གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། ཁྲི་ལྡེ་གཙུག་བརྟན་གྱི་བཀྲོངས་རྐྱེན་གླེང་བ།
སྤེལ་དུས།2015-08-19   ཡོང་ཁུངས་།བོད་ལྗོངས་རིག་གནས་དྲ་བ།   རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།
         བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་རིང་ནས་བཟུང་། གྲལ་རིམ་བར་གྱི་འགལ་བ་སྔོན་དང་བསྡུར་ན་ཛ་དྲག་ཏུ་གྱུར་ཡོད་ལ། རྒྱལ་བློན་བར་དུ་ཆོས་ལུགས་དད་མོས་དང་སྲིད་ཀྱི་དབང་ཆ་ལ་གཞི་བྱས་ནས་ཕན་ཚུན་ལ་འཐབ་རྩོད་གང་མང་བྱས་ཡོད།བཙན་པོ་ནི་རྒྱལ་ཁབ་ཀྱི་སྣེ་ཁྲིད་མཁན་ཡིན་སྟབས་སྐུ་གང་ཉིད་བཀྲོངས་པ་ལས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་གསལ་པོ་ཞིག་མངོན་ཐུབ་ལ། དེས་རྒྱལ་བློན་ནམ་དབང་སྒྱུར་གྲལ་རིམ་དབར་གྱི་འགལ་བ་དེ་ཤིན་ཏུ་ཛ་དྲག་ཆེ་བ་མཚོན་ཐུབ། དེ་བས་འདིར་དུས་རབས་བརྒྱད་པའི་སྐབས་ཀྱི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱི་བཀྲོངས་རྐྱེན་ལ་གང་ནུས་ཀྱིས་དཔྱད་པ་བཏང་ནས་སྐབས་དེའི་སྤྱི་ཚོགས་ཀྱི་འགལ་བ་དང་ཁྱད་པར་དུ་དབང་སྒྱུར་གྲལ་རིམ་ནང་ཁུལ་གྱི་འགལ་བར་དབྱེ་ཞིབ་ཕྲན་ཙམ་གཏོང་རྒྱུ་ཡིན།
         བཙན་པོ་འདིའི་མཚན་ཡོངས་སུ་ཁྲི་ལྡེ་གཙུག་བརྟན་དང་མེས་ཨག་ཚོམ་ཞེས་སུ་གྲགས་ལ། ཏུན་ཧོང་ཡིག་རྙིང་དུ་རྒྱལ་གཙུག་རུ་ཞེས་འབོད། ཞང་བོད་ལོ་རྒྱུས་ཏི་སེ་འོད་དུ། མཚན་འདི་ནི་ཞང་ཞུང་དང་བོད་ཀྱི་བརྡ་རྙིང་ལྷན་སྡེབ་བྱས་པ་ལས་བྱུང་བ་ཡིན་ཞིང་། ཐུགས་ཉིད་མཁྱེན་མཆོག་ཏུ་འགྱུར་མེད་ཅེས་པའི་དོན་ཡིན་པར་སྨྲ། (ཤ432)གཞན་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་སྨ་ར་དང་བགྲེས་ཉམས་ཆེ་བས། རྒྱལ་པོ་མེས་ཨག་ཚོམ་དུ་གྲགས་ཞེས་བཀོད་ཡོད།(ཤ355)ཡོངས་གྲགས་སུ་བཙན་པོ་འདི་ཡབ་རྒྱལ་པོ་འདུས་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