གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།རྗེ་བཙུན་མི་ལ་རས་པའི་མགུར་མ་བྱུང་བའི་རྒྱུ་རྐྱེན་ལ་ད་དཔྱད་པ།
སྤེལ་དུས།2010-04-30   ཡོང་ཁུངས་།《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》   རྩོམ་པ་པོ། ཀུན་དགའ་དབང་ཕྱུག འབྲུག་མོས་ཞུ་དག་བྱས།

ནང་དོན་གནད་བསྡུསའཇིག་རྟེན་གྱི་ཆོས་ཐམས་ཅན་རྒྱུ་རྐྱེན་གྱིས་བསྐྱེད་ཅིང་། དེ་ལས་བྱུང་བ་ཆོས་ཉིད་དུ་གྲུབ་ཕྱིར། རྗེ་བཙུན་མི་ལ་རས་པའི་མགུར་མ་ཡང་དེ་ལས་མ་འདས་པར་རྒྱུ་རྐྱེན་ལས་བྱུང་བ་ལོ་རྒྱུས་རྣམ་ཐར་གུང་བསྒྲིགས་ཏེ་དཔྱད་འཇོག་བྱས་ཡོད།

གནད་ཚིགམི་ལའི་མགུར་གླུ།   རྒྱུ་རྐྱེན། གདུལ་བྱ།

གླེང་གཞི།
    
རང་རེའི་བོད་ཁ་བ་ཅན་དུ་རྗེ་བཙུན་མགུར་མ་ཞེས་སྙན་པའི་ཚད་དུ་མཁས་བླུན་ཀུན་གྱིས་བགྲངས་ཤིང་། དེ་ལ་བརྟེན་ནས་མགུར་མའི་སྐོར་ལ་དཔྱད་པ་སྣ་ཚོགས་བྱུང་ཡོད་ནའང་།   རྗེ་བཙུན་མི་ལ་རས་པའི་རྣམ་མགུརལ་ལོ་རྒྱུས་སྨྲ་བ་ཆེན་མོ་སུམ་པ་ཡེ་ཤེས་དཔལ་འབྱོར་དང་ཁོང་གི་ཡར་སྔོན་དུ་བྱོན་པའི་ཀུན་མཁྱེན་ཡེ་བཟང་རྩེ་བས་བཅོས་མ་དང་ནང་འགལ་ཡོད་པར་གསུངས་པའི་སྐོར་ལ་ད་ལྟའི་བར་དཔྱད་པའི་ས་བོན་ཙམ་ཡང་བྱུང་མེད་ལ། རབ་བྱུང་དང་པོའི་ནང་དང་རབ་བྱུང་གཉིས་པའི་སྟོད་ཀྱི་ཆར་རྗེ་བཙུན་གྱི་མགུར་མ་བྱུང་བའི་རྒྱུ་རྐྱེན་ལ་གནས་བབ་དང་འབྲེལ་བའི་དཔྱད་པ་དེ་བས་ཀྱང་མེད་པས།   རང་བློས་ལྕོགས་ཚོད་ཀྱིས་ཕྱི་མ་འདི་ཅུང་ཟད་གླེང་བར་འདོད་དོ།།

དང་པོ། མགུར་མ་བྱུང་བའི་རྒྱུ་བཤད་པ།

 

གཅིག གྲེ་བ་བདེ་བ།
     
སྤྱིར་ནམི་ལའི་མགུར་འབུམདུ་མགུར་ཚན་ལྔ་བརྒྱ་ལྷག་བཞུགས་ལ། དེ་དག་ལས་ཁག་ཅིག་རྗེ་བཙུན་ཞལ་བཞུགས་པའི་སྐབས་སུ་བསྒྲིགས་པ་ཡང་ཡོད་དེ། དཔེར་ན། ཚེ་རིང་མཆེད་ལྔས་དྲོད་ཉུལ་བ་དང་ཞུས་ལན་གྱི་རིམ་པ་ནི། ངན་རྫོང་སྟོན་པ་བོ་ངྷི་རཱ་ཛ་ཡིས་མི་བརྗེད་གཟུངས་སུ་ཡི་གེར་བཀོད་པ་སྙན་ངག་མུ་ཏིག་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་དང་། ངན་རྫོང་སྟོན་པ་བོ་ངྷི་རཱ་ཛ་དང་རྣལ་འབྱོར་ཞི་བ་འོད་གཉིས་ཀྱིས…གསུང་བགྲོས་ལ་དབྲི་བསྣན་ལྷག་ཆད་མེད་པར་ནན་ཏན་དུ་བྱས་ཏེ།   ངག་བརྗོད་པ་ཚིག་གི་ཕྲེང་བ་སྡེབ་ལེགས་པའི་ཡི་གེར་བཀོད་པ་བདུད་རྩི་འོད་ཀྱི་ཕྲེང་བ་ཞེས་བྱ་བ་དང་། ཡང་དམ་ཚིག་ཅན་གྱི་རྡོ་རྗེ་སྤུན། ཕུ་བོ་གཅེན་པོའི་ཞལ་ངོ་རུ།   གུ་རུ་བོ་ངྷི་རཱ་ཛ་དང།།   བདག་མིང་འོད་ཀྱི་མཐའ་ཅན་གྱིས།   གསུང་གླེང་དྲི་ཞིབ་ནན་ཏན་གྱིས།   དྲི་རྨེད་ཞུས་དག་བགྱིས་ནས་ཀྱང་།། ཆོས་འདི་བར་དོ་འཕྲང་སྒྲོལ་ལ། མགུར་ཆུ་གསེར་གྱི་ཕྲེང་བ་ཞེས།   དོན་ལྡན་ཕྱིར་ན་མཚན་དུ་གསོལ། ཞེས་དང་། ཡང་རས་པ་མཆེད་གཉིས་ཀྱིས་མཎྜལ་ཕུལ་ནས་ཞུས་པས་དགྱེས་བཞིན་གནང་བ་ས་མ་ཡ་རྒྱ་རྒྱ་རྒྱ། ཚེ་རིང་མའི་ཆོས་སྐོར་རྣམས་ལ་འཆད་པ་པོ་དཔལ་བཞད་པ་རྡོ་རྗེའི་བཀའི་རྒྱ། ཞུ་བ་བོ་མཁའ་འགྲོ་མཆེད་ལྔའི་གསང་བའི་རྒྱ། སྡུད་པ་པོ་ཨརྱ་བོ་ངྷི་རཱ་ཛ་དང་རས་པ་ཞི་བ་འོད་གཉིས་ཀྱིས་དམ་ཚིག་གི་རྒྱ་ཞེས་དང་། ས་ལེ་འོད་ཀྱི་སྐོར་ཡང་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོས་མི་བརྗེད་པའི་གཟུངས་སུ་ཡི་གེར་བཀོད་པ་ཞེས་དང་། ཁ་ཐོར་སྣ་ཚོགས་ཀྱི་མཇུག་ཏུའང་།། ཐུགས་སྲས་རྣམས་ཀྱིས་མི་བརྗེད་པའི་གཟུངས་སུ་བཟུང་ཞིང་ཡི་གེར་བཀོད་པ་ཞེསམགུར་འབུམདེ་ཉིད་དུ་ཐེངས་དྲུག་འབྱུང་བས།   ཕལ་ཆེ་བ་རས་པ་མཆེད་གཉིས་ཀྱིས་ཟིན་བྲིས་སུ་བཀོད་ཚུལ་ཤིན་ཏུ་གསལ་ཡང་།   གཞན་རྣམས་ནི། རྗེ་བཙུན་མི་ལའི་རྣམ་ཐར་ཏེ།   སློབ་མ་ཆོས་པར་གྲགས་པ་མཛོད་ནག་དང་མཁའ་སྤྱོད་པས་བསྒྲིགས་པ།   སྟོད་པ་ཤེས་རབ་ཀྱིས་མཛད་པའིརྫེ་བཙུན་མི་ལའི་རྣམ་ཐར་མ་རིག་མུན་སེལགསང་སྟོན་ཞི་བྱེད་རི་བས་རྣམ་ཐར་མི་འདྲ་བ་བརྒྱ་དང་བདུན་ཅུ་ཙམ་མཇལ་བར་གསུངས་པ་སོགས་ཕྲན་གྱི་མིག་བསོད་དུ་མ་གྱུར་བ་མང་ཡང་།   དེ་དག་ཏུའང་མགུར་མ་ཡང་བཞུགས་ན། དེ་ལས་བཏུས་པ་ཡང་བསྙོན་མི་ནུས་ཏེ།   གཙང་སྨྱོན་ཁོང་གིས་ཀྱངརྣམ་མགུརགྱི་མཇུག་ཏུ་རྗེ་བཙུན་གྱི་རྣམ་ཐར་མང་དུ་མཐོང་བརགསུང་པས་སོ།
    
