བོད་ཡིག་ལོ་རྒྱུས་ཡིག་ཚགས་ནི་དུས་ཡུན་རིང་པོའི་ནང་བོད་རིགས་མི་དམངས་ཚོས་སྤྱི་ཚོགས་ཀྱི་འཚོ་བ་དང་ལག་ལེན་ནང་ཆགས་པའི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཕྱི་འབྲེལ། ཚན་རྩལ། ཆོས་ལུགས་རིག་གནས་སྒྱུ་རྩལ་སོགས་ཀྱི་ཕྱོགས་གང་སའི་ནང་བྱེད་སྒོ་སྤེལ་ཚུལ་སྐོར་གྱི་ཧ་ཅང་གི་རྩ་ཆེ་བའི་ལོ་རྒྱུས་ཀྱི་ཐོ་བཀོད་བྱས་པ་ཞིག་རེད། དེ་བོད་ཡིག་གི་ཡིག་ཚགས་ཆ་འགྲིག་དང་ཐོ་བཀོད་བྱས་པའི་བོད་ཡིག་ཡིག་ཚགས་གཉིས་ལས་གྲུབ་ཡོད། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཞིང་། བཙན་པོའི་དུས་སྐབས་ཀྱི་རྡོ་རིང་ཡི་གེ་དང་། ཕྱིས་ཀྱི་དུས་རབས་རིམ་འབྱུང་ཚང་མའི་བོད་ཡིག་གི་ཡིག་ཚགས་སྣང་ཚུལ་སྣ་ཚོགས་ཚུད་ཡོད།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ལ་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་ཐོག་མའི་ངོས་བཟུང་བ་ལ། ཧ་ལམ་ས་ཡ་གསུམ་ལྷག་ཙམ་ཡོད་པ་དེ་དག་ནང་ཡོན་རྒྱལ་རབས་དང་མིང་རྒྱལ་རབས་སྐབས་ཀྱི་ཡིག་ཚགས་སྟོང་ཕྲག་ཁ་ཤས་ཡོད་པ་དང་། ཆིང་རྒྱལ་རབས་སྐབས་ཀྱི་ཡིག་ཚགས་ས་ཡ་གཉིས་ཡོད་པ། མི་སེར་རྒྱལ་ཁབ་སྐབས་ཀྱི་ཡིག་ཚགས་དྲུག་འབུལ་ལྷག་ཙམ་ཡོད། ཡིག་ཚགས་དེ་དག་བརྒྱ་ཆ་དགུ་བཅུ་ཡན་ཚང་མ་བོད་ཡིག་ཡིག་ཚགས་ཤ་སྟག་ཡིན། ད་ཆ་ལེགས་སྒྲིག་བྱས་ཟིན་པའི་ཡིག་ཚགས་ནས་བལྟས་ན། ཉར་ཚགས་བྱས་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ཆེས་སྔ་ཤོས་སུ་དུས་རབས་བཅུ་གསུམ་པའི་སྐབས་ཀྱི་ཡོན་རྒྱལ་རབས་ལ་གཏུགས་ཆོག་པ་མ་ཟད། མིང་རྒྱལ་རབས་དང་། ཆིང་རྒྱལ་རབས། མི་སེར་རྒྱལ་ཁབ་ནས་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་བར་གྱི་ལོ་བདུན་བརྒྱ་ལྷག་གི་ཡིག་ཚགས་ཡོད། ནང་དོན་ནང་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ཕྱི་འབྲེལ། སྐད་ཡིག ཆོས་ལུགས་སྒྱུ་རྩལ། གནམ་རིག་ས་ཁམས། གསོ་རིག་སྐར་རྩིས། བཟོ་རྩལ་ཨར་ལས། ཚན་རྩལ་རྩོམ་རིག ཡུལ་སྲོལ་གོམས་གཤིས། རིག་གནས་ལོ་རྒྱུས་སོགས་ཚུད་ཡོད། ཡིག་ཚགས་འབྲི་ཆའི་དངོས་པོའི་ཆ་ནས་བརྗོད་ན། ཤོག་བུ་དང་། ཤིང་། ཤིང་ལོ། རུས་པ། ལྕགས་རྡོ། དར་གོས་སོགས་ཡོད། ཡི་གེར་བཀོད་བྱེད་ཀྱང་སྣག་ཚ་ཕུད་ད་དུང་དཔེ་རྒྱུན་གལ་ཆེའི་རིགས་གསེར་དང་། དངུལ། ཟངས། རྫུལ། བྱུ་རུ། མུ་ཏིག མཚལ་དམར་སོགས་ཞིབ་མོར་བརྡར་བའི་ཁུ་བས་མཐིང་ཤོག་ཐོག་བཀོད་ཡོད། བོད་ཡིག་ལོ་རྒྱུས་ཡིག་ཚགས་དེ་དག་ལོ་རྒྱུས་རིང་ཞིང་། གྲངས་འབོར་མང་བ། རྣམ་པ་སྣ་ཚོགས། ནང་དོན་ཕུན་སུམ་ཚོགས་ལ་རྩ་ཆེ་བ་བཅས་ཡོད་པ་ལས་བོད་ཀྱི་ཕྱོགས་གང་སའི་གནས་ཚུལ་ཞིབ་འཇུག་བྱེད་པའི་ཤེས་བྱ་ཀུན་འདུས་ཀྱི་དཔེ་དེབ་ཅིག་རེད་ཅེས་བཤད་ཆོག
དང་པོ། བོད་ཡིག་ལོ་རྒྱུས་ཡིག་ཚགས་ཀྱི་སྲུང་སྐྱོབ་སྐོར།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ལ་ཉར་ཚགས་བྱས་པའི་བོད་ཡིག་ཡིག་ཚགས་མང་ཆེ་བ་ནི་སྤྱི་ལོ་༡༩༥༩ལོར། ཀྲུང་དབྱང་གིས་དེ་སྔའི་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་དང་ལྷ་ས་ས་ཁུལ་དུ་ཡོད་པའི་སྐུ་དྲག་པའི་གཟིམ་ཤག སེར་སྐྱ་དཔོན་རིགས། དགོན་སྡེའི་བླ་བྲང་། དེ་བཞིན་མཐོ་རིམ་བླ་མཁན་སོགས་ཁ་ཤས་ཀྱི་ས་ནས་བསྡུ་རུབ་དང་རྩིས་ལེན་བདག་སྤྲོད་བྱས་ནས་གཅེས་ཉར་བྱས་པ་ཤ་སྟག་རེད། ལོ་མང་རིང་རྒྱལ་ཁབ་ནས་གཅིག་བསྡུས་སུ་གཅིག་འགྱུར་ངང་ཡིག་ཚགས་དེ་དག་ཉར་ཚགས་ཡག་པོ་བྱེད་ཆེད་ཡིག་ཚགས་ཀྱི་བདེ་འཇགས་དང་། སྔོན་གྱི་རྣམ་པར་སྲུང་སྐྱོང་བྱེད་པ། དེ་བཞིན་ཡིག་ཚགས་ཀྱི་བེད་སྤྱོད་གཏོང་ཡུན་རིང་ཏུ་གཏོང་རྒྱུ་སོགས་ཀྱི་ཐད་འབད་བརྩོད་ཧུར་ཐག་བྱས་ཡོད། སྤྱི་ལོ་༡༩༨༤ལོར་བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