་བཙན་མོ་མེ་ཏོག་གཉིས་ཀྱི་སྲས་སུ་སྤྱི་ལོ698པའི་ས་ཁྱི་ལོར་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས། སྤྱི་ལོ705པ་ཤིང་སྦྲུལ་ལོར་རྒྱལ་པོའི་གསེར་ཁྲི་ལ་མངའ་གསོལ། སྐུ་གཞོན་ནུའི་སྐབས་སུ་ཆབ་སྲིད་གཙོ་བོ་ཕྱི་མོ་འབྲོ་བཟའ་ཁྲི་མ་ལོད་དང་། བློན་ཆེན་པོ་མང་པོ་རྗེ་ལྷ་ཟུང་དང་དབས་ཁྲི་གཟིགས་སོགས་ཀྱིས་བསྐྱངས། སྤྱི་ལོ755ལོར་བཀྲོངས། བང་སོ་མུ་ར་རི་ལ་བརྩིགས། མིང་ནི་ལྷ་རི་གཙུག་ནམ་ཟེར།
         དེ་ཡང་སྔ་མའི་ལོ་རྒྱུས་དེབ་ཐེར་དག་ཏུ་བཙན་པོ་འདིའི་བཀྲོངས་རྐྱེན་བཀོད་ཡོད་པ་ལྟར་ན། སྦ་བཞེད་ནངབོད་དུ་ཡབ་རྒྱལ་པོ་མེས་ཨག་ཚོམ་ཡར་འབྲོག་ཐ་ཚལ་དུ་ཆིབས་སྒྲོན་པས་གྲོངས།”(67)ཞེས་བཀོད་ཡོད་ལ། ལྷ་སའི་ཞོལ་རྡོ་རིང་ཕྱི་མའི་ལྷོ་ངོས་ཀྱི་ཡིག་ཕྲེང་དང་པོ་ནས་ཉི་ཤུའི་བར་དུ། བཙན་ཕོ་ཁྲྀ་ལྡེ་གཙུག་རྩན་གྱི་རངི་ལ། །ངན་ལམ་ཀླུ་ཁོང་གིས། །གློ་བ་ཉེ་བའི་རྗེ་བླས་བྱས་པ། །འབལ་ལྡོང་ཙབ་དང་། །ལང་མྱེས་ཟིགས། །བློན་པོ་ཆེན་ཕོ་བྱེད་བྱེད་པ་ལས། ། གློ་བ་རིངས་ནས། བཙན་ཕོ་ཡབ་ཁྲྀ་ལྡེ་གཙུག་རྩན་གྱི་སྐུ་ལ་དརད་དེ་དགོངས་གཤེགས་སོ།།”(ཞང་བོད་ཏི་སེ་འོད། ཤ460)ཞེས་པར་བྲིས་ཡོད། གོང་དུ་བསྟན་ཟིན་པ་ལྟར། བཙན་པོ་དེའི་སྐབས་སུ་བོད་དུ་སངས་རྒྱས་ཆོས་ལུགས་སྤེལ་བའི་དགོངས་པ་གཏད་དེ་བྲན་ཁ་མུ་ལེ་ཀྭ་ཥ་དང་། གཉགས་ཛྙཱ་ན་ཀུ་མ་ར་བྱ་བ་གཉིས་ཀྱིས་རྒྱ་གར་གྱི་པ󰟋་ཏ་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་རྣམ་འབྱེད་དང་། གསེར་འོད་དམ་པ། ཀྲི་ཡ་དང་ཨུ་པ་ཆ་ཤས་ཙམ་ཞུས་པ་དང་། གླེགས་བམ་སྤྱན་དྲངས་ཤིང་ལྷ་ཁང་བཞེངས་ཏེ་སངས་རྒྱས་ཀྱི་ཆོས་རྒྱ་ཆེར་སྤེལ་མགོ་བཙུགས། སྐབས་འདིར་ལི་ཡུལ་ནས་ཆོས་བསྣུབས་པས་དགེ་འདུན་རྣམས་བོད་ལ་བྲོས་བྱོལ་དུ་ཡོང་། འདིའི་སྐོར་ལི་ཡུལ་ལུང་བསྟན་ནང་འདི་ལྟར་བཀོད་ཡོད་དེ། དགེ་འདུན་རྣམས་བཞོན་པ་འཚོ་བས་བསུས་ནས་གདོང་དམར་གྱི་ཡུལ་དུ་ཕྱིན་ཏོ། དགེ་འདུན་རིལ་གྱིས་གདོང་དམར་གྱི་ཡུལ་དུ་སྤྱན་དྲངས་སོ།། དེའི་རྗེས་ལ་ལོ་གསུམ་མམ་བཞི་ན་ཀོང་ཇོའི་སྙིང་གར་འབྲུམ་ཆེན་བྱུང་ནས་ན་བའི་ཚེ་ཀོང་ཇོས་རྒྱལ་པོ་ལ་གསོལ་པ། བདག་ནི་ནད་འདི་ལས་མི་འཚོ་སྟེ། ང་དགུམ་ན་བདག་གི་བྲན་དང་། ནོར་ཕྱུགས་རྣམས་དཀོན་མཆོག་གསུམ་ལ་མ་གུམ་པར་འབུལ་ལོ། འཁོར་དྲུག་བརྒྱ་ཡང་དགེ་བསྙེན་གྱི་མཚན་མས་བཏབ་སྟེ་རབ་ཏུ་བྱུང་ངོ་། དེའི་རྗེས་ལ་ཀོང་ཇོ་འདས་སོ།ཞེས་པའི་ཚིག་དུམ་འདི་ལ་དཔྱད་ན། ལི་ཡུལ་ནས་ཕེབས་པའི་དགེ་འདུན་པ་དེ་དག་ལ་བཙན་པོ་ནས་འཚོ་བའི་མཐུན་རྐྱེན་ཡག་པོ་བསྒྲུབས་པས་ཁོ་ཚོ་བོད་ནས་མུ་མཐུད་དུ་བསྡད་དེ་ཆོས་སྤེལ་ཐུབ་ཡོད་པ་ཤེས། གཞན་ཡང་ཝང་སན་གྱིས་བརྩམས་པའི་བོད་ལྗོངས་སངས་རྒྱས་ཆོས་ལུགས་ཀྱི་འཕེལ་རིམ་ཞེས་པ་ལས་བཙན་པོ་འདིའི་སྐབས་སུ་གྱིམ་ཤིང་ཀོང་ཇོས་རྒྱ་ནག་གི་ཡུལ་ནས་ཧ་ཤང་འགའ་རེ་ཁྲིད་ཡོང་སྟེ་རྒྱ་སྟག་ར་མོ་ཆེ་ནས་སྡོད་དུ་བཅུག་ནས་བོད་ལ་སངས་རྒྱས་ཆོས་ལུགས་སྤེལ་རོགས་བྱས་ཡོད་ཚུལ་ཡང་བཤད་མོད།(ཤ276)བོད་ཀྱི་ལོ་རྒྱུས་དཔེ་ཆ་དག་ཏུ་ལི་ཡུལ་གྱི་དགེ་འདུན་པ་རྣམས་ཀྱིས་ཆོས་སྤེལ་བའི་སྐོར་གསུངས་ཡོད་པ་ལས་རྒྱ་ནག་གི་སྐོར་ཆེར་བརྗོད་མེད། འོན་ཀྱང་སྐབས་འདིར་རྒྱ་ནག་དང་འབྲེལ་ལམ་ཅུང་ལེགས་པ་དང་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་སྦ་གསལ་སྣང་སོགས་ཀྱི་ཆོས་བློན་ཁ་ཤས་རྒྱ་ནག་ལ་བརྫངས་ནས་ཆོས་ནང་འདྲེན་བྱེད་དུ་བཅུག་པ་སོགས་ཀྱི་སྣང་ཚུལ་ལ་གཞིགས་ན། སྐབས་འདིར་རྒྱ་ནག་ནས་ཀྱང་ཆོས་པ་འགའ་རེ་ཡོང་ནས་ཆོས་སྤེལ་ཡོད་པ་དེ་བདེན་པར་ངེས་སོ།།