ཞིབ་ཏུ་བཤད་ན།   གཙང་སྨྱོན་ཧེ་རུ་ཀའི་ཡར་སྔོན་དུ་བྱུང་བའི་ད་ལྟ་དངོས་སུ་དཔར་ཡོད་པའི་མི་ལའི་རྣམ་ཐར་ནི། དཔོན་ཚང་ཚེ་དབང་རྒྱལ་གྱིས་བརྩམས་པའིལྷོ་རོང་ཆོས་འབྱུངདུ་བཞུགས་པ་དེ་ཡིན་ཞིང་། དེ་ནི་རྗེ་བཙུན་མི་ལ་རབ་བྱུང་གཉིས་པའི་ཆུ་ཡོསསྤྱི་ལོ1123ལོར་བཤེགས་པ་ནས་བརྩིས་པའི་བགྲང་བྱ།   324ལོར་བརྩམས་པ་དང་། དེའི་རྗེས་སུ་ཀུན་མཁྱེན་ཡེ་བཟང་རྩེ་བས་བརྩམས་པའིདེབ་སྔོནདུ་བཞུགས་པའི་རྣམ་ཐར་དེ་ཡིན་ཞིང་།། དེ་ནི་རྗེ་བཙུན་ཞི་བར་གཤེགས་པ་ནས་བརྩིས་པའི་བགྲང་བྱ354ལོར་བརྩམས་པ་དང་། དེའི་རྗེས་སུ་གཙང་སྨྱོན་ཧེ་རུ་ཀས་བརྩམས་པའིམི་ལའི་རྣམ་མགུརདེ་ཡིན་ཞིང་།   དེ་ནི་རྗེ་བཙུན་ཞི་བར་གཤེཊ་ནས་བརྩིས་པའི་བགྲང་བྱ366ལོར་བརྩམས་པས།   རྣམ་ཐར་ཆེས་སྔ་ཤོས་ཀྱང་མིན་པ་རྟོགས་སླ་བ། རྗེ་བཙུན་ཞི་བར་གཤེགས་པ་ནས་བརྩིས་པའི་ལོ་བཞི་བརྒྱ་མ་ལོངས་ཙམ་གྱི་ནང་དུ་བརྩམས་པས།   ལོ་ཚིགས་དང་མགུར་མ་ཕྱོགས་བསྒྲིགས་ཐད་ལ་དོགས་པ་ཡོད་མོད།   འོན་ཀྱང། སྔ་གཞུག་ཏུ་བྱུང་བའི་རྣམ་ཐར་གུང་བསྒྲིགས་ཏེ་མཇལ་བའི་ཚེ་ན། ཕལ་ཆེར་གཅིག་ཏུ་འདུག་པས་སྤྱི་བབ་ཀྱི་ཆ་ནས་ཆེས་མི་མཐུན་པར་ལྟག་སྤྲོད་དུ་གྱུར་བ་ཞིག་ནི་མིན་ནོ། །དེ་བས། རྗེ་བཙུན་མི་ལ་ཆུང་དུས་ནས་གྲེ་བ་བདེ་བ་ཡང་གཙང་སྨྱོན་ཧེ་རུ་ཀས་རྣམ་མགུར་དུ་གསུང་པ་ཇི་བཞིན་ཡིན་ཏེ།   རྒྱ་གར་གྱི་དོ་ཧའི་གླུ་དང་སྟོད་དབུས་གཙང་ནས་བྱོན་པའི་རྒོད་ཚང་བ་མགོན་པོ་རྡོ་རྗེ།   སྨད་མདོ་ཁམས་ནས་བྱོན་པའི་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་སོགས་ཀྱང་།    རྗེ་བཙུན་མི་ལའི་མགུར་བཞིན་མགུར་བཞེངས་པ་པོ་གྲེ་བ་བདེ་བའི་རྐྱེན་གྱིས་བྱུང་བ་མ་གཏོགས། ཨུ་ཚུགས་ནན་བཙུར་གྱིས་བྱུང་བ་ཞིག་མིན་ནོ།། རྗེ་བཙུན་གྱི་རྣམ་མགུརདུའང་།། རྩའི་མི་ཐོད་གད་ཁ་བྱ་བ་ན་སྔགས་རྙིང་མ་བའི་སློབ་དཔོན་ཀླུ་བརྒྱད་མཁན་གྲོང་ཆོག་ལ་ཤིན་ཏུ་བྲིན་པ་ཞིག་ཡོད་པ་དེར་ང་ཀློག་སློབ་ཏུ་བཏང་།   …རྩའི་མདའ་རུ། སྐྱིད་སྟོན་གྱི་ཆང་ས་ཆེན་པོ་བྱུང་བ་དེའི་གྲལ་དབུ་ལ་སློབ་དཔོན་སྤྱན་དྲངས་པའི་ཕྱག་ཕྱི་ལ་ང་ཡང་ཕྱིན། དེར་ཆང་མང་བ་དང་སློབ་དཔོན་ལ་ཟུར་ནས་ཀྱང་ཆང་འདྲེན་མང་རབ་བྱུང་བ་ཀུན་ནས་བཏུངས་པས་བཟི་བེར་སོང་ཡོད་པ་ལ། སློབ་དཔོན་གྱིས་ང་ལ་སྐྱོས་མ་རྣམས་བསྐུར་ཏེ་སྔོན་ལ་བརྫངས་པས།   ཆང་གིས་བཟི་བ་དང་། དེའི་ཉིན་གླུ་ལེན་མཁན་རྣམས་ལ་སེམས་འཕྲོས་ནས། གླུ་ལེན་སྙིང་འདོད་པ་ཞིག་བྱུང་བ་དང་། གྲེ་བ་བདེ་མོ་ཞིག་ཡོད་པས།   གླུ་ལེན་ཞིང་འོངསཞེས་གསུངས་པ་དང་།  བྲག་དཀར་རྟ་སོ་སོགས་སུ་བཞུགས་པའི་སྐབས་སུའང་། ཐོལ་བྱུང་གི་མགུར་བཞེངས་པས།   ཁྱི་ར་བ་འགའ་དང་ལམ་འགྲོ་བ་སོགས་ཀྱིས་རྣལ་འབྱོར་བ་ཁྱོད་ལ་གླུ་ལེན་པའི་སྐད་སྙན་མོ་འདུག་པར་བཤད་པརྣམ་ཐར་དུ་འབྱུང་ཞིང་། ཁྱད་པར་དུ་ཐོས་པ་དགའ་ཞེས་བྱ་བའི་མིང་ཡང་གཙང་སྨྱོན་ཧེ་རུ་ཀས་མཛད་པའིརྣམ་མགུརདུ།   ལྷ་དང་བླ་མས་མཚན་གསོལ་བ། བཞད་པ་རྡོ་རྗེ་མི་ཟེར་རམ།   །ཡབ་དང་ཡུམ་གྱིས་མཚན་གསོལ་བ། མི་ལ་ཐོས་དགའ་མི་ཟེར་རམ། རྒྱལ་ཁམས་ཡོངས་ཀྱིས་མཚན་གསོལ་བ།   །གྲུབ་ཐོབ་རས་པ་མི་ཟེར་རམཞེས་ཡབ་ཡུམ་གྱིས་མཚན་གསོལ་བར་གསུངས་ཀྱང་། གཞན་དུ་གླུ་ལ་དགའ་བས་མིང་དུ་ཐོགས་པར་བཤད། གང་ལྟར་ཆུང་དུས་ཕར་ཟད།   ཕྱིས་སུ་འཁོར་བ་ལ་ངེས་འབྱུང་ཆེན་པོས་ཟིན་ཏེ། གངས་ཁྲོད་གཡའ་ཁྲོད་དུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས་སུའང་། རྗེ་བཙུན་གྱིས་སློབ་མ་རྣམས་ལ་བསྙུན་དྲི་སྨེད་ཀྱི་མགུར་གསུངས་པས། ཉ་མ་རྣམས་དགའ་དྲགས་འུར་ཏེ་བྲོ་འཁྲབས་པས། རྗེ་བཙུན་ཡང་ཐུགས་ཉམས་འུར་བ་ལྟར་མཛད་ནས་ཞབས་བྲོ་མཛད་པའི་ལོ་རྒྱུས་འདུག་པལས་ཀྱང་། འཇིག་རྟེན་པའི་ལུགས་ལྟར་གླུར་མ་ཟད།   ཞབས་བྲོ་ལའང་དགའ་བའི་ཐུགས་གཤིས་ཤིག་ཡོད་ཚོད་འདུག་པས། ཆུང་དུས་ནས་གླུ་ཐོས་པ་ལ་དགའ་བས་མཚན་དེ་ལྟར་ཐོགས་པར་གསུངས་པའང་གཏན་ཚིགས་དང་བདེན་དོན་གྱི་ཆ་ཏིལ་འབྲུ་ཙམ་ཡང་མེད་པ་མིན་ནོ།། དེའི་ཕྱིར། གཙང་སྨྱོན་ཧེ་རུ་ཀས་བསྒྲིགས་པའིརྗེ་བཙུན་རྣམ་མགུརལས་ལོ་བཞི་བཅུ་ལྷག་གི་སྔོན་དུ་བརྩམས་པའིལྷོ་རོང་ཆོས་འབྱུངདུ་བྱུང་བའི་རྗེ་བཙུན་གྱི་རྣམ་ཐར་དུ། རྗེ་བཙུན་འདི་ནི་ཆུང་ངུའི་དུས་ནས་གླུ་དང་སྡེབ་སྦྱོར་ལ་ཤིན་ཏུ་མཁས་པ། འཚོ་རྫི་བའི་རྗེས་སུ་བྱོན་ནས།   ཕྱག་གི་འུར་རྡོ་དང་ན་བཟའ་ལ་སོགས་ལས་དྲངས་པའི་གླུ་མཆོད་དཔག་ཏུ་མེད་པ་མཛད་པས། མཚན་ཡང་ཐོས་པ་དགའ་ཞེས་ཡོངས་སུ་གྲགསཞེས་གསུངས་པས། ཆུང་དུས་ནས་གླུ་ལེན་པ་ལ་དགའ་བ་ཙམ་མ་ཡིན་པར། གཞན་གྱི་གླུ་ཉན་པ་ལ་ཤིན་ཏུ་སྤྲོ་བས། འཚོ་རྫིའི་སྐབས་ཐོག་དེར་ཕྱག་གི་འུར་རྡོ་དང་ན་བཟའ་ཚུན་ཆད་འབུལ་ཏེ། གླུ་མཆོད་མཛད་པའི་ལོ་རྒྱུས་བྱུང་འདུག་པ་ལྟར་རོ།།
     
ཁ་ཅིག་གིས་རྗེ་བཙུན་གྱི་མགུར་ནི་ངག་བདེ་བ་ལས་བྱུང་བར་སྨྲ་བ་རྫུན་དུ་ཐལ་ཏེ།   ད་ལྟ་དུས་ཀྱིས་ཆོད་པས་རྗེ་བཙུན་གྱི་ངག་བདེ་མིན་དང་ངག་ལས་བཞེངས་མིན་སུས་ཀྱང་མི་ཤེས་པའི་ཕྱིར་ཞེས་འཛེར་ནའང་།   གནས་ལུགས་གཏན་ནས་མེད་པ་མིན་ཏེ།   གཙང་སྨྱོན་ཧེ་རུ་ཀས་བསྒྲིགས་པའི་རྣམ་མགུར་ཁ་ཤས་དོགས་གཞིར་གནས་ཀྱང་གཞན་དུ་གླེང་བར་བྱ་ལ། ཕལ་ཆེ་བ་ཡིད་ཆེས་པར་ཆོག་པ་གོང་དུ་གླེང་ཟིན་པས།

རྣམ་ཐར་དེ་ལྟ་བུར་གཞི་བཅོལ་ཏེ་དཔྱད་དགོས་པ་ལས། དཔྱད་པའི་ཡུལ་མཐའ་དག་མངོན་སུམ་ཡིན་དགོས་ཚེ། དངོས་གཙོའི་ལྟ་བ་ཐལ་དྲགས་པས་སོ། །རྗེ་བཙུན་མ་ཟད། རྗེས་ཐོགས་སུ་བྱོན་པའིརྒོད་ཚང་བ་མགོན་པོ་རྡོ་རྗེའི་མགུརདུའང་། འཇིག་རྟེན་འདི་ཆུ་བོའི་གཉེར་མ་དང་འདྲ། གཅིག་མ་སངས་པར་གཅིག་གིས་སླེབ། །འདི་རྒྱབ་ཏུ་བསྐྱུར་ན་ལེགས་པར་གོ །འཇིག་རྟེན་དང་བློ་གཏད་ཅིག་མི་བྱེད་རི།།

