གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། འཛིན་གྲྭའི་ཀྲུའུ་རིན་གྱིས་ངེས་པར་དོ་སྣང་དགོས་པའི་བྱ་ཐབས་འགའ།
སྤེལ་དུས།2009-06-03   ཡོང་ཁུངས་།མཚོ་སྔོན་བོད་ཡིག་གསར་འགྱུར།    རྩོམ་པ་པོ། ལྷ་སྒྲོན་མཚོ།
         འཛིན་གྲྭའི་ཀྲུའུ་རིན་གྱིས་ཇི་ལྟར་བགྱིས་ན་ད་གཟོད་སློབ་མའི་ཕྱོགས་ཡོངས་ཀྱི་སློབ་གསོའི་སྤུས་ཚད་མཐོར་འདེགས་བྱུང་བ་དང་།འཛིན་གྲྭའི་བདག་གཉེར་གྱི་བྱ་བའི་ཐད་གྲུབ་འབྲས་ངེས་ཅན་ཞིག་འཐོབ་ཐུབ་ཅེ་ན། བདག་གིས་གཤམ་ནས་འདིའི་སྐོར་ཅུང་ཙམ་གླེང་བར་བྱ།

དགེ་སློབ་བར་ལ་བརྩེ་སེམས་ཡོད་དགོས།དགེ་སློབ་བར་གྱི་བརྩེ་སེམས་ནི་མ་བུ་བར་གྱི་བརྩེ་སེམས་དང་འདྲ་བར་ཕན་ཚུལ་ལ་ཡིད་ཆེས་དང་རོགས་རམ་བྱེད་དགོས་པ་མ་ཟད།དགེ་རྒན་གྱི་སློབ་མ་ཡོངས་ལ་བརྩི་འཇོག་དང་ཤེས་རྟོགས།འདྲ་མཉམ་གྱི་ལྟ་ཚུལ་བཅངས་ཏེ་ཁོ་ཚོ་དང་མཉམ་དུ་རྩེད་མོ་སོགས་ཀྱི་ལས་ལ་ཞུགས་ནས་ཕན་ཚུན་བགྲོ་གླེང་བྱས་ཚེ།སློབ་མས་དགེ་རྒན་གྱིས་བཤད་པའི་སྐད་ཆ་སོགས་ཡིད་ལ་འཛིན་ཐུབ་པ་།སློབ་མའི་སེམས་ཁམས་ལའང་འགྱུར་ལྡོག་བྱུང་ནས་གོམས་གཤིས་མི་ལེགས་པ་དག་རང་ཤུགས་ཀྱིས་འགྱུར་ངེས་ལ།ད་དུང་དགེ་རྒན་ནི་རང་གི་བློས་ཐུབ་ཀྱི་གྲོགས་པོ་བཟང་པོ་དང་དགེ་རྒན་ཡག་པོ་ཞིག་ཏུ་བརྩིས་ནས་ཅི་གསུང་དང་དུ་ལེན་པ་མ་ཟད་ཁོ་ཚོའི་སློབ་སྦྱོང་གི་དགའ་སྣང་ཡང་ཇེ་ལེགས་སུ་འགྲོ་ཐུབ་པ།

འཛིན་གྲྭའི་ལས་བྱེད་པ་འདེམ་བསྐོ་བྱེད་པར་མཁས་དགོས།འཛིན་གྲྭའི་ལས་བྱེད་པ་ནི་འཛིན་གྲྭའི་ཀྲུའི་རིན་གྱིས་འཛིན་གྲྭའི་བྱ་བ་ལེགས་པར་བསྒྲུབ་པའི་ཟམ་པ་ལྟ་བུ་ཞིག་ཡིན།ཁོ་ཚོ་ནི་དགེ་རྒན་དང་སློབ་མ་བར་གྱི་འབྲེལ་འདྲིས་དུས་དང་རྣམ་པ་ཀུན་ཏུ་དམ་པོར་སྦྲེལ་བར་བྱེད་མཁན་ཡིན་པས།འཛིན་གྲྭའི་ལས་བྱེད་པ་འདེམ་བསྐོ་བྱེད་སྐབས་སུ་འཛིན་གྲྭའི་ཀྲུའུ་རིན་གྱིས་སློབ་མ་ཡོངས་དང་མཉམ་དུ་ཀུན་སྤྱོད་བཟང་བ།འཁུར་སེམས་ཆེ་བ།སློབ་སྦྱོང་ལ་ནན་ཏན།སློབ་འབྲས་ལེགས་པ།དགེ་བཀུར་སློབ་བྱམས་དང་སློབ་གྲྭའི་ཕྱི་ནང་ཀུན་ཏུ་རང་རྟོགས་ཀྱིས་སློབ་གྲྭ་དང་འཛིན་གྲྭའི་སྒྲིག་ལམ་སྣ་ཚོཊ་བརྩིས་སྲུང་བྱེད་པ་ཞིག་བསྐོས་རྗེས།ལས་བྱེད་པ་རེ་རེར་ལས་འགན་དང་འགན་ཁུར་དམིགས་ཚད་གཏན་འཁེལ་བྱེད་དགོས།ལས་འགན་བསྒྲུབ་རྒྱུའི་གོ་རིམ་ཁྲོད་དུའང་ཁོ་ཚོར་ཡིད་ཆེས་དང་རྒྱབ་སྐྱོར།གཟེངས་བསྟོད་དང་སྐུལ་སློང་བྱས་ན།འཛིན་གྲྭའི་སློབ་སྲོལ་དང་སྒྲིག་ལམ་གཙང་སྦྲ།སྤྱི་རྫས་བདག་གཉེར།སློབ་གྲོགས་བར་གྱི་འགྲིག་མཐུན་བཅས་ཕྱོགས་གང་ཐད་ནས་ཡར་རྒྱས་འབྱུང་བར་གདོད་མི་ཟ།

བསླབ་ཚན་དགེ་རྒན་དང་འབྲེལ་བ་དམ་པོ་འཛུགས་དགོས།འཛིན་གྲྭའི་ཀྲུའུ་རིན་གྱིས་བསླབ་ཚན་དགེ་རྒན་གྱི་གཞོགས་འདེགས་དང་རོགས་སྐྱོར་ལ་བརྩོན་ལེན་བྱས་ཏེ་དུས་རྒྱུན་ཏུ་བསླབ་ཚན་སོ་སོའི་དགེ་རྒན་ལ་འབྲེལ་གཏུག་དང་འབྲེལ་བ་དམ་པོ་བཅོས་ནས་རང་གི་སློབ་མར་རྒྱུས་ལོན་བྱེད་རྒྱུ་ལས་གཞན་ཁོ་ཚོ་དང་ཆབས་ཅིག་ཕྱོགས་གང་ཐད་ནས་རོགས་རམ་དང་སློབ་གསོ་བཏང་སྟེ་སློབ་མའི་སློབ་སྦྱོང་གི་དམིགསག་ཡུལ་གསལ་བོ་ཡོང་བ་དང་།   སློབ་སྲོལ་ཇེ་ཡག་ཏུ་གཏོང་བ། སློབ་སྦྱོང་གི་རྣམ་འགྱུར་དྲང་ཞིང་། སློབ་འབྲས་མཐོར་འདེགས་ཡོང་བར་བྱེད་རྒྱུ་ནི་འཛིན་གྲྭའི་ཀྲུའུ་རིན་གྱི་བྱ་བའི་བྱ་ཐབས་གཙོ་བོ་ཞིག་ཡིན།

ཁྱིམ་བདག་དང་འབྲེལ་འདྲེས་བྱ་དགོས།འཛིན་གྲྭའི་ཀྲུའུ་རིན་གྱིས་རྒྱུན་ཏུ་འབྲེལ་གཏུག་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་མའི་ཁྱིམ་བདག་དང་འབྲེལ་འདྲིས་བྱས་ཏེ།ཁྱིམ་ཚང་གི་གནས་ཚུལ་དང་ཁྱིམ་བདག་གི་རིག་གནས་ཆུ་ཚད།འཚོ་བའི་ཆ་རྐྱེན།བསམ་བློའི་གོ་རྟོགས་སོགས་ལ་རྒྱུས་ལོན་བྱས་ནས་སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་དང་།སློབ་གྲྭའི་ནང་གི་འགྲོ་འདུག་སྤྱོད་སྟངས་སོགས་ཁྱིམ་བདག་ལ་ངོ་སྤྲད་དེ་མི་འགྲིགས་དང་མི་ལེགས་ས་ནས་ཁྱིམ་བདག་ལའང་ཁ་ཏ་སློབ་གསོའམ་འཛིན་གྲྭའི་བྱ་བར་རྒྱབ་སྐྱོར་བྱེད་དུ་འཇུག་དགོས།ལྷག་པར་ད་ལྟའི་སློབ་མ་མང་ཆེ་ཤས་ནི་བུ་ཕྲུག་གཅིག་རྐྱང་ཡིན་པས་ཅུང་ཙམ་གཅེས་ལང་དུ་ཤོར་ཡོད་རྐྱེན།དགེ་རྒན་གྱི་ཁ་ལ་མི་ཉན་པ་དང་བསམ་བློའི་ཀུན་སྤྱོད་བཙོག་པ།སློབ་སྦྱོང་བྱེད་རྒྱུའི་སྤྲོ་སྣང་མེད་པས་ཕ་མ་ཡིས་ཀྱང་ཆུང་དུས་ནས་རང་ཚུགས་ཀྱི་སྙིང་སྟོབས་དང་དཀའ་སྤྱད་སྙིང་རུས་བསྐྱེད་དགོས་པའི་སློབ་གསོ་གང་མང་བཏང་སྟེ་དགེ་རྒན་དང་མཉམ་འབྲེལ་གྱིས་སློབ་མར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཏེ་ཆུང་དུས་ནས་བསམ་བློའི་སྤུས་ཚད་བཟང་པོ་ཞིག་ཆགས་སུ་འཇུག་པར་སློབ་གསོ་གཏོང་རྒྱུར་གལ་ཆེ།

