེ་བློན་གྱི་མདུན་སའི་འོག་ཏུ་ཀྲིག་ཁག་གི་ཁྲི་དཔོན་དང་ཁྲི་སྤྱན་གྱི་གོ་གནས་ཡོད་དེ། ཁྲི་སྲོང་ལྡེ་བཙན་གྱི་ལོ་རྒྱུས་གནད་བསྡུས་ལས”དབས་བཙན་བཞེར་མདོ་ལོད་ལ་སྩོགས་པས། མཁར་ཚན་ཡན་ཆད་དུ་དྲང་སྟེ། མཁར་ཅུ་པ་བརྒྱད་ཕབ་ནས། དོར་པོ་བཏོན་ཏེ་འབངས་སུ་བཞེས་སོ། ། ཆབ་སྲིད་ཆེ་སྟེ་ལོང་ཤན་ལ་རྒྱུད་ཡན་ཆད། པྱག་དུ་བཞེས་ནས། མཐོང་ཁྱབ་ཁྲི་སྡེ་ལྔ་བཙུགས། བདེ་བློན་ཁམས་ཆེན་པོ་གཆིག་གསར་དུ་བསྐྱེད་དོ། ། “ཞེས་པར་ལོང་ཧྲན་ལ་རྒྱུད་ནི་ཧྲའན་ཞིས་ཞིང་ཆེན་གྱི་ལོང་ཞན་ནུབ་བྱང་དུ་མཆིས་པ་དང་རི་བོ་དེའི་ནུབ་རྒྱུད་དུ་མཆིས་པའི་ཀྲིག་ཁག་ནི་ཧི་ཞིའི་ཀྲིག་ཁག་རྣམས་ཡིན། དེ་བས་འགྲེལ་བ་ལ་ལར་མཐོང་ཁྱབ་ཁྲི་སྡེ་ནི་ཀྲིག་རིམ་པའི་སྲིད་འཛིན་ས་ཁུལ་ཞེས་སུ་འདོད་པ་སྐབས་འདིའི་ལོ་རྒྱུས་ཀྱི་གནས་བབ་དང་ཤོག་དྲིལ་གྱི་ཡི་གེར་བརྗོད་པའི་ས་བབ་གྱི་ཆགས་ཚུལ་འགྲེལ་བརྗོད་གཉིས་མཐུན་པས་མཐོང་ཁྱབ་ཁྲི་སྡེ་ལྔ་ནི་ཧི་ཞིའི་རྒྱུད་ཀྱི་ཀྲིག་ཁག་རྣམས་ལ་གོ་དགོས་སྟེ། ད་ལྟའི་ཝུའི་བེ(凉州)དང་ཀྲང་དབྱེ། (甘州)གྱིག་ཆོན། (肃州)ཨན་ཞི། (瓜州)ཏུན་ཧོང(沙洲)བཅས་ལྔ་ལ་བ། P.T1089ནང་མཁར་ཙན་ཁྲོམ་གྱི་མདུན་ས་ནས་དཔོན་སྣའི་གྲལ་ཐབས་བགྱིས་པ་ལས་ཁྲི་དཔོན་གྱི་གོ་གནས་ནི་རྩེ་རྗེ་ལས་མཐོ་བ་མ་ཟད། སླད་ཆད་དཔོན་གནས་ཀྱི་གྲལ་ཐབས་དཀར་ཆག་འདི་བཞིན་གྱི་རྩིས་རྒྱ་ཕོགས་པ་ཐོག་མར”ཤ་ཅུའི་ཁྲི་དཔོན་དང་ཁྲི་སྤྱན་གིས་ཡང་སླད་དུ་ཞུས”དགོས་པ་དང་། དཔོན་གནས་གྲལ་ཐབས་དཀར་ཆག་གི་ལན་ལ་ཡང་”ཤ་ཅུའི་ཁྲི་དཔོན་དང་ཁྲི་སྤྱན་གྱི་ཞལ་ནས་…”བསམ་འཆར་འབུལ་དགོས་པས་ཤ་ཅུ་དེ་ཧི་ཞིའི་བདེ་བློན་ཁམས་ཆེན་པོའི་མངའ་འོག་གི་ཁྲི་སྡེ་རིམ་པའི་སྲིད་འཛིན་ས་ཁོངས་ཡིན་པ་ཁྲི་དཔོན་དང་ཁྲི་སྤྱན་ནི་དམག་སྲིད་གཉིས་གཅིག་ལྕོགས་ཀྱིས་འཛིན་པའི་འགོ་ཁྲིད་མཐོ་ཤོས་ཡིན་པ་སྟེ།
བོད་བཙན་པོའི་སྲིད་གཞུང་ནི་དམག་སྲིད་གཅིག་གྱུར་གྱི་དོ་དམ་རྣམ་པའི་ཤུགས་རྐྱེན་ཟབ་མོ་ཡོད་པས་ཁྲི་དཔོན་དང་ཁྲི་སྤྱན་ཡང་དམག་སྲིད་གཅིག་གྱུར་ལམ་ལུགས་ཀྱི་ཐོན་དངོས་ཡིན་ཏེ། ཁྲི་དཔོན་དང་ཁྲི་སྤྱན་ནི་གཙོ་བོ་དམག་དོན་གཉེར་བའི་འགོ་ཁྲིད་པར་འདོད། P.T1089རུ”ཞང་ལོན་ཆེན་པོ་ལ་ཞུས་ཏེ་མཆིད་ཀྱིས་བཅད། གྲལ་ཐབས་ལ་རུ་དཔོན་དང་ཁྲི་དཔོན་དགྲ་བློན་ཆེན་པོ། རྩེ་རྗེ་ར་གན་པ…”ཞེས་རུ་དཔོན་དང་ཁྲི་དཔོན། དགྲ་བློན་ཆེན་པོ་བཅས་མཉམ་གཅིག་ཏུ་སྤྲེལ་ཡོད་པ་གཙོ་བོ་དམག་དོན་གྱི་རྩ་འཛུགས་དང་འབྲེལ་བ་ངེས་ཅན་ལྡན། དེ་དང་མཉམ་དུ་རྩེ་རྗེ་བློན་རྒྱའི་ཁྲི་དཔོན་ཞིག་ཀྱང་ཡོད་པ་ཤ་ཅུའི་རྒྱ་ལས་བསྐོས་པའི་དཔོན་སྣའི་གྲལ་ཐབས་ལས་ཆེས་མཐོ་བ་ཡིན་ཡང་ཤ་ཅུའི་དཔོན་སྣའི་གྲལ་ཐབས་སུ”རྩེ་རྗེ་བློན་དང་ཁྲི་དཔོན་གོ་ཅུ་རུབ། ཁྲི་སྤྱན་…”ཞེས་ཤ་ཅུའི་རྩེ་རྗེ་བློན་གྱི་འོག་ཏུ་ཡོད།
མདོར་ན། ཁྲི་དཔོན་དང་ཁྲི་སྤྱན་ནི་ཤ་ཅུ་ས་ཁུལ་གྱི་འགོ་བ་མཐོ་ཤོས་ཡིན་པས་ཤ་ཅུ་ས་ཁུལ་གྱི་དམག་དོན་གཙོ་བྱས་པའི་སྲིད་འབྱོར་རིག་གསུམ་གྱི་འགན་བཞེས་ཡོད་པ་མ་ཟད་གཞི་རིམ་གྱི་གནས་ཚུལ་ཁྲོམ་ཆེན་པོར་སྙན་ཞུ་དང་ཁྲོམ་ཆེན་པོའི་བཀའ་གྲོས་ལག་བསྟར་བྱེད་པའི་འོས་འགན་ཡང་ཡོད།
2.རྩེ་རྗེ་དང་འབྲེལ་བའི་དཔོན་རིགས་ཀྱི་སྐོར།
རྩེ་རྗེ་ནི་ཤ་ཅུ་ས་ཁུལ་ལ་མཚོན་ན་སྲིད་འཛིན་འགོ་ཁྲིད་དེ་གོ་གནས་ཐད་ཁྲི་དཔོན་དང་ཁྲི་སྤྱན་ལས་དམའ་བས། ད་ཡོད་ཡིག་ཆ་གཞིར་བཟུང་ན་དམངས་དོན་གཙོ་གཉེར་མཁན་དུ་འདོད། S.1438”རྩེ་རྗེ་གསར་བ་ཤ་ཅུར་ཐོན་རྗེས་འབངས་བདེ་ཞིང་ཞིང་ལས་གཉེར”ཞེས་དང་། བོད་ཡིག་ཤོག་དྲིལF.R80”སླད་ཀྱིས་ཁྲོམ་གྱིས་མདབ་ནོན་པས་ལྷོག་པའི་རྔབ་བདག་སྤུས་བཐུས་ཏེ་རྩེ་རྗེར་སྩལད་ནས། དགུང་ལོ་བཅུ་ནང་ཀྲུག་དང་པན་ཕུན་དུ་མ་གྱུརད་པ་ལགས་”ཞེས་རྩེ་རྗེ་ནི་“ནང་གི་ཚིས་སྦྱར”
ཅེས་པ་བཞིན་གཙོ་བོ་སྲིད་འཛིན་ས་ཁོངས་ནང་གི་ཆོས་སྲིད་དཔལ་འབྱོར་དམངས་དོན་གྱི་བྱ་བ་ལག་བསྟར་བྱེད་མཁན་ཡིན།
རྩེ་རྗེའི་དཔོན་གནས་ནི་བོད་རྒྱ་གཉིས་ནས་གྲུབ་པའི་འགོ་ཁྲིད་ཀྱི་ཚོགས་པ་ཞིག་སྟེ་དེར་བོད་ལས་བསྐོས་པའི་རྩེ་རྗེ་བློན་ཆེ་འབྲིང་ཆུང་གསུམ་ལས་གཞན་རྩེ་རྗེ་སྤྱན་ཞེས་རྩེ་རྗེ་བློན་གྱི་བྱ་བར་ལྟ་རྟོག་དང་གཞོགས་འདེགས་བྱེད་མཁན་ཞིག་ཡོད། དེ་དང་མཉམ་དུ་རྒྱའི་ཏོ་དོག་ཆེན་པོ་རྩེ་རྗེ་ཟླ་དང་ཏོ་དོག་འོག་དཔོན་བཅས་རིམ་པར་བོད་རྒྱ་དཔོན་སྣེ་མཉམ་གནས་སུ་བཅོས་ཏེ་རྩེ་རྗེ་མན་ཆད་རྒྱ་བོད་གཉིས་ནས་འགན་འཁུར་དགོས། དེ་དག་གི་གོ་གནས་ཀྱི་མཐོ་དམའ་ནི་རྩེ་རྗེ་བློན་ཆེན་པོ་ནི་ཤ་ཅུའི་སྲིད་འཛིན་ལས་ཁུངས་ཀྱི་གོ་གནས་རིམ་པ་མཐོ་ཤོས་སྟེ། ཐབས་ཡིག་ཚངས་ར་གན་གནང་ཡོད་པས་ཤོག་དྲིལ་ཏུ་རྩེ་རྗེ་ར་གན་པ་ཞེས་ཀྱང་འབོད། བྱི་བ་ལོར་བགོས་པའི་དཔོན་གནས་གྲལ་ཐབས་སུ་རྩེ་རྗེ་བློན་གྱི་འོག་ཏུ”རྒྱའི་ཏོ་ཏོག་རྩེ་རྗེའི་ཟླ”ཡོད་པ་ནི་བོད་ཀྱི་རྩེ་རྗེའི་འགན་ནུས་དང་མཚུངས་པའི་རྒྱའི་འགོ་ཁྲིད་ཅིག་ཡིན་ལ་རྒྱའི་ཁྲི་སྤྱན་གྱི་འགན་ཡང་བཞེས་ཡོད། གོ་གནས་ཀྱི་གྲལ་ཐབས་ནི་ཁྲི་དཔོན་གྱི་འོག་དང་བོད་ལས་བསྐོས་པའི་རྩེ་རྗེ་སྤྱན་དང་རྩེ་རྗེ་འོག་པོན་གྱི་གོང་ན་མཆིས་པ་སྟེ། P.T1089ལས”བདག་ཅག་ཏོ་དོག་ཆེད་པོ། རྩེ་རྗེའི་ཟླར་བསྐོས་ཏེ་ཐབས་ཕྲ་མེན་སྩ། ནས། རྩེ་རྗེ་ཟངས་པ་གོང་ན། མཆིས”། ཞེས་དང་། “ཤ་ཅུའི་རྩེ་རྗེ་བློན་མན་ཅད། རྒྱའི་དཔོན་སྣའི་གྲལ་ཐབས་རེ་ཤིག་འདི་བཞིན་མཆིས་པར་འཚོལ་ཅིག་ཅེས། …གྲལ་ཐབས་ལས་འབྱུང་བའ། རྩེ་རྗེ་བློན་རྒྱའི་ཁྲི་དཔོན། རྒྱའི་ཁྲི་སྤྱན་ཏོ་ཏོག་ཆེན་པོ། རྩེ་རྗེ་འོག་དཔོན། ཏོ་དོག་ཆུངུ་…”ཞེས་དང་། བོད་ལས་བསྐོས་པའི་རྩེ་རྗེ་ཟངས་པའམ་རྩེ་རྗེ་འོག་དཔོན་གྱི་གྲལ་ཐབས་ནི”ཏོ་དོག་ཆེད་པོའི་ནི་འོག ཏོ་དོག་འོག་པོན་ཨན་བུང་ཡིག་དང་རྒྱ་ལས་སྤྱན་དུ་བསྐོས་པ་ཅང་སྟག་ལེགས་གྱི་ནི་གོང་ན་མཆིས”། འདིར་བརྗོད་པའི་རྩེ་རྗེ་ཟངས་པ་ནི་བོད་ལས་བསྐོས་པའི་རྩེ་རྗེ་འབྲིང་བ་དང་ཆུང་བ། རྩེ་རྗེ་སྤྱན་གསུམ་ལ་གོ་དགོས།
3.སྟོང་དཔོན་དང་འབྲེལ་བའི་དཔོན་རིགས་ཀྱི་སྐོར། “རྩེ་རྗེ་གསར་བ་ཤ་ཅུར་སླེབས་རྗེས་འབངས་བདེ་ཞིང་ཞིང་ཕྱུགས་གཉེར”ཅེས་པ་བཞིན་ཤ་ཅུ་ས་ཁུལ་དུ་སྔར་ནས་ཡོད་པའི་ཞང་བཅུ་གསུམ་(10)དེ་སྟོང་སྡེ་མང་པོར་བགོས་ནས་སྟོང་དཔོན་དང་སྟོང་ཆུང་སོགས་དཔོན་གནས་བགོས་པ་སྟེ། P.3774《གླང་ལོའི(༧༢༡)ཟླ་བཅུ་གཉིས་པར་དགེ་འདུན་ལོང་ཙང་གི་ཁྲམ་བང》(11)དུ་”སྡེར་བགོས་པའི་རྟ་ལོ་ནས་ཕག་ལོ་བར་ལོ་སུམ་ཅུ་འགོར”ཞེས་འདིར་བཀོད་པའི་རྟ་ལོ་དང་ཕག་ལོ་ནི་སྤྱི་ལོ༧༧༧བོད་ཆེན་པོས་ཤ་ཅུ་དབང་དུ་བསྡུས་ལོ་ནས་སྤྱི་ལོ༧༢༡བར་གྱི་༧༩༠-༧༡༩བར་ལ་འབབ། ཡིག་ཚང་འདི་གཞིར་བྱས་ན་དགེ་འདུན་ལོང་ཙང་བཞུགས་པའི་སྡེ་ཆེ་གེ་མོ་དེ་རྟ་ལོར་གསར་དུ་བཙུགས་པ་དང་། S.1438ཐིག་ཕྲེང119པར”སྡེ་གཅིག་བཙུགས་མར་ཀུན་ལ་བསྒྲགས”ཞེས་དང་། P.T1113《འདུན་ཙ་ལོང་ཅུ་ནས་བཀྱེ་བའི་བཀའ་ཡིག》ལས”མཐོང་ཁྱབ་རྒོད་གསར་སྟོང་སྡེ་གཅིག་ཤ་ཅུར་བཙུགས་པར་ཆད་ཕ་ལས་སྩལད་པ་ལགས་ཐེ། འབྲུག་ལོའི་སྟོན་ཐོག་སླེབས་གྱི་བར་དུ། ། ལྟོ་སོད་ནས་ཁལ་ལྔ་བརྒྱ་དང་། ། ས་བོན་ནས་ཁལ་ཉིས་བརྒྱ་ཞིག། ཤ་ཅུའི་སྩང་ལས། ། རེག་ཟིད……། ། ཕྱག་རྒྱ་ལས་འབྱུང་བ་བཞིན་དུ་ཁ་སྟོན་ཅིག། ། “(12)ཞེས་ཤོག་དྲིལ་ལས་རྒོད་སར་གྱི་སྡེའི་ཁྱིམ་དུད་དང་མི་གྲངས་མང་ཉུང་། ས་ཞིང་ཆེ་ཆུང་ཟུར་ཙམ་ཡང་གླེང་མེད་པས་འབྲུག་ལོའི་སྔོན་ནས་ཤ་ཅུ་སྲིད་གཞུང་གིས་རྒོད་སར་གྱི་སྡེར་བགོས་ཆོག་པའི་ཁྱིམ་དུད་དང་མི་གྲངས་མང་ཉུང་། ས་ཞིང་ཆེ་ཆུང་གསལ་བོ་བཀོད་པའི་སྙན་ཞུ་ཞིག་ཕུལ་ཡོད་གཟོད་འདུག སྙན་ཞུ་དེ་གཞིར་བཟུང་ནས་ཤོག་དྲིལ་དུ་བྱུང་བའི་སྟོན་ཐོག་བར་གྱི་བཟའ་འབྲུ་དང་ས་བོན་འདེང་ངེས་པའི་ཚད་ཐག་བཅད་པ་རེད། དེ་མིན་ན་མདུན་ས་ལོང་ཅུ་ནས་བསྒྲགས་པའི་བཀའ་ཡིག་གི་གཞི་འཛིན་ས་ཅི། དེ་ལྟར་ཤ་ཅུ་སྲིད་གཞུང་ནས་རྩིས་ཞིབ་སྙན་ཞུ་བརྒྱུད་མདུན་སའི་ཚོགས་ཐོག་ནས་ཐག་བཅད་དེ་ཤ་ཅུར་སྡེ་མང་པོ་བཙུགས་པ་རེད།
སྤྱིར་བཏང་རྒྱ་བོད་ཡིག་གི་ཡིག་ཚང་དག་ལས་བྱུང་བའི་ཁྲི་སྡེ་དང་བརྒྱ་སྡེ་ནི་བཙན་པོའི་སྲིད་དབང་བཙུགས་མགོར་དམག་དཔུང་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་གཅིག་གྱུར་གྱིས་བཀོད་འདོམས་པའི་རྣམ་པ་ཞིག་ཡིན་པ་བཙན་པོའི་མངའ་ཁོངས་ཇེ་རྒྱས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ཚགས་ཇེ་ཞིབ། རྒོད་གཡུང་གི་དབྱེ་བ་གསལ་བོ་ཕྱེས་པ་ནས་སྤྱི་ཚོགས་ཐོན་སྐྱེད་སྒྲིག་གཞིའི་རྣམ་པ་རྐྱང་པ་ཞིག་ཏུ་གྱུར། དེ་གྲངས་ངེས་པའི་དོན་མིན་པར་མང་པོའི་བརྡ་དོན་ཞིག་ཏུ་ངོས་འཛིན་དགོས་པས་སྡེ་ཆེ་ཆུང་གི་གནད་དོན་ནི་མཐའ་གཅིག་ཏུ་སྟོང་སྡེ་ཡིན་པ་ཐམས་ཅད་ཆེ་ཆུང་འདྲ་མཚུངས་པ་ཡིན་མ་ངེས་སྟེ། ཤོག་དྲིལP.2259《ལོང་ལི་ཞང་སྡེའི་ཤར་ཕྱོགས་དང་བཅས་པའི་ཁྱིམ་ཐོ་དང་ས་ཞིང་གི་བསྡོམས་ཐོ》ལས་”ལོང་ལི་ཞང་སྡེའི་ཤར་ཕྱོགས་དང་བཅས་པའི་ཁྱིམ་ཐོ་དང་ས་ཞིང་བསྡོམས་པས་ཁྱིམ་དུད་ཉིས་བརྒྱ་སུམ་ཅུ་སོ་དགུ་ཡོད། “(13)ཐོག་མ་ཤ་ཅུར་ཞང་བཅུ་གསུམ་ཡོད་པར་གཅིག་ལ་ལོང་ལི་ཟེར། P.2592、P.3354ལྟར་ན་ལོང་ལི་ཞང་དེ་ཏུན་ཧོང་མཁར་གྱི་ནུབ་ཕྱོགས་ལེ་དབར་བདུན་གྱི་མཚམས་དང་སྡེ་འདིའི་ས་ཞིང་ལེ་དབར་བདུན་ནས་བཅུའི་མཚམས་ན་ཡོད། ཁོ་བོས་བསམ་ན་འདིར་བརྗོད་ཀྱི་ལོང་ལི་ཞང་སྡེ་ཅེས་པ་ནི་བོད་བཙན་པོས་དབང་བསྒྱུར་རྗེས་ལོང་ལི་ཞང་དེ་སྡེ་གཅིག་ཏུ་བགོས་ནས་སྲིད་འཛིན་ས་ཁོངས་གཅིག་ཏུ་བཅོས་པར་འདོད་ལ། གོང་གི་ཤོག་དྲིལ་འདི་ལས་ཀྱང་ཞང་དང་སྡེ་གཉིས་མཉམ་གཅིག་ཏུ་སྡེ་གཅིག་གི་མིང་དུ་བྱས་ཡོད་པ་ནི་སྔོན་ནས་འབོད་ལོབས་སུ་སོང་ཡོད་པས་སོ། ། དེ་བཞིན་ཤོག་དྲིལP.T1111”རྒྱ་ཤ་ཅུ་པ་སྟོང་སྡེ་གསུམ་ལ་རྐྱ་དྲུག་བརྒྱའ་བརྒྱད་ཅུ་རྩ་བཞི་མཆིས”(14)ཞེས་སྡེ་སོ་སོའི་མིང་གསལ་བོ་མེད་ཀྱང་ཁྱིམ་དུད་མང་ཉུང་གི་གྲངས་ཀ་གསལ་བོ་ཤིག་བཀོད་ཡོད་པ། ཕལ་ཆེར་སྡེ་རེ་ལ་ཆ་སྙོམས་ཁྱིམ་དུད་ཉིས་བརྒྱ་ཉི་ཤུ་ལྷག་ཡོད། མདོར་ན། བོད་ཆེན་པོའི་སྐབས་ཤ་ཅུར་སྡེ་ཆེན་པོ་བཅུ་ལྷག་བཙུགས་པ་དང་དེ་རེ་རེ་བཞིན་ཁྱིམ་དུད་ཀྱི་མང་ཉུང་གསལ་བོ་ཞིག་དཔྱད་ཐབས་བྲལ་བས་གོང་གི་ཤོག་དྲིལ་ཁག་དང་གཞིར་བཟུང་ན་སྡེ་རེར་ཆ་སྙོམས་ཁྱིམ་དུད་ཉིས་བརྒྱ་སུམ་བརྒྱ་ཡས་མས་སུ་བྱས་ཏེ་བསྡོམས་ན་ཤ་ཅུར་ཁྱིམ་དུད་ཉིས་སྟོང་ལྔ་བརྒྱ་ལྷག་ཡོད་སྲིད།