དབྱངས་མཆོད་པར་འབུལ་ལོ་བླ་མ་དཀོན་མཆོག་གསུམ།། སྒྲ་ཚོགས་སུ་རོལ་ཅིག་མཁའ་འགྲོའི་ཚོགས། །རྐྱེན་བར་ཆད་སེལ་ཅིག་བསྟན་སྲུང་རྣམས། བཀྲ་ཤིས་པར་བྱོན་ཅིག་ལྷ་མི་ཚོ། །བཀྲ་ཤིས་ཆོས་ཐུན་དུ་མཇལ་བའི་སྨོན་ལམ་འདེབསཞེས་གསུངས་པ་ལས་ཀྱང་། མགུར་དེ་དག་རང་གཞན་གང་གིས་བྲིས་ཏེ་བཞག་པ་མ་ཡིན་པར་ཐོལ་བྱུང་དུ་བརྡོལ་ཞིང་། ཚིག་གོང་འོག་གི་དབྱངས་རྟ་མཉམ་པས་ངག་ལས་གྱེར་བ་ནི་ཤེས་ནུས་ལ།   འདི་ལ་བརྟེན་ནས་གྲེ་བ་བདེ་བའང་ཤེས་ནུས་པའི་ཕྱིར་རོ།། རྗེ་བཙུན་རང་གི་མགུར་དུའང་། འོ་ན་ཁྱེའུ་ཆུང་བཞིན་ལེགས་པོ།   ཁྱོད་རྟོགས་འདོད་ཅན་དེ་ཚུར་ཉོན་དང་།། མི་ང་ངོ་ཁྱོད་ཀྱིས་ཤེས་མ་ཤེས།   །མི་ང་ངོ་ཁྱོད་ཀྱིས་མ་ཤེས་ན། མི་ང་རང་མི་ལ་རས་པ་ཡིན། །ལྟེ་བ་གུང་ཐང་སྨད་དུ་བཅད།། སློབ་གཉེར་དབུས་གཙང་མཐིལ་དུ་བགྱིས། ཕ་དགྱེས་སྟོན་རྔོག་མེས་དབུ་མཛད་ནས། རོང་སྟོན་ལྷ་དགའ་ཡན་ཆད་དུ།   །ལར་དྲིན་ཅན་གྱི་བླ་མ་བཅུ་ཙམ་བཞུགསཞེས་རང་གི་རྣམ་ཐར་མགུར་དུ་བཞེངས་པ་དང་། ཁྱོད་འཇིག་རྟེན་འདི་ཡི་སོ་ནམ་མཁན། །ང་སྐྱེ་བ་གཏན་གྱི་སོ་ནམ་མཁན།། སྟོན་ཐོག་སུ་མང་བལྟ་ཡང་བལྟ།   ནམ་ཕུགས་སུ་སྐྱིད་འགྲན་ཡང་འགྲན།   །དེ་སྣང་བ་དཔེ་རུ་དྲས་པ་ཡིན།   སོ་ནམ་གླུ་རུ་བླངས་པ་ཡིན།   །ཞེས་ངན་རྫོང་སྟོན་པ་ལ་མགུར་དུ་བཞེངས་པ་དང་། འཕྲལ་ངོ་མཚར་ལྟད་མོ་ཁོང་ཚོས་སྟོན།   །ཉམས་བྱུང་རྒྱལ་གླུ་ལ་ང་རང་མཁས། །ཞེས་སྐབས་དེར་དིང་རི་ན་དམ་པ་སངས་རྒྱས་དང་རྒྱ་གར་ན་ངྷརྨ་བོངྷི། བལ་བོ་ན་ཤི་ལ་བྷ་རོ། གཉའ་ནང་ན་མི་ལ་རས་པ་སྟེ།   གྲུབ་ཐོབ་ལྔ་དུས་མཚུངས་པ་ལས།   རས་ཆུང་བས་ངྷརྨ་བོངྷི་དང་མཇལ་ན་ལེགས་ཚུལ་ཞུས་པའི་ལན་དུ་གསུངས་པ་འདི་དག་ལས།   ངག་ཏུ་གྱེར་བ་ཤེས་ནུས་ལ། ཁྱད་དོན་བོད་ཀྱི་སྒྲུང་གླུ་དང་འདྲ་བར་ལ་ལ་རང་བཞིན་ལྷུག་པོར་བརྗོད་པ་དང་། ཤགས་གླུ་དང་འདྲ་བར་ལ་ལ་དཔེ་དཔེ་ཅན་སྦྱོར་ཚུལ་གསོན་ཉམས་ལྡན་པས།   གྲེ་བ་བདེ་ལ་ཤེས་རབ་ཆེ་བ་མ་གཏོགས་སྤྱིར་བཏང་གི་ངག་ལས་ཐོན་མི་སྲིད་པ་ཞིག་གོ། ཁ་ཅིག་གིས་གྲེ་བ་བདེ་མོད་ཀྱང་། ཕྱིས་སུ་བྱུང་བའི་མགུར་ལ་ལ་བཞིན་བྲིས་པའང་ཡོད་པར་བཤད། དེ་འདྲ་མིན་ཏེ།   སེ་བན་རས་པ་དང་མཇལ་བའི་སྐོར་དུ། སྣང་བ་དཔེ་ཆར་ཤར་བའི་རྣལ་འབྱོར་བདེ།   །ཞེས་དང་།   ངན་རྫོང་སྟོན་པ་དང་མཇལ་བའི་སྐོད་དུ།   ཚེ་འདིའི་ལོ་འདོད་ཀྱི་ཆེད་དུ་ཡིག་ནག་ལ་བལྟས་པའི་ཚིག་རིགས་ཀྱི་ལྷ་སྒོམ་སྤྱོད་པ་རྣམས་ལམ་ལོག་པར་འགྱུར་བ་ཡིན་ཞེས་ཡིག་ནག་ལ་བལྟ་བ་དང་འབྲི་བར་མི་དགྱེས་པས་ཡིག་ནག་ཅེས་པའི་སྨོད་ཚིག་འདི་ཡང་སྒྲུབ་པ་ལ་གཞོལ་བའི་བཀའ་བརྒྱུད་དམ་པ་རྣམས་ཀྱི་རིང་ལ་བྱུང་ངམ་སྙམ་སྟེ། རྣམ་མགུརརང་དུ་ཡིག་ནག་ཅེས་པའི་ཐ་སྙད་ཐེངས་དགུ་ལྷག་བྱུང་བ་ལས། རྗེ་བཙུན་ཡང་སྔོན་གྱི་ཡིག་ཚང་རྣམས་སུ་དེ་མེད་པའི་ཕྱིར།   རས་པ་དར་མ་དབང་ཕྱུགས་དང་མཇལ་བའི་སྐོར་དུ། ཡིག་ནག་དཔེ་ལ་ལྟ་མ་མྱོང་ཞེས་མགུར་དུ་བཞེངས་པ་ལ་གཞིགས་ན། ཡིག་ནག་ལ་བལྟས་མ་མྱོང་ན་འབྲི་བ་འབྱུང་ཐབས་མེད་པས་མགུར་སོགས་ཀྱང་ངག་ལས་གྱེར་བ་ལས་བྲིས་པ་མིན་པ་རྟོགས་ནུས་པའི་ཕྱིར་རོ།།

གཉིས། ཉམས་རྟོགས་བརྡོལ་བ།
    
འོ་ན། རྗེ་བཙུན་གྱི་གྲེ་བ་བདེ་བའི་རྒྱུ་ཁོ་ན་ལ་བརྟེན་ནས། བོད་ཁམས་ཡོངས་སུ་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་སྔར་ལས་ཁྱད་དུ་འཕགས་ཤིང་། སྙན་པའི་ཚད་དུ་བགྲང་བའི་མགུར་མ་དེ་བྱུང་བ་ཡིན་ནམ་ཞེ་ན། དེ་ཁོ་ནའང་མ་ཡིན་ཏེ། རྗེ་བཙུན་མི་ལས་ཐོག་མར་སྡུག་བསྔལ་གྱི་བདེན་པ་ཕུལ་དུ་ཕྱིན་པ་ཐུགས་ཉམས་སུ་བཞེས་ཏེ། ངེས་འབྱུང་རྒྱ་ཆེན་པོས་བསྐུལ་བ་ལ་བརྟེན་ནས།   ཕྱིས་སུ་ཕྱི་ཡི་མཐུན་རྐྱེན་དགེ་བའི་བཤེས་གཉེན་མར་བ་ལོ་ཙཱ་བ་དེ་ཉིད་བསམ་སྦྱོར་གཉིས་ཀྱིས་ལོ་དྲུག་ཟླ་བ་བརྒྱད་དང་རྔོག་གི་སར་དང་བཅས་པས། ལོ་ངོ་དགུ་མ་ལོངས་ཙམ་བསྟེན། རྣམ་མགུརལས་ཀྱང་གོ་རིམ་བཞིན་ཤེས་ནུས་ཏེ། སྔོན་གྱི་རྒྱུ་འབྲས་མི་བསླུ་བས། ངེད་མ་སྨད་བསོད་ནམས་ཆུང་བའི་ཕྱིར།   །ཡབ་མི་ལ་དེ་ཉིད་དགུང་ལ་གཤེགས། །སྒྱུ་མའི་ཟས་ནོར་གང་ཡོད་རྣམས།   ཨ་ནེ་དང་ཨ་ཁུ་གཉིས་ཀྱིས་འཕྲོགས།   ངེད་མ་སྨད་ཀྱིས་ཁོང་གི་གཡོག་པོ་བྱས།   །ཟ་མ་ཁྱི་ཡི་ལྟོ་བ་ལ།   །གོས་སུ་དུག་པོ་ཚེམ་་བེར་གྱོན། །སྐྱོ་བསེར་རླུང་དང་འཁྲུག་པ་ཤོར། ཨ་ཁུའི་འཐབ་རྡུང་རྒྱུན་དུ་ཁུར།   །ཨ་ནེའི་ངོ་འཛུམ་དཀར་ནག་བལྟས།   །བྲན་གཉའ་ཤོར་གྱི་གདན་ས་ངེད་ཀྱིས་འཕྲོགས། ངེད་མ་སྨད་ལ་སྡུག་པའི་རེ་མོས་བབ། །སྡུག་བསྔལ་གྱི་ཡི་མུག་བཟོད་གླགས་མེད།   །བླ་མ་གཡུང་སྟོན་དང་རོང་སྟོན་ལྷ་དགའ་ལ།   །མཐུ་སེར་གཏད་གསུམ་པོ་རྫོགས་པར་བསླབས།   །ཨ་ཁུ་དང་ཨ་ནེས་ཐོག་དྲངས་པའི།   །ཡུལ་མི་ཁྱིམ་མཚེས་ཕུང་ལ་བཏང་། །ང་དེ་ཕྱིར་བསམས་ཤིང་འགྱོད་པ་སྐྱེས། ཕ་ལོ་ཙཱ་བའི་སྙན་པ་རྒྱང་ནས་ཐོས། ལམ་དཀའ་བ་སྤྱད་ནས་དྲུང་དུ་ཕྱིན།། ཕ་དྲིན་ཆེན་དེ་ཡི་ཞབས་དྲུང་དུ།། ཁོ་བོ་མི་ལ་རས་པ་ངས། །ལོ་དྲུག་ཟླ་མཐོང་བརྒྱད་དུ་བསྡདཅེས་གསུངས་པ་དེ་བཞིན་ཡིན་ཞིང་། དགུང་ལོ་ཞེ་དྲུག་སྟེང་།   བླ་མ་མར་བ་ཆེན་པོ་དང་གྱེས་ཏེ། རང་ཡུལ་དུ་ལོག   དེའི་ཚེ་ཡུམ་ནི་འདས་ཤིང་ལྕམ་སྲིང་ནི་འཁྱར།   ཁང་བ་ནི་རལ་ཞིང་ས་ཞིང་ནི་ཐ་སྐམ་དུ་གྱུར་བ་གཟིགས་པས།   སྔར་གྱི་ངེས་འབྱུང་ལས་ཀྱང་འཁོར་བའི་ཞེན་ལོག་མེ་ལ་བུད་ཤིང་སྣོན་པ་བཞིན་རྒྱས་པས།   བླ་མའི་གདམས་ངག་དང་སྒྲུབ་པ་མིན་པ་གཞན་གང་ཡང་དགོས་པ་མེད་པའི་བསམ་པ་བརྟན་པོ་ཞིག་འཁྲུངས་པར་སྣང་། དེ་དུས་བཞེངས་པའི་མགུར་ནི།   ཚང་མང་ཀ་བཞི་གདུང་བརྒྱད་དེ།། དུས་དེང་སང་སེང་གེའི་ཡ་མགལ་འདྲ། །མཁར་ཟུར་བཞི་ལོགས་བརྒྱད་རྩེ་དང་དགུ   །དུས་དེང་སང་བོང་བུའི་རྣ་བ་འདྲ། །འདི་ཡང་མི་རྟག་སྒྱུ་མའི་དཔེ། །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད། །བཤོས་ཞིང་འོར་མ་གྲུ་གསུམ་དེ། ། དུས་དེང་སང་འཇག་མའི་ཡུལ་དུ་སོང་།   གཉེན་ཉེ་བ་ཕ་སྤུན་རེ་བ་རྣམས། །དུས་དེང་སང་དགྲ་བོར་དམག་ཏུ་ལངས། །འདི་ཡང་མི་རྟག་སྒྱུ་མའི་དཔེ།    །དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེད།། ཕ་བཟང་མི་ལ་ཤེས་རྒྱལ་དེ། །དུས་དེང་སང་བྱུང་བའི་རྗེས་ཀྱང་མེད། །ཨ་མ་མྱང་ཚ་དཀར་རྒྱན་དེ། དུས་དེང་སང་རུས་བྲང་ཁོག་པ་ཞིག། འདི་ཡང་མི་རྟག་སྒྱུ་མའི་དཔེ། དཔེ་འདིས་ཀྱང་རྣལ་འབྱོར་ང་སྒྲུབ་པ་བྱེདཅེས་གསུངས་པ་ལྟར།   བྲག་དཀར་རྟ་སོ་སོགས་སུ་བྱོན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས། དགུང་ལོ་ཞེ་བདུན་སྟེང་གྲུབ་པ་བརྙེས་པར་གྲགས། བོད་ཀྱི་ཆོས་འབྱུང་རྣམས་སུའང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་ཚད་གཞི་ལྟ་བུར་བརྩི་བས།   སྔོན་འགྲོ་མགོན་འཕགས་པ་རིན་པོ་ཆེ་ཧོར་སེ་ཆེན་ཧན་གྱིས་གདན་དྲངས་ཏེ།   ཕོ་བྲང་དུ་བྱོན་པའི་ཚེ་ནའང་། རྒྱལ་པོས་ཁྱོད་བོད་ཡུལ་དུ་ཕོ་རྒོད་པ་སུ་བྱུང་གསུངས་པ་ལ། ཕོ་རྒོད་པོ་མི་ལ་རས་པ་ཞེས་བྱ་བ་བྱུང་གསུངས་པས་དེ་ཅི་ཡིན་གསུངས། ཚེ་སྟོད་ལ་དགྲ་བཏུལ།   ཚེ་གཞུག་ལ་ཆོས་བྱས་གྲུབ་པ་ཐོབ་པ་ལགས་ཞུས་པའི་ལོ་རྒྱུས་འདུགཔ་བཞིན་ནོ།། འགྲོ་མགོན་ཞབས་དཀར་བས་པཎ་ཆེན་སྐུ་ཕྲེང་ཞིག་རྒྱ་ནག་ཏུ་ཕེབས་པའི་སྐབས་སུ། གོང་མ་ལ་དེ་ལྟར་ཞུས་པའི་ལོ་རྒྱུས་ཡིན་པར་རྣམ་ཐར་དུ་བཀོདའདུག་ནའང་། མ་དག་པར་སེམས་ཏེ། ཞར་བྱུང་དུ་ཐལ་བའི་གཏམ་མོ།།
    
