གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།།《མེ་ལོང་མའི》གཞུང་གི་སྙན་ངག་ཅེས་པའི་གོ་དོན་ལ་དཔྱད་པ།
སྤེལ་དུས།2010-04-30   ཡོང་ཁུངས་།《མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》   རྩོམ་པ་པོ། རིག་འཛིན། འབྲུག་མོས་ཞུ་དག་བྱས།

ནང་དོན་གནད་བསྡུསབོད་ཀྱི་ལོ་རྒྱུས་སྟེངམེ་ལོང་མའིགཞུང་གི་སྙན་ངག་ཅེས་པར་གོ་བ་ལེན་ཚུལ་མི་འདྲ་བ་གང་དག་བྱུང་བ་དང་། དེ་དག་བྱུང་བའི་རྒྱུ་མཚན།   ཇི་ལྟར་གོ་བ་བླངས་ན་གཞུང་དངོས་དམ་མཐུན་ཚུལ་བཅས་བརྗོད་ཡོད།
གནད་ཚིགམེ་ལོང་མ།   སྙན་ངག   རྩོམ་རིག
     

      དུས་རབས་བཅུ་གཉིས་པའི་དུས་མཇུག་ནས་བཅུ་གསུམ་པའི་དུས་མགོར་ས་པཎ་གྱིས་ཐོ་རེ་ཙམ་དང་དེའི་རྗེས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་འགྲོ་མགོན་འཕགས་པའི་བཀའ་ལྟར་གཞུང་ཆ་ཚང་བོད་སྐད་དུ་བསྒྱུར་བ་ནས་བཟུང་རང་རེའི་བོད་ལ་རྒྱ་གར་གྱི་སྙན་གཞུང་གྲགས་ཅནམེ་ལོང་མ་དར་བ་རེད། ད་བར་དུ་ལོ་ངོ་བདུན་བརྒྱ་ལྷག་འདས་ཤིང་དེའི་རིང་ལ་རང་རེའི་སྙན་ངག་སྨྲ་བ་རིམ་བྱོན་གྱིས་འགྲེལ་བ་རྒྱས་འབྲིང་བསྡུས་གསུམ་རི་བོའི་གཏོས་དང་མཉམ་པ་མཛད་ནས་གཞུང་དེའི་བརྗོད་དོན་ཕལ་ཆེར་ལ་འགྲེལ་བཤད་ངོ་མཚར་བ་གནང་ཡོད། ཡིན་ནའང་གཞུང་དེའི་ནང་གི་སྙན་ངག་ཅེས་པར་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་ཤིག་བྱུང་བས་ཕྱི་རབས་པ་དག་གིས་གཞུང་དེར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་འགལ་རྐྱེན་མི་ཉུང་བ་ཞིག་བཟོས་འདུག   འདིརམེ་ལོང་མའིགཞུང་དངོས་ལ་ཁུངས་བཅོལ་ནས་གནད་དེར་དཔྱད་པ་ཕྲན་བུ་ཞིག་བཏང་བ་འདི་ལྟར།
                                                   དང་པོ།  གཞན་ལུགས་འགོད་པ། 
    
དེ་ཡང་དཔྱད་པ་ལ་འཇུག་བདེ་བའི་ཆེད་ཐོག་མར་གཞན་གྱི་བཞེད་ཚུལ་མདོ་ཙམ་བཀོད་ན། བོད་ཀྱི་ལོ་རྒྱུས་སྟེང་། མེ་ལོང་མའི་གཞུང་གི་སྙན་ངག་ཅེས་པར་གོ་བ་ལེན་ཚུལ་མི་འདྲ་བ་མང་པོ་བྱུང་ལ། མཚན་ཉིད་ཀྱང་སྣ་ཚོགས་བཞག་ཡོད།   དེ་ཡང་རིགས་གཙོ་བོའི་དབང་དུ་བྱས་ན་ཚིག་རྒྱན་ཙམ་ལ་གོ་བ་དང་། ཚིགས་བཅད་ལ་གོ་བ།   སྙན་གཞུང་ལ་གོ་བ་བཅས་གསུམ་ཡོད།   དེ་ལས་ཚིག་རྒྱན་ལ་གོ་མཁན་ཅུང་མང་སྟེ། འདིར་དེའི་ཐད་ཀྱི་ལྟ་ཚུལ་འགའ་དྲངས་ནས་སྤྲོས་ན། བོད་མཁས་པས།   སྙན་ངག་ནི་སྙན་ཞིང་ཡིད་འཕྲོག་པའི་ཚིགཅེས་དང་། འཇུ་མི་ཕམ་ལགས་ཀྱིས། ཡུལ་སོ་སོའི་ལུགས་ཀྱི་མིང་དང་དེ་ལ་རྐྱེན་ནམ་ཕྲད་སོགས་ཚུལ་བཞིན་སྦྱར་བས་བརྗོད་བྱའི་དོན་ལེགས་པར་བརྡ་འཕྲོད་པར་བྱེད་པའི་རྣམ་གཞག་སྟོན་པའི་བསྟན་བཅོས་དེ་དག་རང་རང་གི་ལུགས་ཀྱི་ལུང་སྟོན་པའམ་སྒྲ་རིག་པར་འགྱུར་ཞིང་། དེ་འདྲའི་བརྡ་སྤྲོད་པའི་བསྟན་བཅོས་དང་མཐུན་པའི་ངག་དེ་ལ་ཡང་སྙན་པའི་ཉམས་དང་ལྡན་པའི་ཆ་ནས་སྙན་ངགཅེས་དང་།   རྡོ་རྗེ་རྒྱལ་པོ་ལགས་ཀྱིས། བརྗོད་བྱའི་དོན་ཆེ་ཕྲ་གང་ཡིན་རུང་རྗོད་བྱེད་ངག་གི་སྦྱོར་བ་ཐ་མལ་བ་ལས་ཁྱད་དུ་འཕགས་པ་ཡིན་ན་སྙན་ངག་ཡིན་པས་ཁྱབ3ཅེས་དང་། གཞན་ཡང་བོད་ཀྱི་སྙན་འགྲེལ་དག་ཏུ་སྙན་ངག་ཅེས་པ་སྙན་ཞིང་ཡིད་དུ་འོང་བའི་ཚིག་སྦྱོར་ལ་བཤད་ཅེས་དང་། སྙན་ངག་ཅེས་པ་སྨྲ་བའི་ཚིག་རྣམས་ལ་ཡིད་དུ་འོང་བའི་ཉམས་ཀྱི་ཁྱད་པར་བཏོན་པའི་ཐབས་ཤིག་ལ་བྱ་ཞེས་དང་། སྙན་ངག་ཅེས་པ་རྣ་བར་སྙན་ཞིང་ཡིད་འཕྲོག་པའི་རྗོད་བྱེད་ཀྱི་ཚིག་ལ་ཟེར་ཞེས་དང་། ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་ཅེས་པ་སོགས་མཚན་ཉིད་སྣ་ཚོགས་ཤིག་བཞག་ཡོད་ལ། འདི་དག་ནི་དོན་དུ མེ་ལོང་མའིགཞུང་གི་སྙན་ངག་ཅེས་པ་དེ་ཚིག་རྒྱན་ཙམ་ལ་གོ་མཁན་ཡིན་ནོ།། དེ་ཇི་ལྟར་ཤེས་ཐུབ་ཅེ་ན། ཁོང་ཚོས་གསུངས་པའི་སྙན་ངག་དེ་མཐར་གཏུགས་ན་རྣ་བར་སྙན་ཞིང་ཡིད་འགུག་པར་བྱེད་པའི་ངག་གམ་ཚིག་ཙམ་ལ་བྱ་ཞིང་།   དེ་ནི་སྐད་ཆའི་བྱུང་འཕེལ་དང་སྦྱར་ནས་བཤད་ན།   ཐོག་མར་མི་ཕན་ཚུན་བར་བརྡ་སྤྲོད་བྱེད་ཀྱི་ཡོ་བྱད་ཙམ་དུ་གྱུར་ཅིང་རྗེས་སུ་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་རིམ་བཞིན་བརྗོད་བདེ་ཞིང་ཁ་གསལ་བ། གཞན་གྱིས་ཉན་སྤྲོ་ཞིང་ཡིད་འགུག་པར་ནུས་པའི་རྗོད་སྟངས་ཅི་རིགས་དང་ལྡན་པའི་སྐད་ཆའི་སྒྱུ་རྩལ་དེ་ཡིན། དེ་ལ་མཁས་པ་རྣམས་ཀྱིས་ཚིག་རྒྱན་དུ་མིང་བསྙད་པས་དེ་གཉིས་དོན་གཅིག་ཏུ་སོང་བ་ཡིན་ནོ།། སྙན་ངག་ཡིན་ན་ཚིགས་བཅད་ཡིན་པར་འདོད་མཁན་ཅུང་ཉུང་ལ།   དེ་ཡངབོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིགཏུ་རྒྱན་སོ་སོའི་དཔེ་བརྗོད་འཇོག་ཚུལ་དང་།   རྒྱན་གྱི་འཇུག་ཚུལ། སྙན་ངག་གི་ལུས་ཀྱི་སྦྱོར་ཚུལ། སྙན་ངག་གི་རྩོམ་གཤིས་ཀྱི་དབྱེ་ཚུལ། ཡི་གེ་འཇམ་རྩུབ་ཀྱི་སྡེབ་སྦྱོར་བྱེད་ཚུལ་བཅས་ཕྱོགས་ལྔ་ཡི་སྒོ་ནས་སྙན་ངག་ཡིན་ན་ཚིགས་བཅད་ཡིན་པས་ཁྱབ་ཚུལ་སྒྲུབ་ཡོད། གཞན་ཡང་སྙན་ངག་དང་སྙན་གཞུང་གཉིས་དོན་གཅིག་ཏུ་འདོད་མཁན་སྔོན་ཆད་འགའ་རེ་བྱུང་མོད། ད་ལྟ་རིག་གནས་ཀྱི་འཕེལ་ཁ་ཇེ་མགྱོགས་སུ་སོང་ནས།   རིག་ཚན་གྱི་དབྱེ་བ་ཇེ་ཞིབ་ཏུ་སོང་བའི་དབང་གིས་ལྟ་བ་དེ་མཁྲེགས་འཛིན་བྱེད་མཁན་ཕལ་ཆེར་མེད་པར་སྣང་།།
                                                               གཉིས་པ། གཞན་ལུགས་དགག་པ། 