དེ་ལྟ་བུའི་སྡེ་ལ་བོད་ལས་བསྐོས་པའི་སྟོང་དཔོན་དང་སྟོང་ཆུང་། རྒྱ་ལས་བསྐོས་པའི་སྟོང་དཔོན་ཟླ་དང་སྟོང་ཆུང་ཟླ་བཅས་ཀྱིས་སྲིད་འཛིན་གྱི་འགོ་ཁྲིད་ལས་ཁུངས་གྲུབ་སྟེ། སྟོང་སྡེ་གང་དེའི་ཞིང་ཕྱུགས་ལ་སོགས་པའི་དཔལ་འབྱོར་དང་དམངས་དོན་ཡོངས་ཀྱི་འགན་ཁུར་ཡོད། བྱི་བ་ལོར་བགོས་པའི་རྒྱ་སྡེ་གཉིས་ལ་མཚོན་ན་སྟོང་དཔོན་སྟོང་ཆུང་བོད་ལས་བསྐོས་ནས་སྡེ་གཉིས་གཅིག་གྱུར་གྱིས་དོ་དམ་དང་དེའི་འོག་སྡེ་སོ་སོར་སྟོང་དཔོན་ཟླ་རེ་དང་སྟོང་ཆུང་རེ་རྒྱ་ལས་བསྐོས་ཡོད། དེ་བས་དཔོན་སྣའི་གྲལ་ཐབས་ལ་གོང་གི་ཡིག་ཆ་དག་ལས་གསལ་བོ་ཤེས་ཐུབ།
P.T1087《ཤན་ཤན་མི་འབྲོས་པའི་འགན་ལོན་གྱི་ཡི་གེ》ལས”ཡན་ཆད་སྟོང་དཔོན་སྟོང་ཆུང་དང་བསྒྱེའི་རྗེ་ལྔ་རྐང་ལ…ལུགས་ནི་མདུན་སར་མཆིས”(15)ཞེས་བོད་ཀྱིས་ཤ་ཅུར་བཙུགས་པའི་སྡེ་གཅིག་གི་འོག་བརྒྱ་སྡེ་དང་བཅུ་ཁྱིམ་རིམ་པ་གཉིས་སུ་ཕྱེ་ཡོད་པར། སྡེ་ལ་སྟོང་དཔོན་དང་སྟོང་ཆུང་དེའི་འོག་ཏུ་བརྒྱའི་རྗེ་དང་བཅུ་དཔོན་བཅས་རིམ་པ་གཉིས་སུ་ཕྱེ་བ”ཁྱིམ་དུད་བརྒྱ་ལིས་གཅིག་དང་ལིས་ལྔ་ཞང་གཅིག”(百户为里,五里为乡。)(16)ཅེས་ན་བརྒྱ་སྡེ་དང་ཐང་རྒྱལ་རབས་ཀྱི་སྲིད་འཛིན་ས་ཁོངས་ལིས་གཉིས་མིང་གི་འབོད་སྟངས་ཆ་ནས་མ་མཚུངས་པ་མ་གཏོགས་དོན་གྱི་ཆ་ནས་འདྲ་བས། བོད་ཆེན་པོས་དབང་བསྒྱུར་རྗེས་ཤ་ཅུ་ས་ཁུལ་དག་གི་སྔར་ཡོད་སྲིད་འཛིན་ས་ཁོངས་ཀྱི་སྒྲིག་གཞིར་གཏོར་བརླག་ཆེར་མ་བྱས་པར་བརྒྱའི་རྗེ་ནི་ལིས་ཀྲིན་དང་མཚུངས་པའི་འགོ་བ་ལྟ་བུ་ཞིག་ཡིན་པ་མཚམས་ལར་བོད་ཡིག་གི་ཤོག་དྲིལ་དུ་བརྒྱའི་རྗེ་ལ་”ལི་ཅེང”(里正)(41)ཞེས་འབོད།
4.སླུངས་ཚང་གི་སྒྲིག་གཞི་དང་གསང་གི་ཡི་གེ་བའི་དཔོན་རིགས་ཀྱི་སྐོར།
①སླུངས་ཚང་གི་སྒྲིག་གཞི་དང་དཔོན་རིགས་ཀྱི་སྐོར།
ཏུན་ཧོང་ནས་བྱུང་བའི་སྲོང་བཙན་སྒམ་པོའི་ལོ་རྒྱུས་གནད་བསྡུས་སུ”སླུངས་ཀྱིས་གོ་བར་བསྙམས”(18)ཞེས་དུས་རབས་བདུན་པར་བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཁམས་གཅིག་གྱུར་བྱེད་པའི་མཛད་འཕྲིན་གྱི་སྒོ་མོ་ཡངས་པོར་ཕྱེ་བ་ནས་ནང་གི་བདེ་འཇགས་དང་སྲིད་ཀྱི་བྱ་བ་སྲ་བརྟན་དུ་བཏང་བ་དང་། ཆབས་ཅིག་ཆབ་སྲིད་ཀྱི་མངའ་ཐང་ཕྱོགས་བཞིར་རྒྱ་བསྐྱེད་པ་ལ་སྟོད་སྨད་ཀྱི་བརྡ་འཕྲིན་དང་བཀའ་ཡིག་ཀུན་གྱིས་གོ་བར་བཀའི་ཕོ་ཉ་བགྲོད་ཚུལ་གྱི་ལམ་ལུགས་ཆ་ཚང་ཞིག་བཙུགས་ཡོད། ལྷག་པར་དུ་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ཀྱི་སྟོབས་ཤུགས་དེ་འཕེལ་རྒྱས་ཀྱི་ཡང་རྩེར་སླེབས་ཡོད་པས་ནུབ་ཏ་ཟིག་གི་མན་ཆད་ནས་ཤར་ལོང་ཧྲན་རི་རྒྱུད་ཡན་ཆད། ལྷོ་འཇང་ས་དམ་གྱི་ས་ཕྱེད་ཚུན་ཆད་ནས་བྱང་ཨན་ཞི་སྡེ་བཞི་དང་བཅས་པར་བཙན་པོའི་གདུགས་གཅིག་གི་འོག་ཏུ་བཅུག་པས་འཛམ་གླིང་སུམ་གཉིས་ཀྱི་བདག་པོ་བོད་ཀྱི་བཙན་པོ་ཞེས་གྲགས། དེ་ལྟའི་མངའ་ཁོངས་རྒྱ་ཆེ་ཞིང་རི་ལུང་མང་པོས་བཅད་པས་རྒྱལ་ཁམས་དབང་བསྒྱུར་བར་སླུངས་ཚང་གིས་ནུས་པ་མི་དམན་པ་ཐོན་ཡོད་ངེས།
ཏུན་ཧོང་གྲོང་ཁྱེར་གྱི་དངོས་མང་བཤམ་སྟོན་ཁང་དུ་ཉར་བའི་ཤོག་དྲིལ0336.16
-33610—07474ཅན་གྱི་ཐིག་ཕྲེང་གསུམ་པར་”ཕོ་བྲང་འོན་ཆང་དོ་ནས་སྤྲུལ་གྱི་ལོའི་སྟོན་སླ་ཐ་ཆུངས་ཚེས་བཅུ་བདུན་ལ་ཕྱག་རྒྱ་ཕོག་སྟེ། བཀའྀ་ཕོ་ཉ་ཚེས་པོ་ལེགས་ཀོང་འཕྲིན་བྱང་རྀངས་པ་འཚལ་ཅིང་ཁྲོམ་དུ་མཆི་སྟེ། འཚལ་པ་གཡུ་གཅིག་སྐྱེལ་མ་རྟ་པ་གཅིག། འཕྲྀན་བྱང་དང་རད་པ་འགེལ་བའྀ་བན་མ་རོལ་གཅིག། འབྲོག་སླུངས་ལ་མཆྀ་ན་བྱ་ན་གསོན་ལོད་སྤལ་མའི་མུལ་ཆད། ཕྱེ་ཕུལ་ཏག་མར་སྲང་གཅིག། ཡུལ་སླུངས་ལ་མཆྀ་ན་ལོད་ཀྱྀ་མུལ་ཆད། ཕྱེ་ཁྱོར་བཞི་མར་སྲང་གཅིག། ཕོ་ཉ་རྀངས་པ་གཞན་དང་འགྲོགས་ན་སྐྱེལ་སྡུས་ཤིག མྱྀ་རྀངས་པ་ཟླ་ལ་ཁྲིད་དུ་མི་གནང་ངོ་། ། མཚན་ཟར་ཅྀང་མཆྀན་སྐྱེལ་མ་ཚུགས་པོན་ཡྀ་གེ་པའྀ་སུག་པས་ཚུགས་ཏེ། གཅྀག་གིས་སྐྱེད་ལ་རྫོངས་ཤིག། ཕྱག་རྒྱ་ནྀ་“ཀྭ”ཅུ་ཁྲོམ་དུ་མཆྀས་ཏེ་འདྲལ་ལོ། “ཞེས་དང་། ཐིག་ཕྲེང་བརྒྱད་པར”པུག་པེའུ་རྟ་ར་ནས། སྦྲུལ་གྱྀ་ལོའྀ་སྟོན་སླ་ཐ་ཅུངས་ཚེས་བཅུ་བདུན་གྱི་ཉི་མ་སྡུར་ན། ཉྀན་སླུངས་ལྔ་མཚན་ངས་གསུམ་སྟེ་ཉིན་ཞག་གཅྀག་ལ་སླུངས་བརྒྱད་ཅོད་པའྀ་ཐང་དུ་ཀྭ་ཅུའི་ཁྲོམས་དུ་བཏང་ངོ་། ། འཕར་མ་འདྀ་རྀངས་ལ་གཅེས་ཀྱིས་སླུང་ཚང་པས། ལེ་ལོ་མ་བྱ་པར་ཚུགས་གཅིག་ནས་གཅིག་དུ་བསྐྱལ་པའྀ་ཉྀན་མཚན་གྱི་ཆོད་ད་དམ་དུ་ཟུང་ལ་དཔང་ཞག་དུ་ཚུགས་ཏེ། ། ཆོད་ཐང་བཞྀན་དུས་སུ་ཕྱྀན་པ་དང་གུ་དུ་མ་འཁྱམས་པར་སྐྱོལ་ཆིག། འཕར་མ་འཁྱམས་སཾ་དུས་སུ་མ་ཕྱྀན་ན་སླུང་ཚང་གང་གྀས་ཉེར་པའྀ་རྒྱབ་ངོས་ཚུགས་པོན་ཡྀ་གེ་པ། ། དང་འཕར་མ་སྐྱེལ་སྐྱེལ་པ་གྱོད་ཆེར་རྨའོ། ། “ཞེས་བཀའ་ཕྲིན་ཡི་གེ་ལ་གནས་ཚུལ་ཚབས་ཆེ་མིན་གྱི་དབྱེ་བ་ཡོད་དེ། ཡི་གེ་འཕར་མ་སྐྱེལ་མཁན་གྱི་ཕོ་ཉ་རིངས་པ་དང་སྤྱིར་བཏང་གི་བཀའ་འཕྲིན་སྐྱེལ་མཁན་ལ་ཕོ་ཉ་མི་རིངས་པ་ཞེས་འབོད། གལ་ཏེ་ཕོ་ཉ་བྲེལ་འཚུབ་ཅན་གཞན་དག་འགྲོགས་ནས་འགྲོ་རྒྱུ་བྱུང་ཚེ་སྐྱེལ་མ་ཁག་གཉིས་མཉམ་གཅིག་ཏུ་སོང་ཆོག་ལ་སླུངས་ཚང་ནས་སྐྱེལ་ཐུང་བྱེད་དགོས། ཕོ་ཉ་བྲེལ་འཚུབ་མི་ཆེ་བ་དང་ཕྲད་ཚེ་རང་ཉིད་ཀྱི་ལམ་གྲོགས་སུ་ཁྲིད་མི་རུང་།
སླུངས་ཚང་དུ་སླུངས་དཔོན་ནི་སླུངས་ཁུལ་གྱི་ཆེས་མཐོའི་དབང་འཛིན་པ་ཡིན་ཏེ། ཤོག་དྲིལ་P.T1096རུ”སླུངས་གྱི་དཕོན་སྣ་ཚུགས་ཕོན་ལ་སྩོགས་པ”ཞེས་དང་། གོང་གི་ཤོག་དྲིལ་དུའང”ཚུགས་གཅིག་ནས་གཅིག་ཏུ་བསྐྱལ”ཞེས་བཀའི་ཕོ་ཉ་བརྒྱུད་པའི་སླུངས་ཚང་དག་ནི་ཚུགས་རེ་ཡིན་པས་སླུངས་ཚང་ངམ་ཚུགས་གཅིག་གི་དཔོན་ལ་སླུངས་དཔོན་ནམ་ཚུགས་དཔོན་དུ་འབོད། གཞན་ཚུགས་དཔོན་ཡི་གེ་བའི་དཔོན་ཞིག་ཡོད་པ་བཀའི་ཕོ་ཉ་དེ་གའི་སླུངས་ཚང་དུ་སླེབས་ཚེ་བཀའ་འཕྲིན་གྱི་རྒྱབ་ངོས་སུ་འབྱོར་བའི་རྟགས་སུ་མཛུབ་ཐེབ་བཏབ་སྟེ་སྐྱེལ་མ་བྱེད་དགོས། P.T1096རུ”སླུངས་གྱི་རྟ་རྫི་ཨབ་སང་ཉང……”“ཤ་ཅུ་པའི་རྟ་གཉི་ག་སླུངས་ཕོན་གཡུ་ཐོག་མཆིས་པ་ལས……”ཞེས་དང་། ཞིན་ཅང་ནས་བྱུང་བའི་ཁྲམ་ཤིང་དུ”སླུངས་ཀྱི་ཞིང་ལས་དོར་གཅིག་ཡེ་ཤེས་མཆོག”ཞེས་སླུངས་ཁུལ་དུ་ཞིང་ལས་དང་རྟ་འཚོ་སྐྱོང་གི་འདུ་འགོད་ཡོད་པ་གསལ་བས་འགྲོ་འོང་བྱེད་པའི་ཕོ་ཉའི་འཚོ་བའི་བཀོད་སྒྲིག་དང་ཞོན་རྟ་བརྗེ་རེས་བཅས་བྱེད་ཐུབ་པའི་དངོས་པོའི་མཐུན་རྐྱེན་འཛོམས་ཡོད་པ་ཤིན་ཏུ་གསལ། དེ་བས་སླུངས་ཚང་དུ་རྟ་རྫི་དང་ཞིང་ལས་རྨོ་འདེབས་བྱེད་མཁན་གྱི་མི་ཡང་དུ་མ་ཞིག་ཡོད་ངེས།
མདོར་ན། སླུངས་ཚང་གི་འགན་ནུས་ནི་སླུངས་ཚང་སོ་སོས་རང་གི་བདག་བྱེད་པའི་ལམ་ཐག་ངེས་ཅན་ནང”བཀའི་ཕོ་ཉ་བསུ་སྐྱེལ་བྱེད་རྒྱུ་དང་། གཏན་འཁེལ་གྱི་བཟའ་ཆས་མཁོ་འདོན་བྱེད་པ་ལས་གཞན་ད་དུང་ཕོ་ཉ་དུས་ལྟར་སླེབས་མིན་དང་། ཡི་གེ་བོར་བརླག་བྱས་ཡོད་མེད་སོགས་ལ་ལྟ་རྟོག་བྱེད་དགོས་པར་མ་ཟད། ཕོ་ཉ་བ་སླུངས་ཚང་དེར་སླེབས་པའི་དཔང་རྟགས་སུ་ཚུགས་དཔོན་ཡི་གེ་བས་ཕྱག་རྒྱ་འདེབས་དགོས། གལ་སྲིད་ཕོ་ཉ་བ་དུས་ལྟར་མ་སླེབས་པའམ། ཡང་ན་ཡི་གེ་བོར་བརླགས་བྱུང་བ་ཡིན་ན་ཡིག་སྐྱེལ་བའི་ཕོ་ཉ་ལ་འགན་ཁུར་ཡོད་པ་མ་ཟད། སླུངས་ཚང་ལའང་འགན་ཁུར་ཡོད། “(19)དཔོན་ཞང་རྡོ་རིང་དུ”བོད་རྒྱ་གཉིས་ཀྱི་བར། ཙང་ཀུན་ཡོག་དུ་རྟ་བརྗེས་ལ། སྩེ་ཞུང་ཆེག་དུ་རྒྱ་དང་ཕྲད་པ་མན་ཅད་ནི་རྒྱས་ཕུ་དུད་བྱ། ། ཙེང་ཤུ་ཧྱན་དུ་བོད་དང་ཕྲད་པ་ཡན་ཆད་ནི་བོད་ཀྱིས་ཕུ་དུད་བྱ། ། “(20)ཞེས་སླུངས་ཚང་ལ་རྒྱལ་ནང་གི་ཕོ་ཉ་མ་ཟད་རྒྱལ་ཁབ་གཞན་གྱི་ཕོ་ཉ་ཡིན་ཡང་ཕྱི་འབྲེལ་གྱི་བྱ་བ་མི་གཡོལ་བར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། དེ་བས་ལོ་རྒྱུས་དོན་ཆེན་རེའུ་མིག་ཏུ་སྟོད་ཕྱོགས་ཀྱི་ཕོ་ཉ་མང་པོས་ཕྱག་འཚལ་དང་བུག་ཅོར་དང་དུར་གྱིས་ཀྱི་ཕོ་ཉས་ཕྱག་འཚལ་སོགས་མང་བོ་བྲིས་ཡོད་པས་སྐབས་དེར་བོད་དང་ཀྲུང་ཡའི་རྒྱལ་ཕྲན་ཁག་བར་ཕོ་ཉ་འགྲོ་འོང་ཧ་ཅང་རྒྱུག་ཆེ་བ་ཤེས་ཐུབ། ཐང་ཡིག་གསར་མའི་གླེགས་བམ་བཞི་བཅུ་བར་ཐང་བོད་ཁྲི་ལིན་(赤岭)མཇལ་འདུམ་བྱས་རྗེས་སུ་ཧྲན་ཀྲིག་(鄯州)ནས་ལྷ་ས་དང་། དེ་ནས་བཙན་པོའི་དམག་སྒར་བར་གྱི་སླུངས་ཚང་