དེ་ནས་བཟུང་།   མར་བ་ལོ་ཙཱ་བས་གསུངས་པའི་གནས་རྣམས་སུ།   རི་ཁྲོད་འགྲིམས་ཏེ། ཉམས་རྟོགས་ཀྱི་ཡོན་ཏན་རྣམས་གླུ་རུ་གྱེར་བ་བྱུང་བས།   མགུར་ལས་ཀྱང་། མི་ལ་རས་པའི་སྒོམ་བསྲན་ལ།   །འཇིག་རྟེན་བྱ་བ་གཏོང་བ་དེ།   །ལོ་འདོད་གྲགས་འདོད་མ་ཡིན་ཏེ།   །ཞེན་པ་ལོག་པའི་རང་རྟགས་ཡིན།། ཐམས་ཅད་གྲོལ་བའི་རྣལ་འབྱོར་བ།   དབེན་གནས་རི་ཁྲོད་འགྲིམ་པ་དེ། །འཁྲུལ་གྱིས་དོགས་པ་མ་ཡིན་ཏེ། །ཐར་ལམ་འགྲོད་པའི་རྣམ་ཐར་ཡིན། །སྐལ་ལྡན་དད་པ་ཅན་རྣམས་ལ། །གདམས་ངག་གླུ་རུ་ལེན་པ་དེ། །བྱ་རྒྱུ་མེད་པ་མ་ཡིན་ཏེ། རྒྱུད་པ་འདི་ཡི་ཕྱག་སྲོལ་ཡིན། ཞེས་གསུངས་ཀྱང་། ངེས་དོན་དུ་ཆོས་ཀྱི་གནས་ལུགས་ནི་མཐའ་ཆོད་པར་རྟོགས།   གྲེ་བ་ནི་ལྷན་སྐྱེས་ཀྱིས་བདེ་བས་མགུར་མ་བྱུང་བའི་རྒྱུ་ཡོངས་སུ་ཚང་སྟེ།   རྗེ་བཙུན་རང་གིས་ཀྱང་།   ཁ་ནས་གླུ་ཆུང་ལེན་པ་དེ། ཉམས་མྱོང་ཁོང་ནས་ཤར་བ་ཡིན།ཞེས་ཉམས་རྟོགས་ཀྱི་ཡོན་ཏན་ཁོང་ནས་བརྡོལ་བ་ལ་བརྟེན་ནས་ལེན་པ་མ་གཏོགས་གཞན་མིན་པར་གསུངས་པ་ཇི་བཞིན་བརྗོད་པའོ།། འོ་ན།   རྫེ་བཙུན་མི་ལའི་ཡར་སྔོན་དུ། བོད་ལ་ལྷན་སྐྱེས་ཀྱི་གྲེ་བ་བདེ་བ་ནི་ཡོད་སྲིད་པས། དེ་དག་ལ་རྗེ་བཙུན་མགུར་མ་ལྟ་བུ་མ་བྱུང་བའི་རྒྱུ་མཚན་ཅི་ཡིན་སྙམ་པའི་རྟོགས་པ་ཞིག་ངང་གིས་འབྱུང་མོད་ཀྱང་། ཞིབ་ཏུ་དཔྱད་ཚེ།   ལྷན་སྐྱེས་ཀྱི་གྲེ་བ་བདེ་བ་དང་ཉམས་རྟོགས་ཀྱི་ཡོན་ཏན་བརྡོལ་བ་གཉིས་ཀ་འཛོམས་པའི་རྒྱུ་མཚོགས་འདི་ལྟ་བུ་ནི་སུ་ལའང་མ་བྱུང་བ་འདྲ་ལ།   རྫེ་བཙུན་མགུར་མཆེས་ཆེར་དར་བའི་རྐྱེན་ཡང་སྤྱི་ཚོགས་ཀྱི་གནས་བབ་ལ་འབྲེལ་བ་ཡོད་པ་གདོན་མི་ཟའོ།།

གཉིས་པ། མགུར་མ་བྱུང་བའི་རྐྱེན་བཤད་པ།

 གཅིག   སྤྱི་ཚོགས་ཀྱི་གནས་བབ།
    
1.མཐུ་གཏོང་བ། བསྟན་པ་ཕྱི་དར་གྱི་བཞེད་ཚུལ་ལ། བོད་ཀྱི་ཆོས་འབྱུང་རྣམས་སུ་བཞེད་པ་ཆེ་ཁག་ལྔ་བྱུང་ཡོད་ནའང་། དགེ་བསྙེན་ཆོས་འཕེལ་ལམ་ཡོངས་གྲགས་སུ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་རབ་བྱུང་མ་ཚུགས་གོང་གི་ས་སྟག་ལོ་སྟེ། སྤྱི་ལོ978ལོར་དབུས་གཙང་གི་མི་བཅུས་བླ་ཆེན་གྱི་མདུན་ནས་སྡོམ་པ་བླངས་པ་དེ་ནས་བཟུང་བསྟན་པ་ཕྱི་དར་དུ་བཞེད་དོ།། ལུགས་འདི་གཞིར་བཟུང་སྟེ། ས་སྟག་ལོ་ནས་བརྩིས་པའི་བགྲངས་བྱ་རེ་གསུམ་པ་ནི། མི་ལ་རས་པ་འཇིག་རྟེན་དུ་བྱོན་པའི་ལོ་ཡིན་པས་ཐོག་མར་ངེས་དགོས་པ་ཞིག་གོ།   མི་ལ་རས་པ་བཞུགས་པའི་སྐབས་དེ་ནི། སྤྱི་ཚོགས་ཧ་ཅང་རྙོག་དྲ་ཆེ་ཞིང་མཐོ་དམན་བར་གསུམ་ཕལ་ཆེར་གྱིས་མི་དགེ་བའི་ལས་འདོད་འདོད་དུ་སྒྲུབ་པའི་དུས་ཤིག་ཡིན་པ་གོར་མ་ཆག
    
