གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། སློབ་འབྲིང་སློབ་མའི་ཀུན་སྤྱོད་སྐོར་ཟུར་ཙམ་གླེང་བ།
སྤེལ་དུས།2009-09-14   ཡོང་ཁུངས་།   རྩོམ་པ་པོ། མཆོག་བྷོ།

    ད་སོ་དམའ་འབྲིང་གི་སྐས་རྐང་ལ་རྡོག་པས་མནན་མ་ཐག་པའི་སློབ་མ་ཞིག་ཡིན་ན། ཤེས་བྱ་ལ་ཐོག་མའི་བག་ཆགས་དང་རྨང་གཞི་འདིང་བའི་དུས་སྐབས་ཡིན་པས། ནར་སོན་བཞིན་པའི་བསམ་བློ་ལ་གཡོ་འགུལ་ཐེབས་སླ་བའི་དུས་སྐབས་ཤིག་ཀྱང་རེད། སྐབས་འདིར་སློབ་མའི་རྒྱུད་ལས་སྐྱོན་སྣ་གཅིག་འགྲིབ་པ་དང་ཡོན་ཏན་སྣ་གཅིག་འཕེལ་བའི་དགེ་ལེགས་ཐམས་ཅན་ཀྱི་འབྱུང་གནས་ནི་དམ་པའི་གཤིས་ཀ་ཡིན་གསུང་བ་བཞིན། དགེ་རྒན་གྱིས་མཛུབ་སྟོན་འོག་རང་གི་ལུས་ངག་ཡིད་གསུམ་གྱི་བདག་པོ་རང་ཉིད་ཨེ་ཉན་ལ་འབད་བརྩོན་བྱེད་དགོས།

    ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ལས་དང་བྱ་བ་གང་ཞིག་བསྒྲུབ་པའམ་མི་སུ་དང་སུ་ལ་འབྲེལ་འདྲིས་བྱེད་པ་གོ་རིམ་བརྒྱུད་དུས།ང་ཚོ་ཐོག་མར་ཕ་རོལ་བོ་གང་དེའི་མིག་ལམ་ལ་བཤམ་སྟོན་བྱེད་རྒྱུ་རང་གི་ལུས་པོ་སྟེ་ཕྱི་ཡི་གཟུགས་བརྙན་ཙམ་རེད།མི་ལ་ལ་ཞིག་གི་ཕྱིའི་ལྭ་བ་གྱོན་སྟངས་དང་གོམ་པ་སྤོ་སྟངས།ཁ་མིག་གི་རྣམ་འགྱུར་སོགས་ལུས་ཀྱི་ཆ་ནས་རེ་རེ་ལས་མིའི་སེམས་ལ་མི་འབབ་པའམ་མིག་ལ་མི་རན་པའི་སྣང་བ་སྟེར་ཞིང་དེས་རང་གིས་བསྒྲུབ་འདོད་པའི་བྱ་བ་དང་རེ་བ་ཡོད་ཚད་ལ་བར་ཆད་གཏོང་བའི་བཀག་རྡོ་ལྟ་བུར་འགྱུར་འགྲོ་བས།སྨྲ་ཤེས་ཤིང་དོན་གོ་བའི་མི་སྟེ་ཡང་ན་སློབ་གསོ་མྱོང་བཞིན་པའི་མི་ཞིག་ལ་མཚོན་ན་ཐོག་མར་རང་གིས་ལུས་པོ་ལེགས་པར་འདུལ་དགོས།རྒྱལ་སྲས་ཞི་བ་ལྟའི་སྤྱོད་འཇུག་ལས་མི་བོ་ཅིག་གི་ལུས་འདི་ནི།། བཀོལ་བར་བྱ་བ་ཉིད་དུ་ཤད།། འདི་ལ་གླ་དངན་བྱིན་ནས་ནི།། ད་ནི་རང་གི་དོན་བྱེད་ཆུགས།། ཕན་པ་མེད་པར་འདི་ལ་ནི།། ཐམས་ཅད་སྦྱིན་པར་མི་བྱའོ།། ཁྱོད་ཀྱི་མི་གཙང་བཟའ་མི་རུང་།། ཁྲག་ཀྱང་བཏུང་དུ་མི་རུང་ན།། ལུས་ཀྱིས་ཁྱོད་ལ་ཅི་ཞིག་བྱ།། ཞེས་རང་གི་ལུས་འདི་ཕ་མས་བསྐྲུན་ཏེ་སྐྱེད་སྲིང་བྱས་པ་ཡིན་པས་རང་ཉིད་ནར་སོན་པའི་གོ་རིམ་ཁྲོད་དུ་ཕྱིར་རང་ཉིད་དང་། རང་གི་ཕ་མ། གཉེན་ཉེ་སྤུན་ཟླ། མི་རིགས་དང་རྒྱལ་ཁབ་སོགས་ལ་སྲི་ཞུ་བསྒྲུས་ཏེ་རང་གི་མི་ལུངས་ཐེངས་ཤིག་བླངས་པ་ལ་དོན་ཡོད་བྱ་དགོས་པའི་གནས་ལུགས་བསྟན་ནས་ཕྱི་ལུས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཡག་ཐོག་ཡག་བརྩེགས་དང་ལྕགས་ཐོག་རྣོ་བཞག་གི་ཚུལ་གྱི་ལུས་ཀྱི་མི་དགེ་བ་སོགས་སྤངས་དགོས་པའི་སློབ་སྟོན་གནང་འདུག

    ང་ཚོ་སློབ་གྲྭར་འགྲིམ་དགོས་པའི་རྒྱུ་མཚན་ཡང་རང་གི་རྒྱུད་ལ་ཡོན་ཏན་ཞིག་འབྱོར་འདོད་པའི་ཆེད་དུ་ཡིན་ཡང་མཐར་གཏུགས་ན་དེ་ཁོ་ན་ཙམ་མ་རེད།རང་ཉིད་ལ་ཚུལ་མཐུན་གྱི་མི་གཤིས་ཀྱི་ཤིག་གསོ་སྐྱོང་བྱེད་པའི་ཆེད་དུ་རང་ཉིད་ཕ་རོལ་པོ་སྟེ་ཅིང་ཡང་མི་ཤེས་པའི་རྨོངས་པ་ལས་བརྒལ་དགོས་པའི་ཆེད་དང་།རང་ཉིད་ཀྱི་མ་རུང་བའི་ཐ་ཤལ་སྤྱོད་པ་འདོར་ཐུབ་པའི་ཆེད་དུ་རེད།དེ་ལྟར་སློབ་གྲྭའི་སློབ་གསོ་སྟེ་དགེ་རྒན་མང་པོ་ཞིག་གི་བདམས་ངག་གི་བདུད་རྩི་བཏུང་སྟེ་རང་ལུས་ཀྱི་བྱ་སྤྱོད་ངན་པ་གཙང་བཀྲུ་བྱ་རྒྱུ་ཧ་ཅང་གལ་ཆེ་སྙམ།སྤྱིར་སློབ་མ་ནི་དུས་རབས་ཀྱི་ཉི་ཟེར་དང་འབྱུང་འགྱུར་གྱི་བདག་པོ་ཡིན་པས་རང་གིས་རང་ཉིད་ལ་རེ་བ་ནན་མོ་དང་ཕུགས་བསམ་བརྟན་པོ་ཞིག་འཛིན་དགོས།།

                                       རྩོམ་པ་པོ་ནི་ཐུན་ཏེ་རྫོང་སློབ་འབྲིང་གི་དགེ་རྒན་ཡིན།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060