 གོང་དུ་བཤད་པའི་སྙན་ངག་གི་གོ་བ་ལེན་ཚུལ་གསུམ་ནི་སྙན་ངག་འཕེལ་རིམ་གྱི་དུས་སྐབས་ངེས་ཅན་ཞིག་གམ་ཡང་ན་གཞུང་ལུགས་ངེས་ཅན་ཞིག་གི་དབང་དུ་བཏང་ནས་བཤད་ན། སྐབས་འགར་གནད་ལ་འབབ་ཅིང་དོན་ལ་གནས་མོད། འོན་ཀྱང་མེ་ལོང་མའིགཞུང་གི་སྙན་ངག་ཅེས་པར་གོ་བ་དེ་ལྟར་དུ་ལེན་མི་རུང་བ་དང་། གལ་ཏེ་དེ་ལྟར་གོ་ཚེ་མ་ཁྱབ་པའི་སྐྱོན་ཡོད་པར་སྣང་།   སྙན་ངག་ཅེས་པ་ཚིག་རྒྱན་ཙམ་ལ་གོ་བའི་ལྟ་ཚུལ་དེ་ནིམེ་ལོང་མདར་བའི་རྗེས་སུ་བྱུང་བ་ཡིན་ལ།   དེ་ཡང་ཚད་ངེས་ཅན་ཞིག་གི་ཆ་ནས་བཤད་ན། མེ་ལོང་མཡི་བརྗོད་བྱ་སྤྱི་ལ་དགོངས་པའི་དབང་གིས་རེད། སྤྱིརམེ་ལོང་མནི་སྙན་ངག་ཇི་ལྟར་འབྲི་བའམ་གང་ལྟར་རྩོམ་པའི་གཞུང་ལུགས་ཤིག་ཡིན་པས། དེའི་ནང་དུ་སྙན་ངག་གི་ལུས་རྒྱན་སྲོག་གསུམ་སོགས་ཀྱི་དོན་བཤད་ཡོད་མོད། ཡིན་ནའང་གཞུང་དེའི་སྤྱི་བབ་ནས་བལྟས་ཚེ་ཚིག་རྒྱན་གྱི་ཕྱོགས་ཆེས་ཆེར་གཙིགས་སུ་བཟུང་ནས་རྒྱས་བཤད་གནང་བས།། བོད་ཀྱི་ལོ་རྒྱུས་སྟེངམེ་ལོང་མདེ་ཚིག་རྒྱན་གྱི་བསྟན་བཅོས་ཙམ་ཡིན་པའི་རིག་ཚན་གྱི་ལྟ་ཚུལ་ཞིག་བྱུང་ཡོད། ལྟ་ཚུལ་དེའི་ཤུགས་རྐྱེན་ལ་བརྟེན་ནས་བོད་དུ་སྙན་ངག་ཤེས་མིན་ཡང་མཐའ་གཅིག་ཏུ་ཚིག་རྒྱན་ཤེས་མིན་གྱིས་འཇོག་ལ། རིག་གནས་ཆུང་བ་ལྔའི་ཁྱད་ཡོན་བརྗོད་སྐབས་ཀྱང་ཚིག་རྒྱན་ལ་མཁས་ན་སྙན་ངག་ལ་མི་རྨོངས་ཞེས་པའི་བཤད་སྒྲོས་ཕྱོགས་རེ་བ་དེ་བྱུང་། ལྷག་པར་དུ་དེ་འདྲའི་ཤུགས་རྐྱེན་སྣ་ཚོགས་ཀྱི་དབང་གིས་སྙན་ངག་ཅེས་པའང་ནག་རིས་གདོང་འགྲེལ་བྱས་ཏེ་སྙན་ནི་རྣ་བར་སྙན་པ་དང་ངག་ནི་ཚིག་སྟེ་རྣ་བར་སྙན་པའི་ཚིག་ཙམ་ལ་གོ་ནས་དོན་དུ་ཚིག་རྒྱན་དང་གཉིས་སུ་མ་སོང་བ་ཞིག་ཏུ་བཤད་འདུག་ཡིན་ནའང་དོན་དངོས་སུམེ་ལོང་མའིགཞུང་གི་སྙན་ངག་དང་ཚིག་རྒྱན་གཉིས་ལ་ཁྱད་པར་ཡོད་དེ།   དེ་གཉིས་ནི་མཚན་ཉིད་དང་། བྱ་བའི་ཡུལ། བྱེད་ལས་གསུམ་གྱི་སྒོ་ནས་མི་འདྲ་བ་ཡིན། མཚན་ཉིད་ཀྱི་ཆ་ནས།   སྙན་ངག་ནི་ལུས་བཅད་ལྷུག་སྤེལ་མ་གང་ཡང་རུང་བ་ཞིག་ལ་བརྗོད་བྱའི་དོན་ནམ་སྲོག་བཟང་པོ་ཞིག་ཡོད་པར་མ་ཟད།   དེ་ལ་གསོན་ཉམས་ལྡན་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པའི་སྒོ་ནས་སྤྱི་ཚོགས་འཚོ་བ་ཉིང་བསྡུས་སྒོས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ།   ཚིག་རྒྱན་ནི་ཚིགས་བཅད་ལྷུག་སྤེལ་བ་གསུམ་གྱི་ལུས་མཛེས་པར་བྱེད་པའམ་ཡིད་དུ་འོང་བར་བྱེད་པའི་ཆོས་ཤིག་ལ་གོ་བ་ཡིན་པས་དེ་གཉིས་ལ་ནང་དོན་ཐད་ཁྱད་པར་ཆེན་པོ་ཡོད།   བྱ་བའི་ཡུལ་གྱི་ཆ་ནས།   