         རྗེས་ལུས་སློབ་མར་བཅངས་པའི་ལྟ་ཚུལ་འགྱུར་དགོས།དུས་རྒྱུན་དུ་དགེ་རྒན་ལ་ལས་སློབ་མ་བཟང་པོར་དགའ་མགུ་བྱེད་པ་དང་རྗེས་ལུས་སློབ་མར་མི་རངས་པའི་རྣམ་འགྱུར་སྟོན་པ་པས།འཛིན་གྲྭའི་ཀྲུའུ་ཀྲུའུ་རིན་གྱིས་འཛིན་གྲྭའི་སྒྲིག་ལམ་ལག་བསྟར་བྱེད་སྐབས་ངེས་པར་དུ་དྲང་སྙོམ་ཡིན་དགོས།དེ་ལྟར་མིན་པར་རྗེས་ལུས་སློབ་མ་རེ་རེ་ངོས་འཛིན་དང་རྒྱུས་ལོན་གསལ་བོ་མ་བྱས་ཏེ་མིག་ལ་མི་རན་ཞིང་ཁ་ཡ་མི་བྱེད་ལ།གྲོགས་མེད་ཁེར་རྐྱང་དུ་ཕུད་ཚེ་ཇེ་ངན་དུ་གྱུར་ནས་གནོད་པ་ཐེབས་སྲིད་པས་འཛིན་གྲྭའི་ཀྲུའུ་རིན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་བྱ་སྤྱོད་དང་སློབ་སྦྱོང་།ཀུན་སྤྱོད།འཚོ་བ་བཅས་ལ་ལྟ་རྟོག་དང་བྱམས་དང་སྙིང་རྗེ་ཡི་སེམས་ཀྱིས་རོགས་རམ་བྱས་ནས་དཀའ་ངལ་སེལ་ཐབས་བྱེད་ཅིང་།སྐྱིད་སྡུག་མཉམ་རོལ་དང་བྱ་བ་ཆུང་ཆུང་ངམ་སློབ་སྦྱོང་གི་བྱ་འགུལ་ཁྲོད་ནས་ལེགས་ཆ་རྙེད་རྒྱུའི་གོ་སྐབས་བསྐྲུན་དགོས་པ་དང་།ལེགས་ཆ་རྙེད་པར་བརྟེན་ནས་གཟེངས་བསྟོད་དང་སློབ་མ་གཞན་གྱི་མདུན་དུ་ཡིད་ཆེས་སམ་གྲུབ་འབྲས་ཐོབ་པའི་དགའ་སྤྲོའི་བྲོ་བ་ཉམས་སུ་མྱོང་བར་བཅུག་ན།རྗེས་ལུས་སློབ་མའི་སེམས་སུ་དགེ་རྒན་ནི་རང་གི་ཕ་མ་ལྟ་བུ་ཡིན་པའི་འདུ་ཤེས་སྐྱེས་ཏེ། རྗེས་ཕྱོགས་ཀྱི་སློབ་སྦྱོང་དང་ཕྱོགས་གང་ཐད་ནས་ཡར་རྒྱས་ཡོང་ངེས་།།

                                                                             རྩོམ་པ་པོ་ནི་ན་གོར་མོ་གྲོང་ཁྱེར་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་ཡིན།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060