གི་གནས་ཚུལ་གསལ་བོ་བཀོད་པ་མ་ཟད་རྒྱུན་དུ་བཙན་པོ་དང་ཀོང་ཇོ། བློན་པོ་བཅས་ཀྱིས་ས་གང་དག་ནས་ཐང་གི་ཕོ་ཉ་བསུ་སྐྱེལ་བྱེད་པའི་ས་གནས་ཀྱང་གསལ་བོ་ཞིག་བཀོད་ཡོད། (21)ཡང་རྒྱའི་《ཡིག་ཚང་མ་ཧྭ་རུས་སྦལ》དུ”ལེ་དབར་བརྒྱ་རེའི་མཚམས་ན་སླུངས་ཚང་རེ་ཡོད་ལ་རྩ་ཆུ་གང་བཟང་སར་སྙེག་ནས་གཞི་བཅའ་བས་འགྲོ་འདུག་ལ་གཏན་འཁེལ་མེད”(22)ཅེས་པ་ནི་ནོར་འཁྲུལ་ཏེ་སླུངས་ཚང་ནི་བོད་ཀྱི་རྒྱལ་བློན་བར་དང་བློན་པོ་ཕན་ཚུན་བར་ཆབ་སྲིད་དང་དམག་དོན་གྱི་གནས་ཚུལ་ཚབས་ཆེ་མིན་ཡོངས་དུས་ལྟར་བརྡ་ཕྲོད་འོང་བར་འབྲེལ་བ་དམ་པས་གཅིག་གྱུར་གྱིས་སླུངས་ཚང་གི་ཆགས་གནས་གཏན་འཁེལ་བྱེད་ངེས། དེ་ལྟར་ན་ཕོ་ཉས་མ་ནོར་བར་བཀའ་འཕྲིན་བདེ་ལེགས་ངང་འཕྲོད་ཐུབ། ②གསང་གི་ཡི་གེ་བ་ཆེན་པོ་སོགས། བོད་ཡིག་ཤོག་དྲིལP.T1089ནང་དཔོན་སྣའི་གྲལ་ཐབས་སུ་གསང་གི་ཡི་གེ་བ་ཆེན་པོ་དང་འབྲིང་བོ་ཆུངུ། ཕྲ་མོ། ད་དུང་གསང་གི་ཕོ་ཉ་བ་གསང་གི་རུབ་མ་བ་དང་འགྱེད་མ་བ་བཅས་ཀྱི་དཔོན་གནས་བཀོད་ཡོད། འོན་ཀྱང་། བྱི་བ་ལོའི་དབར་བགོས་པའི་རྒྱ་སྡེ་གཉིས་ཀྱི་དཔོན་སྣའི་གྲལ་ཐབས་སུ་གསང་གི་ཡི་གེ་བ་སོགས་དཔོན་གནས་མེད་པར་གཞིགས་ན་གསང་གི་ཡི་གེ་བ་དག་ནི་ཐད་ཀར་ས་གནས་ཆེས་མཐོའི་སྲིད་གཞུང་ལས་ཁུངས་སུ་གཏོགས་པའི་དཔོན་སྣེ་ཡིན་པ། གཙོ་བོ་དམག་དོན་དང་ཆབ་སྲིད་ཐད་ཀྱི་གསང་བའི་ཡིག་ཆ་འམ་གྲོས་གཞི་གལ་ཆེན་ཡི་གེར་བྲིས་ནས་རྒྱ་བཏབ་ཏེ་གསང་གི་ཕོ་ཉ་མངགས་པའི་འགན་ནུས་ལྡན་པའི་དཔོན་སྣེ་ཡིན་པ་ཤིན་ཏུ་གསལ། དེས་ན་སླུངས་ཚང་དང་གསང་གི་ཡི་གེ་བའི་བར་གྱི་འབྲེལ་བ་ཅི་ཡིན་ནམ་ཞེ་ན་ང་རང་གི་བསམ་པར་གསང་གི་ཡི་གེ་བ་ནི་སླུངས་ཚང་རེ་རེར་ཡོད་པའི་དཔོན་སྣེ་མིན། ཞིན་ཅང་གི་མ་ཀྲ་ཐ་ཁུ་(23)ནས་ཤོག་དྲིལ་ཚན་པ་གཉིས་ཪྙེད་པ་གསང་གི་ཡི་གེ་བས་བྲིས་པའི་བཀའ་རྒྱ་ཡིན་པར་འདོད་པ་འདིར་བཀོད་ན།
ཀ་བ།
A1འུ་ཐེན་གྱི་རྩིས་ས་ནས། ཤིང་ཤན་གྱི་མངན་ལ་སྤྲིངས་པ་
A2ཉིན་ཞག་གཅིག་ལ་ལྔ་ཚོད་དུ་བཏང་སྟེ། འཕྲིན་བྱང་འདི་རིངས་ལ་ཀོ་ཤེས་པ་
B1དམ་དུ་ཟུང་ལ། འཕྲིན་བྱང་དུསུ་མ་ཕྲིནད་ཏམ་ཁྱམས་པར་གཡུར་ནའ་
B2གིས་ནོངས་པ། ཆད་པས་ཁྲིམས་བཞིན་དུ་གཅད་དོ། འུ་ཐེན་ནས་ཙེས། (24)
ཁ་བ།
Aཔར་བན་འན་ཆད་དང་། དྲུགུ་འཇོར་མན་ཆད་གྱི་སོ་པ་
Bལ་སྤྲིང་ངོ་འཔར་མ་འདི་མཀྱམས་པར་ཤིང་ཤན་དུ་ཐུགས་
Cདམ་དུ་ལེ་ལོ་ཙ་མྱི་ཀྱི་བར་གཏོང་ཤིག་ཉིན་ཚོད་མཚན་ཚོད་
Dདམ་དུ་ཟུང་ཤིག་སུ་ལེ་ལོ་བགྱིད་པ་ཆ་དུ་ཆོད་པར་གཅདོ། (25)ཅེས་སོ། །
ཤོག་དྲིལ་འདི་གཉིས་ལས་ཕོ་ཉས་མཉམ་འཇོག་དགོས་པའི་དོན་ཚན་འགའ་བཤད་ཡོད་པ་ལས་བཀའ་འཕྲིན་ཡི་གེ་དངོས་བཀོད་མི་འདུག ཤོག་དྲིལ་གཉིས་པ་ནི་ཤིང་ཤན་གྱི་ཁྲོམ་ཆེན་པོ་ལ་སྤྲིངས་པའི་འཕར་མ་ཞིག་ཡིན། ཤོག་དྲིལ་ལས་བཀའ་ཕྲིན་དེ་ས་གང་ནས་བསྐུར་འོངས་པ་གསལ་བོ་མེད་ཀྱང་། ས་འདི་དག་ཏུ་སོ་བས་སླུངས་ཚང་གི་གོ་བྱེད་པའམ། བཀའ་ཕྲིན་དལ་འགྱངས་མེད་པར་བདེ་ལེགས་ངང་འཕྲོད་པར་སོ་བ་ལའང་འགན་ཁུར་ཆེན་པོ་ཡོད་པས་བཀའ་ཕྲིན་དེའི་གལ་ཆེའི་རང་བཞིན་མཐོང་ཐུབ་པ་མ་ཟད། སྐབས་དེའི་ཆ་རྐྱེན་དང་བསྡུར་ན་བརྡ་འཕྲིན་གྱི་མགྱོགས་ཚད་ཧ་ལས་པའི་ཚད་ཡིན། ཤོག་དྲིལ་P.T1185ནི་དམག་དོན་སྐོར་གྱི་བཀའ་འཕྲིན་ཞིག་ཡིན་པ་མཇུག་ཏུ”གསང་བར་བྲིས་སྟེ། ཁ་ནག་ཏུ། བགྱིས་སྟེ། སྤྲིང་པ་ལགས…”(26)ཞེས་འཁོད་ཡོད། གོང་གི་ཤོག་དྲིལ་གཉིས་ཀྱང་འདི་བཞིན་བཀའ་ཕྲིན་དངོས་རྒྱ་བཏབ་ནས་ཟུར་ཏུ་ཡོད། དེ་བས་གསང་གི་ཡི་གེ་བར་ཕོ་ཉས་བཀའ་འཕྲིན་བོར་བརླག་དང་དུས་འགྱངས་བས་ན་རྩད་གཅོད་བྱེད་པའི་འགན་ནུས་ཀྱང་ཡོད། དེ་ལ་ཆེ་འབྲིང་ཆུང་གསུམ་དང་གསང་གི་ཕོ་ཉ་ཤོག་དྲིལ་དུ་མང་ཉུང་དང་ཆེ་ཆུང་ཕྱེ་མེད་ཡང་ཕལ་ཆེར་གྲངས་མེད་ཅིག་ཡོད་ངེས། གཞན་གསང་གི་རུབ་མ་དང་འགྱེད་མ་བ་ནི་ཆོས་ཀྱི་རུབ་མ་ལྟར་གོ་བ་བླངས་ན་གསང་འཕྲིན་བསྡུ་གཉེར་དང་གསང་འཕྲིན་བརྒྱུད་གཏོང་བྱེད་མཁན་ཞིག་ཏུ་འདོད།
༣.བོད་ཀྱི་ཡིག་ཚངས་ཀྱི་ལམ་ལུགས་དང་འབྲེལ་ཏེ་ཤ་ཅུའི་དཔོན་གནས་ལ་ཡི་གེ་སྩོལ་ལུགས།
”མཛངས་ལ་ཡིག་ཚངས་མ་བསྟོད་ན། ། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། “(27)ཞེས་པ་བཞིན་བོད་བཙན་པོའི་སྐབས་ཀྱི་ཡིག་ཚངས་ལམ་ལུགས་བྱུང་བའི་ལོ་ཚིགས་ལོ་རྒྱུས་ཡིག་ཚང་གང་དུའང་གསལ་བོ་བཀོད་མེད་ཀྱང་མ་མཐའ་ཡང་རྒྱལ་བོ་སྲོང་བཙན་སྒམ་པོའི་སྐབས་ཡིག་ཚངས་ལམ་ལུགས་ཀྱི་སྲོལ་ཡོད་དེ། རྒྱལ་བོ་སྲོང་བཙན་སྒམ་པོ་དང་དབའས་དབྱི་ཚབ་སྤུན་བདུན་དབུ་སྩལ་བའི་ནང་གསེར་གྱི་ཡི་གེ་མྱི་ཆད་པར་གནང་རྒྱུའི་མནའ་ཚིག་བྲིས་ཡོད།
ཡིག་ཚངས་ཀྱི་རིམ་པ་ལ《མཁས་པའི་དགའ་སྟོན》དུ”ཡིག་ཚངས་ནི་རབ་གསེར་གཡུ་གཉིས་འབྲིང་དངུལ་དང་ཕྲ་མེན་ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ”(28)ཞེས་བཀོད་ཡོད་ལ། སྔ་མའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་རྒྱའི་ལོ་རྒྱུས་ཡིག་ཚང་མང་པོར་ཆེ་མཐུན་ཆུང་ཁྱད་ཀྱི་ཁྱད་པར་མ་གཏོགས་ཡིག་ཚངས་དྲུག་ཞེས་བཤད་རྒྱུན་ཤུགས་ཆེ། དེས་ན་ཡིག་ཚངས་མཐོ་དམའི་རིམ་པ་སྲོག་སྟོང་གི་ཁྲིམས་ཡིག་ལས་སྟོང་ཐང་གི་མཐོ་དམའི་ཚད་ལས་གསལ་བོ་ཤེས་ཐུབ་སྟེ། ”ཞང་བློན་ཆེན་པོ་དང་ཁོང་ཏའི་མྱེས་པོ་དང་ཕ་འདི་རྣམས་སྟོང་ཐང་མཉམ་སྟེ། གུམ་པའི་སྟོང་ཐང་སྲང་ཁྲི་དང་མ་གུམ་པ་གསོན་པའི་གསོས་ཐང་སྲང་ལྔ་སྟོང་ཡིན། ཞང་ལོན་གཡུའི་ཡི་གེ་པ་ངོ་བོ་དང་གཡུའི་ཡི་གེ་པ་རྣམས་སྟོང་ཐང་མཉམ་སྟེ་གུམ་པའི་སྟོང་ཐང་སྲང་སྟོང་དྲུག་དང་མ་གུམ་པ་གསོན་པའི་གསོས་ཐང་སྲང་སུམ་སྟོང་ཡིན། ཞང་ལོན་གསེར་གྱི་ཡི་གེ་བ་ངོ་བོ་དང་གསེར་གྱི་ཡི་གེ་པ་རྣམས་སྟོང་ཐང་མཉམ་སྟེ་གུམ་པའི་སྟོང་ཐང་སྲང་ལྔ་སྟོང་དང་མ་གུམ་པ་གསོན་པའི་གསོས་ཐང་སྲང་ཉིས་སྟོང་ལྔ་བརྒྱ་ཡིན། ཞང་བློན་ཕྲ་མེན་གྱི་ཡི་གེ་པ་ངོ་བོ་དང་ཕྲ་མེན་གྱི་ཡི་གེ་པ་རྣམས་སྟོང་ཐང་མཉམ་སྟེ་གུམ་པའི་སྟོང་ཐང་སྲང་སྟོང་བཞི་དང་མ་གུམ་པ་གསོན་པའི་གསོས་ཐང་སྲང་ཉིས་སྟོང་ཡིན། ཞང་ལོན་དངུལ་གྱི་ཡི་གེ་ངོ་བོ་དང་དངུལ་གྱི་ཡི་གེ་པ་རྣམས་སྟོང་ཐང་མཉམ་སྟེ་གུམ་པའི་སྟོང་ཐང་སྲང་སུམ་སྟོང་དང་མ་གུམ་པ་གསོན་པའི་གསོས་ཐང་སྲང་སྟོང་དང་ལྔ་བརྒྱ་ཡིན། ཞང་བློན་ར་གན་གྱི་ཡི་གེ་པ་ངོ་བོ་དང་ར་གན་གྱི་ཡི་གེ་པ་རྣམས་སྟོང་ཐང་མཉམ་སྟེ་གུམ་པའི་སྟོང་ཐང་སྲང་ཉིས་སྟོང་དང་མ་གུམ་པ་གསོན་པའི་གསོས་ཐང་སྲང་སྟོང་གཅིག་ཡིན། ཟངས་ཀྱི་ཡི་གེ་བ་ངོ་བོ་དང་ཞང་བློན་ཟངས་ཀྱི་ཡི་གེ་པ་ངོ་བོ། ཟངས་ཀྱི་ཡི་གེ་པའི་ཕ་དང་སྟོང་མཉམ་སྟེ་གུམ་པའི་སྟོང་ཐང་སྲང་སྟོང་གཅིག་དང་མ་གུམ་པ་གསོན་པའི་གསོས་ཐང་སྲང་ལྔ་བརྒྱ་ཡིན། “(29)ཞེས་པ་བཞིན་གཡུའི་ཡི་གེ་ཅན་ནི་ཞང་བློན་ཚོགས་ཀྱི་ནང་ནས་ཆེས་མཐོ་བའི་བློན་པོ་དང་དེའི་འོག་གསེར་དང་ཕྲ་མེན། དངུལ་དང་ར་གན། ཟངས་བཅས་དྲུག་ཡོད་པ་ཡིག་ཚང་དྲུག་གི་ཤོད་སྲོལ་དང་མཐུན། ཤོག་དྲིལ་ལས་བྱུང་བའི་སྲོག་སྟོང་གི་ཁྲིམས་ཡིག་ནི་མི་ཕལ་བ་ཞིག་གིས་རང་དགར་བྲིས་པ་མ་ཡིན་པར་སྲིད་གཞུང་ནས་གཅིག་གྱུར་གྱིས་གྲོས་ཐག་བཅད་པ་ཡིན་པས་ཡིག་ཚངས་ཀྱི་རིམ་པ་གོང་གི་དྲུག་ལྟར་ཕྱེ་ན་སྐབས་དེའི་དངོས་ཡོད་ཀྱི་གནས་ལུགས་དང་མཐུན།
དེ་བས་ལྕགས་ཀྱི་ཡི་གེ་ནི་ཡིག་ཚངས་དྲུག་གི་ཁོངས་མིན་པར”གཡུལ་དུ་དཔའ་བ་ལ་ལྕགས་ཀྱི་ཡི་གེ”(30)གནང་བ་བཞིན་ལྕགས་ཀྱི་ཡི་གེ་ནི་ཕལ་ཆེར་དམག་ལས་དཔའ་བ་ལ་གནང་བའི་གཟེངས་བསྟོད་ཀྱི་ཐོབ་ཞིག་ཡིན་པས་དམག་ཡོངས་ལ་ཆེད་ནས་ཡོད་པའི་ཐོབ་ཞིག་མིན། སྲོག་སྟོང་གི་ཁྲིམས་ལས”གཙང་ཆེན་གྱི་ངོ་བོ་དང་ཟངས་ཀྱི་ཡི་གེ་པའི་བུ་པོ་སྤད་ཕན་ཅད། ཕ་སྤུན་ཚུན་ཅད། ཡི་གེ་མ་མཆིས་པའི་རྣམས་དང་མ་ཡར་མོ་དང་མནའ་མ་དང་། ཁྱོ་མོ་དང་། བུ་སྲིང་ཁྱོ་མ་མཆིས་པ་དང་། རྒྱལ་འབངས་རྒོད་དོ་འཚལ་དང་། ཞང་ལོན་འབངས་ཀྱི། བྲན་རྐྱ་ལ་གཏོགས་པ་དང་། མངན་གྱི་མངན་ལག་པ་རྣམས་སྟོང་ཐང་མཉམ་སྟེ་གུམ་པའི་སྟོང་ཐང་སྲང་སུམ་བརྒྱ་དང་མ་གུམ་པའི་གསོས་ཐང་སྲང་བརྒྱ་ལྔ་བཅུ་ཡིན”(31)ཞེས་སྤྱི་ལོ༦༥༤བོད་དུ་རྒོད་གཡུང་གི་དབྱེ་བ་གསལ་བོ་ཕྱེ་(32)ནས་རྒོད་འབངས་དམག་དང་ཞང་བློན་འབངས་ཀྱི་བྲན་རྐྱའི་སྤྱི་ཚོགས་ཀྱི་གོ་གནས་རྐྱ་འབངས་གཡུང་ལས་ཅུང་མཐོ་བས་སྤྱིའི་ཆ་ནས་བློན་འབངས་དམག་གསུམ་གྱི་དབྱེ་བ་གསལ་བོ་ཤེས་ཐུབ་ལ་ཁྲིམས་སྲོལ་དུ་ལྕགས་ཡིག་མངའ་བའི་སྟོང་ཐང་ཟུར་ཙམ་ཡང་གླེང་མེད། སྤྱིར་ཡིན་ན་ལྕགས་ཀྱི་ཡི་གེ་ནི་ཡིག་ཚངས་གཞན་དང་མཚུངས་པར་རང་བབ་ཀྱི་སྤྱི་ཚོགས་ཀྱི་གོ་གནས་མཚོན་པས་ན་ཁྲིམས་སྲོལ་དུ་ཆད་འགྲོ་བའི་དཔེ་མི་སྲིད། དེ་བས་ལྕགས་ཀྱི་ཡི་གེ་བའི་རྒོད་ཅེས་ཆེད་དུ་བགར་མེད་པས་ལྕགས་ཀྱི་ཡི་གེའི་ཐོབ་ཡོད་པའི་དམག་ལ་སྤྱི་ཚོགས་ཀྱི་གོ་གནས་སྟེང་ཡིག་ཚངས་དྲུག་མངའ་བའི་ཞང་བློན་རྣམས་དང་མཚུངས་པའི་དམིགས་བསལ་གྱི་དབང་ཆ་མེད།
P.T1217《མཆིད་ཡིག་གི་ཟླ་དཔེ》ཞེས་པར”ཏ་རི་བྲ་ཤས་བཙན་པོ་སྐུ་སྲུང་སྟེ་འབངས་འབང་ཅོག་གློ་བ་རུངས་པ་འི་དུས་སུ། སྟོད་ཕྱོགས་མན་ཆད། དཔེན་པ་འི་རྗེ་བླས་ཆེར་བགྱིས་པ་འི་ཡོན་གྱིས། དངུལ་གྱི་ཡི་གེ་ཆུ་ངུ་དང་། སྟག་གི་ཟར་ཆེན་སྩལ་ཏོ་ཞེས”(33)ཏ་རིག་བྲ་ཤས་ནི་བཙན་པོའི་སྐུ་སྲུང་དམག་ཡིན་པ་འབངས་འབང་ཅོག་བློ་བ་ལོག་པའི་གནས་ཚུལ་ཛ་དྲག་གི་དུས་སུ་གཅིག་ནས་བཙན་པོའི་སྐུ་སྲུང་གི་འོས་འགན་ཁུར་གྱིས་བཞེས་པ་མ་ཟད། ཆབ་སྲིད་སྟེང་ནས་ནུས་པ་བླ་ལྷག་ཐོན་པས་ཡིག་ཚངས་རིམ་པ་གཉིས་ཏེ་མཛངས་པའི་ཐབས་སུ་དངུལ་གྱི་ཡི་གེ་དང་དཔའ་བའི་ཐབས་སུ་ཡི་གེ་སྟག་གི་ཟར་ཆེན་སྩལ་བ་རེད། 《མཁས་པའི་དགའ་སྟོན》དུའང”དཔའ་པའི་རྐྱེན་དུ་གུང་དང་སྟག་སྡར་མའི་རྐྱེན་དུ་ཝ་ཞུ…མཛངས་པའི་རྐྱེན་དུ་ཡིག་ཚངས”ཞེས་དང”དཔའ་ལ་སྟག་གིས་མ་བསྟོད་ན། ། དཔའ་ངར་བྱས་པའི་རུ་མ་མེད། ། མཛངས་ལ་ཡིག་ཚངས་མ་བསྟོད་ན། ། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། ། སྡར་མ་ཝ་ཞུས་མ་དམད་ན། ། དཔའ་དང་སྡར་མ་ཤན་མི་བྱེད། ། “(34)ཞེས་དང་། དེ་བཞིན་ཞང་བློན་ཆེ་དགུ་འདྲེན་སྐབས་ཐོག་མ”སྦས་སྣང་བཞེར་ལྷ་བཙན་ལ་དཔའ་མཚན་དུ་སྟག་གི་གོང་སླག་ཡིག་ཚངས་གཡུ་ཡིག་དང་གཡུང་དྲུང་ཆེན་པོ་དཀོར་ཀེ་ཀེ་རུ་རྣམས་ཀྱིས་ཆེ། “(35)ཞེས་དཔའ་དང་མཛངས་གཉིས་སོ་སོ་ཕྱེ་ནས་རྐྱེན་གྱི་ཡི་གེ་སོ་སོ་གནང་བ་རེད། དེ་བས་ཡིག་ཚངས་ལ་ངོ་བོའི་སྟེང་རྣམ་པ་མི་འདྲ་བ་གཉིས་སྟེ་སྲིད་ཀྱི་བློན་ཆེན་པོ་རྣམས་ལ་གནང་བའི་ཡིག་ཚངས་དྲུག་དང་གཡུལ་དུ་དཔའ་བ་རྣམས་ལ་ཆེད་ཀྱིས་གཟེངས་བསྟོད་དུ་གནང་བའི”ལྕགས་ཀྱི་ཡི་གེ”དང་སྟག་གི་ཟར་ཆེན་གཉིས་སོ། ། འོན་ཀྱང་ཤོག་དྲིལ་དང་རྡོ་རིང་གི་ཡི་གེཁྲམ་ཤིང་། རྒྱ་ནག་གི་ཡིག་ཚང་བཅས་སུ་ལྕགས་ཀྱི་ཡི་གེ་ཞེས་བྲིས་ས་མ་མཐོང་བས་གནས་སྐབས་སུ་མ་མཐོང་ཕྱིར་ན་མེད་པ་མིན་ཞེས་པ་བཞིན་མཁས་པའི་དགའ་སྟོན་དུ་གཡུལ་དུ་དཔའ་བ་ལ་ལྕགས་ཀྱི་ཡི་གེ་གནང་ཞེས་འགྲེལ་བ་གཞིར་བཟུང་ནས་ཆེད་དུ་གཡུལ་ལས་དཔའ་བ་གཟེངས་བསྟོད་དུ་གནང་བའི་རྟགས་མ་ཞིག་ལས་ཡིག་ཚངས་དྲུག་གི་ཁོངས་སུ་མི་འཇོག
གོ་གནས་ཀྱི་རིམ་པ་དང་བྱས་རྗེས་ཆེ་ཆུང་ལ་ཡིག་ཚངས་སྩོལ་བའི་སྲོལ་ནི་བོད་ཆེན་པོའི་སྲིད་གཞུང་གི་གྲལ་རིམ་གྱི་འགལ་བ་བསལ་ནས་རྒྱལ་བློན་གྱི་འབྲེལ་བ་གཅིག་ཏུ་སྤྲེལ་བར་ནུས་པ་མི་དམན་པ་ཐོན་ཕྱིར་བོད་ཆེན་པོས་ཤ་ཅུ་སོགས་ས་ཁུལ་དག་དབང་དུ་བསྡུས་རྗེས་དཔོན་རིགས་ཀྱི་ལམ་ལུགས་ཆ་ཚང་ཞིག་བཅོས་པ་མ་ཟད། ཡིག་ཚངས་ཀྱི་ལམ་ལུགས་ཀྱང་ཆུ་སླེབས་སར་ཉ་བཞིན་སྤྱི་ཚོགས་ཀྱི་དགོས་མཁོ་དང་གྲལ་རིམ་འགལ་བ་བསལ་ཆེད་ལག་བསྟར་བྱས་ཡོད། ད་ཡོད་ཤོག་དྲིལ་ཡིག་ཆ་དག་བསྡུར་ནས་བལྟས་ན་ས་ཁུལ་དེ་དག་ཏུ་ལག་བསྟར་བྱས་པའི་ཡིག་ཚངས་ལམ་ལུགས་དེ་སྤྱི་ཚོགས་ཀྱི་འགྱུར་ལྡོག་འོག་རྣམ་པ་དང་གོ་གནས་བཅས་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་འགའ་ཡོད།
ཐོག་མར་རྒྱ་ལས་བསྐོས་པའི་དཔོན་སྣ་དག་གི་ཡིག་ཚངས་ཀྱི་རིམ་པ་ས་ཁུལ་འདི་དག་ཏུ་གནས་པའི་བོད་བློན་རྣམས་ཀྱི་ཡིག་ཚངས་ཀྱི་རིམ་པ་ལས་ཁད་ཀྱིས་ཅུང་མཐོ་བ་ཡོད། ཤོག་དྲིལP.T1089ནང་དོན་ལྟར་ན་རྒྱ་བོད་དཔོན་དག་གོ་གནས་ལ་ཁ་མ་འཆམ་པ་དང་ས་གནས་དཔོན་སྣའི་ཡང་ཡང་བསམ་འཆར་བཏོན་པ་བཅས་ལ་རག་ལས་ཡོད་དེ། བོད་བློན་གྱི་གོ་གནས་རྒྱ་ལས་བསྐོས་པའི་དཔོན་སྣ་ལས་མཐོ་བ་སྟེ། ཤོག་དྲིལ་དུ་བསམ་འཆར་འདོན་སྐབས”རྒྱ་ཤ་ཅུ་པའི་དཔོན་སྣ་གསོལ་པ་ལས་ནི། ཤ་ཅུའི་ཏོ་དོག་དང་བདག་ཅག་སྟོང་དཔོན་སྟོང་ཅུང་གི་གོང་དུ་མཆིས་པར་གསོལ་བ། ལྷོ་བལ་གྱི་ཏོ་དོག་དང་ལྡོག་ཟླར་བསྐོས་པའི་རྣམས། དཔོན་སྣ་གཉུག་མའི་གོང་དུ་མཆིས་པའི་ལུགས་དང་ཟླ་དཔེ་མ་མཆི་སྟེ། དཔེར་གསོལ་ན། ལི་རྗེ་ལྟ་བུ། ཞོ་ཤ་དང་སྦྱར་ནས། བླ་ནས་ཤུགས་པགས་མཛད་དེ། རྒྱལ་མཚན་སྩལ་ནས། རྒྱལ་ཆོས་གནང་བ་ཡང་། ལིའི་བློན་དངུལ་པའི་འོག་ན་མཆིས་པ་ལགས། ལིའི་ཨ་མ་ཅ་ལ་སྩོགས་པ། ཐབས་གསེར་ད…སྩལ་པ་ལ་སྩོགས་པ་ཡང་། རྩེ་རྗེ་ཟངས་པའི་འོག་ན་མཆིས། ལྷོ་བལ་སྟོང་འདུལ་པའི་ཁྲི་དཔོན་དང་སྟོང་པོན་སྟོང་ཅུང་ཐབས་གཡུ་དང་གསེར་མཆིས་པ་ཡང་། དམག་པོན་ཆེད་པོ་གཙང་ཆེན་པ་ལྟ་སྨོས་ཀྱང་མྱི་མཚལ་དམག་པོན་ཆུངུ་སྒོ་གཙང་བའི་འོག་ན་མཆི་སྟེ། …”ཞེས་གོ་གནས་ཀྱི་ཆ་ནས་ས་གནས་ཀྱི་དཔོན་སྣ་བོད་ལས་བསྐོས་པའི་དཔོན་སྣ་ལས་དམའ། དེ་བཞིན་ཤ་ཅུ་ས་ཁུལ་གྱི་གནས་ཚུལ་ཡང་དེ་དང་མཚུངས་པར་ཡིག་ཚངས་ཀྱི་རིམ་པ་དང་སྲིད་ཀྱི་སྟེང་གི་གོ་གནས་གཉིས་མཐའ་གཅིག་ཏུ་མཁས་པའི་དགའ་སྟོན་དུ་བརྗོད་པའི་”མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། …སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག”(36)ཅེས་གཏན་འཁེལ་མེད་པར་གནས་ཚུལ་དངོས་ལ་གཞིགས་ནས་ཐག་གཅོད་གནང་བ་ཞིག་རེད། འདི་ལས་ང་ཚོས་ཤེས་ཐུབ་པ་ནི་ས་གནས་དཔོན་སྣ་རྣམས་ཀྱི་བསམ་འཆར་དང་ལེན་གྱིས་བློ་འགུགས་ཐབས་བྱས་པ་མ་ཟད་ཚད་ངེས་ཅན་ཞིག་ནས་རྒྱ་བོད་དཔོན་སྣ་བར་གྱི་འགལ་བ་སེལ་བ་རེད། དཔེར་ན་བྱ་ལོར་ཤ་ཅུའི་ཏོ་ཏོག་འོག་དཔོན་དུ་བསྐོས་པའི་ཨན་བུང་ཡིག་ནི་ཐབས་ཡིག་ཚང་ར་གན་ཆུང་བ་ཡོད་པ་ཐེངས་གཉིས་པ་བྱི་བ་ལོར་བསྐྱར་བསྐོ་སྐབས”ཐབས་ར་གན་གྱི་ཡི་གེ་ཡོད་པ་ལས། ངོའི་ཚེ་ཐུགས་པགས་མཛད་ནས། ར་གན་གྱི་ཡི་གེ་ཆེད་པོ་བྱིན་ནོ། “ཞེས་བཞིན་རེ་རེའི་གནས་ཚུལ་བྱི་བ་ལོ་བགོས་པའི་དཔོན་སྣའི་སྐོར་ཏུ་གསལ་བོ་འགོད་རྒྱུར་ལགས།
མདོར་ན་ཡིག་ཚངས་ཀྱི་ལམ་ལུགས་དེ་བོད་ཆེན་པོས་གསར་དུ་བསྐྱེད་པའི་ས་ཁུལ་ཁག་ཏུ་ལག་བསྟར་བྱེད་དུས་ས་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཡིག་ཚངས་ཀྱིས་བློན་གྱི་གོ་གནས་དང་བྱས་རྗེས་མཚོན་ཐུབ་པ་མ་ཟད་སྤྱི་ཚོགས་གྲལ་རིམ་གྱི་འགལ་བ་སེལ་བའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ། གཅིག་ནས་རྒྱའི་དཔོན་སྣ་དག་གིས་བློ་གཅིག་སེམས་གཅིག་གིས་བཙན་པོའི་ཆབ་སྲིད་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་ལ། གཉིས་ནས་རྒྱ་བོད་མཉམ་གནས་ཀྱི་སྲིད་གཞུང་གི་རྣམ་པར་མཐུན་སྒྲིལ་འོང་བར་ཁག་ཐེག་སྒོས་ཤ་ཅུ་བོད་ཀྱི་དབང་བསྒྱུར་ལ་སྟབས་བདེར་གང་མང་ཐོན་པ་མ་ཟད་ཚད་ངེས་ཅན་ཞིག་ནས་མི་རིགས་ཁག་བར་མཐུན་སྒྲིལ་མཉམ་གནས་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད།
གཉིས་པ། ལས་རིགས་ཁག་གི་དཔོན་རིགས་ཀྱི་སྐོར་ལ་དཔྱད་པ།
༡.ལས་རིགས་ཁག་གི་དཔོན་གནས་དང་འགན་ནུས་རེ་རེར་བཤད་པ། 《མཁས་པའི་དགའ་སྟོན》དུ་དཔོན་གྱི་རིམ་པ་ལ”ཡུལ་དཔོན་གྱི་ལས་སུ་ཡུལ་ཆུང་ཁྲིམས་ཀྱིས་འཚོ། དམག་དཔོན་གྱི་ལས་སུ་དགྲ་འདུལ། ཆིབས་དཔོན་གྱིས་གཤེགས་པའི་བཤུལ་མཚོན། རྔན་དཔོན་གྱིས་འབྲུ་དང་གསེར་དངུལ་གྱི་གཉེར་བྱེད་པ་ལ་རྔན་བགྲངས་པ་མང་པས་རྔན་དཔོན་དུ་ཐོགས། ཕྲུ་དཔོན་གྱིས་འབྲི་མཛོ་ཕྲུ་མའི་གཉེར་བྱེད། དྲང་དཔོན་གྱིས་ཞལ་ལྕེ་གཅོད་པས་དཔོན་བདུན་ནོ”(37)ཞེས་ས་གནས་ཀྱི་དཔོན་སྣ་དང་ལས་རིགས་ཁག་གི་དཔོན་སྣ་ལ་རིམ་པ་མི་མཐུན་པ་བདུན་དུ་ཕྱེ་ཡང་རིམ་པ་འདི་ཙམ་གྱིས་བོད་ཆེན་པོའི་ལོ་ངོ་ཉིས་བརྒྱ་ལྷག་རིང་གི་ས་གནས་སྲིད་གཞུང་དང་དཔོན་སྣེའི་གནས་ཚུལ་མཚོན་མི་ཐུབ་པ་མ་ཟད། བོད་ཆེན་པོའི་སྟོབས་ཤུགས་དང་མངའ་ཁོངས་ཇི་ལྟར་ཇེ་ཆེར་སོང་ན་སྲིད་འཛིན་གྱི་སྒྲིག་གཞི་དང་དཔོན་སྣའི་རིམ་པ་ཡང་དེ་བཞིན་གྱིས་ཚགས་ཇེ་ཞིབ་དང་ཆ་ཚང་དགོས་པ་ཕྱི་རོལ་གྱི་མངའ་ཁོངས་ཆེ་བ་དང་ཐོན་སྐྱེད་སྣ་མང་པོས་ཐག་བཅད་ཡོད། ཚན་པ་འདིར་རྡོ་རིང་དང་ཏུན་ཧོང་ནས་བྱུང་བའི་ཤོག་དྲིལ་ཁྲམ་ཤིང་ཡི་གེ་སོགས་ལ་གཞི་བཅོལ་ནས་ས་གནས་ཀྱི་ལས་རིགས་ཁག་གི་དཔོན་སྣའི་སྐོར་ལ་དཔྱད་རྒྱུར་ལགས།
ཤ་ཅུ་ས་ཁུལ་ནི་སྟོད་སྨད་གཉིས་ཀྱི་འགྲུལ་ལམ་གྱི་འགག་གནད་ཅིག་ཡིན་པས་ཐང་བོད་ཕྱོགས་གང་ལ་མཚོན་ནའང་དཔལ་འབྱོར་དང་རིག་གནས་ཀྱི་ཁེ་ཕན་ལས། གཞན་དེ་ལས་ཀྱང་གཙོ་བོ་ཞིག་ནི་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་དབང་བསྒྱུར་ཐུབ་མིན་ལ་རག་ལས་ཡོད་པས། ཤ་ཅུའི་བདེ་འཇགས་དང་དོ་དམ་ལེགས་པོ་འོངས་རྒྱུར་དགོས་པ་གལ་ཆེན་ཡོད། བོད་ཆེན་པོས་དབང་དུ་བསྒྱུར་དུས་ཤ་ཅུ་དེ་ཧི་ཞིའི་ཀྲིག་ཁག་གཞན་རྣམས་དང་མི་མཚུངས་པར་ས་གནས་ཀྱི་དམག་འབངས་ཡོངས་ཀྱིས་མགོ་འཛུལ་བ་ཡིན་པས་རིག་གནས་དང་དཔལ་འབྱོར་ལ་གཏོར་བརླག་ཆེར་མ་ཐོབ་ལ། དེ་ལས་ཀྱང་གལ་ཆེ་བ་ནི་ས་གནས་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་དཔོན་སྣ་མང་པོ་བོད་ཆེན་པོའི་ཤ་ཅུའི་སྲིད་འཛིན་ལས་ཁུངས་སུ་བཅུག་ནས་བོད་རྒྱ་མཉམ་གནས་ཀྱི་སྲིད་འཛིན་གྱི་སྒྲིག་གཞི་ཆ་ཚང་ཞིག་བཅོས་པ་དང་། གཞན་ལས་རིགས་ཁག་གི་དཔོན་གནས་ཀྱི་གོ་གནས་ཀྱི་གོ་རིམ་གསལ་བོ་ཞིག་བཅོས་ནས་སྤྱི་ཚོགས་ཐོན་སྐྱེད་གཅིག་གྱུར་གྱིས་དོ་དམ་བྱེད་པ་ལ། སྡེ་རེ་རེ་དང་མཁར་རེ་རེ་བཀོད་སྒྲིག་བྱས་ཡོད། དེ་རེ་རེ་འབྲེལ་ཡོད་ཀྱི་ཤོག་དྲིལ་ཁག་ཏུ་གསལ་བོ་བཀོད་པ་ལྟར་ན།
1.ཞིང་དཔོན་དང་མཁར་དཔོན་སོགས།