ལོ་རྒྱུས་ཀྱི་ཆ་ནས་གཞིགས་ན།   མི་ལ་རས་པའི་དུས་སྐབས་ཧ་ཅང་རྙོག་དྲ་ཆེ་བ་ལ་ཡ་མཚར་ཞིང་ཧ་ལས་དགོས་པ་ཅི་ཡང་མི་འདུག་སྙམ། བོད་རྒྱལ་གླང་དར་བཀྲོངས་པའི་རྗེས་སུ། ལོ་དུ་མའི་རིང་གི་འཁྲུག་རྩོད་ཀྱིས་འབངས་རྣམས་ལྟོགས་སྡུག་གིས་མནར་ཏེ། གྱེན་ལོག་རབ་དང་རིམ་པ་མང་དུ་བྱུང་། མཐར་ཤུད་པུ་སྟག་རྩེ་སོགས་མི་བཞིས་གྲོས་བྱས་ནས་བཙན་པོའི་བང་སོ་རྣམས་བྲུས་ནས་བགོས་པས།  ཡུལ་སྲོལ་རྣམ་པར་དག་པ་སྔར་ལས་ཀྱང་ཉམས་དམས་སུ་གྱུར།   ལྷག་པར་དུ། ལྷ་བླ་མ་ཡེ་ཤེས་འོད་སོགས་ཀྱི་སྐབས་སུ། བོད་དུ་ཆོས་སྲིད་ཀྱི་ཁྲིམས་ཉམས་ཡོད་པའི་གོ་སྐབས་དང་བསྟུན་ནས།། བོད་ཀྱི་གསེར་ལ་རྩིས་ཆེན་པོར་འཛིན་པའི་རྒྱ་གར་སོགས་ཕྱི་ཕྱོགས་ནས་མུ་སྟེགས་པ་རྣམས་གྲུབ་ཐོབ་ཡིན་ཁུལ་གྱིས་བོད་དུ་སླེབས་ནས་ཆོས་ལོག་མང་དུ་བསྟན་པས།   མཐར་འགོག་དགོས་པའི་ཚད་དུ་སླེབས། ནེའུ་པཎྜིཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་བརྩམས་པའི་ལོ་རྒྱུས་སུ། དེའི་ཚེ། རྒྱ་གར་དང་བལ་བོའི་ཕྱོགས་ནས་མུ་སྟེགས་དང་ནང་བའི་ཆ་ལུགས་ཅན།   ཆོས་ལོག་སྨྲ་བ་མང་དུ་བྱུང་བ་རྣམས་ཐབས་མང་བོས་བཀགཅེས་གསུངས་པ་ལྟར་ཡིན་ལ། སྤྱི་ལོ985ཡས་མས་སུ་བརྩམས་པར་འདོད་པའིལྷ་བླ་མ་ཡེ་ཤེས་འོད་ཀྱིས་བརྫངས་པའིསྔགས་ལོག་སུན་འབྱིན་གྱི་བཀའ་ཤོགནང་དུའང། ད་ལྟ་ལས་ཟད་རྒྱལ་པོའི་ཁྲིམས་ཉམས་པས།   རྫོགས་ཆེན་མིང་བཏགས་ཆོས་ལོག་བོད་དུ་དར། ལྟ་བ་ཕྱིན་ཅི་ལོག་གི་སར་ཐོགས་པ།། ཆོས་པར་མིང་བཏགས་སྔགས་ལོག་བོད་དུ་དར། །དེ་ཡིས་རྒྱལ་ཁམས་ཕུང་སྟེ་འདི་ལྟར་གྱུར།། སྒྲོལ་བ་དར་བས་ར་ལུག་ཉལ་ཐག་བཅད། སྦྱོར་བ་དར་བས་མི་རིགས་འཆོལ་བར་འདྲེས། སྨན་སྒྲུབ་དར་བས་ནད་པའི་གསོ་རྐྱེན་ཆད། བམ་སྒྲུབ་དར་བས་དུར་སའི་མཆོད་པ་སྟོང་། །སྲིན་པོ་ཤ་ཟ་མཆོད་པས་མི་ནད་ཕྱུགས་ནད་བྱུང་། མེ་བསུར་དུད་པ་བཏང་བས་ཡུལ་གྱི་ལྷ་ཀླུ་འཕང་།   །དེ་ལྟར་སྤྱོད་པ་ཐེག་ཆེན་ཡིན་ནམ་ཅི། །ཞེས་སྐབས་དེའི་བོད་ཀྱི་བྱ་བྱེད་ལ་བཟོད་མ་ནུས་པར་ངའོ་སྙམ་པའི་དུས་ཀྱི་སྐྱེས་ཆེན་རྣམས་ཀྱི་སྙན་དུ་གསོལ་དགོས་པ་བྱུང་། སྡིག་པའི་རྒྱུ་ཚད་མེད་པ་དེ་དག་སྔར་བསགས་པས། འབྲས་བུ་སྤྱི་ཚོགས་རྙོག་དྲ་ཅན་དུ་འགྱུར་བའི་དུག་ནད་དེ་རིམ་གྱིས་འཕེལ་ཏེ།   མི་ལ་རས་པའི་དུས་སུ་སྤྱི་ཚོགས་སྟེང་ཆེས་ཆེར་འབྱམས། དེའི་སྟབས་ཀྱིས་སྐབས་དེར།   རྒྱ་གར་ནས་ལྷ་གཅིག་ཇོ་བོ་རྗེ་ཨ་ཏི་ཤ་གདན་དྲངས་ཏེ། ལས་འབྲས་ཀྱི་རྣམ་གཞག་གཙོ་བྱས་ནས་བསྟན་པ་ལ་དག་ཐེར་རྨད་དུ་བྱུང་བ་མཛད་པར་རང་རེའི་ཆོས་འབྱུང་ལོ་རྒྱུས་རྣམས་སུ་གསལ་བ་བཞིན་ཡིན་ནའང་། ས་གནས་འགར་སྔར་གྱི་དུག་རྒྱུན་དེ་མ་ཉམས་པར་སོ་ན་གནས་པ་རྗེ་བཙུན་མི་ལའི་རྣམ་ཐརདག་ལས་ཀྱང་རྟོགས་ནུས།
    
དེ་བས། བསྟན་པ་སྔ་དར་གྱི་དུས་ནས་བཟུང་། བོད་རང་ལ་རྣམ་ཐར་དང་བསྟོད་རྩོམ་ཇི་སྙེད་ཅིག་བྱུང་བ་རྣམས་ནི། གནས་བབ་རེ་རེའི་ལོ་རྒྱུས་ཡིག་ཚང་གི་ཞིབ་ཆ་ཁོ་ནར་ངེས་པས། མི་ལའི་རྣམ་ཐརརྣམས་སུའང་། ཁོང་གིས་དང་པོ་དགྲའི་ཆེད་དུ་མཐུ་བསླབས་པ་ནི། སྐབས་དེར་རིམ་གྱིས་གྲུབ་པའི་ཡུལ་ཆོས་ཤིག་ཏུ་གྱུར་ཡོད་ཅིང་། བུ་རྒོད་པོ་ཡིན་མིན་ཡང་མཐུའི་ནུས་པ་ཐོན་མ་ཐོན་གྱིས་ཚད་འཇལ་གྱིན་ཡོད་སྙམ། ཁ་ཅིག་གིས།   མི་ལ་རས་པ་ཁོ་ནས་མཐུ་སྦྱངས་པ་ལ་གཞིགས་ཏེ། སྐབས་དེའི་སྤྱི་ཚོགས་ཡོངས་སུ་རྫོགས་པ་དེ་འདྲར་གྲུབ་ཟེར་ན། རྒྱུ་མཚན་མི་འདུག་པར་སྨྲ་ཡང་། བརྟགས་པར་བྱ་བ་འདི་ཡོད་དེ།   གཅིག་ནས། ཡར་ལུངས་སྐྱོར་བོ་གྲོང་གི་བླ་མ་གཉག་གཡུང་སྟོན་ཁྲོ་རྒྱལ་དང་། གཙང་རོང་གི་གནུབས་ཁུ་ལུང་གི་བླ་མ་གནུབས་ཆུང་བའི་མདུན་དུ།   རྗེ་བཙུན་མི་ལ་མཐུ་སློབ་པར་འགྲོ་བའི་ཚེ།   རྗེ་བཙུན་གཅིག་པུ་མ་ཡིན་པར་གཅེས་ཕྲུག་ལྔ་དབུས་གཙང་གི་ཕྱོགས་ལ་ཆོས་དང་མཐུ་སློབ་ཏུ་འགྲོ་བ་ཡིན་ཟེར་སླེབས་བྱུང་བམི་ལའི་རྣམ་མགུརལས་བྱུངབ་དང་། གཉིས་ནས། རྗེ་བཙུན་མི་ལ་བླ་མ་གཉག་གཡུང་སྟོན་ཁྲོ་རྒྱལ་གྱི་མདུན་དུ་བསླེབས་རྗེས།   བླ་མ་དེ་ཉིད་ཀྱིས་ངའི་མཐུ་འདི་ལ་སྟོད་མངའ་རིས་སྐོར་གསུམ་ནས་གསེར་གཡུ་བརྒྱ་འབུལ་སྟོང་འབུལ། སྨད་མདོ་ཁམས་སྒང་གསུམ་ནས་ཇ་སིགས་དང་གོས་དར་བརྒྱ་འབུལ་སྟོང་འབུལ།   བར་དབུས་གཙང་རུ་བཞི་ནས་སྣམ་ཕྲུག་དང་མར་ནས་བརྒྱ་འབུལ་སྟོང་འབུལ།   བྱར་དྭགས་ཀོང་གསུམ་ནས་མཛོད་རྟ་དང་གནག་ལུག་བརྒྱ་འབུལ་སྟོང་འབུལ་བྱུང་སྟེ། ལུས་ངག་ཡིད་གསུམ་འབུལ་ཟེར་བ་ཁྱོད་ལས་མ་བྱུང་ཞེས་གསུངས པས། བོད་ཆོལ་ཁ་གསུམ་ནས་བརྒྱ་འབུལ་སྟོང་འབུལ་དེ་ཧ་ཅང་བཤད་དཀའ་ནའང་། གང་ལྟར།   མཐུ་སློབ་པའི་ཕྱོགས་ལ་འབད་པའི་གོམས་སྲོལ་ཞིག་ཆགས་ཡོད་པ་གདོན་མི་ཟའོ།། གསུམ་ནས། གོམས་སྲོལ་ངན་པ་དེ་འདྲ་མི་འབྱུང་བའང་མི་སྲིད་དེ།   ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བརྫངས་པའི སྔགས་ལོག་སུན་འབྱིན་གྱི་བཀའ་ཤོགཏུའང་། ཁེ་དང་སྙན་གྲགས་སྒྲུབ་ཕྱིར་སྲིན་པོ་ཤ་ཟ་མཆོད་པ་དང་མེ་བསུར་དུད་པ་བཏང་བ་རྣམས་ལ་བཀའ་བཀྱོན་གནང་བ་དང་སྲོལ་དེ་དག་རྗེ་བཙུན་མི་ལའི་དུས་སུའང་། ད་དུང་མ་ཉམས་པར་ཡོད་པ་གཤེན་སྒོམ་རས་པ་དང་མཇལ་བའི་སྐོར་དུ།   བོན་པོ་ལ་མཆོག་ཏུ་མོས་པ་ཞིག་ནད་དྲག་པོ་ཞིག་གིས་ཟིན་པའི་ཚེ།། ཁོའི་བུ་གཅིག་མོ་འདེབས་སུ་ཕྱིན་པའི་མོ་ལུང་ལ་ཁོའི་གླུད་དུ་གཡག་བརྒྱ་ར་བརྒྱ་ལུག་བརྒྱ་རྣམས་བསད་ནས་སྟོན་མོ་དང་བོན་ཆོག་བྱས། ཤ་རྣམས་རིམ་གྲོ་ལ་བཀྱེ་ན་དྲག་ཟེར་བ་བརྗོད་ཡོད པས། དེའི་རྒྱུན་མི་ལ་རས་པའི་སྐབས་ཐོག་བར་དུ་ཡོད་པ་གསལ་བཤད་བྱེད་ནུས་ལ། རྗེ་བཙུན་རང་གི་མགུར་དུའང་། བསྟན་པའི་སྤྱི་དོན་མ་ལགས་པའི། མཐུ་དང་ངན་སྔགས་མ་སྒྲུབ་ཨང་།ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུངས་པའི་ཚིག་གི་དངོས་ཤུགས་ལ་བརྟེན་ནས་ཀྱང་སྐབས་དེའི་གནས་ཚུལ་དེ་རྟོགས་ནུས་སམ་སྙམ།
     
