| མ་རིག་མུན་སེལ་མཁྱེན་གཏེར་ཉིན་མོར་བྱེད། ། བློ་བཟང་སྨྲ་བའི་ཟླ་བ་འོད་དཀར་ཅན། ། ཐུབ་བསྟན་གསལ་བྱེད་དམ་པ་ཆོས་ཀྱི་རྗེ། །རྣམ་གསུམ་དབྱེར་མེད་སྤྱི་བོའི་རྒྱན་དུ་བསྟེན། །ལེགས་བཤད་འཚོལ་ལ་ངོམས་མེད་རྟག་ཏུ་ངུ། །ཐོས་དོན་རྣམ་པར་འབྱེད་ལ་ཀླུ་སྒྲུབ་ཞབས། །ཐུབ་བསྟན་ལུང་རྟོགས་དམ་ཆོས་མཛོད་བརྙེས་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཐུབ་པའི་གདུང་འཚོ་བ་མཚན་ལྡན་དགེ་བའི་བཤེས། །མཁས་གྲུབ་གཉིས་འཛོམས་དམ་པ་མང་པོ་ཡི། །ཞབས་པད་བསམ་སྦྱོར་དག་པས་ལེགས་བསྟེན་ཏེ། །དགེ་ལེགས་རྩ་བ་ཚུགས་ལ་གསོལ་བ་འདེབས། །རྣམ་དག་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི། །འཕགས་བོད་གཞུང་ལུགས་རྒྱ་མཚོའི་འཇིང་བརྒལ་ཏེ། །མང་ཐོས་ལུང་གི་ཡོན་ཏན་རྩེར་སོན་པས། །མཁས་དགུའི་ཅོད་པན་གྱུར་ལ་གསོལ་བ་འདེབས། །ཐོས་དོན་རྒྱུད་དང་འདྲེས་པའི་ཉམས་ལེན་གྱིས། །སྒོ་གསུམ་ཉེས་སྤྱོད་དྲི་མས་ཡོངས་སུ་བཏང་། །ཚུལ་ཁྲིམས་རྣམ་དག་ཉེ་བར་འཁོར་ལ་འགྲན། །གནས་བརྟན་འདུལ་བ་འཛིན་ལ་གསོལ་བ་འདེབས། །ཁེངས་པ་སྤངས་ནས་རྟག་ཏུ་དམན་ས་འཛིན། །ཆོས་བརྒྱད་བྲལ་བའི་བཤད་སྒྲུབ་ལས་ལ་བརྩོན། །དུལ་བ་ཞི་བ་ཉེར་ཞི་ལ་སོགས་པའི། །མཚན་ཉིད་ཚང་བའི་བཤེས་ལ་གསོལ་བ་འདེབས། །དྲན་དང་ཤེས་བཞིན་ཁྲེལ་དང་ངོ་ཚ་ཤེས། །ཉིན་མཚན་ཀུན་ཏུ་དགེ་ལ་རྟག་ཏུ་གཞོལ། །སྲིད་པའི་ཕུན་ཚོགས་ཀུན་ལ་ཞེན་ལོག་པའི། །ངེས་དོན་དགེ་བའི་བཤེས་ལ་གསོལ་བ་འདེབས། གཞན་སྡེ་མུ་སྟེགས་རྒོལ་བའི་སྙིང་འགས་པའི། །ཕྱོགས་གླང་གྲགས་པའི་རིགས་ཚུལ་ཐོག་གི་མདའ་། །ཚུལ་གསུམ་ཚད་མས་ལོག་རྟོག་ཕྱེར་བཏགས་པའི། །སྙན་པ་ཁ་བ་ཅན་ན་འབྲུག་སྒྲ་བཞིན། །ཤེར་ཕྱིན་གཞུང་ལ་སེངྒེ་བཟང་པོ་དང་། །ཁྱེད་གཉིས་ཀུན་མཁྱེན་ཚད་མའི་ཐུར་སྲང་ལ། །གཞལ་ན་ཕྱི་མའི་བློ་གྲོས་མན་ངག་གིས། །ལྕི་བའི་ངང་ཚུལ་བསམ་ལས་འདས་པ་མངའ། །དང་པོར་ཐོས་པ་མང་དུ་བཙལ་བས་མཁས། །བར་དུ་སྡོམ་གསུམ་རྣམ་པར་དག་པས་བཙུན། །ཐ་མར་བསྟན