ཤོག་དྲིལ་དུ་ཞིང་དཔོན་ཆེན་པོ། མཁར་དཔོན་ཆེན་པོ། སྟོད་སྨད་ཀྱི་ཕྱུག་མའི་གཞིས་དཔོན་ཆེན་པོ་བཅས་གོ་རིམ་བཞིན་བཀོད་ཡོད། དེ་ལས་ཤིན་ཏུ་གསལ་བ་ནི་ཞིང་ལས་ལ་དོ་དམ་བྱེད་མཁན་ལ་ཞིང་དཔོན་དང་ཕྱུགས་ལས་ལ་དོ་དམ་བྱེད་མཁན་ལ་གཞིས་དཔོན་ཡིན། དེ་ལ་ཆེ་ཆུང་གཉིས་དང་ཞིང་དཔོན་སྤྱན་བཅས་གསུམ་ཡོད། མདུན་མ་ཁྲོམ་ཆེན་པོས་གྲལ་ཐབས་ཐག་བཅད་པའི་ཤོག་དྲིལp.t1089ལྟར་ན་ཞིང་དཔོན་ནི་གཞིས་དཔོན་ལས་མཐོ་བ་མ་ཟད་བར་དུ་མཁར་དཔོན་བཅུག་ཡོད། དེ་གཙོ་བོ་ཤ་ཅུ་ས་ཁུལ་དག་ནི་ཞིང་ལས་གཙོ་གཉེར་བྱེད་གནས་ཡིན་པས་སྙམ། ཞིན་ཅང་མུ་རན་ནས་བྱུང་བའི་ཤོག་དྲིལ་ཞིག་ཏུ”བཞེངས་ཁ་ལྔར་བཅད་ནས་བཞེངས་འཚམས་ཐོ་རྒྱ་ཅན་བགྱི། རྩིས་མགོ་ལས་འགལ་ཏེ། ཐོག་བླར་བསྡུ། དངོས་ཆད་པ་རིང་རེས་གཅིག་གིས་གཅད། ལོག་གཅོད་པ་དང་ཆབ་སྐམ་བགྱིད་པ་དང་། དཔོན་ཁ་སློག་པ་དང་། བཙན་སྡུར་འདྲོད་པ་ཞིག་མཆིས་ན། སྔོན་ཀྱི་མཁར་ཁྲིམས་ཪྙིང་བཞིན་འཚོལ་ཅིག”(38)ཅེས་པས་ཞིང་དཔོན་དང་མཁར་དཔོན་ནི་མི་གྲངས་ལྟར་བགོས་པའི་ཞིང་ཁའི་མང་ཉུང་གི་རྩིས་ཐོ་དོ་དམ་རྩིས་གཉེར་བྱེད་མཁན་ཅིག་ཡིན་པ་མ་ཟད་ཞིང་ཐོ་བཤིག་པ་དང་དུས་ལྟར་རྨོ་འདེབས་མི་བྱེད་པ། ཞིང་ཁའི་གྲངས་ཪྙོག་བཟོ་དང་ཆུ་མི་འདྲེན་པ། དཔོན་ཁ་སློག་པ། ཞིང་ས་སྒེར་གཅོད་མཁན་བཅས་ལ་མཁར་ཁྲིམས་བཞིན་རྩད་གཅོད་བྱེད་པའི་དཔོན་གནས་ཞིག་ཡིན་སྙམ། དེ་བཞིན་འབྲོག་སའི་མཁར་དཔོན་ཡིན་ན་གཞིས་ཀའི་ཆེ་ཆུང་དང་ཕྱུགས་ཟོག་གི་མང་ཉུང་མི་གྲངས་ལྟར་བགོས་ནས་འཚོ་སྐྱོང་བྱེད་པའི་རྩིས་ཐོ་དོ་དམ་རྩིས་གཉེར་བྱེད་པ་དང་། དེ་ལས་ལྡོག་པ་ཤ་སྟག་བྱེད་མཁན་ལ་རྩད་གཅོད་བྱེད་མཁན་ཞིག་ཡིན་དགོས། མཁར་དཔོན་ལའང་ཆེ་ཆུང་གཉིས་ཡོད། ཞིང་དཔོན་དང་གཞིས་དཔོན་ལ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས”ཕྲུ་དཔོན་(གཞིས་དཔོན)ནི་སྲིད་གཞུང་གི་ཁོངས་སུ་གཏོགས་པའི་འབྲོག་ཁུལ་གྱི་ནོར་ཕྱུགས་དང་ཐོན་སྐྱེད་དཔྱ་ཁྲལ་སོགས་ལ་དོ་དམ་བྱེད་མཁན་གྱི་དཔོན་རིགས་ཤིག་ཡིན། ཞིང་དཔོན་ནི་ཞིང་ལས་ས་ཁུལ་གྱི་ས་ཞིང་གི་གྲངས་འབོར་དང་དེའི་ཐོན་འབབ་ལེགས་ཉེས། དཔྱ་ཁྲལ་སོགས་ལ་དོ་དམ་བྱེད་མཁན་གྱི་དཔོན་རིགས་ཤིག་ཡིན”(39)ཞེས་གསུངས་པ་གོང་གི་ཡིག་ཪྙིང་གི་གནས་ཚུལ་དང་མཐུན་པས་དཔོན་རིགས་འདི་གསུམ་ནི་མ་ལག་གཅིག་པའི་དཔོན་རིམ་ཡིན། རྒྱ་བོད་ཚིག་མཛོད་ཆེན་མོ་རུ་ཕྲུ་མ་ལ་དམག་སྒར་དང་ཕྲུ་དཔོན་ལ་དམག་དཔོན་ཞེས་སུ་འགྲེལ་བ་རྒྱུ་མཚན་དང་ལུང་ཁུངས་ཅི་ཞིག་ལ་བརྟེན་པ་མི་གསལ།
2.མངན་དཔོན།
མངན་དཔོན་ནི་”སྲིད་གཞུང་གི་འབྲུ་རིགས་དང་གསེར་དངུལ་སོགས་ནོར་སྲིད་ཀྱི་དོ་དམ་བྱེད་མཁན་ཡིན་པས་གཙོ་བོ་སྲིད་གཞུང་གི་ཡོང་སྒོ་དང་འགྲོ་སྒོ་རྩིས་གཉེར་བྱེད་མཁན་ཞིག་ཡིན། “(40)དེ་ལ་སྲོག་སྟོང་གི་ཁྲིམས་ཡིག་ཏུ་མངན་དཔོན་དང་མངན་ལག་ཅེས་གཉིས་སུ་བགོས་ནས་སྟོང་ཐང་རྒོད་དོ་ཅོག་དང་མཉམ། ཤ་ཅུ་ས་ཁུལ་ལ་མཚོན་ན་བྱི་བ་ལོར་བགོས་པའི་རྒྱ་སྡེ་གཉིས་ལ་སྡེ་མངན་གཉིས་ཡོད་པས། དེའང་སྤྱིའི་མངན་དཔོན་གཅིག་དང་སྡེར་སོ་སོ་ན་མངན་དཔོན་རེ་གཉིས་ཙམ་ཡོད་པ་དང་། ཤོག་དྲིལ་P.T1111ལས”ཤ་ཅུ་ཁྭ་མངན་ཀྱི་རྟའི་ལོའི་དཔྱིད་རྩིས་བགྱིས་པའི་གཞི”(41)དང་P.T1097ལས”བླ་འྀ་སྩང་། མངན་ཅང་འབུན་ཨན་དང་སོང་འགག་གསུམ”(42)ཞེས་གསལ་བས་སྡེ་སོ་སོའི་མངན་རྣམས་ཀྱི་འགན་ཁུར་འདྲ་བོ་མེད་པར་འདོད། གོང་གི་ཤོག་དྲིལ་དང་པོ་ནི་རྒོད་སར་གྱི་སྡེའི་ཤ་ཅུའི་གཙུག་ལག་ཁང་དང་བླ་སྐྱེས་སུ་མཛད་པའི་འགྲོ་སོང་གི་རྩིས་ཐོ་དང་། གཉིས་པ་ནི་བླའི་ཆང་རྒྱུ་དང་འབྲུ་རིགས་སོགས་ཀྱི་འགྲོ་སོང་གི་རྩིས་ཐོ་ཞིག་ཡིན། དེ་བས་གོང་གི་དུང་དཀར་བློ་བཟང་ཚུལ་ཁྲིམས་ཚང་གིས་འགྲེལ་བྱས་པ་དེ་དོན་དངོས་དང་མཐུན།
བོད་ཀྱི་སྲིད་གཞུང་ལ་མཚོན་ན་ལོ་རྒྱུས་དོན་ཆེན་རེའུ་མིག་ལས་”སྟག་གི་ལོ་ལ་(སྤྱི་ལོ༧༢༦)། བཙན་པོ་ཕོ་བྲང་སེ་གའི་མཚར་བུ་སྣ་ན་བཞུགས། བློན་ཆེན་ཕོ་མང་ཞམ་གྱིས་ལྷ་གབ་དུ་བསྡུས། དགུན་བཙན་པོ་ཕོ་བྲང་། བྲག་མར་ན་བཞུགས། མངན་ཆེན་བརྒྱད་ལས་བཞིར་བཅོས་པའི་ཟླུགས་གྱི་རིང་ལུགས་བཀྱེའུ། “(43)”འབྲུགི་ལོ་ལ(སྤྱི་ལོ༧༢༨)། དགུན་འདུན་བར་ལིངས་ཙལ་དུ་བློན་ཆེན་པོ་ཅུང་བཟང་གྱིས་བསྡུསྟེ། མངན་ཆེན་པོ་བརྒྱད་ལས་བཞིར་བཅོས་པའི་ཏང་ཁྲམ་བཏབ། “(44)ཅེས་སྔོན་མངན་ཆེན་པོ་བརྒྱད་ཡོད་པ་སྤྱི་ལོ༧༢༦བཞི་རུ་གཏོང་བའི་གྲོས་འགོ་བཏོན་ནས་བསྒྲགས་པ་ལ། སྤྱི་ལོ༧༢༨དགུན་གོང་གི་གྲོས་གཞི་ལག་བསྟར་གྱིས་མངན་ཆེན་པོ་བཞིར་བཅོས་ནས་ཐོ་ཡིག་ཏུ་བཀོད་པ་རེད།
3རྩིས་པ།
རྩིས་པ་ནི་སྔོན་གྱི་དཔྱད་རྩོམ་མང་པོར་སྲིད་གཞུང་གི་ཁོངས་སུ་གཏོགས་པའི་ནོར་སྲིད་ཀྱི་འགྲོ་སོང་དང་དམག་དོན་གྱི་གཏོང་ཡོང་། དཔྱ་ཁྲལ་གྱི་བསྡུ་བབ་བཅས་ལ་ཞིབ་འཇུག་དང་རྩིས་བཤེར་བྱེད་མཁན་གྱི་དཔོན་རིགས་ཤིག་སྟེ། མིང་གཞན་རྩིས་དཔོན་ཟེར་བ་དང་འདྲ་ཞེས་དེང་རབས་ཀྱི་རྩིས་གཉེར་པ་དང་འདྲ་བའི་དཔོན་གནས་སུ་འདོད་པ་ཕལ་ཆེར་མངན་དཔོན་དང་གོ་དོན་མཚུངས་ཡང་ཡིག་ཪྙིང་དུ་དེ་གཉིས་ལས་སྣེ་སོ་སོ་བ་ཡིན་པ་མ་ཟད་རྡོ་རིང་དུ་མངན་དཔོན་ཅོག་གི་བློན་དེ་རྩིས་པ་ཆེན་པོ་ལས་མཐོ་བོ་ཡོད། འོན་ཀྱང་། འདི་ལྟ་བུའི་དཔོན་གནས་གལ་ཆེན་ཞིག་ཀུན་གྱིས་ཚིག་ངོས་ནས་གོ་བ་ཁོ་ན་བླངས་པ་གནའ་བོའི་ཡིག་ཪྙིང་དུ་བདེན་པའི་སྒྲུབ་བྱེད་ཅིག་འགོད་དཀའ། ལོ་རྒྱུས་དོན་ཆེན་རེའུ་མིག་གཞིར་བཟུང་ན་རྩིས་ཞེས་པ་གོ་དོན་མི་འདྲ་བ་གསུམ་སྟེ། དང་པོ་དམག་མིའི་གྲངས་འབོར་ཞིབ་བཤེར་བྱས་པ། དཔེར་ན། རྒོད་གཡུང་དབྱེ་ཞིང་མཁོ་ཤོམ་ཆེན་པོ་བགྱི་བའི་རྩིས་མགོ་བགྱི་བར་ལོ་གཅིག”ཅེས་དང་། “མདུན་མ་འོན་ཅང་དོར་འདུསྟེ། རུ་ལགྀ་ཞུགས་ལོང་དམར་པོ་བརྩིས། ““རུ་གསུམ་གྱི་ཁྲམ་དམར་པོ་བརྩིས། ““སྐུ་སྲུངས་གྱྀ་ཁྲམ་དམར་པོ་བརྩིས། ““རུ་བཞྀ་རབས་ཆད་བརྩིས། ““ཡུལ་ཡུལ་དམག་མྱྀ་ཁྲམ་སྐྱ་བརྩིས”ཞེས་དང་། གཉིས་པ་དཔོན་སྣེ་བརྗེ་སྤོར་བྱས་པར་གོ་བ་དཔེར་ན། “ཀོང་ཅོ་བློན་ཆོག་རོ་ཞེན་ཀོང་ཕྱུང་སྟེ། ལང་འགྲོ་ཁོང་རྩན་བཅུག་པཻ་རྩིས་བགྱྀས། “ཞེས་དང་། “རྩང་ཆེན་གྱྀ་བྲུང་པ། ཞ་སྔ་ཐང་རྩན་བྱུང་ནས། སེང་གོ་སྨོན་རྗ་བཅུག་པའྀ་རྩིས་བགྱྀས། ““རུ་ཡོང་ཕྱྀ་གསེང་གུམ་སྟེ། བྲུང་པ་སེང་གོ་མོན་རྗ་བཆུག་པའི་རྩིས་བགྱིས། “ཞེས་སོ། གསུམ་པ་ནོར་གྱི་གྲངས་རྩིས་པ་དཔེར་ན་”ཁབ་སོ་ཐུགས་ཉེན་གྱྀ་ལྷག་ཅད་བརྩིས། ““ལང་འབལ་གྱྀ་ནོར་གྱི་མཇུག་བསྩིས། “ཞེས་སོ། །
སྤྱིར་བཏང་ནོར་སྲིད་ཀྱི་འགྲོ་འོང་གི་རྩིས་བྱེད་པ་ལ་མངན་དཔོན་གྱི་དཔོན་གནས་བགོས་ནས་ཕལ་ཆེར་སྡེ་སོ་སོ་ན་ཡོད། ཤོག་དྲིལ་ཡིག་ཆ་P.T1089རུ་བྱི་བ་ལོར་རྒྱ་སྡེ་གཉིས་ཀྱི་དཔོན་གནས་གྲས་རྩིས་པའི་དཔོན་གནས་མེད་པས་ཞིང་ཕྱུགས་སྡེའི་ནང་རྩིས་པ་ལ་འགན་གནས་མེད་པར་ཤ་ཅུའི་ས་གནས་སྲིད་གཞུང་ལ་ཡོད་པའི་དཔོན་གནས་ཡིན་དགོས་ཏེ། ཤ་ཅུའི་དཔོན་གནས་གྲལ་ཐབས་སུ་དགྲ་བློན་དང་ཁྲལ་དཔོན་ཆེན་པོའི་འོག་དང་ཞལ་ལྕེ་བ་ཆེན་པོའི་གོང་དུ་མཆིས། དེ་རྩིས་པ་ཆེ་ཆུང་གཉིས་དང་རྩིས་སྤྱན་བཅས་མི་སྣ་གསུམ་ཡོད། ཡིན་ནའང་རྩིས་པའི་འགན་ནུས་ད་དུང་གསལ་བོ་ཐག་གཅོད་ཐབས་མེད་པས་ཀུན་གྱིས་དཔྱད་པ་འོངས་པར་འཚལ།
4.སྩང་གི་ཚོགས་པ།
སྩང་གི་ཚོགས་པ་ནིP.T2204(45)ལྟར་ན་ཕལ་ཆེར་སྡེ་རེ་རེར་ཡོད་པའི་དཔོན་སྣ་སྟེ་དེ་སྩང་འབོགས་ཀྱི་རིང་ལུགས་བློན་ཆེན་དང་སྩང་སྤྱན། སྩང་མངན་བཅས་ཀྱིས་གྲུབ་པའི་ཚོགས་པ་ཞིག་ཡིན། དེ་དག་གི་འོས་འགན་གཙོ་བོ་ནི་སྡེ་བའི་གཞུང་འབྲུ་དོ་དམ་དང་ནང་མིར་བགོ་རྒྱུའི་འོས་འགན་ཡོད་པ་མ་ཟད་སྡེ་བས་ཆོས་ཕྱོགས་ཀྱི་སྐུ་ཡོན་སོགས་སུ་ཕུལ་བའི་ནས་ཁལ་བཅས་ཀྱི་ཡོང་སྒོ་དང་འགྲོ་སྒོ་རྩིས་ཐོར་བཀོད་ནས་གོང་རིམ་དུ་རྩིས་སྤྲོད་བྱེད་དགོས། P.T1101《དཔྱ་ཆད་པའི་མིང་ཐོ》ལས་”ལྔ་བཅུ་རྐང་འགོ་ཀླུ་གཟིགས་ཀྱི་ཚན་གྱི་འབངས་ཀྱི་དཕའ་ཆད་དེ་འབངས་ལའ་ལས་པའ། ། འཕྲལ་དུ་མ་འབྱོར་ནས། ། ཞང་ཁྲི་གཟིགས་ཀྱི་སྒོ་ནས་ལས་བུན་ཆེན་དུ་བླང་སྟེ། ། ཁྱིའི་ལོའི་སྟོན་སླ་འབྲིང་པོ་ཉ་ལ་སྩང་བང་གི་སྒོར་ཁལ་གཅིག་ལ་གཉིས་འབུལ་བར་བགྱིས་ནས་དཕ་ཆད་གྱི་རྣམས་མྱིང་སྨྲར་བྲིས་ཕ། ། “(46)ལྟར་ན་ཁྲལ་དཔོན་ཡང་སྩང་གི་ཚོགས་པའི་ཁོངས་མི་ཡིན་པར་ཞིང་གཞིས་དཔོན་གྱི་འོག་རིམ་གྱི་དཔོན་རིགས་ཡིན་ངེས།
5.ཁྲལ་དཔོན།
ཁྲལ་དཔོན་ནི་ཞིང་ཕྱུགས་ཁྲལ་བསྡུ་མཁན་ཡིན་པ་མ་མཐའ་ཡང་བྱི་བ་ལོར་བགོས་པའི་སྡེ་གཉིས་ལ་མཚོན་ན་སྤྱིའི་ཁྲལ་བ་ཆེན་པོ་གཅིག་དང་སྡེ་རེ་རེར་ཁྲལ་བ་རེ་ཡོད། ཞིན་ཅང་ནས་བྱུང་བའི་ཁྲམ་ཤིང་ལྟར་ན་ཁྲལ་རྩིས་ཡི་གེ་པ་ཟེར་བ་ཞིག་ཡོད་ཡང་ཏུན་ཧོང་གི་ཤོག་དྲིལ་P.T1089ལས་མ་བྱུང་བས་སྡེའི་ཁྲལ་བས་གཅིག་ལྕོགས་ཀྱིས་འགན་འཛིན་པར་འདོད། དེ་མིན་ད་དུང་ཁྲལ་དཔོན་གྱི་བཀོད་སྒྲིག་ལྟར་འབྲུ་རིགས་སྐྱེལ་འདྲེན་བྱེད་པའི་སྩང་འདྲེན་པ་ཞིག་ཀྱང་ཡོད།
བོད་ཆེན་པོས་ཤ་ཅུ་ས་ཁུལ་དབང་བསྒྱུར་རྗེས་ས་ཞིང་ལས་བགོས་ཐད་དོར་ཞིང་ལམ་ལུགས་ལག་བསྟར་བྱས་པ། རྒྱ་ཡིག་ཤོག་དྲིལ་S.9156(47)ནང་ཁྱིམ་དུད་ཉི་ཤུའི་མི་གྲངས་དང་ས་ཞིང་གི་མང་ཉུང་གསལ་བོ་འཁོད་པ་ལས་ཁྱིམ་དུད་བཅུ་བདུན་ལ་མི་རེ་ས་ཞིང་དོར་རེ་དང་གཞན་གསུམ་ལ་མི་རེ་དོར་གཅིག་ལས་མང་ཡང་བར་ཁྱད་ཆེན་པོ་མི་འདུག་པས་སྐབས་དེར་ལག་བསྟར་བྱས་པའི་”ཞིང་བ་མྱི་གྲངས་ཀྱིས་བགོ་བར་བཀ་གྲོས་ཆད”(48)པའི་ས་ཞིང་མང་ཉུང་གི་ཚད་ནི་ས་ཞིང་དོར་རེ་ཡིན། དེ་ལ་ཁྲལ་བསྡུ་བའི་ཚད་ཏུན་ཧོང་གི་ཤོག་དྲིལ་ལས་གསལ་བོ་ཞིག་མ་ཪྙེད་ཀྱང་ཁྲམ་ཤིང་དུ་འཁོད་པ་འགའ་འདིར་དཔྱད་གཞིར་བཀོད་ན། “འབངས་ཕག་གྱྀ་སོ་ནམ་མ་རྒྱུག་སྟེ། ། ཆུན་རབ་གཅྀག་གིས་གྱང་དཀར་ནག་ཁལ་ལྔ་ལྔ་ཙལ་ལས་མ་ཕུལ་ན། “ཞེས་དང་། “བློན་ལེགས་བཞེར་སྩོགས་པས། ནོབ་ཆུངུར་ཕེབས་ནས། ཁྲལ་ཕུལ་བའ། མངན་གྲོང་གཡོལ་ནས་ཁལ་གཉིས། གྲོ་ཁལ་གསུམ། གྲོ……”“འ་ཞ་ཁྲི་སྡེ་སྟོད་པཱ་རྒྱ་ལ་གཐོགས(པ)རྣམས། སྐྱ་རེ་གཅིག་རེ་བྲེ་ལྔ་སྦྱར་ཏེ། ཁྲི……ཀྱིས་དྲུག་ཅན་གྱི་ནས་དང་བསྲེ་ཞིང་ཁ་ཅིག་ལུག་དུ་མ་འབྱོར་ཏེ་གནག་དུ་བརྫངས། “(49)གོང་གི་ཁྲམ་ཤིང་ཡི་གེ་ཚན་པ་འགའ་ལས་ཤེས་ཐུབ་པ་ནི་ཁྲལ་བསྡུ་ཚད་ལ་ཁྱིམ་རེ་དང་ས་ཞིང་དོར་རེ། ད་དུང་མི་གྲངས་ལྟར་བསྡུ་ཚད་མི་འདྲ་བ་ཡོད་པ་མ་ཟད། ལོ་འབབ་ཀྱི་བཟང་ངན་ལ་བལྟས་ནས་ཁྲལ་བསྡུ་བ་ཡིན།