དེས་ན། དུས་སྐབས་དེར་མཐུ་སྦྱངས་པ་རྗེ་བཙུན་མི་ལ་ཁོ་ན་མ་ཡིན་ལ། རང་གི་བུ་མཐུ་སློབ་པར་མངགས་པའང་མྱང་ཚ་དཀར་རྒྱན་གཅིག་པུ་མིན་ཏེ། རྣམ་ཐརལས། ཁོང་ཚོ་གཅེས་ཕྲུག་རང་དགའ་རྒྱགས་པའི་མཐུ་ཡིན་པར་འདུག འུ་ཅག་མ་སྨད་སྡུག་ཐུག་པའི་མཐུ་ཡིན་པས་ཁྱོད་སྙིང་རུས་སྐྱེད་ཤོག་ཅིག(21)ཅེས་གདམས་པ་ལས་ཀྱང་མཐུ་སྦྱངས་པ་དར་སྲོལ་ཆེ་བ་ཤེས་ནུས་སོ།། དེ་ལྟ་བུའི་ཁོར་ཡུག་ཏུ་ཟས་དང་ནོར་སྒྲུབ་ཕྱིར་མི་ཆོས་བླ་མའི་རྫུན་སྨྲ་བ་ཤིན་ཏུ་དར་ཡོད་དེ།   ལོ་རྒྱུས་ཆོས་འབྱུང་དུ།   ཕྱག་རྒྱ་ཆེན་པོ་བ་སྐད་ཟེར་བ་བྱུང་སྟེ། སྡེ་སྣོད་གསུམ་ལས་མ་བཤད་དོ་བྱས་ན།   ཕ་རོལ་དུ་ཕྱིན་པ་ལ་སོགས་པ་ནས་ལུང་འདྲེན་མང་བོ་བྱེད་པར་སྣང་། སྡེ་སྣོད་གསུམ་དང་དོན་མ་མཐུན་ནོ་བྱས་ན།   མཁའ་འགྲོ་མའི་ཁྱད་ཆོས་ཡིན། སྔོན་ཆད་རྒྱ་གར་ན་ཡང་མེད། འདས་མ་འོང་ཀྱི་སངས་རྒྱས་ཀྱིས་ཀྱང་མ་གསུང་བ་ཡིན་ཟེར་བ་འདུག་སྟེ།   ཅི་ཡིན་ནི་མི་ཤེས། ཕ་ཚན་ནི་ཤིན་ཏུ་ཆེ་བར་གདའ་འོ། །ཡང་བླ་མའི་ཆ་བྱད་ཅན། འཇིག་རྟེན་པའི་ལྷ་རེ་ཙམ་བསྒྲུབས་ནས། སངས་རྒྱས་ཡིན་གྲུབ་ཐོབ་ཡིན་ཟེར་ཞིང་།། ཆོས་དང་འདྲེས་པའི་རྫུན་གྱིས་མི་མང་བོའི་མགོ་བསྐོར22ཞེས་གསུངས་པས། སྔ་གཞུག་ཏུ་དངོས་ཤུགས་ཀྱི་ཇག་རྐུན་མང་དུ་བྱུང་ཡོད་ལ། རྗེ་བཙུན་གྱི་རྣམ་མགུར་ལས་ཀྱང་རྟོགས་ནུས་ཕྱིར། ཞིབ་ཏུ་བརྗོད་པའི་ངལ་བ་བསྟེན་མི་དགོས་སོ།། །གནས་བབ་དེ་དག་ལ་བརྟེན་ནས་རང་མི་རང་ལ་ཡི་ཆད་ཅིང་། སྐྱེ་བོ་ཕལ་ཆེ་བའི་བྱ་བྱེད་ལ་བལྟས་ཏེ། ས་སེར་ཁྲོད་ཀྱི་གསེར་རྡོག་རེ་གཉིས་ཀྱང་ས་ལ་བསྲེས་པ་བཞིན།   སྐབས་ཐོག་དེར་བཞུགས་པའི་ངེས་དོན་གྱི་མཁས་གྲུབ་འགའ་རེའང་སྤྱི་ཚོགས་སྟེང་ཐོབ་དང་གོ་གནས་མེད་པར་གྱུར་བས།   དངོས་བརྒྱུད་ཅི་རིགས་ནས་མཁས་པ་དང་གྲུབ་ཐོབ་རྣམས་གནས་བབ་དང་ཁ་བྲལ་ཏེ།   མི་མེད་ལུང་སྟོང་ངམ་རི་ཁྲོད་ལ་སྙེགས་འདོད་ཀྱི་ཁོར་ཡུག་ཅིག་བསྐྲུན་འདུག་གོ།།
    
 2.ཡུལ་གྲུ་གཞན་ལ་སྨོན་པ།  རྗེ་བཙུན་གྱི་དུས་སྐབས་སུ་སླེབས་དུས། བྱ་བྱེད་སྣ་ཚོགས་ཀྱིས་རང་གི་རིག་གནས་ནི་རང་གིས་བསྣུབས། ཡབ་མེས་ཀྱི་སྲོལ་བཟང་བོ་ནི་ངང་གིས་བཅོམ། འཚོ་བའི་མཐུན་རྐྱེན་ནི་རིམ་གྱིས་འགྲིབ་པས་སྐྱེ་བོ་ཕལ་ཆེ་བ་ག་བྱེད་འདི་བྱེད་མེད་པའི་ཉམ་ངའི་གནས་སུ་གྱར། དེ་ལས་ཁ་ཅིག་ནི། སློབ་དཔོན་དམ་པ་ལ་བརྟེན་ནས་ཆོས་རྣམ་དག་ཅིག་བསྒྲུབས་ཡོད་ནའང་། རང་ཕྱོགས་རྒྱལ་ན་དགའ་ཞིང་། གཞན་ཕྱོགས་ཕམ་ན་དགའ་བ། ཁོང་དུ་འཚངས་བའི་སྦྱོར་བ་ནོར་ཅི་གསོག་དང་སྙན་གྲགས་ཅི་ཐོབ་བྱེད་པའི་ཆོས་པར་མིང་བཏགས23པ་མང་བོའི་སྟོབས་ཀྱིས། མི་ཕལ་ཆེ་བས་རྩིས་སུ་མ་བཟུང་སྟེ། དཔེར་ན། རྗེ་བཙུན་མི་ལ་སྒྲ་སྒྱུར་མར་བའི་མདུན་དུ་བྱོན་པའི་ཚེ། ལྷོ་བྲག་གི་མདའ་ནས་མི་འཕྲད་ཚད་ལ་སྐྱེས་མཆོག་མར་བ་ལོ་ཙཱ་གང་ན་བཞུགས་ཞེས་འདྲི་ཞིང་ཕྱིན་པས། རྒྱུས་ཡོད་ཟེར་བ་ཞིག་ཀྱང་མ་བྱུང་ལ།   གྲོ་བོ་ལུང་མཐོང་བའི་ལ་ཁར་སླེབས་པའི་ཚེ། མི་ཞིག་བྱུང་བ་ལ་སྔར་ལྟར་དྲིས་པས། མར་བ་ཟེར་བ་ནི་ཡོད། སྐྱེས་མཆོག་མར་བ་ཙཱ་བ་ཟེར་བ་ནི་མེད་པར་བརྗོད་བྱུང་24བ་དང་། རྗེ་བཙུན་རང་ལའང་སྐབས་ཐོག་དེར་མུ་སྟེགས་ཆོས་ལོག་མཁན་དང་བསྟན་པའི་ཞབས་འདྲེན་གྱི་མིང་བཏགས་ཤིང་། ཐ་ན་ཆད་ལྟ་བ་ཡིན་ཟེར་བའི་ཤིན་ཏུ་སྡང་བའི་དགོན་སྡེ་ཞིག་ཀྱང་ཆགས་ཡོད་པ། རྣམ་ཐརལས་བྱུང་བ་ལྟར་རོ།། དམ་པའི་སྐྱེས་བུ་མི་བཀུར་བའི་སྲོལ་ངན་འདི་འདྲ་བ་སྐྱེ་པོ་རྨོངས་པ་རྣམས་ཕར་ཟད།   ངའོ་སྙམ་པའི་མཁས་པ་འགའ་ལའང་བྱུང་ཡོད་དེ། དཔེར་ན། ལྷ་གཅིག་ཇོ་བོ་ཨ་ཏི་ཤ་དགུང་ལོ་བགྲེས་ཀྱང་བོད་ཀྱི་བསྟན་པའི་ཆེད་དུ་ཞབས་ཐང་གིས་ཕེབས་པའི་ཚེ་ནའང་། དུས་ཐོག་དེར་སྙན་གྲགས་ཆེ་བའི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་ཐང་བོ་ཆེ་ནས་ཇི་ལྟར་བསྟེན་ཚུལ་བཀའ་གདམས་ཆོས་འབྱུང་རྣམས་སུ་མ་གསང་ལྷུག་བརྗོད་པ་བཞིན་ནོ།
    
དེ་འདྲའི་གནས་ཚུལ་འོག   ཡིད་བཞིན་གྱི་ནོར་བུ་ལྟ་བུའི་རང་གི་མཁས་པ་དང་རྟོགས་པ་མཐོ་བའི་དམ་པ་རྣམས་ནི། སྐྱེ་བོ་ཕལ་ཆེ་བ་རྨོངས་པས་མ་ཤེས་ཤིང་། ཅུང་ཟད་ཤེས་པ་རྣམས་ཀྱིས་ཀྱང་གཙིག་སུ་མ་བཟུང་བས། སྐྱེ་བོ་ཕལ་བ་རྣམས་ནི་རང་ཡུལ་གྱི་བྱ་བྱེད་སྣ་ཚོགས་ལ་ཡི་ཆད་ཅིང་།   མཁས་པ་རྣམས་ནི་རང་མིར་ཡི་ཆད་དེ། ཡུལ་གྲུ་གཞན་ལ་སྨོན་པའི་བསམ་བློ་ཞིག་ཀྱང་བྱུང་ཡོད་དེ། རྗེ་བཙུན་མི་ལའི་རྣམ་མགུར་དུ་རྗེ་བཙུན་གྱིས་རྒྱ་གར་གྱི་གྲུབ་ཐོབ་ཕ་དམ་པ་སངས་རྒྱས་དང་གྲུབ་རྟགས་འགྲན་ནས།   རྩི་ཐུར་ཞིག་གི་རྩེ་མོར་སྐྱིལ་ཀྲུང་བཅས་ནས་བཞུགས་པའི་ཚེ།   ཕ་དམ་པ་སངས་རྒྱས་བཞུགས་པའི་རྩི་ཐུར་དེ་དྲང་བོར་བསྡད་ལ།   རྗེ་བཙུན་མི་ལ་བཞུགས་པའི་རྩི་ཐུར་དེ་ཅུང་ཟད་གུག་པས་རླུང་བུམ་པ་ཅན་དང་ཉམས་རྟོགས་ཀྱི་རྫུ་འཕྲུལ་སོགས་ལ་ཁྱད་པར་མེད་ནའང་། རྒྱ་བོད་གྲུབ་ཐོབ་གཉིས་ཀྱི་འཁྲུངས་ཡུལ་བཟང་ངན་ཆེ་བའི་སྟབས་ཀྱིས་གནས་ཚུལ་དེ་འདྲ་བྱུང་བར་གསུངས་པ25﹚《ཕ་དམ་པ་སངས་རྒྱས་ཀྱི་རྣམ་ཐར26)》དུའང་ཇི་བཞིན་བྱུང་བས། ཡུལ་ཁྱད་པར་དུ་འཕགས་པར་བསམས་པ་དེ། རྒྱ་གར་དུ་སྟོན་པ་བཅོམ་ལྡན་འདས་བྱོན་པ་ལ་བརྟེན་ནས་བཤད་པ་མ་གཏོགས་རྒྱུ་མཚན་གཞན་ཅི་ཡང་མེད་ཀྱང་། རང་གི་ལུས་རྟེན་རྙེད་པའི་ཡུལ་གྲུ་དེ་ཉིད་ལའང་མཐར་མཚང་དང་སྡུག་སྣང་འབའ་ཞིག་ཤར་དགོས་པ་བྱུང་། དེ་ལ་དེང་དུས་ཀྱི་མཁས་པ་ནམ་མཁའ་ནོར་བུས། ཡུལ་ཁྱད་པར་ཅན་དུ་བསམས་པ་དེ། སྟོན་པ་སངས་རྒྱས་ཀྱི་ཐུགས་རྗེ་དང་བྱིན་རླབས་ལ་བསམས་པ་ལས་རྒྱུ་མཚན་གཞན་ཡོད་ཐབས་ཡོག་མ་རེད། འཇིག་རྟེན་སྲིད་ཀྱི་དབང་དུ་བྱས་ན། རྒྱ་གར་དང་བོད་ཀྱི་ས་མཚམས་ཤིག་ཡོད་པར་ངེས་ནའང་། སྟོན་པ་སངས་རྒྱས་ཀྱི་ཐུགས་རྗེ་དང་བྱིན་རླབས་ལ་ས་མཚམས་ཤིག་ཡོང་ཐབས་རྩ་བ་ནས་མེད་པ་ཡིན་ཙང་། དགོས་པ་དང་རྒྱུ་མཚན་གང་ཡང་མེད་པའི་ལབ་ཉོག་དེ་ཚོས་དགོས་པ་དང་རྒྱུ་མཚན་ཆེན་པོ་ཡོད་པའི་བོད་ཀྱི་ལོ་རྒྱུས་ལ་ཉམས་ཆགས་བཏང་ན། རྩ་བ་ནས་འགྲིག་གི་ཡོག་མ་རེད། 27ཅེས་དངོས་པོའི་གནས་ཚོད་དང་མཐུན་པར་གསུངས་འདུག་ནའང་།   སྐབས་དེ་དག་ཏུ་ཡུལ་གྲུ་རྒྱ་གར་སོགས་ལ་ཡིད་སྨོན་གནན་པས་ནོན་མི་ནུས་པ་ཞིག་སྐྱེས་འདུག རྗེ་བཙུན་གྱི་ཕྱིས་སུ།    ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་གྱིཔོ་ཏ་ལ་ཀུན་ཏུ་དགའ་བའི་གཏམཞེས་བྱ་བར་གྲགས་པའི་བཅོས་སྒྲུང་དེའི་ནང་དུའང་། བོད་ཀྱི་བསམ་ཡས་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་དུ་སླེབས་ནས་ཆོས་ཉན་པའི་བློས་བསླངས་ཤིག་བཀོད་འདུག་པའང་འབྱུང་ངེས་པ་ཞིག་གོ
    
