གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།སྲོང་བཙན་དུས་སྐབས་བོད་དུ་ཐུབ་བསྟན་སྤེལ་བའི་དགོས་མཁོའི་སྐོར་ལ་རགས་ཙམ་དཔྱད་པ།
སྤེལ་དུས།2009-06-03   ཡོང་ཁུངས་།མཚོ་སྔོན་བོད་ཡིག་གསར་འགྱུར།    རྩོམ་པ་པོ། པད་མ་རིག་འཛིན།

       ནང་དུ་གཅིག་གྱུར་གྱི་སྲིད་དབང་སྲ་བརྟན་གཏོང་བའི་ཐད་ཀྱི་དགོས་མཁོ།སྲོང་བཙན་སྒམ་པོའི་ཡབ་ཀྱིས་གཙང་དང་དྭགས་ཀོང་སོགས་དབང་འོག་ཏུ་བསྡུས་རྗེས་སྐབས་དེ་དག་ཏུ་བྱས་རྗེས་ཆེ་བའི་མྱང་དབམས་མནོན་ཚེས་ཁྱུང་སོགས་བློན་པོ་གསར་བ་རྣམས་ལ་གཟེངས་བསྟོད་དང་བྱ་དགའ་ཆེན་པོ་གནང་བ་དེས་གསར་དུ་བྱུང་བའི་བློན་པོ་རྣམས་ཀྱི་བློ་སེམས་འགུགས་པ་དང་མུ་མཐུད་དུ་བྱས་རྗེས་གང་ལེགས་འཇོག་པ་དང་གཞན་དག་ལའང་མིག་དཔེ་སོགས་སྐུལ་སློང་གི་ནུས་པ་ཆེན་པོ་ཐོན་ན་ཡང་།དེར་བློན་པོ་རྙིང་བ་རྣམས་མ་རང་ནས་བློན་གསར་རྙིང་གཉིས་དབར་འགལ་བ་ཛ་དྲག་ཏུ་གྱུར་ཅིང་དྭགས་པོ་དང་ཞང་ཞུང་སོགས་ཀྱང་སྔ་རྗེས་སུ་ངོ་ལོག་པ་དང་རང་ཉིད་ཀྱང་བློན་པོས་དུག་བཏང་ནས་བཀྲོངས།སྲོང་བཙན་སྒམ་པོས་ལོ་རྒྱུས་ཀྱི་དོན་རྐྱེན་དག་ལས་བསླབ་བྱ་ཐོབ་སྟེ་བློན་རྙིང་བའི་གནོད་འཚེ་ལས་གྲོལ་བའི་ཆེད་དང་འགོག་སྲུང་དང་ཕར་རྒོལ་ལ་སྨན་པའི་རྟེན་གཞི་གསར་བ་ཞིག་ཆགས་པའི་སླད་རྒྱལ་ས་ལྷ་སར་སྤོས་པ་དང་ཆབས་ཅིག་བསམ་བློའི་ཐད་ཀྱང་བོན་ཆོས་ལ་དད་པའི་བློན་པོ་དེ་དག་དང་དོ་ཟླར་རུང་ཞིང་དག་གི་སྟོབས་ཤུགས་ལ་རྒོལ་ནུས་ལ།སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་མཚོན་པའི་བསམ་བློ་གསར་བ་ཞིག་གི་དགོས་མཁོ་བྱུང་བས།བཙན་པོའི་ཁྱིམ་རྒྱུད་ཀྱི་ཁྲོད་རིམ་གྱིས་ནར་སོན་བཞིན་པའི་བསམ་བློའི་མཚོན་ཆ་རྨད་དུ་བྱུང་བ་ཞིག་ཡིན་པར་ངོས་ཟིན་ཐོབ་པ་དང་། གཞན་ཡང་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བལས། དེ་ཡང་སྔོན་ཆད་མི་ལོ་སྟོང་ཕྲག་དུ་མའི་ནང་སིལ་བུར་ཐོར་ནས་གནས་པའི་བོད་ཀྱི་རུས་རྒྱུད་ཚོ་བ་རྣམས་གདོད་མའི་ཆོས་ལུགས་ཀྱི་ཤུལ་བཞག་སྟེ་རང་རང་ཕ་མེས་ཀྱི་རིས་ལྷ་གཉན་པོ་མི་འདྲ་བ་སོ་སོར་སྐྱབས་སུ་འགྲོ་ཞིང་ཕན་ཚུན་གཅིག་འོག་གཅིག་མི་འདུ་བའི་རུས་ཞེན་དགྲ་འཛིན་གྱི་བག་ཆགས་ཤུགས་ཆེན་པོ་ལྡན་པ་དང་རུས་ཚ་ཁག་དབར་འཐབ་འཁྲུག་རྒྱུན་མི་ཆད་པ་བྱུང་བའི་ནང་ཕན་ཚུན་དམར་གསོད་ཀྱི་དགྲ་ཤ་ལེན་རེས་བྱེད་པའི་འཁོན་འཛིན་ཆེ་བ་སོགས་དང་།ལྷག་པར་མེས་པོ་སྟག་རི་གཉན་གཟིགས་དང་ཡབ་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་སྤུ་རྒྱལ་གྱི་མངའ་འབངས་སུ་འདུས་པའི་རྒྱལ་ཕྲན་ཚོ་པ་དེ་དག་གིས་གོ་སྐབས་ཤིག་རྙེད་མ་ཐག་སྤུ་རྒྱལ་ལ་ངོ་ལོགས་པའི་དུས་ཟིང་ཡང་ཡང་བྱུང་བ་དང་བཙན་པོ་རང་ཉིད་ཀྱི་སྐུ་རིང་ལའང་ཁྱུང་པོ་སྤུངས་ཟད་ཟུ་ཙེས་ལྐོག་གཡོ་བཤམས་ཏེ་བཙན་པོའི་སྐུ་ལ་ཐོ་འཚམས་པའི་ངོ་ལོག་རྒྱག་རྩིས་བྱསཞེས་པ་ལྟ་བུ་དང་། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགསཞེས་པའི་ནང་། དམག་ཏུ་ཤི་བ་མཆོག་ཏུ་འཛིན།ཁྱིམ་གཅིག་ཏུ་མི་མང་པོ་གཡུལ་དུ་ཤི་ན་དུད་ཚང་དགའ་མོར་བརྩི།སྡར་མའི་མགོ་ལ་ཝ་ཡི་གཞུ་གུ་བཏགས་ཏེ་དམོད་ལ་མིའི་གྲས་སུའང་མི་བརྩི།།ཞེས་བཀོད་པ་ལྟར་སྐབས་དེའི་སྤྱི་ཚོགས་ནང་དྲག་པོའི་ལས་ལ་ཞུགས་མཁན་གྱི་དཔའ་བོར་ཀུན་གྱི་བརྩི་བཀུར་དང་གདེང་འཇོག་མཐོན་པོ་བྱེད་པའི་སྲོལ་ཆགས་ཤིང་།ཕན་ཚུན་གྱི་འགལ་བ་ཐག་གཅོད་པའི་ཐབས་ཤེས་ཀྱང་དྲག་པོའི་ལས་ལ་བསྟེན་རྒྱུ་དེ་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད་པས་དེ་གཅིག་གྱུར་བྱུང་མ་ཐག་པའི་སྲིད་དབང་ཞིག་གི་ངོས་ནས་བརྗོད་ན་སླད་ཕྱིན་ངོ་ལོག་དང་སྲིད་འགྱུར་ཡོང་བའི་མྱུ་གུ་ལྟ་བུ་ཞིག་ཏུ་གྱུར་ཡོད།དེས་ན་རྒྱལ་པོས་གསར་དུ་བཙུགས་པའི་སྲིད་པའི་སྲིད་དབང་སྲ་བརྟན་དང་སྤྱི་ཚོགས་ཞི་འཇགས།ཕྱི་ནང་གི་དགྲ་བོའི་གནོད་འཚེ་ཐམས་ཅད་བཟློག་པའི་ཕྱིར་ཁྲིམས་ཡིག་ཆེན་པོ་དྲུག་གཏན་ལ་ཕབ་པ་དང་དུས་མཚུངས་སངས་རྒྱས་ཆོས་ཀྱི་ལྟ་བར་གཞིགས་ཏེ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་གཏན་ལ་ཕབ་ནས་སྔོན་གྱི་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་བསྒྱུར་བ་སྟེ།སྔར་གྱི་ཤ་འཁོན་ལ་དགྲ་ཤ་ལེན་པ་དང་།གང་ལའང་འཁོན་འཛིན་ཆེ་བ།སྤྱི་ཚོགས་ལ་ཟིང་ཆ་སློང་བ།བཀའ་ཁྲིམས་ལ་གྱེན་ལོག་བྱེད་པ་སོགས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