་ཡིག་ཚགས་དང་དེང་དུས་ཀྱི་ཡུན་རིང་ཉར་ཚགས་བྱེད་པའི་རིན་ཐང་ལྡན་པའི་ཡིག་ཚགས་རྣམས་ཕྱོགས་བསྡུས་སུ་གཅིག་འགྱུར་དོ་དམ་སྔར་ལས་ཡག་པ་བྱེད་ཐུབ་ཆེད། རྒྱལ་ཁབ་ནས་དམིགས་བསལ་དུ་མི་དམངས་ཤོག་སྒོར་ས་ཡ་བདུན་བཏང་ནས་ལྷ་སའི་ནུབ་བརྒྱུད་དུ་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་གསུམ་ཁྲི་ལྷག་ཟིན་པའི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གསར་རྒྱག་བྱས་ནས། ཡིག་ཚགས་ཁང་དེ་འཆར་འགོད་བྱེད་སྐབས་ཡིག་ཚགས་ཉར་ཚགས་དང་། དོ་དམ། དེ་བཞིན་ཡིག་ཚགས་ཆ་ཚང་པོ་དང་བདེ་འཇགས་བཅས་ལ་བསམ་གཞིགས་གང་ལེགས་བྱས་ཡོད་ཅིང་། དེང་རབས་ཅན་གྱི་བྱ་ཐབས་སྤྱད་དེ་ཉར་ཚགས་བྱས་ཡོད་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་རྣམས་ལ་དོ་དམ་བྱེད་པའི་ལས་ཀ་སྔར་ལས་ཡག་པོ་ཡོང་ཆེད་ཕན་ཡོན་ཀྱི་ཆ་རྐྱེན་བསྐྲུན་ཡོད།
ལོ་བཅུ་ཕྲག་ཁ་ཤས་རིང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ལ་རྒྱལ་ཁབ་ཀྱི་ནོར་སྲིད་ནས་རྒྱབ་སྐྱོར་བྱས་པའི་འོག ཡིག་ཚགས་ལ་གནོད་སྐྱོན་བཟོ་ཤས་ཆེ་བའི་རྐྱེན་ངན་སྔོན་འགོག་དང་སེལ་ཆེད་དང་། ཡིག་ཚགས་ཀྱི་སྲུང་སྐྱོང་ལག་རྩལ་ལས་ཀ་དང་མཛོད་ཁང་གི་དོ་དམ་ལས་ཀར་ཤུགས་སྣོན་རྒྱབ་ཏེ། ཡིག་ཚགས་ཉར་ཚགས་བྱེད་པའི་ཁོར་ཡུག་དང་བདག་གཅེས་བྱེད་པའི་ཆ་རྐྱེན་ཟམ་མ་ཆད་པར་ལེགས་བཅོས་ཡོང་ཕྱིར། སྔ་རྗེས་སུ་ནང་ས་དང་། དབྱིན་ཅི། ཨ་རི། ལྗར་པན། འཇར་མན་སོགས་ནས་དེང་རབས་ཅན་གྱི་སྒྲིག་ཆས་སྣ་ཚོགས་ནང་འདྲེན་བྱས་པས་ཡིག་ཚགས་ཀྱི་མཛོད་ཁང་ལ་ཐོག་མའི་ཆ་ནས་དྲོད་ཚད་ངེས་གཏན་འགྱུར་མེད་དང་། རླུང་འགྲོ་བ། མེ་ཟོན། རྐུན་འགོག རུལ་འགོག་སོགས་ཀྱི་ནུས་པ་ལྡན་པར་གྱུར་ཞིང་། དེ་དང་ཆབས་ཅིག་ཏུ་ཡིག་ཚགས་ཀྱི་བདེ་འཇགས་ཞིབ་བཤེར་དང་སྲུང་སྐྱོབ། གསང་སྲུང་བཅས་ཀྱི་ལས་ཀར་ཤུགས་སྣོན་དང་འཐུས་སྒོ་ཚང་ཏུ་བཏང་ཞིང་། ཡིག་ཚགས་ཀྱི་སྲུང་སྐྱོབ་ལག་རྩལ་ཡང་པར་རིས་ཆུང་བསྡུས་འདྲ་བཟོ་བྱས་ནས་ཉར་གསོག་བྱེད་པའི་དེང་རབས་ཅན་གྱི་ཚད་གཞི་མངོན་འགྱུར་བྱུང་སྟེ། བོད་ཡིག་ལོ་རྒྱུས་ཡིག་ཚགས་མྱུར་སྐྱོབ་དང་། སྲུང་སྐྱོབ། དོ་དམ་བཅས་ཀྱི་ལས་ཀར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། བོད་ལ་དེ་སྔ་སྲོལ་རྒྱུན་གྱི་ཡིག་ཚགས་ཉར་ཚགས་བྱེད་སྟངས་ཆ་ཚང་ཞིག་ཡོད་པ་དཔེར་ན་ཐབས་མཁས་ཀྱི་སྒོ་ནས་ཡིག་ཚགས་སྒྲིལ་མ་དང་ཐང་དབྱིབས་མའི་ཐབས་དང་། དར་གོས་ཀྱི་སྐྱོ་སྦྱར་ཐབས། ཡིག་གདང་བཟོ་བའི་ཐབས། དེ་བཞིན་ཐུན་མོང་མ་ཡིན་པའི་ནུས་པ་ལྡན་པའི་བོད་ཤོག་དང་བོད་ཀྱི་སྣག་ཚ་བཅས་བེད་སྤྱོད་བྱེད་པ་དང་། ཡིག་ཚགས་འཚེམ་རྒྱག་དང་ཡིག་སྣོད་ལ་དང་དོད་ཆེ་བ་སོགས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པས། བོད་ཡིག་ལོ་རྒྱུས་ཡིག་ཚགས་མི་རབས་མང་པོ་བརྒྱུད་ནས་ད་བར་གནས་ཐུབ་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། བྱ་ཐབས་དང་ཡིག་སྣོད་དེ་དག་ཀྱང་ས་ཁོངས་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པའི་དབང་གིས་ལོ་རྒྱུས་ཡིག་ཚགས་ཀྱི་ཆ་ཤས་སུ་གྱུར་ཟིན་ཡོད། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་དེ་སྔའི་སྲོལ་རྒྱུན་གྱི་བྱ་ཐབས་བཟང་པོ་རྒྱུད་འཛིན་བྱེད་པ་དང་དུས་མཚུངས་སུ་། ཉར་ཚགས་བྱས་ཡོད་པའི་སྟར་ཤིང་ཐོག་བརྐོ་བྲིས་བྱས་ཡོད་པའི་ཤིང་རྒྱུའི་ཡིག་ཚགས་ཆིག་འབུམ་ལྷག་ཙམ་ཡོད་པ་རྣམས་སྲོལ་རྒྱུན་གྱི་ཆོས་ཁྲི་ཐོག་བང་སྒྲིག་ཨང་བཀོད་བྱེད་པ་མ་ཟད་ཕོ་བྲང་པོ་ཏ་ལའི་གཤམ་གྱི་ཡིག་ཚགས་ཁང་རྙིང་པར་ཉར་ཚགས་བྱས་ཡོད་པ་ཕུད། དེ་བྱིངས་ཉར་ཚགས་བྱས་པའི་ཡིག་ཚགས་རྣམས་དེང་རབས་ཅན་གྱི་ཡིག་ཚགས་རུབ་བསྡུས་ཀྱི་གདང་བུ་དང་། དཔེ་གསར་སྣེ་མང་གི་ཡིག་སྣོད་དང་སྒྲིལ་སྒམ་སྤྱོད་པ་དང་། དེ་བཞིན་ཚན་རིག་དང་མཐུན་པའི་རིགས་དབྱེ་ནས་ཉར་ཚགས་བྱེད་ཀྱི་ཡོད། སྤྱི་ལོ༡༩༨༨ལོ་ནས་བཟུང་ཡིག་ཚགས་ཁང་ནས་ད་དུང་ཆེད་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཤིང་། བོད་ཡིག་ལོ་རྒྱུས་ཡིག་ཚགས་ཀྱི་དམིགས་བསལ་ཁྱད་ཆོས་ལ་གཞིགས་ཏེ། རང་བྱུང་དང་མིའི་རྐྱེན་ལས་བཟོས་པའི་ཡིག་ཚགས་ཧྲུལ་གྱར་དང་སོ་ཕག་ཆགས་ཟིན་པ་དང་། ཚད་གཞི་མི་འདྲ་བ། རིང་ཐུང་ཆ་མི་སྙོམས་པ་བཅས་ཉམས་ཆག་ཤོར་བའི་ལོ་རྒྱུས་ཡིག་ཚགས་ཀྱི་དྲི་ནོག་མེད་པ་བཟོ་བ་དང་། སྐྱུར་ཤན་སེལ་བ། མཁྲེགས་སུ་གཏོང་བ། ཡིག་ཤུལ་བསྐྱར་གསལ། སྐྱོ་སྦྱར་སོགས་མྱུར་སྐྱོབ་ལས་ཀ་བྱས་པས། ཡིག་ཚགས་དོ་དམ་དེང་རབས་ཚན་རིག་གི་སྤྱི་ཡོངས་ཆུ་ཚད་ལ་སླེབས་བཞིན་ཡོད་པ་རེད། མིག་སྔར་ཡིག་ཚགས་ཁང་གསར་པའི་ནང་ཡིག་ཚགས་ཀྱི་པར་རིས་ཆུང་བསྡུས་དང་། འདྲ་བཟོའི་མ་ལག་དང་། རྩིས་རྒྱག་འཕྲུལ་འཁོར་གྱི་རམ་འདེགས་བྱེད་པའི་ཡིག་ཚགས་དོ་དམ་མ་ལག མཛོད་ཁང་གི་དྲོད་ཚད་དང་རློན་ཚད་སྙོམ་སྒྲིག་མ་ལག ཡིག་ཚགས་ཀྱི་སྣོད་ཆས་མ་ལག བདེ་འཇགས་ཀྱི་ལྟ་སྐུལ་ཚོད་འཛིན་མ་ལག་སོགས་རྒྱལ་ནང་དུ་ཅུང་སྔོན་ཐོན་ཡིན་པའི་སྒྲིག་ཆས་རབ་དང་རིམ་པ་སྒྲིག་སྦྱོར་བྱས་ཡོད་པ་རེད།
ཉེ་བའི་ལོ་ཤས་ནང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་སྔ་རྗེས་སུ་ལོ་རྒྱུས་ཡིག་ཚགས་རྩིས་ལེན་དང་འཚོལ་བསྡུ་བྱེད་པའི་ལོ་ཚད་དང་། ཁྱབ་ཁོངས། སྤུས་ཚད་ཀྱི་ཚད་གཞི་དང་ཐབས་ཤེས་བཅས་ཀྱི་གཏན་འབེབས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད་འཚོལ་བསྡུའི་ལས་དོན་ཚོགས་ཆུང་གཞི་རིམ་དུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱི་ནང་གཉིས་ཀྱི་ཚན་པ་དང་མི་སྒེར་གྱི་ལག་ཏུ་ཡོད་པའི་རྩ་ཆེའི་ཡིག་ཚགས་དཔྱད་གཞིར་རྣམ་པ་སྣ་ཚོགས་དང་རྒྱ་ཁྱབ་གཏིང་ཟབ་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་། ལོ་རྒྱུས་ཡིག་ཚགས་དང་དེ་བཞིན་ལོ་ངོ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པའི་བོན་ཆོས་ཀྱི་གནའ་བོའི་དཔེ་དེབ་དང་པར་རིས་ཀྱི་ཡིག་ཚགས་སོགས་རིན་ཐང་ཆེ་བའི་ཡིག་ཚགས་དཔྱད་གཞི་ཁྲི་ལ་ཉེ་བ་འཚོལ་བསྡུ་དང་ཉོ་སྒྲུབ་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ཚན་པ་གཞན་པས་རྩིས་སྤྲོད་བྱས་པའི་ལོ་རྒྱུས་ཡིག་ཚགས་དང་དཔེ་དེབ་ཀྱི་དཔྱད་གཞི་ཡང་སྟོང་ཕྲག་ཁ་ཤས་ཡོད་ཅིང་། འཚོལ་བསྡུ་བྱས་པའི་དཔྱད་གཞིའི་ནང་བོད་ཡིག་གི་ལོ་རྒྱུས་ཡིག་ཚགས་ཀྱིས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཡན་ཟིན་ཞིང་། འཚོལ་བསྡུ་བྱས་པ་དེས་ཉར་ཚགས་བྱེད་པའི་ཡིག་ཚགས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ལ་ཁ་ཐོར་དུ་གནས་པའི་བོད་ཡིག་གི་ལོ་རྒྱུས་ཡིག་ཚགས་ཆ་ཚང་པོ་དང་བདེ་འཇགས་ཡོང་རྒྱུར་འགན་ལེན་བྱུང་ཡོད་པ་རེད།
གཉིས་པ། བོད་ཡིག་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་སྐོར།
བོད་མི་རིགས་ལ་གསུང་རབས་དང་ཡིག་ཚགས་ལ་དགའ་པོ་དང་བདག་གཅེས་བྱེད་པའི་གོམས་གཤིས་ལྡན་ཡོད། སྤྱི་ཚོགས་ཀྱི་འདུ་ཤེས་དེ་རིགས་ཀྱིས་གནའ་རབས་དང་རྩ་ཆེའི་ལོ་རྒྱུས་ཡིག་ཚགས་ཉར་ཚགས་ཐུབ་པར་ནུས་པ་གཞལ་གྱི་མི་ལང་པ་ཐོན་ཡོད། ཕྱིས་སུ་སྐྱེས་བུ་དམ་པ་མང་པོས་ཀྱང་བསྟན་བཅོས་རྣམས་ལ་གོ་རིམ་ཡོད་པའི་སྒོ་ནས་ལེགས་སྒྲིག་དང་དཀར་ཆག་སྒྲིག་ཡོད། གཞན་ཡང་བོད་ལ་དེ་སྔ་སྲོལ་རྒྱུན་གྱི་ཡིག་ཚགས་ལེགས་སྒྲིག་དང་དཀར་ཆག་སྒྲིག་དང་དཀར་ཆག་སྒྲིག་སྟངས་ཆ་ཚང་ཞིག་ཡོད་ཅིང་། ཡིག་ཆ་རྣམས་རིགས་དབྱེ་ནས་ལྡེབ་སྒྲིལ་བྱས་རྗེས་རས་དང་དར་གྱིས་འཐུམ་གྱི་ཡོད། ཡིག་ཚགས་གལ་ཆེ་རིགས་རྣམས་ཡིག་གདང་བཟོས་ཏེ་སྒམ་ནང་བླུགས་ཀྱི་ཡོད། དེ་རྗེས་སྒྱེ་མོའམ་སྒམ་གྱི་ཕྱི་ལོགས་སུ་བོད་ཡིག་གི་ཀ་ཁ་ལྟར་བང་སྒྲིག་བྱེད་པ་དང་སྦྲགས་རིགས་དབྱེ་བའི་དཀར་ཆག་གི་རས་འཛར་འགར་གྱི་ཡོད། ད་དུང་སྒྱེ་མོའམ་སྒམ་ནང་དུ་པོད་པའི་ཡིག་ཆ་ལེགས་སྒྲིག་དང་དཀར་ཆག་སྒྲིག་སྟངས་ཁ་ཤས་ཡོད་པ་སྟེ། ལས་ཁུངས་ཀྱི་རིགས་དབྱེ་ནས་ཨང་སྒྲིག་བྱས་ཏེ་དཀར་ཆག་བཟོ་བ་དང་། ཡིག་ཚགས་ཀྱི་ངོ་བོ་དང་ས་ཁོངས་བཞིན་རིགས་དབྱེ་སྟེ་བོད་ཡིག་གི་ཀ་ཁ་ལྟར་ཨང་སྒྲིག་བྱས་ཏེ་ཉར་ཚགས་བྱེད་པའི་ཡིག་ཚགས་རྣམས་བང་སྒྲིག་བྱེད་པ། དུས་ཚོད་ཀྱི་གོ་རིམ་ལྟར་རིགས་གཅིག་གི་ཡིག་ཆ་རྣམས་སྔ་རྗེས་ཀྱི་གོ་རིམ་བཞིན་སྦྱར་ནས་ཡུགས་གཅིག་ཏུ་འབྲེལ་བའི་དཀར་ཆག་བཟོ་བ་བཅས་ཡིན། ལེགས་སྒྲིག་དང་དཀར་ཆག་སྒྲིག་སྟངས་དེ་རིགས་དེང་སང་གི་རིགས་དབྱེ་སྟངས་དང་འདྲ་ཞིང་། ད་དུང་ཡིག་ཚགས་རིགས་དབྱེ་ནས་དོ་དམ་བྱེད་པའི་ཐད་ཡོངས་ཁྱབ་རང་བཞིན་གྱི་ཆོས་ཉིད་དང་ནང་དོན་ཁ་ཤས་ལྡན་ཡོད། ཡིན་ནའང་ལེགས་སྒྲིག་དང་དཀར་ཆག་སྒྲིག་སྟངས་དེ་དག་ལས་ཀའི་ལག་ལེན་ནང་ཡིག་ཚགས་དོ་དམ་མི་སྣའི་ཉམས་མྱོང་ལ་བརྟེན་དགོས་པ་ལས་གོ་རིམ་ལྡན་ཞིང་ཚན་རིག་དང་མཐུན་པའི་ལེགས་སྒྲིག་རྩ་དོན་གང་ཡང་མེད།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་ཡིག་ཚགས་ལེགས་སྒྲིག་དང་དཀར་ཆག་བཟོ་བའི་ལས་ཀ་བྱས་ཚུན། སྔར་ཡོད་ཀྱི་རྨང་གཞི་བེད་སྤྱོད་གང་ལེགས་ཀྱིས་སྲོལ་རྒྱུན་གྱི་ཡིག་ཚགས་ལེགས་སྒྲིག་བྱེད་སྟངས་རྒྱུད་འཛིན་དང་དཔྱད་གཞིར་འཛིན་རྒྱུར་དོ་སྣང་ཆེན་པོ་བྱེད་པ་དང་། དེང་དུས་ཚན་རིག་དང་མཐུན་པའི་ཡིག་ཚགས་ལེགས་སྒྲིག་དང་དཀར་ཆག་བཟོ་སྟངས་དང་ཟུང་འབྲེལ་བྱས་ཏེ། ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་རྣམས་རིག་དབྱེ་བ་དང། ཆོད་སྡོམ། རིམ་པ་དབྱེ་བ་སོགས་བྱས་པ་མ་ཟད། ལོ་རྒྱུས་ཡིག་ཚགས་ཐོར་ཟིང་ཐེབས་པའི་ཚད་གཞིར་གཞིགས་ཏེ། རགས་སྒྲིག་དང་ཞིབ་སྒྲིག་བྱེད་པའི་གོམ་པ་གཉིས་སྤོས་ནས་འགྲོ་བའི་བྱ་ཐབས་བཟུང་ཞིང་། ལེགས་སྒྲིག་གི་ལྷུ་ཚིག་དང་གོ་རིམ་ཐད་ཡིག་ཚགས་ཧྲིལ་པོ་ལེགས་སྒྲིག་བྱེད་པའི་རྩ་དོན་ལག་བསྟར་བྱས་པ། ལེགས་སྒྲིག་བྱས་པའི་སྤུས་ཀ་དང་ལས་ཆོད་ཟམ་མ་ཆད་པར་མཐོ་རུ་གཏོང་ཆེད། ཡིག་ཚགས་ལ་ག་ཤོག་བྱང་གཅིག་བཟོ་བའི་ལེགས་སྒྲིག་བྱ་ཐབས་དང་མི་གསུམ་ལས་གྲུབ་པའི་སྤུས་ཚད་ལ་ཞིབ་བཤེར་གཏན་འབེབས་བྱེད་པའི་ཚོགས་ཆུང་གི་ལམ་ལུགས་བཟུང་བ། ཉར་ཚགས་བྱས་ཡོད་པའི་རིགས་ཆེ་བ་བཞིའི་པུ་ཏི་བཞི་སྟོང་ལ་ཉེ་བ་ཡོད་པའི་བོད་ཡིག་གནའ་དཔེའི་ཡིག་ཚགས་རྣམས་བསྐྱར་དུ་རིགས་དབྱེ་བ་དང་། དཀར་ཆག་བཟོ་བ། དཔེ་ཁྲིའི་ཐོག་སྒྲིག་པ་བཅས་བྱས་ཡོད་ལ་ད་དུང་བཀའ་ཤག་དང་། ཡིག་ཚང་། བླ་ཕྱག སྣང་རྩེ་ཤར། ལྷ་ཀླུ། རྒྱུད་སྟོད་སྨད་སོགས་ཀྱི་ཡིག་ཚགས་ཧྲིལ་པོ་ལེགས་སྒྲིག་བྱས་ཤིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ནང་དོན་གནད་བསྡུས་དང་དཀར་ཆག་འབྲི་བ་དང་འབྲེལ་ཡིག་ཆ་ཧྲིལ་པོ་ངོ་སྤྲོད་བྱེད་པའི་ཡི་གེ་འབྲི་བ་བཅས་བྱས་ཡོད། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་སྤྱི་ལོ་༡༩༩༧ལོར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་པའི་ཐབས་ཤེས་ཞེས་པ་བཟོས་པ་དང་། ཡིག་ཆའི་རྣམ་པ་སྤྱད་དེ་ཡིག་ཚགས་ཧྲིལ་པོ་ལེགས་སྒྲིག་བྱེད་པའི་རྩ་དོན་གཏན་འབེབས་ཐོག་མར་བྱས་པ་སྟེ། ལེགས་སྒྲིག་བྱེད་སྐབས་ཡིག་ཚགས་ཀྱི་ཡོང་ཁུངས་དང་ནང་དོན། དུས་ཚོད། རྣམ་པ་སོགས་ཐད་ཀྱི་ལོ་རྒྱུས་ཀྱི་འབྲེལ་བར་བརྩི་འཇོག་བྱེད་དགོས་པ་ནན་སྟོན་བྱས་པ་དང་། ཡིག་ཚགས་ཧྲིལ་པོའི་ནང་གི་ཡིག་སྒྲིལ་གྱི་རིགས་དབྱེ་ཚུལ་དང་སྡེབ་སྒྲིག བང་སྒྲིག