སྙན་ངག་གི་བྱ་ཡུལ་ནི་རྒྱ་ཆེ་བའི་ཀློག་པ་པོ་ཡིན་པ་དང་ཚིག་རྒྱན་གྱི་བྱ་ཡུལ་ནི་སྙན་ངག་གི་ལུས་ཡིན་ནོ།།   བྱེད་ལས་ཀྱི་ཆ་ནས། སྙན་ངག་གི་བྱེད་ལས་ནི་བརྗོད་བྱའི་དོན་ཞིག་ལུས་བཅད་ལྷུག་སྤེལ་མ་གང་རུང་གི་སྒོ་ནས་རྗོད་བྱེད་སྡེབ་ལེགས་སྙན་པའི་ཚིག་གི་ལམ་ནས་བརྗོད་དེ་ཀློག་པ་པོའི་ཡིད་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་བ་སྣ་ཚོགས་བསྐྱེད་པ་དེ་ཡིན་ལ། ཚིག་རྒྱན་གྱི་བྱེད་ལས་ནི་སྙན་ངག་གི་བཅད་ལྷུག་སྤེལ་མའི་ལུས་གང་ཞིག་མཛེས་པར་བྱེད་པ་ཡི།   ཆོས་ནི་རྒྱན་ཞེས་བྱ་བར་འདོད།། ཅེས་གསུངས། དེས་ན་སྙན་ངག་དེ་ཚིག་རྒྱན་གྱིས་མཛེས་པར་བྱེད་པའི་གཞི་དང་ཚིག་རྒྱན་ནི་སྙན་ངག་མཛེས་པར་བྱེད་པའི་ཆོས་ཡིན་པས་དེ་གཉིས་ལ་མ་མཐའ་ཡང་མཛེས་གཞི་དང་མཛེས་ཆོས་ཀྱི་ཁྱད་པར་ཡོད་དོ། སྙན་ངག་ཡིན་ན་ཚིགས་བཅད་ཡིན་པར་འདོད་པའི་ལྟ་ཚུལ་དེམེ་ལོང་མབོད་དུ་དར་ནས་ལོ་མང་པོ་འགོར་རྗེས་ད་གཟོད་བྱུང་བ་ཡིན། དེ་ཡངམེ་ལོང་མའིརྩ་བའི་དཔེར་བརྗོད་ཚང་མ་ཚིགས་བཅད་ཡིན་ལ། དེའི་དབང་གིས་བོད་ཀྱི་སྙན་ངག་སྨྲ་བ་རིམ་བྱོན་གྱིས་ཀྱང་རྒྱན་ཐམས་ཅད་ལ་དཔེར་བརྗོད་འགོད་ཚེ་ཚིགས་བཅད་ཁོ་ནའི་ལས་ནས་མཛད་པ་ཡིན། དེའི་ཤུགས་རྐྱེན་དེ་བོད་དུ་ལོ་བདུན་བརྒྱ་ལྷག་གི་རིང་ཇེ་ཆེར་སོང་ནས་ད་ལྟ་ང་ཚོས་སྙན་ངག་གི་རྒྱན་ཞིག་ལ་དཔེར་བརྗོད་འབྲི་དུས་ཡིད་ལ་དེ་མ་ཐག་ཚིགས་བཅད་ཤར་བ་དང་། མི་ཆེ་གེ་མོ་ཞིག་སྙན་ངག་པ་རེད་ཟེར་དུས་ཁོ་ནི་ཚིགས་བཅད་འབྲི་བ་ལ་མཁས་པ་ཞིག་ཡིན་པ། ཐ་ན་སྙན་ངག་མིང་ཙམ་གོ་དུས་ཀྱང་འཕྲལ་དུ་ཚིགས་བཅད་ཙམ་འཆར་བའི་བློ་བདེན་པ་དེ་ཡིན།   ཡིན་ནའང་དེ་ནི་ད་ལྟའི་དུས་སྐབས་འདིའི་སྙན་རྩོམ་ཕལ་ཆེར་ལ་སྦྱར་ན་ཆོག་མོད། མེ་ལོང་མའིགཞུང་གི་སྙན་ངག་ཅེས་པ་ནི་དེ་ལྟར་དུ་གོ་མི་རུང་བར་སྙམ། བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིགཏུ་སྒྲུབ་བྱེད་ལྔ་བཀོད་ནས་དེའི་ཁྱབ་པ་སྒྲུབ་པར། སྐུ་ཞབས་དོན་གྲུབ་རྒྱལ་གྱིས་སྔ་མོ་ནས་གཞུང་དེ་བཀླགས་པའི་མྱོང་ཚོར་ཞེས་པའི་རྩོམ་ཡིག་ཏུ་རིགས་པ་རྣོན་པོས་ལན་བཏབ་ཡོད་ལ། འདིར་ཡང་དེར་དཔུང་སྣོན་གྱི་ཚུལ་དུ་ཅུང་ཙམ་སྨྲས་ན། མེ་ལོང་མའིགཞུང་གི་སྙན་ངག་ཅེས་པ་ལུས་ཚིགས་བཅད་ཡིན་པས་ཁྱབ་ན། གཞུང་དེར་སྙན་ངག་གི་ལུས་བཤད་སྐབས། ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། དེ་ཡང་ཚིགས་བཅད་ལྷུག་པ་དང་།། སྤེལ་མ་རྣམ་གསུམ་ཉིད་དུ་གནས། ཞེས་དང། རྐང་བ་མེད་པའི་ཚིག་རྒྱུན་ནི།། ལྷུག་པ་བརྗོད་པ་དག་དང་གཏམ།   །ཞེས་དང་། སྤེལ་མ་ཟློས་གར་ལ་སོགས་ཏེ། །དེ་དག་རྣམས་ནི་གཞན་ན་རྒྱས། ལྷུག་པ་ཚིགས་བཅད་རང་བཞིན་གང་།། ཙམྦུ་ཞེས་པར་མངོན་པར་བརྗོད། །ཅེས་པ་སོགས་སྙན་ངག་གི་ལུས་ཀྱི་རབ་དབྱེ་དང་དེ་དག་གི་རྩོམ་སྟངས་བརྗོད་པའི་ཚིག་འདི་དག་ནི་ཇི་ལྟར་འགྲེལ།   དེ་བསམེ་ལོང་མའིགཞུང་གི་སྙན་ངག་ཅེས་པ་དེ་ལུས་ཚིགས་བཅད་ཁོ་ན་ཙམ་ལ་གོ་ན་གཞུང་དེའི་དགོངས་པ་དང་ཡང་མི་མཐུན་པར་འདོད། སྙན་ངག་དང་སྙན་གཞུང་གཉིས་གཅིག་ཏུ་འཛིན་པའི་ལྟ་ཚུལ་དེ་ཡངམེ་ལོང་མབོད་དུ་དར་བའི་རྗེས་སུ་བྱུང་བ་ཡིན་ལ། སྔོན་གྱི་དུས་སུ་དེ་ལྟར་དུ་འདོད་མཁན་འགའ་རེ་བྱུང་མོད། ད་ལྟ་ཚང་མས་སྔ་མ་ནི་སྙན་ངག་དངོས་ཏེ་བརྩམས་ཆོས་དང་ཕྱི་མ་ནི་སྙན་ངག་གི་བརྩམས་ཆོས་དེ་ཉིད་ཇི་ལྟར་འབྲི་ཚུལ་ལམ་གང་ལྟར་རྩོམ་པའི་ཐབས་སྣ་ཚོགས་ཕྱོགས་སྡོམ་བྱས་པའི་གཞུང་ལུགས་ཤིག་ལ་གོ་བཞིན་ཡོད་པས་འདིར་རྒྱས་སྤྲོས་མི་བྱེད་པར་ཞུ། སྐབས་འདི་དང་བསྟུན་ནས་བཤད་རྒྱུ་ཞིག་ནི། རང་རེའི་བོད་ལ་སྙན་ངག་དང་སྙན་གཞུང་གཉིས་ལ་མུ་བཞི་བརྩི་ཚུལ་ཞིག་ཡོད་དེ། དེ་ཡང་སྙན་ངག་ཡིན་ལ་སྙན་གཞུང་མ་ཡིན་པདཔག་བསམ་འཁྲི་ཤིངལྟ་བུ་དང་། སྙན་གཞུང་ཡིན་ལ་སྙན་ངག་མ་ཡིན་པམེ་ལོང་མལྟ་བུ། གཉིས་ཀ་ཡིན་པདབྱངས་ཅན་དགྱེས་གླུལྟ་བུ། གཉིས་ཀ་མ་ཡིན་པ་སུམ་རྟགས་ཀྱི་གཞུང་ལྟ་བུ་ཡིན། དེ་ལས་གཉིས་ཀ་ཡིན་པའི་མུ་ལ་རྒྱལ་དབང་ལྔ་བའིདབྱངས་ཅན་དགྱེས་གླུའདྲེན་པ་དེ་ནི་མ་བརྟགས་པའི་བཤད་ཚུལ་ཞིག་རེད་སྙམ། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། མེ་ལོང་མནི་སྙན་ངག་གི་ལུས་རྒྱན་སྲོག་གསུམ་སོགས་ཀྱི་དོན་སྟོན་པའི་སྙན་གཞུང་ཞིག་ཡིན་ལ། དབྱངས་ཅན་དགྱེས་གླུནི་དེའི་འགྲེལ་བ་ཡིན། དེས་ན་གཅིག་སྙན་གཞུང་ཡིན་པ་དང་ཅིག་ཤོས་སྙན་གཞུང་དང་སྙན་ངག་གཉིས་ཀ་ཡིན་པའི་དབྱེ་ཚུལ་ཞིག་ཅི་ལ་བྱུང་། དབྱངས་ཅན་དགྱེས་གླུདཔེར་བརྗོད་དག་ལ་སྙན་ངག་གི་ཉམས་ལྡན་པའི་ཆ་ནས་བཤད་པ་ཡིན་ཟེར་ན། དེ་ཡང་མི་འགྲིག་སྟེ་དེ་དག་ནི་རྒྱན་སོ་སོའི་མཚན་ཉིད་དང་ཁྱད་པར། ཁྱད་ཆོས་སོགས་གསལ་པོར་བྱེད་པར་བཀོད་པའི་དཔེ་ཙམ་ཡིན་ལ། དེ་ལྟར་ན་ཚངས་སྲས་བཞད་སྒྲསོགས་བོད་ཀྱི་སྙན་ངག་སྨྲ་བ་དག་གིས་བརྩམས་པའི་སྙན་འགྲེལ་ཕལ་ཆེར་ཡང་དེ་གཉིས་ཀ་ཡིན་པའི་མུ་ཏུ་བཞག་ཆོག་སྟེ། དེ་དག་གི་དཔེ་བརྗོད་དག་ལ་ཡང་སྙན་ངག་གི་ཉམས་ལྡན་པའི་ཕྱིར། གཞུང་གང་ཡིན་རུང་དེའི་རིག་ཚན་གྱི་དབྱེ་བ་འབྱེད་དུས་གཞུང་དེའི་སྤྱི་ཁོག་ནས་བཤད་རྒྱུ་དེ་གལ་ཆེ་ལ། དེ་མིན་ན་རིག་ཚན་གྱི་དབྱེ་བ་འཁྲུགས་ཤིང་འབྱེད་དཀའ་བས་དབྱངས་ཅན་དགྱེས་གླུདེ་ཡང་སྙན་གཞུང་ཁོ་ནར་གོ་ན་དོན་དང་འབྱོར་བ་ཡིན།