ཐལ་དྲགས་པའི་བསམ་བློ་འདི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དུ་མས་བསྐྱེད་ཅིང་། དེ་དང་འབྲེལ་ཏེ།   རང་གི་མཁས་པ་རང་གིས་མི་བཀུར་ཞིང་།   ཡིན་མིན་གྱི་རྩིས་མེད་པར་ཨག་གསར་ལ་དགའ་བའི་བསམ་བློ་ཞིག་ངང་གིས་གྲུབ།   དེ་ནི་རྗེ་བཙུན་མི་ལའི་དུས་སྐབས་ཁོ་ན་མ་ཡིན་པར་རྗེ་བཙུན་གྱི་ཕྱི་ཐོགས་སུའང་ཡོད་པ་མཁས་པའི་གསུང་ལས་གསལ་ཏེ།   ས་པཎ་གྱིས་བོད་ཀྱི་ཡུལ་ཀླ་ཀློ་ལས་ཅུང་ཟད་བརྡ་འབྱོར་བ། མཁས་པ་དང་མི་མཁས་པའི་རྣམ་པར་དབྱེ་བ་མི་ཤེས་པ། ཚིག་དང་ཚིག་གི་རྒྱན་ལ་བློ་ཁ་མ་ཕྱོགས་པ། མི་མཁས་ཤིང་སྤྱི་བརྟོལ་ལ་ང་རྒྱལ་དུ་འཛིན་པ། གསེར་དང་ར་གན་མི་ཕྱེད་པ།   རང་ཉིད་བླུན་པས་ཆོག་པར་འཛིན་པ་ཞེསསྡེབ་སྦྱོར་སྣ་ཚོགས་ཀྱི་མེ་ཏོག་ཆུན་པོརགསུངས་པ་དང་། ཐར་ལོ་ཉི་མ་རྒྱལ་མཚན་གྱི་སྡེ་དགེ་བསྟན་འགྱུར་དུ་བཞུགས་པའི་ཉེ་བར་བསྒྱུར་བ་ཉི་ཤུ་བའི་འགྲེལ་བ་སློབ་དཔོན་ཆེན་པོ་ཙན་དྲ་གོ་མིས་མཛད་པའི་འགྱུར་བྱང་དུ་ཡང་། སྒྲ་བ་ཆེན་པོ་པཎྜི་ཏ་ཛེ་ཀ་རཎའི་ཞལ་སྔ་ནས་ལེགས་པར་མཉན་ཏེ། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་བོས་དཔལ་ཐར་བ་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ།   སའི་ཉི་ཟླ་ལྟར་གྱུར་ཅིག་སྒྲ་སོགས་ཤེས་བྱའི་ཆོས་ནི་ཕལ་ཆེ་བ།། སྐྱེས་པ་གཞན་དུ་སྦངས་པས་འདིར་མཁས་ཀྱང་། བོད་ཡུལ་བྱིས་པའི་ནང་དུ་བདག་སྐྱེས་པས། །མཁས་པའི་མཁས་པ་ཡིན་པར་སུས་ཤེས་ཀྱི། ཞེས་འབྱུང་ལ།   དཔང་བློ་གྲོས་བརྟན་པས་ཀྱང་། སྡེ་དགེ་བསྟན་འགྱུར་དུ་བཞུགས་པའིཀ་ལཱ་བའི་མདོའིའགྱུར་བྱང་དུ། འོན་ཀྱང་དེང་དུས་གངས་ཅན་འདིར།   །ཁྲོན་པའི་རུས་སྦལ་རང་གནས་བཞིན།   །བློ་ཆུང་རང་གི་བློ་ནུས་ཀྱིས། །ཆེར་ངོམས་རྣམས་ཀྱིས་བརྙས་པའི་གནས།། ཞེས་གསུངས་པས་སོ།། དེ་ལྟར་ཆེས་ཆེར་མཐོ་བར་རློམ་པའི་སྐྱེ་བོ་དག་གིས་གསེར་དང་ར་གན་གྱི་ཁྱད་འབྱེད་མི་ནུས་ཏེ། ས་སྐྱ་ལེགས་བཤད་ཀྱི་སྤེལ་མ་བརྟགས་པའི་རབ་བྱེད་དུ། མཁས་པ་མཁས་པའི་ནང་ན་མཛེས།   །བླུན་པོས་མཁས་པ་ཇི་ལྟར་གོ། ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟར་མཁས་པ་རྣམས་བརྙས་པའི་གནས་སུ་གྱུར་བའི་སྲོལ་ངན་མི་བཟད་པ་མང་བོ་ཞིག་རྗེ་བཙུན་མི་ལའི་དུས་ནས་མ་ནུབ་པར་ཡུན་རིང་དུ་གནས་པས་ན། དེ་འདྲའི་གནས་བབ་དང་ཁོར་ཡུག་ཏུ་རྗེ་བཙུན་ལའང་ངན་གྱི་མིང་བཏགས་སྣ་ཚོགས་འབྱུང་བ་ཆོས་ཉིད་དང་མཐུན་ལ། འཁོར་ཚོགས་མི་བསྡུ་བར་རི་ཁྲོད་རྐྱང་རྐྱང་འགྲིམས་ཏེ། ཉམས་སྣང་གླུ་རུ་གྱེར་དགོས་པའི་རྐྱེན་ཡང་། མར་བ་ལོ་ཙཱ་བའི་བཀའ་ཁོ་ན་མིན་ཏེ། དེ་ནི་སྤྱི་ཚོགས་ཀྱི་གནས་བབ་དང་འབྲེལ་ལ། མཐར་ཐུག་ན་སྣོད་ལྡན་གྱི་གདུལ་བྱ་མང་པོ་མེད་པ་ལ་ཐུག་པས་སོ།།
 
གཉིས། སྣོད་ལྡན་གྱི་གདུལ་བྱ་མང་པོ་མེད་པ།།
    
ཆོས་སྲིད་ཀྱི་མངའ་ཐང་རྦབ་ཏུ་དྲིལ་བའི་གནས་བབ་ཆེས་ཐབས་རྡུགས་ཤིག་གི་ནང་། སྣོད་ལྡན་གྱི་གདུལ་བྱ་འབྱུང་ཐབས་མེད་དེ། བསྟན་པ་ཕྱི་དར་དབུ་བརྙེས་ནས་བགྲང་བྱ་རེ་གསུམ་འདས་པའི་ལོར། རྫེ་བཙུན་འཇིག་རྟེན་དུ་བྱོན་པའི་དུས་ཡིན་པས།   དུས་སྐབས་དེ་དག་ནི་གོང་དུ་སྨྲས་པ་ལྟར། མགོ་ན་ཆོས་སྲིད་ཀྱི་བདག་པོ་དང་སྨད་ན་མངའ་འབངས་ཀྱི་ཐུགས་མཐུན་འཛོམས་པོ་ཞིག་མེད་པའི་རྐྱེན་གྱིས་ནང་འཁྲུག་དང་། ནང་འཁྲུག་གི་རྐྱེན་གྱིས་དབུལ་ཕོངས། དབུལ་ཕོངས་ཐབས་ཟད་ཀྱི་གནས་སུ་གྱར་བའི་ཚེ་ན། མཐུ་གཏོང་ཞིང་ཝ་ཉིད་ཝ་ཡི་རིགས་ལ་སྡང་བའི་རྣམ་ཐར་དཔྱིད་དུས་ཀྱི་རླུང་ཡན་བཞིན་ལྡང་བ་བྱུང་།   མཐུ་གཏོང་ངན་སྨྲས་ཀྱི་གོ་རིམ་ཁྲོད། མགོ་བསྐོར་གཡོ་ཟོལ་གྱི་འཁོར་ལོ་མགལ་མེ་བཞིན་བསྐོར་བས།   མཇུག་འབྲས་ནི་སྔར་ལས་ཀྱང་ཁ་ཐོར་ཡ་ཐོར་དུ་འགྲོ་བའི་བཤུལ་ལམ་ཆེན་པོ་ཞིག་ཕྱེས།   དེ་དང་ཆབས་ཅིག་ཏུ་རང་གི་རིག་གནས་རང་གི་སྨད་ཅིང་།   རང་གི་མི་རང་གིས་ཁས་མི་ལེན་པའི་ཡུལ་ཆོས་ཐན་ཐུན་ཞིག་གྲུབ་པའོ།།
    