དེ་བཞིན་ཡིག་ཚགས་ཧྲིལ་པོའི་མཚོན་རྟགས་བསྟན་པའི་གོ་རིམ་གསལ་བཤད་བྱེད་པ། ཡིག་སྒྲིལ་ཧྲིལ་པོ་དང་། ཡིག་སྒྲིལ་ནང་གི་ཡིག་ཆའི་དཀར་ཆག་གི་གླེང་གཞི། ཡིག་ཚགས་ལེགས་སྒྲིག་བྱས་པའི་ཐོ་བཀོད་ཤོག་བྱང་བཅས་འབྲི་བའི་སྣག་ཚ་གང་བེད་སྤྱོད་གཏོང་དགོས་པ་གཏན་འབེབས་ནན་པོ་བཟོས་པ་བཅས་བྱས་ཡོད་ཅིང་། ལོ་རྒྱུས་ཀྱི་སྔར་གྱི་རྣམ་པ་སོར་གནས་ཡོང་ཕྱིར་དམིགས་བསལ་གྱི་སྔོན་མའི་ལེགས་སྒྲིག་བྱེད་སྟངས་ཁ་ཤས་རང་སོར་བཞག་པ་སོགས་བྱས་ཡོད་པས་ལོ་རྒྱུས་ཀྱི་དོན་སྙིང་ངེས་ཅན་ལྡན་ཡོད། ཐབས་ཤེས་དེ་ཚོད་བལྟའི་ལག་བསྟར་བྱས་རྗེས། ཡིག་ཚགས་ཁང་གིས་གདན་ཁ་བཀྲ་ཤིས་ལྷུན་པོ་དང་། རྩེ་ཁང་། ཀུན་བདེ་གླིང་། ས་སྐྱ་དགོན་པ། སེ་ར་ཐེག་ཆེན་གླིང་སོགས་ཀྱི་ཡིག་ཚགས་ཧྲིལ་པོ་རིགས་དབྱེ་བ་དང་། ཡིག་སྒྲིལ་ཐོ་བཀོད། ཡིག་སྒྲིལ་བང་སྒྲིག་སོགས་བྱས་པ་མ་ཟད། ཡིག་ཚགས་ཀྱི་མ་ཡིག་རྣམས་རྩིས་རྒྱག་འཕྲུལ་འཁོར་བརྒྱུད་འདྲ་རིས་གྲངས་གཞིར་འགྱུར་ནས་རྩིས་རྒྱག་འཕྲུལ་འཁོར་ནང་ཉར་བས་ཐོག་མའི་ཆ་ནས་རྩིས་རྒྱག་འཕྲུལ་འཁོར་གྱིས་ཡིག་ཚགས་ཆ་འཕྲིན་ཁྱབ་སྤེལ་བྱེད་པའི་ནུས་པ་མངོན་འགྱུར་བྱུང་ཡོད། སྤྱི་ལོ་༢༠༠༥ལོར་བོད་ཡིག་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་རྒྱུ་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་བཟོ་ཆེད། ཡིག་ཚགས་ཁང་ནས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་པའི་སྒྲིག་སྲོལ་ཞིབ་ཕྲ་ཞེས་པ་ཞིབ་འཇུག་བྱས་ནས་བཟོས་པ་དང་སྦྲགས་ནང་དོན་ཁྱབ་རྒྱ་ཆེ་ཞིང་ཡིག་ཆའི་རྣམ་པ་མང་བའི་བྱང་སྤྱིའི་ཡིག་ཚགས་ཧྲིལ་པོ་ཚོད་ལྟ་བྱ་ཡུལ་དུ་འདམ་ཏེ་ལོ་རྒྱུས་ཡིག་ཚགས་ཚད་ལྡན་ངང་ལེགས་སྒྲིག་བྱེད་པའི་ཚོད་ལྟའི་ལས་ཀ་བྱས་པ་རེད།
སྤྱི་ལོ་༢༠༠༥ལོར་སླེབས་སྐབས། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་ལེགས་སྒྲིག་བྱས་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་འབུམ་ཕྲག་ཁ་ཤས་ཟིན་ཞིང་། ཚང་མར་ཡིག་ཚགས་ཧྲིལ་པོའི་ངོ་སྤྲོད་དང་། ཡིག་ཚགས་ཧྲིལ་པོའི་དཀར་ཆག ཡིག་སྒྲིལ་དཀར་ཆག ཡིག་སྒྲིལ་ནང་གི་དཀར་ཆག་སོགས་ཡིག་ཚགས་བཙལ་འཚོལ་བྱེད་པའི་དཀར་ཆག་སྒྲིག་ཡོད། པར་རིས་ཆུང་བསྡུས་ངང་པར་ལེན་བྱས་ནས་ལེགས་སྒྲིག་བྱས་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ཀྱི་ཡིག་ཚགས་ཧྲིལ་པོ་བྱས་པ་ལྔའི་ཡིག་ཆ་༢༡༤༢༧ཟིན་པ་དང་འབྲེལ་པར་རིས་ཆུང་བསྡུས་བྱས་པའི་སྦྱིན་ཤོག་གི་འོད་སྡེར་སྟོང་ཙམ་ཉར་ཚགས་བྱས་ཡོད་པ་དང་གནའ་བོའི་བོད་ཡིག་དཔེ་དེབ་ཀྱི་པར་རིས་ཆུང་བསྡུས་བྱས་པའི་སྦྱིན་ཤོག་གི་འོད་སྡེར་བཅུ་ཕྲག་ཁ་ཤས་ཉར་ཚགས་བྱས་ཡོད།
གསུམ་པ། བོད་ཡིག་ལོ་རྒྱུས་ཡིག་ཚགས་བེད་སྤྱོད་སྐོར།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་རྒྱུན་ཆད་མེད་པར་འཚོལ་བསྡུ་དང་སྲུང་སྐྱོབ། ལེགས་སྒྲིག་སོགས་རྨང་གཞིའི་ལས་ཀ་ཁག་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་སུ་དཔེར་ན་བལྟ་ཀློག་གི་ཞབས་ཞུ་དང་པར་འདེབས་བྲིན་ཚོང་། རྩོམ་སྒྱུར་ཞིབ་འཇུག དེ་བཞིན་ཡིག་ཚགས་འགྲེམ་སྟོན་སོགས་རྣམ་པ་སྣ་ཚོགས་ཀྱི་ཡིག་ཚགས་གསར་སྤེལ་བེད་སྤྱོད་ལས་ཀ་ཧུར་ཐག་བྱས་ཤིང་། འགྱུར་བ་མེད་པར་ལུས་པའི་ཡིག་ཚགས་རྣམས་ཟམ་མ་ཆད་པར་འགྱུར་བ་ཡོད་པའི་ཆ་འཕྲིན་ལ་འགྱུར་བ་བྱས་ཏེ། ཡིག་ཚགས་ཀྱི་སོར་ཉར་བྱེད་པའི་རིན་ཐང་དང་མི་མངོན་པའི་རིན་ཐང་དེ་བེད་སྤྱོད་བྱེད་པའི་རིན་ཐང་དང་དོན་ངོ་མའི་རིན་ཐང་ལ་འགྱུར་བ་བྱས་ཏེ། ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ལ་མཁོ་བའི་ཡིག་ཚགས་ཆ་འཕྲིན་ཐོན་ཁུངས་ཀྱི་ཞབས་ཞུ་བྱེད་ཀྱི་ཡོད། ཡིག་ཚགས་ཁང་ནས་ལག་བསྟར་བྱེད་པའི་བལྟ་ཀློག་གི་ཞབས་ཞུ་བྱེད་པའི་ཁྲོད་རྒྱུད་ལྡན་གྱི་བྱ་ཐབས་ནི་བལྟ་ཀློག་ཁང་བཙུགས་རྒྱུ་དེ་ཡིན་ཞིང་། བྱ་ཐབས་དེ་རིགས་ཀྱིས་ཡིག་ཚགས་ཀྱི་ཆ་འཕྲིན་ཐོན་ཁུངས་ཐད་ཀར་ཁྱབ་སྤེལ་བྱེད་ཐུབ་པ་དང་། བེད་སྤྱོད་གཏོང་མཁན་ལ་རང་སར་གྲོས་འདྲིའི་ཞབས་ཞུ་བྱེད་ཐུབ་པས། གཅིག་ནས་བེད་སྤྱོད་གཏོང་མཁན་ལ་སྟབས་བདེ་ཡོང་བ་དང་གཉིས་ནས་ཡིག་ཚགས་ཀྱི་མ་ཡིག་ལ་སྲུང་སྐྱོབ་ཐུབ་ཀྱི་ཡོད། དེས་དཔེ་རྒྱུན་དཀོན་རིགས་དང་ཡིག་ཚགས་རྐྱང་པ་འཁོར་རྒྱུག་བྱེད་ཚད་དང་བེད་སྤྱོད་གཏོང་ཚད་མཐོ་རུ་འགྲོ་གི་ཡོད། མིག་སྔའི་གནས་ཚུལ་ནས་བལྟས་ན། བལྟ་ཀློག་བེད་སྤྱད་ནས་ཞབས་ཞུ་བྱེད་པ་དེ་རིགས་ཀྱི་ནང་ལོ་རྒྱུས་དང་ཆོས་ལུགས། རིག་རྩལ་སོགས་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་ཀྱི་ཕྱོགས་གང་སའི་ནང་དོན་ཚུད་ཡོད་ཅིང་། མཁོ་འདོན་བྱེད་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ཁྲི་ལ་ཉེ་བ་ཟིན་ཞིང་། སྣེ་ལེན་ཞུས་པའི་མི་སྣའི་ནང་ཏང་སྲིད་དང་ཁེ་ལས་བྱ་བཞག་ཚད་པ། ཚན་ཞིབ་དང་སློབ་གྲྭ། གསར་འགྱུར་དཔེ་བསྐྲུན་དང་དགོན་སྡེ་བཅས་ཀྱི་ཚོགས་པ་དང་སྐྱ་སེར་མང་ཚོགས་མི་སྒེར་བཅས་མིའི་ཐེངས་གྲངས་ཁྲི་ལ་ཉེ་བ་ཟིན་པ་དང་། ལོ་རྒྱུས་རྩོམ་འབྲི་དང་ལོ་རྒྱུས་ཀྱི་དོན་དངོས་རྭ་སྤྲོད་སོགས་ཀྱི་ཐད་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནས་ཐུན་མོང་མ་ཡིན་པའི་ཆ་འཕྲིན་ཁྱབ་སྤེལ་བྱས་ཡོད། གཞན་ཡང་། ཤིང་རྒྱུའི་ཡིག་ཚགས་པར་འདེབས་བྲིན་ཚོང་གི་ཞབས་ཞུ་བྱེད་པ་དེས་བོད་ཡིག་ལོ་རྒྱུས་ཡིག་ཚགས་བེད་སྤྱད་དེ་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་གོང་འཕེལ་གཏོང་རྒྱུའི་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ཁང་ལ་ཉར་ཚགས་བྱས་ཡོད་པའི་ཤིང་རྒྱུའི་ཡིག་ཚགས་ནི་ལོ་རྒྱུས་ཀྱི་དུས་མཚམས་ཁག་ནང་བོད་ཀྱི་མཁས་དབང་ཚོས་བརྩམས་པའི་ལོ་རྒྱུས་དང་རིག་གནས། ཆོས་ལུགས་སོགས་དཔེ་དེབ་ཀྱི་པར་ཤིང་རེད། པར་ཤིང་དེ་དག་ཤིང་སྤུས་དག་ཅིང་བཟོ་རྩལ་ལེགས་པ། རྣམ་པ་སྣ་ཚོགས་ཡོད་ལ་མང་ཆེ་བ་དཔེ་རྒྱུན་དཀོན་རིགས་ཡིན་པས་ཧ་ཅང་རྩ་ཆེ་བ་ཡིན། ཡིག་ཚགས་ཁང་ནས་ལོ་ལྟར་དམངས་ཁྲོད་ཀྱི་ལག་ཤེས་པ་སྒྲིག་འཛུགས་བྱས་ནས་བོད་ཡིག་གི་ཡིག་ཚགས་དེ་དག་ལག་ལས་ལ་བརྟེན་ནས་པར་འདེབས་བྱས་ཏེ་བཙོང་གི་ཡོད། མིག་སྔར། བུ་སྟོན་གསུང་འབུམ་དང་སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་སོགས་དཔེ་དེབ་སུམ་ཅུ་ལྷག་པར་འདེབས་བྱས་ནས་བཙོང་ཡོད། དེ་མིན་ཡིག་ཚགས་ཁང་རང་ཉིད་ནས་བོད་རྒྱ་དབྱིན་གསུམ་ཤན་སྦྱར་གྱི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་མཉམ་བསྡུས་ཞེས་པ་དང་བོད་རྒྱ་ཤན་སྦྱར་གྱི་ལྕགས་སྟག་ཞིབ་གཞུང་ཞེས་པ་དང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནང་གི་གནོད་འཚེའི་གནས་ཚུལ་གྱི་ལོ་རྒྱུས་ཞེས་པ་དེབ་ལྔ། དེ་བཞིན་བོད་ཡིག་གི་ལོ་རྒྱུས་དཔྱད་གཞིའི་སྒྱུར་ཡིག་གཅེས་བསྡུས་ཞེས་པ། དགོན་སྡེའི་སྡོམ་ཁྲིམས་ཕྱོགས་བསྒྲིགས་ཞེས་པ་སོགས་རྩོམ་སྒྲིག་བྱས་པའི་ཁར། འབྲེལ་ཡོད་ཚན་པ་དང་མཉམ་དུ་ལོ་རྒྱུས་དཔྱད་གཞི་ཆེ་གྲས་བོད་ཀྱི་ས་ཡོམ་ལོ་རྒྱུས་དཔྱད་གཞི་ཕྱོགས་བསྒྲིགས་ཞེས་པ་དེབ་བདུན་རྩོམ་སྒྲིག་བྱས། དེ་དང་དུས་མཚུངས་སུ་མ་དཔེ་མཁོ་འདོན་བྱས་ནས་བཀའ་འགྱུར་དཀར་ཆག་བསྡུས་པ་དང་བོད་ཀྱི་ལོ་རྒྱུས་གསལ་བའི་མེ་ལོང་ཞེས་པ་སོགས་རྩ་ཆེའི་དཔེ་རྒྱུན་མང་པོ་དཔེ་བསྐྲུན་བྱས་ཡོད། ཉེ་དུས་སུ་ཡིག་འབྲུ་བཞི་འབུམ་ལྷག་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་ཡིག་ཚགས་ལོ་རྒྱུས་ཞེས་པ་རྩོམ་སྒྲིག་བྱས་པ་དང་མཐའ་མའི་རྩོམ་བཤེར་དུས་མཚམས་སུ་སླེབས