ཉམས་ཞན་དུ་གཏོང་ཕྱིར་ཚེ་སྔོན་གྱི་ལས་ལ་ཡིད་ཆེས་བྱེད་དགོས་པ་དང་།ལས་དགེ་སྡིག་གི་དབྱེ་བ་དང་དེའི་རྣམ་སྨིན་གྱི་འབྲས་བུ་ཤེས་དགོས་པ།འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་སོགས་ཐུབ་བསྟན་གྱི་བསམ་བློ་བསྒྲགས་པའང་ཡིན།དེ་ནི་གཅིག་ན་གསར་དུ་འབངས་སུ་བཀུག་པ་དེ་དག་གི་དམངས་སེམས་ཞི་བའི་སྒོ་ནས་འདུལ་བར་ཕན་པ་ཡོད་པ་དང་།གཉིས་ན་གཅིག་གྱུར་གྱི་བསམ་བློ་མེད་ན་གཅིག་གྱུར་བྱ་སྤྱོད་མེད་ཟེར་བ་ལྟར་གསར་དུ་བཙུགས་པའི་རྒྱལ་ཁབ་ཆེན་པོ་དེ་ལ་རྣམ་པ་གསར་བའི་བསམ་བློའི་མཛུབ་སྟོན་ནམ་གཅིག་གྱུར་གྱི་བསམ་བློ་གསར་བ་ཞིག་གི་དགོས་མཁོ་བྱུང་བའང་ཡིན།

ཕྱི་རུ་མཐའ་འཁོར་མི་རིགས་དང་འབྲེལ་བ་འཛུགས་པའི་ཐད་ཀྱི་དགོས་མཁོ།སྲོང་བཙན་གྱིས་བོད་ཆེན་པོའི་སྲིད་དབང་བཙུགས་པ་ནས་བཟུང་།མཐའ་འཁོར་གྱི་ཡུལ་གྲུ་དང་མི་རིགས་གཞན་དག་བར་ལ་རྒྱུན་དུ་རིག་གནས་དང་།དམག་དོན།ཚོང་ལས་སོགས་ཕྱོགས་གང་ཐད་དུ་འབྲེལ་བ་འབྱུང་རྒྱུ་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད་།དེ་དབ་བསྟུན་ནས་བཙན་པོའི་སྲིད་གཞུང་གིས་ཀྱང་གཅིག་ན་གཅིག་ན་གཅིག་གྱུར་གྱི་སྲིད་དབང་དེ་དར་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་ན་ཡུལ་གྲུ་གཞན་དང་མི་རིགས་གཞན་གྱི་སྔོན་ཐོན་རིག་གནས་ལ་སློབ་སྦྱོང་བྱེད་དགོས་པ་དང་།གཉིས་ན་བོད་ཆེན་པོའི་སྲིད་དབང་དེ་བཙུགས་མ་ཐག་ཡིན་པས་ནང་གི་འགལ་བ་ད་དུང་ཞི་འཇགས་སུ་བཏང་མེད་པའི་སྐབས་དེར་མཐའ་འཁོར་གྱི་ཡུལ་གྲུ་གཞན་དང་འགལ་བ་མི་འབྱུང་བའི་ཆེད་རྒྱལ་ཁབ་གཞན་དང་རྒྱ་ཁྱབ་ཀྱི་འབྲེལ་བ་འཛུགས་དགོས་ས་དེའི་ཕྱོགས་ལ་དོ་སྣང་ཆེན་པོ་མཛད་ཡོད།སྐབས་དེར་སྲོང་བཙན་གྱིས་ཐུབ་བསྟན་གྱི་བསམ་བློ་ནང་འདྲེན་བྱེད་རྒྱུ་དེ་མཐའ་འཁོར་རྒྱལ་ཁབ་དང་ཡུལ་གྲུ་དེ་དག་ལ་འབྲེལ་བ་འཛུགས་བྱེད་ཀྱི་ཐབས་ལམ་ཞིག་ཏུ་བརྩིས་ཡོད་དེ།བལ་བཟའི་རྫོངས་སྐལ་དུ་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་།རྒྱ་བཟའི་རྫོངས་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་གནང་བ་ཡང་བཙན་པོས་བོད་དུ་ཐུབ་བསྟན་སྤེལ་བའི་ཆེད་དུ་རྫོངས་སྐལ་ལ་རྟེན་དེ་དག་གསོལ་རས་གནང་རྒྱུའི་རེ་འདུན་ཞུས་པ་ཡིན་ཚུལ་བོད་ཀྱི་ཆོས་འབྱུང་ནང་མང་དུ་ཡོད་པས་སོ།།དེ་བས་སྐབས་དེར་མཐའ་འཁོར་མི་རིགས་དང་འབྲེལ་བ་འཛུགས་པའི་དགོས་མཁོ་མེད་ཚེ་རྒྱ་བལ་གྱི་བཙུན་མོ་བསུ་དགོས་དོན་མེད་ལ།དེ་བསུས་ཀྱང་འབྲེལ་བ་གཙོ་བོ་ཐུབ་བསྟན་སྤེལ་བའི་ཐབས་ལམ་དང་འབྲེལ་དགོས་དོན་ཡང་མེད།ཡང་ཕྱོགས་གཅིག་ནས་བལྟས་ན་གལ་ཏེ་སྐབས་དེར་བོད་ཀྱི་སྤྱི་ཚོགས་ཁྲོད་ཐུབ་བསྟན་གྱི་བསམ་བློ་སྤེལ་བའི་དགོས་མཁོ་དང་དེ་སྤེལ་བའི་སྤྱི་ཚོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ཆགས་མེད་པའམ།བཙན་པོ་དང་འབངས་རྣམས་ཐུབ་བསྟན་ལ་མི་དགའ་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཚེ་རྒྱ་བལ་གྱི་རྒྱལ་པོས་ཀྱང་གཉེན་གྱི་ལེགས་སྐྱེས་གཙོ་བོར་རྟེན་གྱི་དངོས་པོ་་དེ་དག་འབུལ་མི་སྲིད་ལ།གཉེན་སློང་དུ་བསྐྱོད་པའི་བློན་པོ་མགར་སོགས་ཀྱིས་ཀྱང་རྟེན་དེ་དག་འཁྱེར་ཡོང་མི་སྲིད།དེ་བས་དུས་སྐབས་དེར་བོད་རང་སྟེང་ནའང་ཐུབ་བསྟན་དང་ལེན་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ངེས་ཅན་ཞིག་ཡོད་ཅིང་དེ་དར་སྤེལ་དུ་གཏོང་བའི་དགོས་མཁོ་བྱུང་བ་དང་།མཐའ་འཁོར་གྱི་ཡུལ་གྲུ་རྣམས་སུ་ཐུབ་བསྟན་དར་ཆེ་བ།ཏག་ཏག་དུས་སྐབས་དེར་མཐའ་འཁོར་རྒྱལ་ཁབ་དང་འབྲེལ་བ་འཛུགས་པའི་དགོས་མཁོ་བྱུང་བ་རྣམས་ནི་སྲོང་བཙན་གྱི་དུས་སྐབས་དེར་བོད་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཐུབ་པའི་མཐུན་རྐྱེན་དུ་གྲུབ་འདུག་གོ།

བསམ་བློའི་སྣེ་ཁྲིད་དུ་གྱུར་པའི་ཆོས་ལུགས་ཐད་ཀྱི་དགོས་མཁོ།སྐབས་དེའི་སྤྱི་ཚོགས་དཔལ་འབྱོར་བླ་ལྷག་ཏུ་འཕེལ་བ་དང་བོན་ཆོས་ཀྱི་ཆོ་གའི་བར་དུ་འགལ་བ་ཇེ་ཆེར་འགྲོ་བཞིན་ཡོད་དེ། དེབ་ཐེར་དཀར་པོལས་བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་།དེ་དུས་ལུག་ཁྱུ་སྤྲེའུ་གསུམ་དམར་མཆོད་དུ་འབུལ།ལོ་གསུམ་རེ་ན་མནའ་ཆེན་རེ་སྐྱེལ་ཞིང་།མཚན་གྱི་དགུང་ལ་རྟ་ཕྱུཊ་བོང་བུ་རྣམས་དམར་མཆོད་བྱེད།སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ།བན་དྷེ་ཞིག་གིས་ཆོ་ག་གཏོང་།གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ།ཁྱེད་ཅག་སུས་ཀྱང་རང་ཡུལ་མི་སྲུང་ཞིང་།བསམ་ངན་དང་སེམས་མ་དྲང་བ་བྱེད་ན།གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས་པས་ད་ལྟ་བསད་པའི་དུད་འགྲོ་འདི་རྣམས་བཞིན་དུ་དུམ་བུར་བྱས་ལ་སོད་ཅིག་ཅེས་མནའ་འདོརཞེས་གསལ་བ་ལྟར་བཙན་པོ་རྗེ་བློན་རྣམས་ཀྱིས་རྒྱུན་དུ་མནའ་སྐྱེལ་དུས་བོན་པོའི་ཆོས་ལུགས་ལྟར་སྲོག་ཆགས་མང་པོ་བསད་དེ་དམར་མཆོད་བྱེད་པའི་ཆོས་ལུགས་ཀྱི་ཆོ་ག་རྒྱ་ཆེན་པོ་གཏོང་སྲོལ་ཡོད་པ་དང་། ཨ་ལགས་དུང་དཀར་ལགས་ཀྱིས་ཆོས་ལུགས་འདིས་ལོ་རེའི་སྟོན་ཀའི་དུས་སུ་ཤྭ་ཕོ་རུ་རྐྱང་དང་།དགུན་ཁའི་དུས་སུ་བོད་ལྷ་དམར་མཆོད།དཔྱིད་ཀའི་དུས་སུ་ཡུ་མོའི་བྱིན་འབྲེག་དབྱར་ཁའི་དུས་སུ་བོད་སྟོན་བསངས་མཆོད་ཟེར་བ་སོགས་དམར་མཆོད་ཀྱི་ཆོ་ག་རྒྱ་ཆེན་པོ་གཏོང་སྲོལ་ཡོད་པ་ལོ་རེ་ལས་ལོ་རེར་རྒྱ་ཇེ་ཆེ་དང་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེས་སྤྱི་ཚོགས་དཔལ་འབྱོར་དང་སྒོས་སུ་འབངས་ཀྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཕྱོགས་ལ་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད།དེ་ལྟར་སྤྱི་ཚོགས་དང་ཤེས་རིག་འཕེལ་རྒྱས་སུ་སོང་བའི་སྐབས་དང་བསྟུན་ནས་ཆོས་ལུགས་དེས་མིའི་བསམ་བློར་དབང་སྒྱུར་བྱེད་པའི་ནུས་པ་ཤོར་འགོ་ཚུགས་ཤེང་དབང་སྒྱུར་གྲལ་རིམ་གཙོ་བྱས་པའི་མང་ཚོགས་སྐོར་ཞིག་གི་དད་པ་ཉམས་པ་དང་དེའི་བེད་སྤྱོད་རིན་ཐང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པས་དེའི་ཚབ་བྱེད་དུ་འགྱུར་ཐུབ་པའི་ཐུབ་བསྟན་ལྟ་བུའི་རིག་གཞུང་གསར་བ་ཞིག་དགོས་མཁོ་བྱུང་ཡོད་དེ། ཀ་ཁོལ་མ་ལས། སྲོང་བཙན་གྱིས་ཕྱི་རོལ་བའི་ཆོས་ལུགས་ངན་པ་རྣམས་བོར།ཡང་མེས་ཀྱི་ཆོས་ལུགས་བཟང་པོ་རྣམས་བཟུང་ནས། ནང་པ་སངས་རྒྱས་པར་གྱུར་ཏོ།ཞེས་གསུངས་པ་ལྟར་རོ།། 

                     རྩོམ་པ་པོ་ནི་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་2006ལོའི་ཞིབ་འཇུག་སློབ་མ་ཡིན།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060