སྤྱི་ཚོགས་ཀྱི་གནས་བབ་དེའི་འོག་ཏུ།   རྗེ་བཙུན་མི་ལའི་ཤ་ཟད་རུས་ཟད་ཀྱི་རྩོལ་བ་ལས་བྱུང་བའི་མར་བའི་གདམས་པ་ཡོངས་རྫོགས་ཏེ། མགུར་ལས།   ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ།   །གནས་ལུགས་ཟབ་མོའི་ངོ་སྤྲོད་དང་།། ཐབས་ལམ་ནཱ་རོའི་ཆོས་དྲུག་དང་། །སྨིན་ལམ་དབང་བཞིའི་ཆུ་རྒྱུན་དང་།།   དཔལ་ལྡན་ནཱ་རོའི་ཕྱག་ལེན་ལ། ཡིད་ཆེས་ཞལ་གདམས་བཅས་པར་གནང28།། ཞེས་གསུངས་པའི་གདམས་པ་མཐའ་དག་ཞུ་བའི་སྣོད་ལྡན་གྱི་གདུལ་བྱ་ཆེས་ཉུང་བ་གནས་བབ་དང་མཐུན་པ་ཞིག་གོ །དེ་ཡང་ཡིན་ཏེ། མགུར་ཚན་ལྔ་བརྒྱ་ལྷག་གི་ནང་། དིང་རིར་ན་ཆུང་མ་འགའ་ལ་གསུངས་པའི་མགུར་དང་བྲིན་གཉའ་ནང་དུ་གཤེན་རྡོར་མོ་ལ་གསུངས་པའི་མགུར། བྲིན་གྱི་ལ་ཟེ་དགོན་པའི་ཐག་ཉེ་སར་སྐྱེ་བོ་ཕལ་མོ་ཆེ་འདུས་པའི་ཆང་ས་ཞིག་ཏུ་གསུངས་པའི་མགུར་ཏེ།   དཔྱད་གཞིའི་རིན་ཐང་ཆེས་ཆེར་ལྡན་པའི་མགུར་གསུམ་ལས། སྐབས་དེའི་གནས་བབ་དང་ལྷག་པར་དུ་གདུལ་བྱ་ཉུང་བ་ཤེས་ནུས་པའི་ཕྱིར། དེ་དག་ལས། དུས་ངན་བསྐལ་བའི་སྙིགས་མ་ལ།   །ཁྲམ་པ་ཡི་དམ་ལྷ་བཞིན་མཆོད། ཟོག་པོ་རིན་ཆེན་གསེར་ལས་བྲིན།   །ཆོས་པ་ལམ་ཁའི་རྡོ་བཞིན་བསྐྱུར29ཞེས་དང་། དབུས་གཙང་རུ་བཞིའི་རྒྱལ་ཁམས་ན།   ཆོས་སྒོམ་པ་མི་བྲིན་བཤད་པ་བྲིན། དུས་ངན་བསྐལ་བའི་སྙིགས་མ་ལ།   མི་བཟང་བོ་མི་བྲིན་ངན་པ་བྲིན30ཞེས་གསུངས་པ་དང་། ཡང་དམ་ཆོས་ཐང་མར་བརྡལ་བ་ལ། །སྡིག་པ་བབ་ཅོལ་དུ་བྱེད་པ་ཤིན་ཏུ་གླེན།། སྡང་དགྲ་མེ་ཏོག་བཞིན་དུ་ཡལ་རྒྱུ་ལ། འཐབ་མོས་རང་སྲོག་སྐྱེལ་བ་ཤིན་ཏུ་གླེན།   །གདམས་ངག་བདུད་རྩིའི་ཟས་མཆོག་འདི།   ཟས་ནོར་དོན་དུ་འཚོང་བ་ཤིན་ཏུ་གླེན། །31ཞེས་གསུངས་པ་དང་། ཡང་དཀོན་མཆོག་གསུམ་པོ་འདི་རི་རྒྱལ་ལྷུན་པོ་ཞིག་ལགས་སམ།   དེ་སུས་ཀྱང་ཁུར་བ་མི་དགའ་ལགས་པ། དམ་ཆོས་འདུལ་བ་འདི་ལམ་ཁའི་མཛེ་རོ་ལགས་སམ།   དེ་ལ་སུ་ཡང་འཇུ་བ་མི་གདའ་ལགས་པ།   སྟན་འབོལ་གྲུམ་གྱི་སྟེང་ན་ཚེར་མ་ཡོད་དམ། སྟོན་ཆེན་ཚོ་སྟན་ཐོག་ཏུ་མི་ཚུགས་གདའ་བ།།   འདུལ་ཁྲིམས་འདི་འབད་པ་དོན་མེད་ལགས་སམ།   །རབ་བྱུང་བཙུན་པ་ཚོ་འདུལ་ཁྲིམས་མི་བསྲུང་གདའ་བ། གནས་རི་ཁྲོད་ན་ཧོར་བན་གྱི་ཇག་པ་ཡོད་དམ། སྒོམ་ཆེན་ཚོ་གྲོང་ཡུལ་འགྲིམ་ཞིང་གདའ་བ། བར་དོའི་གནས་ན་སྐྱེ་སྒོ་ཞན་ནམ།།32ཞེས་གསུངས་པ་ལས་སེམས་ཅན་མགོ་བསྐོར་ཞིང་གྲུབ་ཐོབ་ཏུ་བརྫུ་བའི་ཁྲམ་པ་རྣམས་ནི།   ཡི་དམ་གྱི་ལྷ་ལྟར་བཀུར་ཞིང་མཆོད་ལ།   ཆོས་པ་རྣམས་ལ་ནི་ཆོས་དང་གདམས་ངག་མི་ཞུ་བར་ལམ་ཁའི་རྡོ་བཞིན་བསྐྱུར་བས།   མི་བཟང་བོ་མི་བྲིན་པར་ངན་པ་བྲིན་ཏེ།   སྡིག་པ་བབ་ཅོལ་དང་འཐབ་མོ་རྒྱུན་མི་ཆད་པ་བྱུང་། མཐར་གཏུགས་ཏེ་བཤད་ན།   བསྟན་པའི་འཇུག་སྒོ་སྐྱབས་འགྲོ་དང་དམ་ཚིག   བསྟན་པའི་སྲོག་ཤིང་འདུལ་བ་རྣམས་སུས་ཀྱང་མི་བསྲུང་བར་ལམ་ཁའི་མཛེ་རོ་བཞིན་དུ་བསྐྱུར་བས།   གྲོང་དང་མི་ཚོགས་འདུས་པའི་ཁྲོད་དུ་ཆོས་བརྒྱད་སྒྲུབ་པར་རྒྱུགས་པ་མང་དུ་འཕེལ།།
    
རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེ་བོ་རྣམས་ལ་ལྷག་པར་མཁོ་བའི་གསེར་སྲང་བརྒྱ་འགྱུར་སྟོང་འགྱུར་གྱིས་ཀྱང་མི་ཁུགས་པའི་གདམས་པ་ཁྱད་པར་བ་རྗེ་བཙུན་རང་གིས་རྙེད་ཅིང་རང་ལ་ཐོབ་ཡོད་ནའང་། སྣོད་ལྡན་གྱི་གདུལ་བྱ་མི་རྙེད་པའི་ཚད་དུ་སླེབས། དེ་བས། སློབ་དཔོན་མར་བ་མཆོག་གིས་རྗེ་བཙུན་ལ་གཡའ་ཁྲོད་གངས་ཁྲོད་དུ་སྒོམ་པར་བསྐུལ་བའང་ཆོས་པ་བརྙས་ཤིང་། སྣོད་ལྡན་གྱི་གདུལ་བྱ་མེད་པའི་དུས་ངན་གྱི་མུན་པ་འཐིབས་པར་གཞིགས་སམ་སྙམ་སྟེ།   རྗེ་བཙུན་མི་ལའང་ཁོར་ཡུག་དེའི་གནས་བབ་འོག   རི་ཁྲོད་མི་འགྲིམས་ཐབས་མེད་དུ་གྱུར། འདི་ལྟ་བུའི་ལོ་རྒྱུས་རང་རེའི་བོད་དུ་མ་ཟད།   ཉི་ཧོང་གི་ལོ་རྒྱུས་སྟེང་ཡང་བྱུང་ཡོད་དེ། དཔེར་ན། སྤྱི་ལོ1192ལོར་ཁ་མ་ཁུ་ལ་སྲིད་གཞུང(镰仓幕府)བྱུང་བ་ནས་སྤྱི་ལོ1603ལོར་གསར་དུ་བཙུགས་པའི་ཨེ་རྡོ་སྲིད་གཞུང(江户幕府)བར་གྱི་ཕལ་ཆེར་ལོ་ངོ་བཞི་བརྒྱ་ལྷག་གི་རིང་།། ཟིང་འཁྲུག་དང་དུས་འགྱུར་རབ་དང་རིམ་པར་བྱུང་བས། དུས་སྐབས་དེ་དག་ཏུ་བྱོན་པའི་མཁས་པ་རྣམས་ཀྱིས་མི་རྟག་པའི་ལྟ་བ་གཞིར་བཅས་པའི་རྩོམ་རིག་མང་དུ་བརྩམས། སྐྱེ་བོ་ཁ་ཤས་ཤིག་གནས་བབ་ཀྱི་སྤྱི་ཚོགས་དེ་ལ་ངེས་འབྱུང་སྐྱེས་ཏེ།  རི་ཁྲོད་དང་ནགས་གསེང་དུ་བྱོན་ནས་སུ་ལའང་བརྗོད་ཀྱང་ཕན་ནུས་མེད་པའི་རང་གི་མྱོང་བ་དང་སྡུག་གླུ་འགའ་བརྩམས་དགོས་པ་བྱུང་། ཆེས་གྲགས་ཆེ་བའི་གླུ་བ་ནི།   ཁ་མོ་ནོ་ཆོའོ་མེས(鸭长明)ལགས་ཀྱིཁང་ཆུང་ནང་གི་ཟིན་ཐོདང་ཡོ་ཞུས་རྡ་ཁེན་ཁོའི(吉田兼好)ལགས་ཀྱིཁོམ་ལོང་གིས་གཡེང་བའི་རྩྭལྟ་བུའོ།། ཉི་ཧོང་གི་མཁས་པ་དེ་དག་ལའང་། རྗེ་བཙུན་དང་འདྲ་བར་ཐུན་མོང་གི་བསམ་བློ་ཞིག་བྱུང་ཡོད་པ་ནི།   སྤྱི་ཚོགས་དང་གནས་བབ་ཀྱིས་བསྐྱེད་པ་མ་གཏོགས། རྒྱུ་རྐྱེན་གཞན་ནི་གང་ཡང་མིན་ནོ།།

མཇུག་བསྡུ་བ།
    
མདོར་ན། རྗེ་བཙུན་མི་ལ་རས་པ་ནི། ལྷན་སྐྱེས་ཀྱི་གྲེ་བ་བདེ་ཞིང་། ཉམས་རྟོགས་ཀྱི་ཡོན་ཏན་ཀློང་དུ་བརྡོལ་བས་མགུར་བཞེངས་པའི་རྒྱུ་ཁྱད་པར་བ་འཛོམས་པ་དང་། ཁྱད་པར་དུ་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་རྙོག་འཛིང་ཆེ་བ་སྟེ།   ཕྱོགས་གཅིག་ནས་མཐུ་གཏོང་བའི་ཡུལ་ཆོས་རྒྱ་ཁྱབ་དུ་དར་བས་སྤྱི་ཚོགས་ནང་ཕན་ཚུན་འཐབ་རྩོད་ཛ་དྲག་ཏུ་གྱུར་བ་དང་། ཕྱོགས་གཅིག་ནས་ཡུན་རིང་གི་འཁྲུག་ལོང་གིས་འཚོ་བའི་ཐོན་སྐྱེད་ཉམས་རྒུད་དུ་བཏང་བ་སོགས་ཀྱིས་དངོས་ཤུགས་གང་རུང་ནས་ཆོས་པར་བརྫུས་ཏེ།   གཡོ་སྒྱུ་ཁྲམ་གསུམ་གྱིས་སྤྱི་ཚོགས་ཁ་ལོ་བསྒྱུར་བ་བྱུང་། རྒྱུ་རྐྱེན་དེ་དག་གིས་ཆོས་པར་མི་བརྩི་བར་ཐན་དུ་བགྲངས་པའི་དུས་སྐབས་ཤིག་བྱུང་། དུས་སྐབས་དེའི་ནང་རྗེ་བཙུན་མི་ལས་གནས་བབ་དེ་བཅོས་ཐབས་མེད་ལ་གདུལ་བྱའང་འབྱུང་ཐབས་མེད་པས། མཐར་རི་ཁྲོད་འགྲིམས་ནས་རས་པ་རེ་གཉིས་ལ་སེམས་ཀྱི་སྐྱོ་སྣང་དང་འཆར་སྣང་འབའ་ཞིག་སྔར་ལས་ཀྱང་གླུ་རུ་གྱེར་བའི་རྐྱེན་དུ་གྱུར།། རྒྱུ་མཚན་དེ་དག་གིས་རྗེ་བཙུན་མགུར་མ་བྱུང་བའི་མཐུན་རྐྱེན་བསྐྲུན་པའོ།།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060