6.ཆུ་མངན།
ཆུ་མངན་ནི་བོད་ཀྱི་ས་ཁུལ་དུ་དཔོན་རིགས་འདིའི་སྐོར་འཁོད་པ་མ་མཐོང་། ཆུ་ནི་ཞིང་ལས་གཉེར་སྐྱོང་བྱེད་པར་བྲལ་ཐབས་མེད་པས་བོད་ལ་མཚོན་ན་མཛངས་མི་དང་པོ་རུ་ལས་སྐྱེས་ཀྱིས”ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། ས་གཞི་བསྐོས་ནས་ཕུ་ཆུ་ཡུར་དུ་དྲངས། སྨོན་པ་དོར་སྡེབས་སྤངས་ཐང་ཞིང་དུ་རྨོས། “(50)ཞེས་ཆུ་བེད་འཛུགས་བསྐྲུན་ལ་བྱས་རྗེས་ཆེན་པོ་བཞག་ཡོད། རྒྱ་ཡིག་གི་ཤོག་དྲིལS.5894རུ”ས་འདིར་(ཤ་ཅུ)ཆུ་ནི་མིའི་ཁྲག་རྩ་དང་མཚུངས”ཞེས་ཆུ་ཚད་ཡོད་ཀྱིས་བཀོལ་སྤྱོད་དང་དོ་དམ་བྱེད་ཆེདP.3566《ཤ་ཅུ་ཏུན་ཧོང་ཁག་གི་ཆུ་བཀོལ་ཡུར་འདྲེན་སྐོར་གྱི་ཆོད་ཡིག》དང《ཆུ་རྐའི་ཁྱབ་ཚུལ》སོགས་ཡིག་ཐོག་ནས་ཡུར་ཆུ་འདྲེན་པའི་རིམ་པ་དང་ཆུ་རགས་འཛུགས་བསྐྲུན། ཆུ་མང་ཉུང་གི་ཚད། འགོག་འདྲེན་གྱི་དུས་ཚོད། ཆུ་རྐ་དང་འགག་རྒྱའི་མང་ཉུང་སོགས་གཏན་འཁེལ་རྩིས་ཐོ་བཀོད་པ་མ་ཟད། དེ་མཐུན་གྱི་དཔོན་གནས་དང་འོས་འགན་བཅས་ཁྲིམས་ཐོག་ནས་གཏན་འཁེལ་བྱས་ཡོད། “གལ་ཏེ་ཆུ་བཀོལ་བ་ཆ་སྙོམས་ནས་ལོ་ལེགས་བྱུང་བ་དང་ཆ་མ་སྙོམས་པར་ཆུ་བེད་ཀྱི་རྩ་དོན་དང་འགལ་ན་ལོ་མཇུག་ཏུ་ལེགས་ཉེས་རྩད་གཅོད་བྱེད་པ་ཡིན། “(51)བོད་ཀྱིས་ཤ་ཅུ་ས་ཁུལ་དབང་དུ་བསྒྱུར་རྗེས་ས་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཆུ་མངན་གྱི་དཔོན་རིགས་བསྐོས་ཏེ་ཆུ་བེད་འཛུགས་བསྐྲུན་དང་། ཆུའི་བཀོལ་སྤྱོད་ལ་མཐོང་ཆེན་བྱས་ཡོད་པས་ཤ་ཅུ་ས་ཁུལ་དག་ནི་ཞིང་ལས་གཙོ་གཉེར་གྱི་ས་གནས་ཡིན་པ་ཡང་གསལ་བཤད་བྱས་ཡོད། དེ་ལ་བྱི་བ་ལོར་བགོས་པའི་རྒྱ་སྡེ་གཉིས་ལ་མཚོན་ན་སྤྱིའི་ཆུ་མངན་གཅིག་དང་སྡེ་རེར་ཆུ་མངན་གཉིས་རེ་ཡོད།
7.ཞལ་ལྕེ་བ།
ཞལ་ལྕེ་བ་ནི་བོད་བཙན་པོའི་སྲིད་གཞུང་ལ་མཚོན་ན་བཀའ་ཡོ་གལ་གྱི་བློན་པོ་ཆེན་པོའི་འོག་རིམ་གྱི་ཁྲིམས་ལུགས་ལག་བསྟར་བྱེད་པ་དཔོན་ཞང་རྡོ་རིང་ལས”刑部尚书明论”ཞེས་བསྒྱུར་ཡོད། ས་གནས་སྲིད་གཞུང་ལ་མཚོན་ན་ཞལ་ལྕེ་བ་ནི་ས་གནས་ཀྱི་ཁྲིམས་ལུགས་ཀྱི་བྱ་བ་གཉེར་བའི་དཔོན་སྣ་ཞིག་ཡིན་པར་ཡིག་ཆ་ལ་ལར་གཅོད་དབྱོང་གི་རིང་ལུགས་ཟེར་བ་དང་། ཉེས་ཁྲིམས་བཅད་པ་ལ”སྤྱན་གྱིས་དབྱོངས་བཀྱིགས”ཞེས”ལེགས་ན་དགྲའི་བུ་ལེགས་ཀྱང་བྱ་དགའ་གསོལ་ཉེས་ན་རང་གི་བུ་ཉེས་ཀྱང་ཆད་པ་གཅོད”པའི་རྩ་དོན་རྒྱུན་འཁྱོངས་དགོས་ཀྱིས་གཙོ་བོ་དམངས་དོན་ཞུ་གཏུགས་སོགས་ཁྲིམས་ལྟར་ཐག་གཅོད་བྱེད། ཏུན་ཧོང་ནས་སྐབས་དེའི་ཁྲིམས་ལུགས་ཀྱི་ཤོག་དྲིལ་འབོར་ཆེན་བྱུང་བ་མ་ཟད་ཤོག་དྲིལP.T1077རུ་ཡུས་བགྲངས་སྐབས་བོད་ཀྱི་བཀའ་ཁྲིམས་དང་བཀའ་ཁྲིམས་ཀྱིས་གཅད་པར་བྱ། བཀའ་ཁྲིམས་དང་སྦྱར་སོགས་ཡང་དང་ཡང་དུ་བཤད་པ་མ་ཟད་ཐིག་ཕྲེང125པར་བོད་ཀྱི”བཀའ་གྲིམས་ལས་རྒོད་གྱི་བརྒྱའི་རྗེ་དང་ཁབ་སོའི་སྐྱེའུ་ཀ་ཞལ་ཆེས་བཐབ་པའི་དཀར་དམར་ནི་ཐབས་མཉམ་མོ་ཞེས་འབྱུང་གི། “ཞེས་དང་། (52)”སྔན་གྱི་མཁར་ཁྲིམས་ཪྙིང་བཞིན་འཚོལ་ཅིག་དང་”(53)ཞེས་པས་བོད་ཆེན་པོས་ཤ་ཅུ་སོགས་ས་ཁུལ་དབང་བསྒྱུར་སྐབས་ས་གནས་ཀྱི་ཁྲིམས་ལུགས་བཅོས་སྒྲིག་ཐད་ཧ་ཅང་ཞིབ་ཚགས་ཀྱིས་ཡང་དང་ཡང་དུ་བཅོས་པ་དང་། ད་དུང་མང་ཚོགས་ལ་ཁྲིམས་ལུགས་ཀྱི་སློབ་གསོ་གཏོང་རྒྱུར་གཙིགས་ཆེན་གནང་བས་གཏུག་བཤེར་དང་ཡུས་བགྲངས་སྐབས་མང་ཚོགས་རང་ནས་ཁྲིམས་ལུགས་ལག་ཆར་བརྟེན་ནས་རང་ཉིད་ཀྱི་ཁེ་ཕན་དང་བདག་དབང་ལ་སྲུང་སྐྱོབ་བྱས་ཡོད། ཞལ་ལྕེ་བ་ལ་ཆེ་ཆུང་གཉིས་ཡོད་པ་མ་ཟད་ཏུན་ཧོང་ནས་བྱུང་བའི་ཤོག་དྲིལ་ལས་ཁྲིམས་ཐག་གཅོད་སྐབས་ཡུས་བགྲངས་བའི་ཤགས་ཡིག་འབོར་ཆེན་ཡོད་པར་གཞིགས་ན་དེ་དག་སུག་ཡིག་ཏུ་འཁོད་མཁན་གྱི་དྲུང་ཡིག་ཞིག་ཀྱང་ཡོད་ངེས་ལ། ཁྲིམས་གཅོད་སྐབས་རྒྱུན་དུ་བདེ་བློན་གྱི་མདུན་སའི་བློན་ཆེན་དག་ཞུགས་ནས་དཔང་མིར་བྱེད་པའི་ལུགས་སྲོལ་ཡོད།
8.ཆོས་ཀྱི་རྩིས་པ།
ཆོས་ཀྱི་རྩིས་པ་ནི་ཆོས་ལུགས་དང་འབྲེལ་བ་ཡོད་ངེས་པས་གཙོ་བོ་ཆོས་ཕྱོགས་ཀྱི་ཡོང་སྒོ་དང་འགྲོ་སྒོ་སོགས་དོ་དམ་དང་རྩིས་ཐོར་བཀོད་པ། ཆོས་ལུགས་ཀྱི་བྱ་འགུལ་སོགས་རྩ་འཛུགས་བྱེད་པའི་འགན་ནུས་ཡོད། P.T997ནི་ཀྭ་ཅུ་ལྷ་རིས་གྱི་མངན་ཆེན་གུ་རིབ་ལེགས་བརྟན་སོགས་ཀྱིས་ཀྭ་ཅུའི་ཡུ་ལིམ་གཙུག་ལག་ཁང་གི་ལྷ་འབངས་དང་བྲན་གཡོག་ནོར་ཕྱུགས། སྤྱི་རྫས་དངོས་རིགས་ཇི་ཡོད་རྩིས་ཐོར་བཀོད་པའི་ཤོག་དྲིལ་ཡིན། (54)དེ་བཞིནP.T1111ལས”རྟ་ལོ་དང་ལུག་ལོ་ལ་ཤ་ཅུའི་གཙུག་ལག་ཁང་ནས། སྐུ་ཡོན་དར་མ་དང་བླ་སྐྱེསུ་མཛད་པའི་རྒྱུར་ཁ་བསྟན་པ་དང་། ཤ་ཅུ་ཕྱོགས་ན་དགེ་འདུན་ཡུལ་ཟར་འཚལ་མ་དང་། གསོལ་ཆང་དུ་གོད་པ་དང་། སྡེ་རྗེས་སྐྱིན་བར་ཁ་བསྟན་པ་ལ་སྩོགསྟེ་གོད་དོ་འཚལ་གྱི་སྡོམ…”(55)ཞེས་ལོ་གཉིས་རིང་གི་ཆོས་ཕྱོགས་ཀྱི་འགྲོ་སྒོ་དང་ལྷག་མ་གསལ་བོར་བཀོད་པར་གཞིགས་ན་ལྷ་རིས་ཀྱི་མངན་ཆེན་དང་ཆོས་ཀྱི་རྩིས་པ་དཔོན་རིགས་གཅིག་ཡིན་སྙམ། གོང་གི་ཤོག་དྲིལ་ཡིག་ཆ་ཧྲིལ་བོར་བལྟས་ན་ཆོས་ཕྱོགས་ཀྱི་འགྲོ་སྒོ་དེ་དམག་དོན་གྱི་འགྲོ་སྒོ་ཕུད་ཕལ་ཆེར་ཨང་གཉིས་པར་ཟིན་པས་གཅིག་གྱུར་གྱིས་རྩིས་གཉེར་བྱེད་པའི་དགོས་པ་ཆེ། ཆོས་ཀྱི་རྩིས་པ་ལས་གཞན་ད་དུང་ཆོས་ཀྱི་གཞི་འཛིན་པ་དང་ཆོས་ཀྱི་རུབ་མ་སོགས་ཀྱང་ཡིག་ཆ་འགར་མཐོང་རྒྱུ་ཡོད། ཤོག་དྲིལP.T997ལས”ལྷ་རིས་ཀྱི་ཁབ་སོ། སྔོན་གཞི་འཛིན་བན་དེ་མན་འཛུ་ཤི་རིས་ཐང་བཏབ་ཚུན་ཅད། ། ལོ་མང་མོ་ཞིག་ཏུ་དཔོན་སྣ་གཉེན་ལེན་འབྱུང་འཇུག་ཏུ་གྱུར་གྱིས་ཀྱང་། འབངས་དང་དཀོར་སྩང་ལསྩོགས་པ་ཐང་ལ་མ་བརྒལ་པས་ཐང་ལ་བརྒལ་དུ་སྩལ་ཏེ། གཉེན་ཡིག་ཀྱང་གསར་དུ་བྲི། ། སླན་ཆད་ལོ་བདུན་ཞིང་ཟླུགས་མཛད་པ་ཡང་ཐང་འདི་ལ་བརྒལ་དུ་སྩལ་པར་བཀས་བཅད་ཀྱིས། དེ་བཞིན་འཚོལ་ཅིག་ཅེས། ཕོ་བྲང་ནས། ། བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་ཕྲིན་བྱང་མཆིས་པ”(56)ཞེས་པ་ལྟར་ཆོས་ཀྱི་གཞི་འཛིན་པ་ནི་དགོན་པ་རང་ལས་དོ་དམ་པ་ཆེས་གཙོ་བོ་ཞིག་སྟེ་ལས་ཀ་གཙོ་བོ་དགོན་པའི་ལྷ་འབངས་དང་བྲན་གཡོག་ནོར་ཕྱུགས། སྤྱི་རྫས་བཅས་དངོས་རིགས་ཇི་ཡོད་ལོ་བདུན་རེ་ཐེངས་གཅིག་ལ་རྩིས་ཐོ་འགོད་མཁན་གྱི་དགེ་འདུན་པ་ཞིག་ཡིན། ཆོས་ཀྱི་རུབ་མ་འམ་དར་མའི་རུབ་མ་པ་ནི་ཤོག་དྲིལP.T999ལྟར་གཙུག་ལག་ཁང་གི་ཆོས་ཀྱི་མཛོད་དེ་དགོན་པའི་དཔེ་མཛོད་ཁང་དུ་བཞུགས་པའི་དཔེ་ཆ་རྩིས་ཐོ་བཀོད་པ་དང་དོ་དམ་བྱེད་མཁན་གྱི་བན་དེ་ཞིག་སྟེ། དཔེར་ན་ཤ་ཅུ་ལུང་ཧུང་སིའི”དར་མའི་རུབ་མ་པ་བན་དེ་ཡུན་ཧྱེའི་ཧེ་དང་ལི་དམ་འགུང་དར་མའི་གོད་དང་གཏན་ཚོགསུ་འཆང་དུ་སྩལད་ཏེ”ཞེས་པ་བཞིན་ནོ། ། (57)དེ་བས་ཆོས་ཀྱི་གཞི་འཛིན་པ་དང་དར་མའི་རུབ་མ་པ་ནི་དགོན་པའི་དོ་དམ་ཚོགས་པའི་ཁོངས་མི་བྱེ་བྲག་པའི་ལས་སྣེ་གཉིས་སུ་འདོད།
9.ལུང་དོར་གྱི་དམག་དཔོན།
ལུང་དོར་དམག་དཔོན་ནི་ཚིག་ངོས་ནས་བལྟས་ཚེ་ལུང་འགག་སྲུང་མཁན་གྱི་དམག་དཔོན་ཞིག་ཡིན་ནམ་སྙམ། འོན་ཀྱང”དགའ་གཉིས་ཚོང་བས་མཐུན་གཉིས་ལ་ལུང་བསྡེབས”ཞེས་ལ་ཡི་འབྲོག་དང་ལུང་གི་ཞིང་ཟེར་སྲོལ་ཡོད་ལ་དོར་ནི་ཞིང་གི་མང་ཉུང་འཇལ་བའི་ཚད་ཅིག་ཡིན་པ་ཀུན་ལ་ཁ་མཐུན། མུ་རན(米兰)ནས་བྱུང་བའི་ཁྲམ་ཤིང་ལས”འ་ཞ་རྒྱ་བ་ལས་གཞི་མཁན་ཇི་མཆིས་པ་རྨོས་ན་མཆིས་ན་སོ་པའི་གྲངས་ཆོདེ་ཐོག་ཤིག”ཅེས་པར་ཐའོ་མ་སིས་ནུབ་ཆུང(若羌)རྒྱུད་ཀྱི་འ་ཞའི་འབངས་ཀྱིས་རྨོ་འདེབས་སྐབས་གྱེན་ལོག་བྱ་བར་ལྟ་རྟོག་བྱེད་པར་གོ་(58)ཡང་མུ་རན་ནས་བྱུང་བའི་ཁྲམ་ཤིང་ཞིག་ཏུ”A1རྗོ་ཆོས་ཀྱི་མནའ་བདག་ཆེན་པོ་ལ་གསོལ་ལན་རྒད་གསོལ་ཏེ། བླ་ནས་ནོད་ཆུA2ངུའི་སྐུན་མཁར་གཟུང་བཀའ་གྲོས་འདུས་ནས། བདག་ཅག་མཐོང་ཁྱབ་དུམ། b1འབུའི་སྟེང་དུ་ཀ་དག་གི་མཁར་བསེལ་གྱིས་བསྣན་ཏེ་མཆིས་པ་ལ། དགྲའ་སྡེb2བོ་ཆེས། སྡུམ་ཐབ་ནི་བཀུམ། མགོ་དུ་ནི་རྩེས་བཅད། འཚལ་བརྒྱགས་B3དང་དོང་ཅི་མཆིས་པ་ནི། དགྲའས་འཚལ། ད་ལྟར་ཉམས་ལ་དད་ཅིག་འཚལད། (59)”ཅེས་དང་། ཤོག་དྲིལ་ཞིག་ཏུ་”ཤི་སོས་ཀྱི་གླ་དགྲ་ཆུད་མ་འཚལ་བར་གྱིས་ཤིག་པར་འདྲུལ་བ་ལས་བཀའ་ནན་མ་མཛད་པར་གྱིས་ལ། འདི་དག་ཏུ་ཡང་སྩང་ལོ་དགྲ་ནོས”(60)ཞེས་འཁོད་ཡོད། དར་གོས་ཚོང་ལམ་དེ་ཏུན་ཧོང་ནས་ནུབ་ཕྱོགས་སུ་ལྷོ་བྱང་བར་གསུམ་གྱི་ལམ་གསུམ་ཡོད་པར་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་གནས་འདི་དག་ཏུ་ཇག་པ་དང་དྲུ་གུའི་དགྲ་སོགས་མང་པོ་ཡོད་པར། བོད་ཀྱི་མངའ་ཁོངས་སུ་གཏོགས་པའི་མཐའ་ཁུལ་ཏུ་རྒྱུན་ཏུ་འཕྲོག་བཅོམ་བྱས་པ་གཅིག་ནས་དགྲས་འཕྲོག་བཅོམ་ལ་རྒོལ་བ་དང་གཉིས་ནས་མཐའ་མཚམས་སུ་སོ་བ་འཇོག་པར་དམག་དཔུང་བཅུ་ཕྲག་ལྷག་རེ་མངགས་པ། ལུང་དོར་གྱི་དམག་དཔོན་ནི་དེ་ལྟ་བུའི་དམག་དཔུང་གི་འགོ་བར་གོའམ་སྙམ་ལ་དཔོན་སྣའི་གྲལ་ཐབས་སུ་ལུང་དོར་གྱི་དམག་དཔོན་གྱི་གོ་གནས་ཧ་ཅང་དམའ་བ་ཐ་ན་བོད་སུམ་གྱི་སྟོང་ཅུང་ལས་ཀྱང་དམའ་བོ་ཡིན་པས། གཙོ་བོ་འབངས་མིས་རྨོ་འདེབས་དང་སྟོན་སྡུད་དུས་སུ་དགྲ་ཇག་གི་རྒོལ་བ་འགོག་པ་དང་ཞོར་དུ་དགྲ་བོའི་གནས་ཚུལ་ལ་ལྟ་རྟོག་གི་འོས་འགན་ཡོད་པར་འདོད་པས་གང་ཡིན་ཀུན་ནས་དཔྱད་པར་ཞུ།