                                     གསུམ་པ། རང་ལུགས་འཇོག་པ།
    
གོང་དུམེ་ལོང་མའིགཞུང་གི་སྙན་ངག་ཅེས་པར་བོད་ཀྱི་ལོ་རྒྱུས་སྟེང་གོ་བ་ལེན་ཚུལ་རིགས་གཙོ་བོ་གང་དག་ཡོད་པ་དང་དེ་དག་གིས་དེ་ལྟར་དུ་གོ་བའི་རྒྱུ་མཚན་ཅི་ཡིན་པ། དེ་ལྟར་དུ་གོ་ན་སྐྱོན་ཅི་ཞིག་འབྱུང་ཚུལ་བཅས་མདོར་བསྡུས་ཤིག་བཤད་ཡོད། ད་ནི་རང་ལུགས་གསང་བོར་སྨྲ་བ་ལ། ཐོག་མརམེ་ལོང་མའིགཞུང་དེའི་བརྗོད་བྱ་གཙོ་བོ་ཙམ་བརྗོད་ན། གཞུང་དེར། ལུས་ནི་རེ་ཞིག་འདོད་པ་ཡི།   །དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། །ཞེས་པས་སྙན་ངག་གི་ལུས་བསྟན་པ་དང་།   སྔོན་བྱུང་གཏམ་ལས་གྱུར་བའམ། ཅིག་ཤོས་ལེགས་པ་ལ་བརྟེན་པ། །སྡེ་བཞིའི་འབྲས་བུའི་དབང་གྱུར་དང་།། མཁས་ཤིང་རྒྱ་ཆེའི་འདྲེན་པ་ཅན། །ཞེས་པས་སྙན་ངག་གི་བརྗོད་བྱའམ་སྲོག་དང་།  སྙན་ངག་མཛེས་པར་བྱེད་པ་ཡི། །ཆོས་ནི་རྒྱན་ཞེས་བྱ་བར་བརྗོད། །ཅེས་པས་སྙན་ངག་གི་རྒྱན་དང་། ལེགས་སྦྱར་དེ་བཞིན་རང་བཞིན་དང་།། ཟུར་ཆག་འདྲེས་མ་ཞེས་བྱ་བ།། རྣམ་པ་བཞི་རུ་མཁས་པས་གསུངས།། ཞེས་པས་སྙན་ངག་གི་སྐད་ཆའི་དབྱེ་བ་དང་།། སྒེག་དང་རོལ་དང་སྟབས་ལ་སོགས།   ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་།། མཉམ་པར་བྱ་བ་ཉིད་ཅེས་པ། །འདི་ཡང་ལུགས་གཉིས་དག་ཏུ་བརྗོད། །ཅེས་པས་སྙན་ངག་གི་རབ་དབྱེ་དང་། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི།   །ངེས་པར་བསྟན་པའང་དེ་ཡི་སྒོ། །ཞེས་པས་སྙན་ངག་རྩོམ་པའི་སྒོ་ཡན་ལག་དང་།   གྲོལ་བ་དང་ནི་རིགས་དང་མཛོད།   འདུས་པ་ཞེས་བྱ་དེ་འདྲ་ཡི།། ཞེས་པས་ཚིགས་བཅད་སྙན་ངག་གི་རྩོམ་སྟངས་དང་།། སྦྱར་བ་རབ་དྭངས་མཉམ་ཉིད་དང་།། སྙན་པ་ཤིན་ཏུ་གཞོན་པ་དང་།། དོན་གསལ་བ་དང་རྒྱ་ཆེ་ཉིད།། བརྗིད་དང་མཛེས་ལྡན་ཏིང་ངེ་འཛིན།། ཞེས་པས་སྙན་ངག་གི་རྩོམ་གཤིས་དང་། དོན་མཉམ་དོན་འགལ་དོན་གཅིག་པ།། ཐེ་ཚོམ་ཅན་དང་རིམ་པ་ཉམས།། སྒྲ་ཉམས་གཅོད་མཚམས་པ་དང་།   སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་ཉམས།། ཞེས་པས་སྙན་ངག་གི་སྐྱོན་སེལ་དང་། གཞན་ཡང་སྙན་ངག་རྩོམ་པའི་རྒྱུ་དང་སྙན་ངག་ཤེས་པའི་དགེ་མཚན།   མ་ཤེས་པའི་སྐྱོན། སྙན་ངག་གི་ནུས་པ། སྙན་ངག་གི་བརྗོད་བྱ་འདེམས་ཚུལ་སོགས་མདོར་ན་སྙན་ངག་འབྲི་བའམ་རྩོམ་པར་འབྲེལ་ཆེ་བའི་གནད་མང་པོ་ཞིག་གསལ་བརྗོད་བྱས་ཡོད་པསམེ་ལོང་མདེ་སྙན་ངག་གི་གཞུང་ལུགས་ཤིག་ཏུ་རྩོད་མེད་དུ་གྲུབ་པ་ཡིན་ནོ།། གཞནམེ་ལོང་མའིགཞུང་དེའི་བརྗོད་བྱ་དེ་དག་ད་ལྟའི་རྩོམ་རིག་གཞུང་ལུགས་ཀྱི་བརྗོད་བྱ་དང་ཡང་ཕལ་ཆེར་གཅིག་ཏུ་སོང་བསམེ་ལོང་མདེ་རྩོམ་རིག་གཞུང་ལུགས་ཤིག་ཀྱང་ཡིན་ཞེས་སྨྲ་ཆོག་སྟེ།   བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤདདུ། མེ་ལོང་མའིནང་དུ་དེང་དུས་རྩོམ་རིག་ལ་ཉེ་བར་མཁོ་བའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དུ་མ་གཏན་ལ་ཕབ་ཡོདཅེས་དང་།   སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུསཞེས་པར། མེ་ལོང་མརརྩོམ་རིག་ཕྱོགས་ཀྱི་གནད་དོན་གལ་ཆེན་རིགས་ཕལ་ཆེར་གཏན་འབེབ་བྱས་ཡོད་པས་སྒྱུ་རྩལ་རྩོམ་རིགས་ཀྱི་གཞུང་ཆ་ཚང་ཞིག་ཡིནཞེས་གསུངས་ཡོད། དེ་ལྟར་ལྟ་ཚུལ་དེ་ནི་དེང་དུས་བོད་ཀྱི་སྙན་ངག་སྨྲ་བ་མང་པོའི་ཐུན་མོང་གི་ལྟ་སྟངས་ཤིག་ཏུའང་གྲུབ་ཡོད་པ་ཡིན།   དེས་ནམེ་ལོང་མའིགཞུང་གི་སྙན་ངག་ཅེས་པའི་གོ་དོན་ཅི་ཡིན་པ་ཡང་ཤེས་སླ་སྟེ། མཁས་དབང་དོར་ཞི་མཆོག་གིས། སྙན་ངག་ཅེས་པ་ཡང་། སྒྲ་དོག་འཇུག་གི་དབང་དུ་བྱས་ན། རྒྱ་སྐད་ཀྱི“诗”དང་དབྱིན་ཇིའི་སྐད་དུ་ཕོ་ཡུམpoemདུ་འབོད་པའི་སྙན་ཚིག་གི་མིང་དང་། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་སྒྱུ་རྩལ་རྩོམ་རིག་སྤྱིའི་མིང་དུ་འཇུག་ཅིང་། སྙན་ངག་མེ་ལོང་ཞེས་པའི་སྙན་ངག་ནི་སྒྲ་ཡངས་འཇུག་ཏུ་བཀྲལ་ན་གཞུང་གི་དོན་དང་ཤིན་ཏུ་འབྱོར་བར་སེམས་སོ།།  