་ཡོད། བོད་ཀྱི་ཡིག་ཚགས་རིགས་གཞུང་ཞིབ་འཇུག་དང་སྤེལ་རེས་ཀྱི་བྱེད་སྒོ་འཁྲུག་ཏུ་གཏོང་ཆེད་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་བོད་རང་སྐྱོང་ལྗོངས་ཡིག་ཚགས་རིག་ཚོགས་བཙུགས་པ་དང་ནང་ཁུལ་གྱི་དུས་དེབ་བོད་ལྗོངས་ཡིག་ཚགས་ཞེས་པ་གསར་འདོན་བྱས་པ། བོད་ཀྱི་ཡིག་ཚགས་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་འཚོགས་པ། ད་དུང་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཤིང་། མིག་སྔར་རྒྱལ་ཁབ་ཀྱི་ལས་གཞི་ཆེ་གྲས་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཚགས་གཅེས་བཏུས་ཞེས་པའི་ཡན་ལག་རྣམ་གྲངས་བོད་ཀྱི་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཚགས་གཅེས་བཏུས་ཞེས་པ་རྩོམ་བསྒྱུར་བྱེད་བཞིན་ཡོད།
བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ནས་ཡིག་ཚགས་འགྲེམ་སྟོན་གཉེར་སྐབས། ཆེ་གྲས་དང་ཆུང་གྲས་ཟུང་འབྲེལ་དང་། ཡུན་རིང་དང་གནས་སྐབས་ཟུང་འབྲེལ། ཆེད་དོན་ནང་དོན་དང་གོ་རིམ་ཡོད་པའི་ནང་དོན་ཟུང་འབྲེལ་བཅས་བྱས་ཏེ། ཐད་ཀར་གསོན་ཉམས་ལྡན་པའི་ངང་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ། དམིགས་བསལ་ཁྱད་ཆོས་ལྡན་པའི་ཡི་གེ་འབྲི་སྲོལ་དང་དེ་བཟོ་བའི་རྒྱུ་ཆ་སོགས་ཁྱད་ཆོས་མངོན་པར་བྱེད་པ་དང་ཕྱོགས་མཚུངས་སུ་སྤྱི་ཚོགས་ལས་རིགས་ཁག་ནས་བོད་ཡིག་ལོ་རྒྱུས་ཡིག་ཚགས་ལ་གཅིག་བསྡུས་དང་མགྱོགས་པོ། ཐད་ཀ་བཅས་ཀྱི་རྒྱུས་མངའ་ཡོང་བ་བྱས་ཡོད། དེ་དག་ནང་ཉར་ཚགས་བྱས་པའི་ཡིག་ཚགས་ཞེས་པ་དང་ལོ་རྒྱུས་ཀྱི་གནས་ཚུལ་བསྡུས་གསལ་དང་བསྡོམས་ཚིག་ཅེས་པའི་ཡིག་ཚགས་འགྲེམས་སྟོན་བྱས་པ་ནས་བཟུང་། སྔ་རྗེས་སུ་ཡོ་རོབ་གྲོས་ཚོགས་ཁང་དང་དབྱིན་ཅི། ཧྥ་རན་སི། དབྱི་ཊ་ལི། རི་པིན་སོགས་རྒྱལ་ཁབ་ཉི་ཤུ་ལྷག་ཙམ་ལ་སྣེ་ལེན་བྱས་པ་དང་། ཀྲུང་དབྱང་སྐུ་ཚབས་ཚོགས་པ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས། སྲིད་གྲོས་བཅས་ཀྱི་འཐུས་མི། ལྗོངས་ཡོངས་ཀྱི་ཚོགས་འདུ་སྣ་ཚོགས་ཀྱི་འཐུས་མི། སློབ་གྲྭ་བ། སེར་སྐྱ་མང་ཚོགས་བཅས་ཁྲི་ལ་ཉེ་བར་སྣེ་ལེན་བྱས་ཡོད། གཞན་ཡང་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དང་ཧྲང་ཧའེ་དང་ཀོང་ཀྲའུ་གཉིས་སུ་ཡིག་ཚགས་ཁང་ནས་བསྟན་པའི་རྩེ་སོན་ཡིག་ཚགས་ཀྱིས་བོད་ལ་རྒྱུས་མངའ་ཡོང་བ་བྱེད་ཅེས་པ་དང་བོད་ཀྱི་ཡིག་ཚགས་རྩེ་གྲྭའི་འགྲེམ་སྟོན་ཞེས་པ། ངོ་མཚར་ཅན་གྱི་བོད་ལྗོངས་ཞེས་པའི་འགྲེམ་སྟོན་བྱས་ཤིང་། བོད་ལྗོངས་བརྙན་འཕྲིན་ཁང་དང་མཉམ་དུ་ཆེད་སྒྲིག་པར་གཞི་ལོ་རྒྱུས་ཀྱི་དྲན་ཤེས་ཞེས་པ་པར་ལེན་བྱས། ཡིག་ཚགས་ཁང་ལ་ཉར་ཚགས་བྱས་ཡོད་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་བེད་སྤྱད་དེ་པེ་ཅིང་ཏུ་བོད་ལྗོངས་ཀྱི་མུ་ཏིག་བོད་ཀྱི་རིག་གནས་འགྲེམ་སྟོན་ཞེས་པ་སོགས་ཀྱི་འགྲེམས་སྟོན་བྱས་པས། ཚང་མས་བོད་ཀྱི་ཡིག་ཚགས་ལ་དགའ་སྣང་སྐྱེ་བ་མ་ཟད་ད་དུང་སྤྱི་ཚོགས་ལས་རིགས་ཁག་ནས་བོད་ཀྱི་རིག་གནས་ལ་མཐོང་ཆེན་བྱེད་རྒྱུར་དོ་སྣང་བྱུང་ཡོད།
བཞི་པ། མཇུག་བྱང་།
ཤེས་བྱའི་དཔལ་འབྱོར་དང་ཆ་འཕྲིན་དུས་རབས་སུ་སླེབས་པའི་མིའི་རིགས་ཀྱི་སྤྱི་ཚོགས་ནས་ཆ་འཕྲིན་ཐོབ་པ་བྱ་རྒྱུ་དང་བེད་སྤྱོད་གཏོང་རྒྱུ་དེ་མིའི་རིགས་ཀྱི་སྤྱི་ཚོགས་མདུན་བསྐྱོད་བྱེད་པར་སྐུལ་འདེད་གཏོང་བའི་འགུལ་ཤུགས་ཆེན་པོ་ཞིག་ཏུ་བརྩི་གི་ཡོད། ཡིག་ཚགས་ནི་དོན་རྐྱེན་བྱུང་བ་ངོ་མ་ཐོ་བཀོད་བྱས་པའི་ཐོག་མའི་དཔྱད་གཞི་ཡིན་པ་དང་ཡུལ་དུས་ལས་བརྒལ་བའི་རིན་ཐང་ཅན་གྱི་དཔྱད་གཞིའི་ཆ་འཕྲིན་ཡིན་ལ་མི་རྣམས་ནས་མཐོང་ཆེན་བྱེད་ཡས་ཇེ་ཆེར་འགྲོ་གི་ཡོད། ལྷག་པར་དུ་མིའི་རིགས་ཀྱི་སྤྱི་ཚོགས་མདུན་བསྐྱོད་བྱེད་པར་མེད་ཐབས་མེད་པའི་ཆ་འཕྲིན་གྱི་མཛོད་སྦུག་དང་སྐུལ་ཤུགས་ལ་བརྩི་གི་ཡོད། ཉེ་བའི་ལོ་ཤས་ནང་བོད་ཡིག་ལོ་རྒྱུས་ཡིག་ཚགས་སྲུང་སྐྱོབ་དང་ལེགས་སྒྲིག་བེད་སྤྱོད་བཅས་ཀྱི་ལས་ཀ་གོང་འཕེལ་ཅུང་མགྱོགས་པོ་བྱུང་ཡོད། དེ་རྒྱལ་ཁབ་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ནོར་ཤུགས་ཀྱི་རོགས་རམ་བྱས་པ་ལས་བྱུང་བ་དང་། ད་དུང་ཡིག་ཚགས་སྡེ་ཚགས་ཐོན་པའི་གཙོ་གཟུགས་དང་ཡིག་ཚགས་སྤྱོད་མཁན་ཁྱུ་ཚོགས། ཡིག་ཚགས་ལས་ཀའི་ཁོར་ཡུག་བཅས་ཟམ་མ་ཆད་པར་འགྱུར་ལྡོག་འགྲོ་བ་དང་འཚམ་ཐུབ་པ་བྱེད་པ་དང་། རང་འགུལ་གྱི་སྒོ་ནས་ཉར་ཚགས་དང་སྲུང་སྐྱོབ། དོ་དམ། བེད་སྤྱོད་སོགས་ཀྱི་འབྲེལ་བ་སྣ་ཚོགས་ཐག་གཅོད་འོས་འཚམ་བྱས་ཏེ། བོད་ཀྱི་ཡིག་ཚགས་ལས་ཀ་ཞིབ་ཚགས་བྱས་པ་ལས་བྱུང་བ་ཞིག་རེད།
ཡིན་ནའང་རང་ངོས་དང་གཞན་ངོས་ཀྱི་རྒྱུ་རྐྱེན་གྱི་རྐྱེན་པས། བོད་ཡིག་ལོ་རྒྱུས་ཡིག་ཚགས་ཉར་ཚགས་དང་བེད་སྤྱོད་གཏོང་བའི་ལས་ཀ་སྔར་བཞིན་འཐུས་ཚང་ཞིག་བྱུང་མེད་ཅིང་། གནད་དོན་ཡོད་པ་མཐོང་སྐབས་རྟག་ཏུ་ང་ཚོར་ལས་འགན་ལྕི་བ་དང་ལམ་ཐག་རིང་པོ་ཡིན་པའི་ཚོར་བ་ཡོང་གི་འདུག ས་གནས་ཁག་ཏུ་ཁ་ཐོར་དུ་གནས་པའི་ལོ་རྒྱུས་ཡིག་ཚགས་སྔར་བཞིན་ཚང་མ་རྩིས་སྤྲོད་བདག་ལེན་བྱེད་ཐུབ་མེད་པ་དང་། གཅིག་བསྡུས་བྱེད་དགོས་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ཉམས་ཆག་ཤོར་བ་དང་ཆ་མི་ཚང་བ་དང་གཅིག མྱུར་སྐྱོབ་དཔུང་ཁུག་ཆུང་བ་དང་སྟོབས་ཤུགས་ཞན་པ། ལག་ལས་ཀྱི་སྐྱོ་སྦྱར་མཛེས་བཟོ་འགོར་པོ་ཡིན་པ། མིག་སྔར་མྱུར་སྐྱོབ་ཀྱི་ཉམས་བཟོ་བྱས་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ཁྲི་ཙམ་ལས་མེད་པ་དང་གཉིས། དེ་སྔ་བོད་ཡིག་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་མཁན་བོད་རིགས་ཤེས་ཡོན་ཅན་རྒན་གྲས་རིམ་པས་ཉུང་ཏུ་ཕྱིན་པས་བོད་ཡིག་ཡིག་རྙིང་ཤེས་པ་དང་གནའ་བོའི་ཡི་གེའི་འགྲོ་ལུགས་རྒྱུས་མངའ་ཡོད་མཁན་མི་འདང་བས། བོད་ཡིག་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་རྒྱུ་འགོར་པོ་ཆགས་པ་དང་། ད་དུང་ཉམས་ཆག་ཤོར་བའི་ཡིག་ཚགས་ས་ཡ་ཙམ་ལེགས་སྒྲིག་བྱེད་དགོས་པ་དང་གསུམ། ཡིག་ཚགས་ཀྱི་པར་རིས་ཆུང་བསྡུས་འདྲ་བཟོའི་ལས་ཀ་འགོར་པོ་ཡིན་པ་དང་། ཡིག་ཚགས་ཀྱི་པར་རིས་ཆུང་བསྡུས་འདྲ་བཟོ་བྱས་པས་ཡིག་ཚགས་མ་ཡིག་གི་ཚབ་བྱས་ནས་མཁོ་འདོན་བེད་སྤྱོད་བྱ་རྒྱུ་སྔར་བཞིན་མངོན་འགྱུར་བྱུང་མེད་པ་དང་བཞི། བོད་ཡིག་ལོ་རྒྱུས་ཡིག་ཚགས་གློག་ཀླད་ཅན་གྱི་དོ་དམ་ད་དུང་བྱེད་ཐུབ་མེད་པའི་དབང་གིས་ཡིག་ཚགས་ལེགས་སྒྲིག་དང་དོ་དམ། བཙལ་འཚོལ་བེད་སྤྱོད་སོགས་ཀྱི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱུང་མེད་པས་ལམ་ཐག་ད་དུང་རིང་པོ་ཡིན་པ་དང་ལྔ་བཅས་རེད། དེར་བརྟེན་ཀྲུང་ཧྭ་མི་རིགས་རིག་གནས་དང་མིའི་རིགས་ཀྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ཀྱིས་མི་རྣམས་ནས་དོན་དངོས་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ལོ་རྒྱུས་རྟོགས་པ་དང་དོན་དངོས་དང་མཐུན་པའི་སྒོ་ནས་བོད་ལྗོངས་དང་མེས་རྒྱལ་ནང་སའི་བར་གྱི་འབྲེལ་བ་ཟབ་མོ་ཤེས་རྟོགས་བྱེད་རྒྱུ། དེ་བཞིན་མིའི་རིགས་ཀྱི་འཛམ་གླིང་ཤེས་དཔལ་གོང་འཕེལ་ལ་ལྡན་པའི་དོན་སྙིང་ཐོན་པའི་ནུས་པ་ནི་གཞལ་དུ་མེད་པ་ཞིག་ཡིན་པ་དེར་ང་ཚོར་རྟག་ཏུ་ངོ་མཚར་སྐྱེ་གི་འདུག དེ་འདྲ་ཡིན་རྐྱེན་བོད་ཡིག་ལོ་རྒྱུས་ཡིག་ཚགས་ལ་སྲུང་སྐྱོབ་དང་མྱུར་སྐྱོབ་བྱེད་སྐབས་ང་ཚོ་རང་ཉིད་ནས་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་ཁར་སྤྱི་ཚོགས་ཧྲིལ་པོ་ནས་མཐོང་ཆེན་བྱེད་དགོས་པ་ཞིག་རེད།