༢.བྱི་བ་ལོར་བགོས་པའི་དཔོན་གནས་ཀྱི་གྲལ་ཐབས་དང་རྒྱ་སྡེ་གཉིས་ཀྱི་ལས་སྣེ་ཁག
P.T1089ལས”བྱི་བ་ལོའི་དབར། ཞང་བློན་ཆེན་པོ་སོ་ལ་མཆིས་པའི་འདུན་ཚ་ལོང་ཅུར་བཏབ་པའི་ལན་ལ།
རྒྱ་ཤ་ཅུ་པ་སྡེ་གཉིས་སུ་བཅད་ནས། ལས་སྒོ་དང་དཔོན་སྣར་བསྒོས་པ་དང་ལུང་སྩལ་པ་”ནི་ཤ་ཅུའི་རྒྱ་བོད་ཀྱི་དཔོན་སྣ་རྣམས་གྲལ་ཐབས་ལ་མཐུན་པོ་མ་བྱུང་བ་རྒྱ་བོད་དཔོན་སྣས་ཡར་ཞུ་བརྒྱུད་ཀྭ་ཅུའི་བདེ་བློན་གྱི་མདུན་ས་དང་། ལོང་ཅུ་ཁྲོམ་ཆེན་པོའི་མདུན་ས་ནས་ལོ་འགའི་རིང་ཤ་ཅུ་གཙོས་པའི་ས་ཁུལ་ཁག་གི་དཔོན་སྣའི་གྲལ་ཐབས་ལ་བསྡུར་བ་ཡང་ཡང་བྱས་ཏེ་ཐག་བཅད་པ་ཞིག་ཡིན་པས། ཐད་ཀར་བོད་ཆེན་པོའི་དབང་དུ་བསྒྱུར་སྐབས་ཤ་ཅུ་ས་ཁུལ་གྱི་སྲིད་གཞུང་གི་སྒྲིག་གཞིའི་རིམ་པ་དང་གོ་གནས་ཀྱི་མཐོ་དམའ། འགན་ནུས་ཀྱི་ཚད་སོགས་དཔྱད་པར་རིན་ཐང་གལ་ཆེན་ལྡན།
གོང་གི་ཤོག་དྲིལ་དུ”ཁྱི་ལོ་དང་སྤྲེལ་ལོ། བྱི་བ་ལོ”ཞེས་པ་དག་ལས་ལོ་ཁམས་བཀོད་མེད་པས་ལོ་ཚིགས་གསལ་བོ་ཤེས་དཀའ། ཤོག་དྲིལ་དུ”ན་ནིང་(བྱ་ལོ)སླད་ཀྱིས་རྒྱ་ཤ་ཅུ་པ་རྒོད་དུ་བཏོན་ནས། སྟོང་པོན་སྟོང་ཅུང་ཡང་སྟེ་བཅད”པ་ལས་རྒྱའི་ཏོ་ཏོག་ཨན་བུང་ཡིག་ནི་བྱི་བ་ལོའི་རྒྱ་ཤ་ཅུ་བ་སྡེ་གཉིས་སུ་བཅད་ནས་ལས་སྒོ་དང་དཔོན་སྣ་བགོས་སྐབས་ཀྱང་ཏོ་ཏོག་འོག་དཔོན་དུ་བཞག་ནས”ཐབས་ར་གན་གྱི་ཡི་གེ་ཡོད་པ་ལས། ངོའི་ཚེ་ཐུགས་པགས་མཛད་ནས། ར་གན་གྱི་ཡི་གེ་ཆེན་པོ་བྱིན་ནོ། “ཞེས་པས་ཨན་བུང་ཡིག་ནི་བྱ་ལོ་རྒྱའི་ཏོ་ཏོག་འོག་དཔོན་དུ་བསྐོས་པ་བྱི་བ་ལོ་ཤ་ཅུའི་དཔོན་སྣ་ཡང་བསྐྱར་བགོ་སྐབས་སྔར་གྱི་གོ་གནས་སུ་སོར་འཇོག་བྱས་པ་མ་ཟད་ཐབས་ར་གན་གྱི་ཡི་གེ་ཆེན་པོ་བྱིན་པས། ཐེངས་དང་པོ་འགན་བཞེས་པ་ནས་ཐེངས་གཉིས་པའི་འགན་བཞེས་པའི་བར་ལོ་ཧྲིལ་བོ་གསུམ་འགོར་བ་ཤེས་ཐུབ། འོན་ཀྱང་ཐེངས་དང་པོའི་སྐབས་སྡེ་ཅི་ཙམ་བགོས་པ་མི་གསལ་ཡང”རྒོད་དུ་བཏོན་ནས་སྟོང་པོན་སྟོང་ཅུང་གོང་ཙར་བགོས”ཞེས་པ་ནི། ཤ་ཅུར་སྔར་ནས་ཡོད་པའི་ཐང་དམག་ལས་སྡེར་བཅད་པར་གོ་ན། ཤ་ཅུ་ནི་ས་གནས་ཀྱི་དམག་འབངས་ཡོངས་ཀྱིས་འགོ་འཛུལ་ནས་དབང་དུ་བསྡུས་པ་ཡིན་པས་སྔོན་ནས་ཡོད་པའི་ཐང་དམག་ནི་གནད་དོན་གལ་ཆེན་ཞིག་ཡིན་ལ། དབང་བསྒྱུར་གྱི་ཐོག་མར་ཟིང་འཁྲུག་མང་པོ་བསླངས་པ་དང་སྔ་ཕྱིར་ཐེངས་གསུམ་ལ་མནའ་བཅད་པ་སོགས་ཀྱང་སྔོན་གྱི་ཤ་ཅུའི་དཔོན་སྣེ་དང་དམག་དཔུང་དང་འབྲེལ་བ་གལ་ཆེན་ཡོད་པས་དབང་བསྒྱུར་གྱི་ཐབས་ཇུས་ཐོག་མའང་དབང་འོག་ཏུ་ཚུད་པའི་ཐང་དམག་གི་བཀོད་སྒྲིག་ནས་འགོ་བརྩམས་དགོས། ཡང་ཅིག་བཤད་ན་ཤོག་དྲིལ་ཏུ་བྱུང་བའི་ན་ནིང་(བྱ་ལོ)རྒྱ་ཤ་ཅུ་བ་དམག་ལས་བཏོན་ནས་སྡེར་བསྒྲིགས་པ་ནི་གནས་ཚུལ་དངོས་ལ་གཞིགས་ན་དུས་རབས་བརྒྱད་པའི་དུས་མཇུག་གི་དོན་ཞིག་ཡིན་དགོས། ཤོག་དྲིལP.T1113《འདུན་ཙ་ལོང་ཅུ་ནས་བཀྱེ་བའི་བཀའ་ཡིག》ལས”མཐོང་ཁྱབ་རྒོད་གསར་སྟོང་སྡེ་གཅིག་ཤ་ཅུར་བཙུགས་པར་ཆད་ཕ་ལས་སྩ་ལད་པ་ལགས་ཐེ། ། འབྲུག་ལོའི་སྟོན་ཐོག་སླེབས་གྱི་བར་དུ། ། ལྟོ་སོད་ནས་ཁལ་ལྔ་བརྒྱ་དང་། ། ས་བོན་ནས་ཁལ་ཉིས་བརྒྱ་ཞིག། ཤ་ཅུའི་སྩང་ལས། ། རེག་ཟིད……། ། ཕྱག་རྒྱ་ལས་འབྱུང་བ་བཞིན་དུ་ཁ་སྟོན་ཅིག། “(61)ཅེས་པ་བཞིན་དམག་གི་ལས་བྱེད་པ་སྡེར་བགོས་ཚེ་དམིགས་བསལ་གྱིས་གཞུང་ནས་བཟའ་ཆས་དང་ས་བོན་སོགས་མཁོ་སྤྲོད་བྱེད། དེ་བཞིན་རྒྱ་ཤ་ཅུ་བའི་རྒོད་ཀྱི་སྡེ་དེ་སྲིད་གཞུང་གི་བཀའ་ཡིག་མང་པོར་མཐོང་རྒྱུ་ཡོད་པས་ཧ་ཅང་མཐོང་ཆེན་གནང་བ་མཚོན་ཐུབ། ཧྥ་རན་སིའི་བོད་རིག་ཆེད་མཁས་མ་ལ་ལུའུ་ཡིས་P.T1089དུ་ཡོད་པའི་ཞང་རྒྱལ་ཙན་ནི་སྤྱི་ལོ༧༩༦ལོ་སྐུ་གཤེགས་པའི་ཞང་རྒྱལ་བཙན་ཏུ་འདོད་པར་གནས་ལུགས་ངེས་ཅན་ཡོད། (62)དེ་བས་ཤོག་དྲིལ་ལས་བྱུང་བའི་ན་ནིང་ནི་བྱ་ལོ་སྟེ་སྤྱི་ལོ༧༩༡དང་བྱི་བ་ལོ་ནི་སྤྱི་ལོ༧༩༤ལ་འབབ།
ཤ་ཅུ་དཔོན་གནས་གསར་དུ་བགོས་པ་ནི”ཤ་ཅུའི་རྩེ་རྗེ་བློན་མན་ཅད་དཔོན་སྣ་ཕྲ་མོ་ཡན་ཆད། གྲལ་ཐབས་ལ་མཆིད་མྱི་མཇལ་པའ། …”ཞང་བློན་ཆེན་པོ་བློན་རྒྱལ་ཙན་དང་བློན་ལེགས་སྒྲར་ཞུས་ནས་བདེ་བློན་གྱི་མདུན་ས་དང་དམག་དཔོན་བཅས་ནས་མཆིད་ཀྱིས་ཐག་བཅད་པ་རེད། སྔ་ཕྱིར་ཐེངས་འགར་གྲལ་ཐབས་ཀྱི་རིམ་པ་ཐག་བཅད་པ་མ་ཟད། “དཀར་ཆག་དུ་བྲིས་པ་ནི། ཁྱིའི་ལོའི་དགུན་ཕོ་བྲང་ན་བཞགས། “དེ་བཞིན་ལོ་འདིར་(བྱི་བ་ལོ)རྒྱ་ཤ་ཅུ་བ་སྡེ་གཉིས་སུ་བཅད་ནས་དཔོན་གནས་གསར་དུ་བགོས་པ་ནི”རྒྱ་ཤ་ཅུ་པའི་དཔོན་སྣ་ཞང་ལོན་ཆེན་པོས། བསྐོས་པའི་གཞི་དང་གཐུགས”ནས་ཐག་བཅད་གནང་།
རྒྱ་སྡེ་གཉིས་ཀྱི་དཔོན་སྣའི་ཁྲོད་སྡེ་གཉིས་ལ་བོད་ལས་བསྐོས་པའི་སྟོང་དཔོན་དང་སྟོང་ཅུང་བསྐོས་ནས་སྡེ་གཉིས་གཅིག་གྱུར་གྱི་འགོ་ཁྲིད་གནང་ཐོག་སྡེ་སོ་སོ་ནས་རྒྱ་ལས་བསྐོས་པའི་སྟོང་དཔོན་ཟླ་རེ་བསྐོས་ནས། སྡེ་གཉིས་ཀྱི་སྲིད་འཛིན་གྱི་འགོ་ཁྲིད་རིམ་པ་གྲུབ་ཡོད། དེ་བཞིན་ལས་སྣེ་ཁག་ཀྱང་སྡེ་གཉིས་གཅིག་གྱུར་གྱི་འགོ་ཁྲིད་གཅིག་དང་སྡེ་སོ་སོར་དེ་མཐུན་དཔོན་སྣ་རེ་བསྐོས་ཡོད། དཔེར་ན། རྒྱ་ཤ་ཅུ་བ་སྡེ་གཉིས་སུ་བཅད་ནས། ལས་སྒོ་དང་། དཔོན་སྣར་བསྐོས་པ་ལ་ཚང་ལོ་སྤ་ཤ་སྟོང་དཔོན་དང་སེར་ལྷ་སྨ་སྟོང་ཆུང་ངུ་བསྐོས་པ་ལས་གཞན་སྡེ་གཅིག་ལས་རྒྱ་ལས་བསྐོས་པའི་སྟོང་ཆུང་ཞིག་བསྐོས་ཡོད་པ་ཡིག་ཚང་གི་ཆེ་ཆུང་ལ་བལྟས་ན་སྡེ་གཅིག་གི་སྟོང་དཔོན་ཟླ་ཡེམ་ཕེང་དང་སྡེ་གཅིག་གི་སྟོང་དཔོན་ཟླ་ཁང་སེའུ་ཏམ་བསྐོས་ཡོད་པ་ལས་གོ་གནས་ཅུང་དམའ་བར་འདོད། ཞིང་དཔོན་ལ་མཚོན་ན་སྡེ་གཉིས་ཀྱི་སྤྱིའི་ཞིང་དཔོན་ལི་པུ་ཧྭ་ར་དང་ཨན་ཧིང་ཙེ་དང་ཛ་ཨན་ཞིང་དཔོན་དུ་བསྐོས་ཡོད་པ་གཤམ་ནས་རེའུ་མིག་ཏུ་ཕབ་ནས་ལས་སྒོ་རེ་རེའི་དཔོན་སྣའི་གནས་ཚུལ་གསལ་བོ་ཤེས་ཐུབ། འདི་ལས་གསར་དུ་བགོས་པའི་སྡེ་གཉིས་འབྲེལ་བ་དམ་པོ་ཡོད་པ་ཤེས་ཐུབ་ལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་ང་ཚོས་རྒྱུན་བརྗོད་ཀྱི་སྡེ་རེ་རེར་སྟོང་དཔོན་སྟོང་ཆུང་བསྐོས་ཡོད་པ་མིན་པར་སྡེ་གཉིས་ལ་སྤྱིའི་དཔོན་སྣ་རེ་བསྐོས་ནས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་དེ་ཡིན།
སྐབས་དེའི་གོ་གནས་ཀྱི་མཐོ་དམའ་ནི་གཙོ་བོ་ཡིག་ཚངས་ཀྱིས་འབྱེད་པར་ཐེངས་འདིའི་ཤ་ཅུ་དཔོན་གནས་གསར་བཅོས་ལས་ཤེས་ཐུབ་པ་ནི་བོད་ཀྱི་རྩེ་རྗེ་ནས་སྟོང་དཔོན་ཆེན་པོ་བཅས་ལ་ཐབས་ཡིག་ཚངས་ཟངས་ཀྱི་ཡི་གེ་དང་རྒྱའི་དཔོན་གནས་དག་ཤེད་ཀྱིས”ཐུགས་དཔག་མཛད་དེ། ན་ཅིག་གིས་བཙོད་ནས། “བོད་ཀྱི་དཔོན་སྣ་དག་ལས་ཡིག་ཚངས་རིམ་པ་གཅིག་གིས་མཐོ་བས་སྐབས་དེར་རྒྱའི་དཔོན་སྣེ་དག་གི་སྤྱི་ཚོགས་ཐོབ་ཐང་དམིགས་བསལ་གྱིས་མཐོ་བོ་ཡོད་པ་ཤེས་ཐུབ། རྒྱ་བོད་མཉམ་གནས་ཀྱི་སྲིད་གཞུང་གི་རྣམ་པས་ཤ་ཅུ་བོད་ཀྱི་དབང་བསྒྱུར་ལ་སྟབས་བདེར་གང་མང་ཐོན་པ་མ་ཟད་མི་རིགས་ཁག་བར་མཐུན་སྒྲིལ་མཉམ་གནས་ཡོང་བར་སྐུལ་འདེད་ཀྱི་ནུས་པ་ཚད་ངེས་ཅན་ཞིག་ཐོན་ཡོད་པ་རེད།
མཚམས་འདིར་ཤོག་དྲིལP.T1089ལྟར་བྱི་བ་ལོར་(སྤྱི་ལོ་༧༩༤)བགོས་པའི་ཤ་ཅུ་སྲིད་གཞུང་གི་དཔོན་གནས་དང་སྡེ་གཉིས་ཀྱི་ལས་རིགས་ཁག་གི་དཔོན་རིགས་བསྐོས་ཚུལ་མཚོན་བྱེད་ཙམ་དུ་རེའུ་མིག་གཉིས་སུ་བཀོད་ན།
|
དཔོན་གནས་གྱི་མིང། |
རེའུ་མིང་། |
སྔར་ནས་ཡོད་པའི་ཡིག་ཚངས། |
བྱི་བ་ལོ་གནང་བའི་ཡིག་ཚང་གི་རིམ་པ། |
|
རྩེ་རྗེ་བློན། |
རོངས་པོ་གཡུ་གོང་། |
|
ཟངས་ཀྱི་ཡི་གེ |
|
|
ཏོ་དོག་ཆེན་པོ། (རྩེ་རྗེ་ཟླ) |
ཏོ་སྟག་སྐྱེས། |
ཕྲ་མེན་གྱི་ཡི་གེ་ཆུང་ངུ་། |
འཕྲ་མེན་གྱི་ཡི་གེ་ཆེན་པོ། |
|
|
རྩེ་རྗེ་སྤྱན། |
ཁྱུང་པོ་ཀླུ་རྨ། |
|
ཟངས་ཀྱི་ཡི་གེ |
|
རྩེ་རྗེ་འབྲིང་། |
འབྲོ་གཡུ་གོང། |
|
ཟངས་ཀྱི་ཡི་གེ |
|
རྩེ་རྗེ་ཆུང་། |
འབལ་དྲ་མ་ལེགས། |
|
ཟངས་ཀྱི་ཡི་གེ |
|
ཏོ་ཏོག་འོག་དཔོན། |
ཨན་རྗང་ཡིག |
ར་གན་གྱི་ཡི་གེ་ཆུང་ངུ་། |
ར་གན་ཆེན་པོ། |
|
སྟོང་དཔོན། |
(ཚང་ལོ་སྤ་ཤ)། 63 |
|
ཟངས་ཀྱི་ཡི་གེ |
|
སྟོང་དཔོན་ཟླ། |
ཡེམ་ཕེང་།སྡེ་དང་པོ། |
ར་གན་གྱི་ཡི་གེ་ཆུང་ངུ་། |
ར་གན་ཆེན་པོ། |
|
སྟོང་དཔོན་ཟླ། |
ཁང་སེའུ་ཏམ། སྡེ་གཉིས་པ། |
ར་གན་གྱི་ཡི་གེ་ཆུང་ངུ་། |
ར་གན་ཆེན་པོ། |
|
སྟོང་ཆུང་ |
སེར་ལྷ་རྨ། |
|
ཟངས་ཆུང་ངུ། |
|
སྟོང་ཆུང་། |
ཅང་དེའུ་འདོ། |
ཟངས་ཆུང་ངུ་། |
ཟངས་ཆུང་ངུ། 64 |
【རེའུ་མིག་དང་པོ】
|
རེའུ་མིང་།
དཔོན་གནས། |
སྡེ་གཉིས་ཀྱི་ལས་གནས་ཁག་གི་དཔོན་རིགས་ཀྱི་རེའུ་མིང་། |
|
སྡེ་དང་པོ། |
སྡེ་གཉིས་པ། |
|
ཞིང་དཔོན་དང་སྤྱིའི་ཞིང་དཔོན། |
ལི་པུ་ཧྭ་ར། (སྤྱིའི་ཞིང་དཔོན། ) |
ཨན་ཧིང་ཙེ། ཛ་ཨན། |
|
ཁྲལ་དཔོན་དང་སྤྱིའི་ཁྲལ་དཔོན། |
སག་ཕོ་(སྤྱིའི་ཁྲལ་དཔོན། )ཅང་མདོ། |
ལིའུ་ཧྭང། |
|
ཆུ་མངན་སྤྱིའི་ཆུ་མངན། |
ཚེའུ་ཅང་ཞི། (སྡེའི་ཆུ་མངན། ) |
ལི་ཕྱིན་(སྤྱིའི་ཆུ་མངན། )ཡང་ཀླུ་ལེགས།
འང་ཨན།(སྡེའི་ཆུ་མངན། )ཆང་སྟགལེགས། |
|
མངན་། |
|