་འགྲོའི་དོན་ཆེན་བསྒྲུབས་པས་བཟང་། ཁ་བའི་ལྗོངས་འདིའི་རྒྱན་གྱི་ཕུལ་དུ་སོན། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་པའི། །གཞུང་ལུགས་རྣམས་ཀུན་མཁྱེན་པའི་དགོངས་ཟབ་བཅུད། །ལྟ་བའི་ལེགས་བཤད་རྣམ་ལྔ་ལ་སོགས་པར། །བཤད་དང་བསྒྲུབས་པས་རྒྱལ་རྣམས་དགྱེས་པ་བསྐྱེད། །མངོན་པ་སྡེ་བདུན་བྱེ་བྲག་བཤད་མཚོ་སོགས། །མངོན་པའི་གཞུང་གི་སྙིང་པོ་ཀུན་བསྡུས་པའི། །མངོན་པ་མཛོད་ཀྱི་ཚིག་དོན་མ་ལུས་པ། །མངོན་སུམ་གཟིགས་པའི་བློ་གྲོས་མཁའ་ལས་ཡངས། །འདུལ་ལུང་སྡེ་བཞི་དགོངས་འགྲེལ་རྒྱ་མཚོའི་འཇིང་། །བསྲུབས་པའི་སྙིང་པོ་ཀུན་ཕན་བདུད་རྩིའི་དབྱིངས། །ཆ་ཤས་ཡོངས་རྫོགས་འདུལ་འཛིན་ཨུ་པ་ལི། །ཁ་བ་རི་ཡི་ལྗོངས་ལ་བྱོན་ཁ་བཞིན།། །བཀའ་པོད་རྣམ་ལྔའི་དགོངས་ཟབ་ཉིན་མོར་བྱེད། །ཁྱེད་ཐུགས་དྭངས་པའི་མཁའ་ལ་རོལ་བ་ཡི། །སྲིད་ཞིའི་མཐའ་ལ་འཁྲིལ་བའི་འོད་སྣང་གིས། །མི་ཤེས་རྨོངས་པའི་མུན་པ་དབྱིངས་སུ་བདས། །འཆད་རྩོམ་ལེགས་བཤད་ཆར་དུ་འཇོ་བའི་སྤྲིན། །གང་དུ་གཏིབས་པ་དེ་ཡང་དད་མོས་དང་། །སྐལ་ལྡན་གདེངས་ཅན་ཀླུ་ཡི་དབང་བོ་ཡི། །མ་སྨད་བསོད་ནམས་དར་ལ་བབ་པའི་འབྲས། །གཟུངས་སྤོབས་ཁྱབ་འཇུག་མིའུ་ཐུང་གོམ་གཅིག་གིས། །ཡངས་པའི་ས་ཆེན་གནོན་པའི་འཕྲུལ་འདེགས་ཅན། །ལྔ་རིག་མཁྱེན་པའི་སྟོབས་ཀྱི་འཇུག་པ་ཡིས། །བློ་བཟང་བསྟན་ལ་བློ་བཟང་གཉིས་པར་གྲུབ། །ཚུལ་ཁྲིམས་རྣམ་དག་རིན་ཆེན་ས་ལེའི་སྦྲམ། །མང་ཐོས་མ་རིག་མུན་སེལ་སྣང་བའི་མཆོག བླང་དོར་མ་ནོར་ལྟ་བའི་འདྲེན་བྱེད་མིག བསྐྲུན་པས་ཐུབ་བསྟན་གདུང་འཚོབ་དམ་པ་དངོས། །མཁྱེན་རབ་གཏིང་མཐའ་མེད་པའི་ལྷ་ལམ་དུ། །མདོ་རྒྱུད་གཞུང་ལུགས་ཡུངས་འབྲུའི་ལུས་འཛིན་པ། །ཁྱེད་ཀྱི་ཞལ་སྒོ་ལུང་གི་བང་མཛོད་དེ། །མགྲིན་པ་སྐྱེ་བ་ལྔ་པའི་དུང་ཡང་ཡིན། །མདོ་ལས་ཆོས་མཐོང་ཆོས་ཐོབ་ཆོས་རིག་པ། །གསུངས་པ་ཇི་བཞིན་གྲུབ་འབྲས་ཡོངས་གྲུབ་པས། །སྙིགས་མའི་གྲུབ་དབང་འབྱུང་པོས་རྒྱུད་བརླམས་པའི། །མངོན་ཤེས་རྫུ་འཕྲུལ་ཐོ་ཅོའི་རྫུན་ཕུག་གཏིབས། །ལུང་ཁྲིད་མན་ངག་དབང་དང་བཤད་པའི་རྒྱུན། །ཇི་སྙེད་གུས་རྟག་བརྩོན་པས་ལེགས་མནོས་ཏེ། །སྐལ་ལྡན་དོན་གཉེར་ཡོངས་ལ་ལེགས་འདོམས་པའི། །ཆོས་ཀྱི་རྗེ་བོ་ཁྱོད་ལས་གཞན་སུ་ཞིག