ཞེས་གསུངས་པ་བཞིན་ང་ཚོས་ཀྱང་མེ་ལོང་མའིགཞུང་གི་སྙན་ངག་ཅེས་པ་དེ་དེང་དུས་ཀྱི་རྩོམ་རིག་ཅེས་པར་གོ་ན་ཤིན་ཏུ་འགྲིག་པར་སྙམ། དེ་ཡང་ཡིན་ཏེ། མེ་ལོང་མའིགཞུང་དེའི་སྙན་ངག་དང་རྩོམ་རིག་གཉིས་ནི་མཚན་ཉིད་དང་མཚོན་བྱ། མཚོན་བྱེད། མཚོན་ཚུལ། འགྲུབ་བྱེད་ཀྱི་རྒྱུ། ཁྱབ་བྱ། དམིགས་ཡུལ་ལམ་ལས་འགན། ནུས་པའམ་རིན་ཐང་སོགས་ཕྱོགས་གང་ཐད་ནས་མཚུངས་པ་ཡིན། མཚན་ཉིད་ཀྱི་ཆ་ནས་སྙན་ངག་ནི་སྡེབ་ལེགས་སྙན་པའི་ཚིག་གི་སྦྱོར་བ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་ཉམས་འགྱུར་རྨད་དུ་བྱུང་བའི་སྒོ་ནས་མངོན་པར་མཚོན་པའི་སྒྱུ་རྩལ་ཞིག་ཡིན་ཏེ།སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེདདུ། རིག་རྩལ་གྱི་ཁོངས་སུ་གཏོགས་པའི་སྙན་ངག་ནི་རྩོམ་པ་པོ་དེས་རང་ཉིད་གནས་པའི་ཁོར་ཡུག་གི་འཚོ་བ་དངོས་ཀྱི་སྣང་ཚུལ་མང་པོ་རང་ཉིད་ཀྱི་བསམ་བློར་འཆར་བ་དེ་གཟུགས་སུ་འགོད་པའི་རྣམ་པའི་ཐོག་ནས་རང་ཉིད་ཀྱི་བསམ་ཚུལ་མཚོན་པར་བྱེད་པའི་རྩོམ་ཞིག་དང་།   འཚོ་བ་དངོས་དེ་ལས་ཚད་མཐོ་ཞིང་གཅིག་བསྡུས་རང་བཞིན་ལྡན་པའི་རིག་རྩལ་ཞིག་ཡིན།ཞེས་གསུངས་ལ། རྩོམ་རིག་ཅེས་པ་ནི་རྩོམ་གཞུང་རྣམས་སུ་སྐད་ཆ་ལ་བརྟེན་ནས་སྣང་བརྙན་བཏོད་དེ། སྤྱི་ཚོགས་འཚོ་བ་དང་རྩོམ་པ་པོའི་བསམ་པའི་འགྱུར་བ་མཚོན་པར་བྱེད་པའི་སྤྱི་ཚོགས་འདུ་ཤེས་ཀྱི་རྣམ་པ་ཞིག་ཡིན་པར་བཤད་པས་དེ་གཉིས་ནི་ཚིག་གི་བཤད་ཚུལ་མི་འདྲ་བ་ཙམ་ལས་དོན་གཅིག་ཏུ་སོང་བ་ཡིན་ནོ།། མཚོན་བྱའི་ཆ་ནས་སྙན་ངག་དང་རྩོམ་རིག་གཉིས་ཀྱིས་སྤྱི་ཚོགས་འཚོ་བ་མཚོན་ལ། དེ་ཡང་སྤྱི་ཚོགས་འཚོ་བ་དངོས་དེ་འདྲ་བཤུས་སམ་འདྲ་པར་རྒྱག་པ་བཞིན་ཇི་མ་ཇི་བཞིན་མཚོན་པར་བྱེད་པ་མིན་པར།   དེ་ལ་གདམ་གསེས་དང་གཅིག་སྡུད།   ཞུན་སྦྱངས། ལས་སྣོན་བཅས་བྱས་པས་འཚོ་བ་དངོས་དེ་ལས་ཚད་མཐོ་ཞིང་གཅིག་སྡུད་དང་མཛེས་དཔྱོད་ཀྱི་རང་བཞིན་ལྡན་པ་ཞིག་ཡིན།   མཚོན་བྱེད་ཀྱི་ཆ་ནས་སྙན་ངག་དང་རྩོམ་རིག་གཉིས་གང་ཡིན་རུང་བརྗོད་བདེ་ཞིང་ཁ་གསལ་བ། གཞན་གྱིས་ཉན་སྤྲོ་ཞིང་ཡིད་དབང་འགུག་པའི་ཚིག་གི་སྦྱོར་བའམ་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པའི་སྐད་ཆ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་དེ་མངོན་པར་མཚོན་པ་ཡིན།   མཚོན་ཚུལ་གྱི་ཆ་ནས་སྙན་ངག་དང་རྩོམ་རིག་གཉིས་གང་ཡིན་རུང་སྤྱི་ཚོགས་འཚོ་བ་མཚོན་དུས་ཆེས་ཕྱོགས་བསྡུས་ཅན་དང་དཔེར་མཚོན་ཅན་གྱི་མི་སྣ་དང་ཡུལ་ལྗོངས་སོགས་ཀྱི་སྣང་བརྙན་མང་པོ་ཞིག་བཏོད་པ་ལ་བརྟེན་ནས་གཟུགས་འགོད་ཀྱིས་མཚོན་པ་ཡིན། འགྲུབ་བྱེད་ཀྱི་རྒྱུའི་ཆ་ནས།   སྙན་ངག་དང་རྩོམ་རིག་གཉིས་གང་ཡིན་ཀྱང་གཙོ་བརྗོད་བྱའི་དོན་བཟང་བོ་ཞིག་དང་རྗོད་བྱེད་ཀྱི་ཚིག་མཛེས་པ་ཞིག   སྒྱུ་རྩལ་གྱི་ཉམས་རྨད་དུ་བྱུང་བཅས་གསུམ་གྱིས་གྲུབ་པ་ཡིན།   ཁྱབ་བྱའི་ཆ་ནས་རྩོམ་རིག་ལ་སྤྱིར་བཏང་དུ་བརྩམས་སྒྲུང་དང་སྙན་རྩོམ། ལྷུག་རྩོམ། ཟློས་གར་བཅས་བཞི་རུ་དབྱེ་ཡོད་ལ། དེ་དག་ནིམེ་ལོང་མའིགཞུང་དུ་བསྟན་པའི་བཅད་ལྷུག་སྤེལ་མའི་སྙན་ངག་གི་ནང་དུ་འདུས་ཤིང་། དེ་མིན་གཞུང་དེར། སྒེག་དང་རོལ་དང་སྟབས་ལ་སོགས། ལྟ་བའི་དོན་ཡིན་ཅིག་ཤོས་ཀྱང་། །ཞེས་པ་སོགས་ཀྱིས་ཟློས་གར་ཡང་དངོས་སུ་བསྟན་པས་དེ་གཉིས་ཀྱི་ཁྱབ་བྱ་ཡང་མཚུངས་པ་ཡིན། དམིགས་ཡུལ་དང་ལས་འགན་གྱི་ཐད་ནས་སྙན་ངག་དང་རྩོམ་རིག་གཉིས་གང་ཡིན་ཀྱང་བརྗོད་བྱའི་དོན་བཟང་པོ་ཞིག་སྒྱུ་རྩལ་གྱི་ཉམས་དང་འགྱུར་བ་ལྡན་པའི་སྒོ་ནས་བརྗོད་དེ་མི་རྣམས་ལ་དྲང་ཕྱོགས་ཀྱི་སློབ་གསོ་གཏོང་བ་དང་བསམ་ངན་བཅོས་བསྒྱུར་བྱས་ནས་སྤྱོད་ལམ་བཟང་བོའི་ཕྱོགས་སུ་འགྲོ་བར་སྐུལ་མ་གཏོང་བ་དེ་ཡིན།   ནུས་པ་དང་རིན་ཐང་གྱི་ཆ་ནས་སྙན་ངག་དང་རྩོམ་རིག་གང་ཡིན་རུང་ལྟ་ཀློག་བྱས་ཚེ་ཀློག་པ་པོས་དེ་གཉིས་ལས་སྤྱི་ཚོགས་ཀྱི་གནས་ཚུལ་ག་གེ་མོ་ཞིག་ངོས་འཛིན་དང་ཤེས་རྟོགས་བྱེད་ཐུབ་ལ་དེ་ལ་བརྟེན་ནས་གོ་སྐོན་བློ་འགུག་གི་སློབ་གསོ་ངེས་ཅན་ཞིག་ཐོབ་པའི་ཞོར་དུ་སྙན་ཞིང་ཡིད་འཕྲོག་པའི་ཉམས་སྣང་ཕུན་སུམ་ཚོགས་པ་ཞིག་ཀྱང་སྟེར་བ་ཡིན་ནོ།།
    
མདོར་ན། གོང་གི་རྒྱུ་མཚན་འདི་དག་ལ་དམིགས་ནས་མེ་ལོང་མའིགཞུང་གི་སྙང་ངག་ཅེས་པ་དང་རྩོམ་རིག་གཉིས་ནི་ཡུལ་དུས་དགོས་དབང་གིས་ཐ་སྙད་ཀྱི་མིང་འདོགས་ལུགས་མི་གཅིག་པ་མ་གཏོགས་བརྗོད་བྱ་དོན་གྱི་འབབ་ས་གཅིག་ཡིན་པར་སེམས་སོ།།

ཟུར་བལྟའི་དཔྱད་གཞི།

བོད་མཁས་པའི་དཎྚིའི་དགོངས་རྒྱནགྱི་ཤོག་ངོས་126ན་གསལ། 

འཇུ་མི་ཕམ་གྱིསྙན་འགྲེལ་ངག་གི་རོལ་མཚོའིཤོག་ངོས་260ན་གསལ། 

③《རྡོ་རྗེ་རྒྱལ་པོའི་གསུང་རྩོམ་ཕྱོགས་བསྒྲིགསཀྱི་ཤོག་ངོས260ན་གསལ།

ཀུན་དགའིབོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤདཀྱི་ཤོག་ངོས91-92ན་གསལ།

⑤⑥དོར་ཞི་གདོང་དྲུག་སྙེམས་བློའིསྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་དོན་འགྲེལ་ཤེས་བྱའི་གནད་གསལ། གྱི་ཤོག་ངོས་261.262ན་གསལ།

དུང་དཀར་བློ་བཟང་འཕྲིན་ལས་ཀྱིསྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེདཀྱི་ཤོག་ངོས5ན་གསལ།

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060