         ཏུན་ཧོང་ཡིག་རྙིང་དུདེ་ནས་སྐྱ་བོ་རྣམས་དད་པ་མ་སྐྱེས་སྟེ། འབྲུམ་ནག་དང་ནད་སྣ་མང་པོ་བྱུང་ཡང་། དགེ་འདུན་སྡེ། འདི་རྣམས་བོད་ཡུལ་དུ་ཕྱིན་པས། ཉེས་ཤེས་ན། བོད་ཡུལ་དུ་དགེ་འདུན་གཅིག་ཀྱང་གནས་སུ་མྱྀ་གནང་ཞེས་མཆི་སྟེ།། སོ་སོར་བསྐྲད་པ་ལས།”(ཏུན་ཧོང་ལས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།ཤ76)ཞེས་བཀོད་པ་ལྟར་ནད་ཡམས་བྱུང་བའི་གནད་དོན་དེ་ནི་སྐབས་དེར་ཡུལ་བྱོལ་དུ་བསླེབས་པའི་ལི་ཡུལ་གྱི་དགེ་འདུན་མགོན་མེད་སྐྱབས་མེད་རྣམས་ཀྱི་ཐོག་ཏུ་ཁ་འཕངས་པའི་ཆབ་སྲིད་ཀྱི་དོན་རྐྱེན་ཞིག་ཏུ་གྱུར་པ་དང་། དེར་བརྟེན་ནས་དགེ་འདུན་གྱི་ཕྱོགས་འཛིན་པའི་རྒྱལ་པོ་སོགས་ནང་པར་དགའ་བའི་ཆབ་སྲིད་ཕྱོགས་ཁག་དང་ནད་ཡམས་དེས་རང་གི་སྙིང་དུ་སྡུག་པའི་བུ་དང་བུ་མོ་སོགས་ཀྱི་གཅེས་སྲོག་གང་མང་འཕྲོག་པའི་སྡུག་གིས་མནར་བའི་སྐྱ་བོ་དང་ཞང་བློན་སོགས་སྲིད་ཀྱི་ཕྱོགས་འཛིན་གཙོ་བོ་རྣམས་ཕྱོགས་གཉིས་སུ་ཆད་པའི་འཐབ་རྩོད་ཛ་དྲག་བསླངས་ཡོད། དེ་ལྟར་ཕྱོགས་གཉིས་སུ་གྱུར་པའི་འཐབ་རྩོད་ཀྱི་མགོ་ཚུགས་ཏེ། བློན་པོ་རྣམས་འདུས་ནས་གྲོས་སྡུར་བྱས། བོན་བློན་དག་གིས་རྒྱལ་པོ་ལ་སྔར་བོད་ཁམས་སུ་དེ་ལྟ་བུའི་འབྲུམ་ནད་དང་ནད་ཡམས་བྱུང་མ་མྱོང་མོད། ལི་ཡུལ་གྱི་དགེ་འདུན་པ་དེ་དག་ཡོང་ནས་ལོག་ཆོས་བྱས་པས་རང་བྱུང་གི་གནོད་འཚེ་ཐེབས། ཀོང་ཇོ་ཡང་འདས་པས་གྲྭ་བ་དེ་དག་གནས་གཞན་ལ་བསྐྲད་དགོས་པར་ཞུས་མོད། འོན་ཀྱང་མེས་ཨག་ཚོམ་གྱིས་འདོད་ཚུལ་དེ་གནས་ལུགས་དང་མཐུན་མིན་ལ་ཞིབ་ཏུ་བརྟག་དགོས་པར་གསུངས་པས་རྒྱལ་བློན་བར་དུ་འགལ་བ་བྱུང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལསབཙན་པོ་གཤེགས་པའི་རྗེས་སུ་རྒྱལ་བུ་ཆབ་སྲིད་བཞེས་མ་ཐག་ཏུ་སྐུ་ནར་མ་སོན་པས་ཞང་བློན་མ་ཞང་གྲོམ་པ་སྐྱེས་ན་རེ། རྒྱལ་བུ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་ཏེ་བཀྲ་མ་ཤིས། ཚེ་ཕྱི་མ་སྐྱེ་བ་ལེན་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་ཟློག་བོན་གྱིས་བྱེད། སུ་ཆོས་བྱེད་པ་ཕོ་རེང་