ནག་པོའི་ར་རིའི་དྲི་མ་རྣམ་དག་ཅིང་། །རྣམ་བྱང་ཞི་བའི་དཀར་ཆ་ཡོངས་རྫོགས་པའི། །སྔོན་མེད་ཆོས་ཀྱི་ཟླ་བ་ཉ་གང་བ། །འདི་ཀོ་འོག་མིན་ཞིང་ནས་ཆེད་དུ་བྱོན། །མང་ཐོས་ཉི་མའི་མངའ་ཐང་ཕྱོགས་བཅུར་ཁྱབ། །གདམས་པར་ཤར་བས་གཞན་ཕན་གཏེར་དུ་རྫོགས། ཉམས་སུ་བླངས་པས་འབྲས་བུའི་དཔལ་ཡོན་སྨིན། །ཀུན་ཀྱང་བསྟན་འགྲོ་ཁོ་ནའི་དོན་དུ་བསྔོས། །མདོ་སྔགས་གཞུང་བརྒྱའི་འཆད་པ་ཚེ་དང་བསྙམས། །དགག་སྒྲུབ་རྩོད་པའི་ལུང་རིགས་ཐོག་ལྟར་རྣོ། །།ཉམས་ལྡན་དོན་ལྕིའི་རྩོམ་པས་མཁས་རྣམས་དགྱེས། །འཛམ་གླིང་རྒྱན་གྱི་པཎ་ཆེན་གཅིག་ཏུ་གྲུབ། །གསེར་གྱི་གཞོང་པར་རིན་ཆེན་སྤུངས་པ་ཡིས། །ཁྱེད་ཀྱི་བ་སྤུའི་རྩེ་ཡང་མི་འགུལ་མོད། །ཉམ་ཐག་འགྲོ་ལ་བྱམས་བརྩེས་གཡོ་བ་ནི། །རྒྱལ་སྲས་བདག་ཉིད་ཆེན་པོ་སྤྱི་ཡི་ལུགས། །དེ་ཕྱིར་བསྟན་ལ་དགེ་བའི་སྐྱེ་སྤྲུལ་ནི། །གང་ནའང་ཉེ་བར་བྱོན་ལ་སོམ་ཉི་ཅི། །དེ་ཡང་ཐུབ་བསྟན་འཛིན་པའི་དམ་པ་མཆོག ཁྱེད་ཀྱི་རྣམ་ཐར་དཔར་ལ་བཏབ་བཞིན་ཤོག ། སྣང་སྟོང་ཟུང་འཇུག་སེང་གེ་ང་རོ་ཡིས། །ལོག་སྨྲའི་རི་དྭགས་མ་ལུས་སྐྲག་མཛད་པ། །སྨྲ་བ་ཟླ་མེད་བློ་བཟང་གྲགས་པ་ཡིས། །བྱིན་རླབས་སྙིང་ལ་གནད་དུ་སྣུན་པར་ཤོག ། གསང་གསུམ་བསམ་མི་ཁྱབ་པའི་ཆ་རེར་ཡང་། །རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཁུར་རྫོགས་པ། །གང་གི་མ་སྨད་རླབས་ཆེའི་མཛད་པ་ལ། །དད་པས་ཡི་རང་སྙིམ་པའི་མེ་ཏོག་འཛུམ། །སྟོབས་བཅུ་མི་འཇིགས་བཞི་ལྡན་ནམ་མཁའི་ནོར། །ཕྱག་ན་པདྨོ་པདྨ་རྒྱས་པའི་སྤྱན། །རྟག་བརྟན་རྡོ་རྗེའི་ལང་ཚོར་ཡོངས་སྨིན་ཞིང་། །བཞེད་དགུ་ད་ལྟ་ཉིད་དུ་འགྲུབ་གྱུར་ཅིག ། སྣང་མཐའི་སྒྱུ་འཕྲུལ་འགྲོ་བའི་མགོན་པོ་མཆོག །གང་གི་ཡང་སྲིད་འཁྲུལ་མེད་ངེས་རྙེད་དེ། །སེང་ཆེན་བརྒྱད་ཀྱིས་བཏེགས་པའི་རིན་ཆེན་ཁྲིར། །མངོན་པར་འགྱིང་བའི་དགྱེས་ཞལ་མངོན་མཇལ་ཤོག །བདག་ཀྱང་སྐྱེ་བ་ཀུན་ཏུ་དགེ་བའི་བཤེས། །མི་ཕམ་འཇམ་དབྱངས་ལྟ་བུས་རྗེས་བཟུང་སྟེ། །ཟབ་རྒྱས་དེ་ཉིད་གསལ་བར་འབྱེད་པ་ལ། གཟུངས་སྤོབས་ཤེས་རབ་མཆོག་གི་གཏེར་གྲོལ་ཤོག ། འོག་མིན་ཞིང་ནའང་སྙན་པའི་གྲགས་པ་འབར། །བློ་བཟང་སྨྲ་བའི་ཉི་མ་འོད་སྟོང་ཅན། །གང་གི་ལུགས་བཟང་གསེར་སྦྱངས་བཙོ་མའི་རི། །བསྐལ་བའི་སྲིད་དུ་གཡོ་བ་མེད་པར་ཤོག ། མ་དག་མཐའ་ཡས་འཇིག་རྟེན་ཁམས་ཀུན་ན། །བདེ་བའི་ནོར་གྱིས་ཕོངས་པའི་ཨ་མ་རྣམས། །སྡུག་བསྔལ་རྒྱུ་བཅས་བྱང་ཞིང་དག་གྱུར་ནས། །གཏན་གྱི་བདེ་བའི་དཔལ་ལ་སྤྱོད་གྱུར་ཅིག ། འཛམ་གླིང་འཛིན་མའི་ཁྱོན་ན་ཤཱཀྱའི་སྲས། །སྡོམ་གསུམ་རྣམ་དག་ཆུ་ཤེལ་གསར་བའི་ཕྲེང་། །རྣམ་དག་བཤད་སྒྲུབ་གཙང་མ་ལྷུར་ལེན་པས། །དུས་མཐའ་འདིར་ཡང་ཐུབ་བསྟན་རྒྱས་གྱུར་ཅིག ། མཁའ་མཉམ་འགྲོ་བའི་སྙིང་གི་བུམ་པ་ལ། །དྭངས་བསིལ་བྱམས་དང་སྙིང་རྗེས་ཆུས་གང་སྟེ། །ནད་མཚོན་མུ་གེ་བསྐལ་བའི་མིང་ཙམ་ཡང་། །འཛིན་མའི་ཁྱོན་ན་གྲགས་པར་མ་གྱུར་ཅིག །མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་དང་། །རྒྱུ་འབྲས་སླུ་མེད་རྒྱ་མཚོའི་བདེན་བྱིན་གྱིས། །གང་བཏབ་སྨོན་ལམ་རྒྱ་མཚོ་འགྲུབ་གྱུར་ཅིག ། ཅེས་མདོ་སྔགས་ཡོངས་རྫོགས་ལ་ཐོས་བསམ་སྒོམ་པ་བྱང་ཆུབ་པའི་སེར་བྱེས་དགེ་བའི་བཤེས་གཉེན་ཆེན་པོ། ལྷ་ལྡན་སྨོན་ལམ་རབ་འབྱམས་པ་༧ཐུབ་བསྟན་དམ་པའི་ཞལ་སྔ་ནས་ཀྱི་རྣམ་ཐར་རྟོགས་བརྗོད་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་འདི་ནི། མགོན་པོ་གང་གི་སློབ་བུ་དད་བརྩོན་རྣམ་དཔྱོད་ཡངས་པ་བློ་བཟང་རྡོ་རྗེ་ནས་སྲིད་དུ་རིང་བའི་ལྷ་དར་ཆེ་ལེགས་བཅས་ཕྲན་ལ་རྩོམ་སྐུལ་ཡང་ཡང་བྱས་པའི་ངོར། མདོ་སྨད་བྱ་ཁྱུང་བ་ཤར་གདོང་སྐྱེ་མིང་བློ་བཟང་བཤད་སྒྲུབ་རྒྱ་མཚོས་སྤྱི་ལོ་༡༩༩༣ལོའི་ཧོར་ཟླ་༡༢ཚེས་༨ལ་པེ་ཅིན་ནུབ་ཕྱོགས་ཀྱི་དགོན་པ་སེར་པོར་བྲིས།།།།
|