བམ་སྟག་ཟིགས། ཇང་ལྷ་རྟོན། |
【རེའུ་མིག་གཉིས་པ】
རེའུ་མིག་འདི་གཉིས་ལས་”བྱི་བ་ལོའི་དབར་ཞང་བློན་ཆེན་པོ་སོ་ལ་མཆིས་པའི་མདུན་ཚ་ལོང་ཅུར་བཏབ་པའི་ལན་ལ། རྒྱ་ཤ་ཅུ་བ་སྡེ་གཉིས་སུ་བཅད་ནས་ལས་སྒོ་དཔོན་སྣར་བསྐོས”པའི་གནས་ཚུལ་རགས་སྤྱི་བ་ཞིག་སྒྲིག་པ་ཡིན་པས། དུས་སྐབས་ངེས་ཅན་ཞིག་གི་གནས་ཚུལ་མཚོན་པ་ལས་ཤ་ཅུ་དབང་བསྒྱུར་པའི་ལོ་བདུན་ཅུ་ལྷག་རིང་གི་སྲིད་འཛིན་སྒྲིག་གཞི་དང་སྤྱིའི་དཔོན་གནས་རིམ་པ། ཡིག་ཚང་མཐོ་དམའ་བཅས་ཕྱོགས་ཡོངས་ནས་མཚོན་ཐབས་མེད་ལ། གཞན་རྒྱ་སྡེ་གཉིས་སུ་གཞིས་དཔོན་གྱི་དཔོན་གནས་མེད་པས་ཞིང་ལས་གཙོ་གཉེར་བའི་སྡེ་གཉིས་ཡིན་པ་གསལ་བོ་ཤེས་ཐུབ།
མཇུག་བསྡུ་བའི་གཏམ།
དཔྱད་རྩོམ་འདིར་བོད་ཆེན་པོས་ཤ་ཅུ་ས་ཁུལ་དབང་བསྒྱུར་མགོ་ནམ་ཚུགས་པ་དང་བཟུང་བའི་དུས་མགོའི་གནས་ཚུལ་ཇི་ལྟ་བུ་ཡིན་པ་བཅས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བྱས་ཏེ་སྐབས་དེའི་ཤ་ཅུ་ས་ཁུལ་གྱི་སྲིད་འཛིན་དཔོན་རིགས་ཀྱི་ལམ་ལུགས་དང་དཔོན་སྣ་ཁག་གི་འགན་ནུས། དེ་མིན་ལས་རིགས་ཁག་གི་དཔོན་སྣ་ཁག་གི་འགན་ནུས་བཅས་དཔྱད་པ་ལ་ནང་དོན་ཆེན་པོ་གསུམ་དུ་བསྡུས་ཆོག གཅིག་དུས་རབས་བདུན་པའི་དུས་མཇུག་ནས་བརྒྱད་པའི་དུས་མཇུག་བར་ཐང་བོད་ཕྱོགས་གཉིས་ནས་ཧི་ཞིའི་ས་ཁུལ་གྱི་བདག་དབང་གི་གལ་ཆེའི་རང་བཞིན་གཙིགས་སུ་བཟུང་ནས་བཙན་འཛུལ་དང་འགོག་སྲུང་གི་ལོ་རྒྱུས་ཀྱི་རྣམ་པ་ཞིག་གྲུབ་པར་མཐའ་མ་བོད་ཆེན་པོ་ཡོངས་སུ་རྒྱལ་ཏེ་ཤ་ཅུ་སོགས་ས་ཁུལ་ཁག་སྔ་ཕྱིར་བཙན་པོའི་གདུགས་གཅིག་གི་མངའ་ཁོངས་སུ་བཅུག་གཉིས་ཤ་ཅུ་ས་ཁུལ་དུ་རྒྱའི་མི་གྲངས་དང་རིག་གནས་གང་ཐད་ནས་ཧ་ཅང་དར་ལ་དཔལ་འབྱོར་དང་དམག་དོན་ཕྱོགས་ཡོངས་ཀྱི་སྟོབས་ཤུགས་སྔར་ནས་ཆེར་རྒྱས་ཡོད་སྟབས། བོད་ཆེན་པོའི་དབང་དུ་བསྒྱུར་རྗེས་ཟིང་འཁྲུག་གང་མང་བྱུང་ཏེ་སྔ་ཕྱིར་ལོ་བཅུའི་རིང་ལ་ཤ་ཅུ་ས་ཁུལ་གྱི་བོད་ཀྱི་སྲིད་དབང་ལ་དཀའ་ཁག་ཆེན་པོ་ཐོན་པ་མ་ཟད། བོད་རྒྱ་མཉམ་གནས་ཀྱི་སྲིད་གཞུང་གི་དཔོན་སྣ་རྣམས་མཐུན་སྒྲིལ་དང་ས་གནས་མི་རིགས་ཀྱི་དགྲ་སེམས་ཡོངས་སུ་འདུལ་ཆེད་ས་གནས་སྲིད་གཞུང་གི་སྒྲིག་འཛུགས་ཐད་བཅོས་བསྒྱུར་ཐེངས་གང་མང་བྱས། གསུམ་པ་སྲིད་གཞུང་གི་སྒྲིག་གཞིའི་ལམ་ལུགས་སྐོར་ནི་དཔྱད་རྩོམ་འདིའི་ནང་དོན་གཙོ་བོ་ཡིན། དེ་འདྲའི་རྒྱ་བོད་མཐུན་སྒྲིལ་མཉམ་གནས་ཀྱི་སྲིད་གཞུང་གི་འགོ་ཁྲིད་ཁྲོད་སྲིད་འཛིན་དཔོན་རིགས་ཀྱི་ལམ་ལུགས་དང་དཔོན་སྣེ་ཁག་གི་འགན་ནུས། དེ་མིན་ལས་རིགས་ཁག་གི་དཔོན་སྣས་འགན་ནུས་བཅས་རེ་རེ་རྒྱུ་རྐྱེན་བྱེ་བྲག་པ་དང་འདོད་མོས་ཙམ་གྱི་དབང་དུ་མ་སོང་བར་བློ་སེམས་གཟུར་མོས་རྒྱབ་ཁབ་ཕྱི་ནང་གི་མཁས་པའི་ལྟ་བ་ཅི་ནུས་ཀྱིས་འཚོལ་རྟོག་དང་རྒྱ་བོད་ལོ་རྒྱུས་ཀྱི་ཡིག་ཚང་དང་ཤོག་དྲིལ་ཁག་གཤིབ་བསྡུར་གྱིས་དཔྱད་པ་ལ་གཤམ་ཏུ་བསྡོམས་ཚིག་ཅིག་བཀོད་ན།
ཤ་ཅུ་བོད་ཀྱི་སྲིད་གཞུང་ནི་ཀྭ་ཅུ་བདེ་བློན་གྱི་མདུན་སའི་ཁོངས་སུ་གཏོགས་པའི་ས་གནས་སྲིད་གཞུང་ཞིག་ཡིན། བདེ་བློན་གྱི་མདུན་ས་དེར་ཤ་ཅུ་སོགས་ས་ཁུལ་ཁག་གི་དམག་དོན་དང་རིག་གནས། དམངས་དོན་གྱི་བྱ་བ་ལ་དབང་བསྒྱུར་ལྟ་རྟོག་དང་འགོ་ཁྲིད་བསྐོ་འཇོག་གི་དབང་ཆ་ཡོད། དེ་འདྲའི་ས་ཁུལ་གྱི་འགོ་ཁྲིད་གཙོ་བོ་དག་བོད་རིགས་ཀྱིས་གྲུབ་ལ་དབང་བསྒྱུར་གྱི་དགོས་མཁོ་དང་མི་རིགས་མཐུན་སྒྲིལ་འོངས་པར། དེ་གའི་ས་གནས་མི་རིགས་ལས་འགོ་ཁྲིད་བསྐོས་ཏེ་འགོ་ཁྲིད་གཞན་དག་གི་བྱ་བར་ལྟ་རྟོག་དང་གཞོགས་འདེགས་ཀྱིས་ནུས་པ་བླ་མེད་ཕུལ་ཡོད་ལ་སྲིད་འཛིན་མི་སྣའི་གོ་གནས་དང་བྱས་རྗེས་ཀྱི་རིམ་པ་ལྟར་ཡིག་ཚངས་སྩོལ། དེ་ལས་ས་གནས་མི་རིགས་ཀྱི་འགོ་ཁྲིད་དག་ལ་དམིགས་བསལ་གྱིས་ཡིག་ཚངས་ཀྱི་རིམ་པ་མཐོ་བོ་ཡོད། སྲིད་གཞུང་གི་འགན་ནུས་ཐད་ལས་ཁུངས་སོ་སོའི་འགན་ནུས་འདྲ་མཚུངས་ཀྱི་མེད་པར་སྲིད་འཛིན་ལས་ཁུངས་ཀྱི་སྒྲིག་གཞི་གཙོ་བོ་བོད་ཆེན་པོའི་མངའ་ཁོངས་སྤྱིའི་གནས་ཚུལ་ལ་དཔེར་བླངས་པ་མ་ཟད་ས་གནས་དེ་གའི་དགོས་མཁོ་གཞིར་བཟུང་ཡོད་པས་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ནོ། །
ལུང་ཁུངས་དང་མཆན་འགྲེལ།
1,《中国通史》第四册、范文澜著,人民出版社1965.8月.P14页。
2,17,24,25,38,48,58,59,60《敦煌西域古藏文社会历史文献》(英)F·W托玛斯编著.民族出版社2003.3月.P273、P414、P424、P456-457、P440、P22、P413、P443页。
3,27S.1438(背)《书议》残卷载《敦煌研究》创刊号P135-140页。ཤོག་དྲིལ་འདི་ལ་བསྡོམས་པའི་ཐིག་ཕྲེང་བརྒྱ་དང་དོན་བདུན་ཡོད། རྩོམ་པ་པོ་ནི་བོད་ཀྱི་སྲིད་དབང་ལ་འགོ་སྒྱུར་པའི་ཤ་ཅུའི་ཐང་གི་བློན་ཞིག་ཡིན། ཤོག་དྲིལ་འདི་བོད་ཀྱིས་ཏུན་ཧོང་ས་ཁུལ་བཟུང་བའི་དུས་འགོའི་ལོ་རྒྱུས་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ཡོད།
4, 《敦煌研究》1987年第一期P60页。
5, ཐང་ཡིག་གསར་ཪྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས། དོན་གྲུབ་རྒྱལ་གྱིས་བསྒྱུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983.6.P8.
6, ཁྲོམ་ཆེན་པོ་ནི་བོད་ཀྱི་གསར་དུ་བསྐྱེད་པའི་ས་ཁུལ་གྱི་སྲིད་འཛིན་ལས་ཁུངས་མཐོ་ཤོས་ཡིན། ལས་ཁུངས་དེ་ས་ཁུལ་དེ་གའི་སྲིད་འབྱོར་རིག་གསུམ་ལས་དམག་དོན་གྱི་དབང་ཆའང་ཡོད། དེ་ལ་རྒྱའི་ཡིག་ཚངས་ལས་བྱུང་བའི་བོད་ཆེན་པོའི་ཤར་ཕྱོགས་ཀྱི་ཁྲོམ་ཆེན་པོ་ལྔ་ནི་མཚོ་སྔོན་པོའི་ཤར་ལྷོ་ས་ཁུལ་གྱི་ཁྲི་བཤོས་ཁྲོམ། ད་ལྟའི་གྲོ་ཚང་རྒྱུད་དུ་ཆགས་པའི་དབར་མོ་ཐང་ཁྲོམ་ཆེན་པོ། ད་ལྟའི་ཀན་སུའུ་ལིན་ཞ་རྒྱུད་དུ་ཆགས་པའི་ག་ཅུ་ཁྲོམ་ཆེན་པོ། ལྭང་ཅུ་ཁྲོམ་ཆེན་པོ། ཀྭ་ཅུ་ཁྲོམ་ཆེན་པོ་བཅས་དང་། 《中亚学刊》第四期P113-116页、《敦煌研究》2002年第二期P20-25页。གཞན་བྲུ་ཤའི་ཡུལ་གྱི་ཁྲོམ་ཞེས་རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ཞེས་པར་བྱུང་བ་སྐབས་དེའི་པའོ་ལིས་(勃律)ཞེས་པའི་ས་ཆར་དང་། ཚལ་བྱི་ཁྲོམ་ཆེན་པོ་ཞེས་པ་ད་ལྟའི་རའོ་ཆང་(若羌)དང་ཆེ་མོ་(且末)རྒྱུད་དུ་ཆགས་ཡོད། ཤིན་ཤན་གྱི་ཁྲོམ་ཞེས་པ་ལི་ཡུལ་གྱི་ཁོངས་སུ་ཡོད་པ་མཆན་འགྲེལ་ཞེ་བདུན་པར་གཟིགས།
7, ཤོག་དྲིལP.T1089ལ་བསྡོམས་པའི་ཐིག་ཕྲེང་གྱ་བཞི་ཡོད་པ་སྐུ་ཞབས་ཝང་ཡའོ་ནས་《ཀྲུང་གོའི་བོད་རིག་པ》1989ལོའི་དུས་དེབ་དང་པོའི་ཤོག་ངོས་103ནས་108བར་ལ་ཏིན་ཡི་གེའི་གཟུགས་སུ་ཕབ་སྒྱུར་བྱས་པ་ལས་དཔྱད་རྩོམ་འདིར་དྲངས་པ་ཡིན།
8,9,33,42,46ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ།མི་རིགས་དཔེ་སྐྲུན་ཁང་། 1983ལོའི་ཟླ་8པ།P70.P79.P108.P83.P89.
12,14,15,26,45,52,54,56,57,61 ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་འཕྲོ་མཐུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988.4 P378.P46.P373.P383.P44.P386.P73—93.P29.P44.P30.P413.P378
13《敦煌历史文化》甘肃人民出版社2000.6月.P92页。
16《旧唐书》第四十三和四十八卷。
18,43,44 བོད་ཀྱི་བརྡ་ཪྙིང་ཡིག་ཆ་བདམས་བསྒྲིགས། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔེ་སྐྲུན་ཁང་།
19 དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གསུམ་པ། མི་རིགས་དཔེ་སྐྲུན་ཁང་། 1997.11,P.138
21《新唐书》第四十卷,地理志。
22《册府元龟》961卷外臣部。
23 བོད་བཙན་པོས་ལི་ཡུལ་ས་ཁུལ་དབང་དུ་བཟུང་རྗེས་སྤྱིར་བཏང་གི་སྲིད་འཛིན་གྱི་བྱ་བ་ལི་རྗེ་དང་ལིའི་བློན་དག་གིས་འགན་ཁུར་ཡོད། བོད་ཀྱིས་མ་ཀྲ་ཐ་ཁུ་(玛扎塔克)ཞེས་པའི་ས་འདིར་མཁར་ཞིག་བསྐོར་ནས་ཞིན་ཅང་ལྷོ་ཕྱོགས་ཀྱི་དམག་ཚུགས་ཀྱི་ལྟེ་བ་བྱས་པ་ཡིག་ཆ་ལར་ཤིན་ཤན་ཞེས་འབོད། དབྱིན་ཇི་བ་སི་ཐན་དབྱིན་ཀྱིས་མཁར་ཤུལ་འདི་ལས་བོད་ཡིག་གི་ཁྲམ་ཤིང་དང་ཤོག་དྲིལ་ཡི་གེ་འབོར་ཆེན་ཪྙེད།
27,28,30,34,35,36,37,50《མཁས་པའི་དགའ་སྟོན》སྟོད་ཆ། P190—193.P378.P164
29,31 བོད་ཀྱི་བཙན་པོ་སྐབས་ཀྱི་རི་དྭགས་རྒྱག་སྐབས་མདེས་ཕོག་པ་སྟོང་ཐང་འཇལ་བའི་ཁྲིམས་ཡིག་ལས་བཏུས་པ་ཡིན།
32ལོ་རྒྱུས་དོན་ཆེན་རེའུ་མིག་ལས་”སྟགི་ལོ་ལ་བབ་སྟེ། (སྤྱི་ལོ654)བཙན་པོ་མེར་ཁེ་ནའ་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས་མོང་པུ་སྲལ་འཛོང་དུའ་བསྡུསྟེ། རྒོད་གཡུང་དབྱེ་ཞིང་། མཁོ་ཤམ་ཆེན་ཕོ་བགྱི་བའི་རྩིས་མགོ་བགྱི་བའི་ལོ་གཅིག
39,40དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། P17—18
47《敦煌吐鲁番学研究论文集》书目文献出版社1996.6,P328-329页。
49བོད་ཀྱི་ཁྲམ་ཤིང་ཕྱོགས་བསྒྲིགས། དངོས་རྫས་དཔེ་སྐྲུན་ཁང་། 1986.3ཨང་གྲངས་59.60.61པ་བཅས་སོ། །
51《唐代敦煌绿州水系考》载《中国史研究》1986年第一期。
62《国外藏学研究译文集》第一期P52页。
63ཤོག་དྲིལ་དུ་ཚང་ལོ་སྤ་ཤ་སྟོང་ཅུང་ཞེས་འཁོད་ཀྱང་ཡིག་ཚངས་ཀྱི་རིམ་པ་སྟོང་ཆུང་ངུ་སེར་ལྷ་རྨ་ལས་མཐོ་བ་མ་ཟད། སྟོང་དཔོན་གྱི་དཔོན་གནས་ཤོག་དྲིལ་དུ་བཀོད་མེད་པས་”ཚང་ལོ་སྤ་ཤ་སྟོང་ཅུང”ཞེས་པ་ཡིག་ནོར་ཏུ་འདོད་ནས་རེའུ་མིག་ཏུ་འཁོད་སྐབས་སྟོང་དཔོན་དུ་བཅོས་པ་ལགས།
64ཤོག་དྲིལ་ཡི་གེ་ལྟར་ན་སྟོང་ཆུང་ཅང་དེའི་འདོ་ལ་ཟངས་ཆུང་ངུའི་ཡི་གེ་ཡོད་པ་མཐོང་ཆེན་གནང་ནས་དཔོན་གནས་གྲལ་ཐབས་སུ་ར་གན་ཆུང་ངུ་དང་མཚུངས་པའི་གོ་གནས་གནང་ཡོད།
འབྲུག་མོས་ཞུས།