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་བཅས། ཇོ་བོ་གཉིས་བྱེ་མའི་འོག་ཏུ་སྦས། རྒྱ་ནག་ནས་འོངས་པའི་ཧ་ཤང་རྣམས་བསྐྲད། ལྷ་སར་བཤས་ར་བྱས། མགྲིན་བཟང་པ་སོགས་ལྷ་ཁང་རྣམས་བཤིག”(373)ཅེས་བཀོད་ཡོད་པ་ལ་བལྟས་ན་ཁྲི་ལྡེ་གཙུག་བརྟན་གྱི་སྐབས་སུ་བན་བོན་གྱི་འགལ་བ་བྱུང་ཡོད་འདུག
         ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། སྐབས་འདིར་ཁྲི་ལྡེ་གཙུག་བརྟན་གྱིས་ནང་ཆོས་རྒྱ་ཆེར་སྤེལ་དོན་ལའང་དགོངས་པ་གཞན་ཞིག་མཆིས་སྲིད་ལ། སྔར་ཡབ་མེས་གྲི་གུམ་བཙན་པོ་དང་སྲོང་བཙན་སྒམ་པོ་སོགས་ཀྱིས་ཆོས་ལུགས་གཞན་པ་ནང་འདྲེན་བྱེད་དོན་དེ་དད་མོས་ཁོ་ནའི་ཆེད་དུ་མ་ཡིན་པར། བོན་བློན་ཚོའི་སྲིད་ཤུགས་དང་དབང་ཆ་ལ་ཚོད་འཛིན་བྱེད་བསམ་པ་ནང་བཞིན། རྒྱལ་པོ་འདིས་ཀྱང་མ་ཞང་དང་བོན་བློན་ཕྱོགས་ཀྱི་དབང་ཆ་ཚོད་འཛིན་བྱེད་པའི་ཆེད་དུ་ཡིན་ཡང་སྲིད། གང་ལྟར། དད་མོས་སམ་ཡང་ན་སྲིད་ཀྱི་ཁེ་དབང་ལ་གནོད་པ་བྱས་པའི་རྐྱེན་གྱིས་རང་གི་བློན་པོ་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་གཉིས་ཀྱིས་བཙན་པོ་བཀྲོངས་པ་རེད། ལྷ་སའི་ཞོལ་རྡོ་རིང་གི་ངོས་སུབཙན་ཕོ་ཡབ་ཁྲྀ་ལྡེ་གཙུག་རྩན་གྱི་སྐུ་ལ་དརད་ཏེ་དགོང་དུ་གཤེགས་སོ།། བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྐུ་ལ་ནི་དརད་དུ་ཉེ། བོད་མགོ་ནག་པོའི་སྲིད་ནི་འཁྲུག་དུ་བྱེད་པ་ལས། གླུ་ཁོང་གིས། འབལ་དང་ལང་གློ་བ་རིངས་པའྀ་གཏན་གཙིགས། བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་ཀྱི་སྙན་དུ་གསོལད་ནས་འབལ་དང་ལང་གློ་བ་རིངས། བདེན་པར་གྱུརད་དེ། ཁོང་ཏ་ནྀ་བཀྱོན་ཕབ་སྟེ།། ཀླུ་ཁོང་གློ་བ་ཉེའོ།།”(ཞང་བོད་ལོ་རྒྱུས་ཏི་སེ་འོད། ཤ460)ཞེས་བཀོད་ཡོད་པ་ལས་ཁྲི་ལྡེ་གཙུག་བརྟན་བཀྲོངས་པར་མ་ཟད། སྲས་ཁྲི་སྲོང་ལྡེ་བཙན་ལའང་གནོད་བྱེད་འདོད་པའི་སྐབས་སུ་སྟག་སྒྲ་ཀླུ་ཁོང་གིས་བཙན་པོ་ལ་འབལ་དང་ལང་གཉིས་བློ་ལོག་པའི་གནས་ཚུལ་རྒྱལ་སྲས་ལ་ཞུས་ནས་བློན་པོ་དེ་གཉིས་ལ་ཁྲིམས་བཏང་བ་ཤེས་ཐུབ། རྡོ་རིང་འདི་ནི་སྐབས་དེ་དུས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་འོག་ནས་བཞེངས་པ་ཡིན་པས། དེའི་ཡང་དག་པའི་ཚད་ཅུང་མཐོ་བ་ནི་བཤད་མ་དགོས་པ་རེད། གོང་གི་ཚིག་དེ་ལ་ཞིབ་ཏུ་བསམ་བློ་བཏང་ན། བློན་པོ་དེ་གཉིས་ཀྱིས་མེས་ཨག་ཚོམ་བཀྲོངས་པ་དེ་ལོ་འགའ་ཤས་ལ་མ་ཤེས་པར་ཁྲི་སྲོང་ལྡེ་བཙན་རིང་ད་གཟོད་ཤེས་པ་གསལ། དེའི་རྐྱེན་གྱིས་གོང་གི་སྦ་བཞེད་དང་དེའི་རྗེས་འབྲངས་ལོ་རྒྱུས་དེབ་ཐེར་དག་གིས་བཙན་པོ་འདི་ཆིབས་འདྲོགས་ནས་སྐུ་གཤེགས་པར་བཤད་པ་དེ་བཙན་པོ་སྐུ་གཤེགས་དུས་བཀྲོངས་མཁན་སུ་ཡིན་པ་མ་ཤེས་པར་བཤད་ལུགས་དེ་འདྲ་ཞིག་བྱུང་བ་སྦ་བཞེད་དུ་བཀོད་པ་དེ་བདེན་པར་བཟུང་བ་ཡིན་པ་འདྲ་མོད། མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའོ།།
         བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས་འབལ་ལྡོང་ཙབ་ནི་སྤྱི་ལོ749ལོར་དང་ལང་མྱེས་གཟིགས་ནི་སྤྱི་ལོ751ལོར་བློན་ཆེན་གྱིས་གྲས་སུ་གཏོགས་ཞེས་འཁོད་ཡོད་པ་ལ་གཞིགས་ན།(ཤ89)བློན་པོ་འདི་གཉིས་ཀྱི་བློན་པོར་གྱུར་པའི་དུས་ཚོད་དང་བཙན་པོ་བཀྲོངས་པའི་དུས་ཚོད་གཉིས་ཕན་ཚུན་གོ་རིམ་མཐུན་པར་འདུག གཞན་ཡང་། ནད་ཡམས་ནི་སྤྱི་ལོ749ལོར་བྱུང་བ་དང་། བཙན་པོ་ནི་སྤྱི་ལོ755ལོར་བཀྲོངས་པ་ཡིན་ན། རྒྱལ་བློན་བར་ལ་འགལ་བ་བྱུང་ནས་ལོ་འགའ་ཤས་སོང་བ་རྟོགས་ཐུབ་ལ། ཕན་ཚུན་བར་གྱི་འགལ་བ་རིམ་གྱིས་ཇེ་ཆེར་སོང་བ་བསྟུན་མཐར་རང་གི་ཁེ་ཕན་གྱི་ཆེད་དུ་བཙན་པོ་བཀྲོངས་པ་རེད།།
རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི2012ལོའི་ཤེས་རམས་པའི་སློབ་མ་ཡིན།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005