གནས་ཡུལ། མདུན་ངོས། དཔྱད་རྩོམ།
 
 
༄༅།། ཉམས་དམས་སུ་འགྲོ་བཞིན་པའི་བོད་སྐད་ཡིག
སྤེལ་དུས།2015-07-10   ཡོང་ཁུངས་།   རྩོམ་པ་པོ། ནག་ཀྱཱ་བ་ཤ་བོ་ཚེ་རིང་།
        གཅིག ཀློག་གི་ཆ་ནས་བརྗོད་པ།
        རང་རེ་རྣམས་ཀྱིས་ཡི་གེ་ལ་མཚན་ཉིད་འཇོག་དུས། སྐད་ཀྱི་གདངས་ནི་ཡི་གེ་སྟེ། ཞེས་འབྱུང་བ་ནང་བཞིན། ཡི་གེ་ནི་སྒྲ་ལ་བརྟེན་ནས་བྱུང་བ་ཡིན་པས། ཡི་གེ་དག་དགོས་ན་ཐོག་མར་སྒྲ་དག་དགོས་པ་རེད། སྒྲ་དག་དགོས་ན་ཀློག་དག་དགོས་པ་ནི་ཆོས་ཉིད་ཅིག་རེད།
        དེས་ན་ཀློག་འདོན་ནི་སློབ་གྲྭ་ཆུང་འབྲིང་གི་དུས་ཀྱི་སློབ་གསོའི་མ་ལག་གཙོ་གྲས་ཤིག་ཡིན་ལ། ལྷག་དོན་སློབ་ཆུང་གི་དུས་རིམ་དུ་འབྲི་ཀློག་ཅེས་སློབ་ཚན་རེ་རེར་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པར་མ་ཟད། ཀློག་གི་ནུས་པ་འདི་ལ་དོ་ཁུར་ཡག་པོ་བྱེད་དགོས། ཀློག་ནི་བོད་སྐད་ཡིག་ལ་འཇུག་པའི་སྒོ་ཐེམ་དང་བོ་ཡིན་ལ། མགོ་ཀ་ཁ་ནས་དབུ་ཚུགས་ཏེ་བོད་སྐད་ཡིག་གི་སློབ་གསོ་གཉེར་བཞིན་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམ་པས་གཙིགས་ཆེན་བྱ་དགོས་པ་ཞིག་རེད། ཡིན་ན་ཡང་བོད་སྐད་ཡིག་གི་ཀློག་གི་ཐད་དུ་དཀའ་རྙོག་དང་གནད་དོན་མི་ཉུང་བ་ཞིག་འདུག་སྟེ།
        ༡ མིག་སྔར་མཁར་གྲོང་དང་གཞི་རིམ་གྱི་སློབ་གསོའི་ལས་གནས་སོ་སོ་རུ་ཀློག་གི་ནུས་པ་དང་དགེ་མཚན་སོགས་ལ་དོ་ཁུར་མ་བྱས་པར་ན་ཆུང་བྱིས་པ་ནས་དར་མའི་དུས་རིམ་གྱི་སློབ་གསོ་མྱོང་མཁན་མང་བོར་ཤུགས་རྐྱེན་མི་ལེགས་པ་མང་བོ་ཞིག་དངོས་སམ་བརྒྱུད་དེ་བསྐྲུན་ཀྱིན་ཡོད།
        ༢ སློབ་གསོ་དོ་དམ་པ་མང་བོས་སློབ་གསོའི་ཆོས་ཉིད་མ་རྟོགས་པར་ཀློག་གི་སྦྱོང་བར་མཐོང་ཆེན་མ་བྱས་པར་མ་ཟད། རང་གི་སྙན་གྲགས་དང་ལས་ཁོ་ན་བསམ་ཏེ། མགོ་ཁྲིད་ཀྱི་འཇོན་ཐང་དང་བཟང་ངན་སོགས་ཡོད་ཚད་སྐར་འབྲས་ཁོ་ནས་དབྱེ་འབྱེད་དང་དེ་ཉིད་ལ་སྐྱབས་དང་གཉེན་དུ་འཆའ་བའི་ལྟ་བ་ངན་པ་འདིས་ཤུགས་རྐྱེན་འདྲ་མིན་བཟོ་བཞིན་ཡོད།
        ༣ དགེ་རྒན་ཀྱིས་ཀྱང་ཡིག་རྒྱུགས་དང་འབྲེལ་བའི་ལས་ཉི་ཚེ་བ་ཁོ་ན་དོན་དུ་གཉེར་བཞིན་ཡོད་ལ། ལྷག་དོན་ང་ཚོའི་བོད་སྐད་ཡིག་གི་རྒྱུགས་གཞི་ནི་སྟོབས་ལྡན་མི་རིགས་ནང་བཞིན་སྒྲོམ་གཞི་འཐུས་ཚང་ཞིག་ཁྱོན་ནས་མིན། ཀློག་གི་ནུས་པའི་ཐད་ནས་སློབ་གྲྭ་གང་འདྲ་ཞིག་ལའང་ཚད་གཞི་ཞིབ་ཚགས་ཅན་གྱི་རྒྱུགས་ལེན་སྟངས་ཤིག་རྩ་བ་ནས་ཆགས་ཐུབ་ཀྱིན་མེད་པ་བཅས་རྒྱུ་མཚན་འདི་དག་ལ་བརྟེན་ནས་འཐུས་ཤོར་རབ་དང་རིམ་པ་བྱུང་བ་དང་། ད་ལྟ་སྤྱི་ཚོགས་འཕེལ་རྒྱས་ཀྱི་རླབས་རྒྱུན་དྲག་པོའི་ཁྲོད། རིག་ཚན་གསར་བ་དང་ཚོང་རྫས་གསར་བ། ཡོ་བྱད་གསར་བ། ཐ་ན་བརྙན་ལམ་དང་དྲ་ལམ། སྐར་ཚོམས་ཀྱི་སྒང་ན་འབྱུང་བཞིན་པའི་འགུལ་རིས་སྣ་ཚོགས་སོགས་ཀྱིས་ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་དག་གིས་མི་རིགས་རང་གི་སྐད་དང་རིག་གནས་རྒྱུད་འཛིན་བྱ་བར་འཇིགས་སྣང་ཚབས་ཆེན་སྐུལ་བཞིན་ཡོད་པས། མི་རིགས་གཞན་གྱི་བརྡ་ཆད་གསར་བ་མང་བོ་ཞིག་བྱིས་པ་ལྟ་ཅི། ཐ་ན་དར་མ་དང་ལོ་ལོན་བགྲང་གིས་མི་ཟིན་པའི་ངག་གི་སྒོ་མོ་ན་ཆུ་ལོག་བཞིན་བརྡོལ་ཀྱིན་ཡོད།
        དུས་རབས་དང་འཛམ་གླིང་གི་འཕེལ་རྒྱས་མིའི་བློ་ཡིད་དུ་ཤོང་ཐབས་མེད་པར་ཡར་རྒྱས་བླ་ལྷག་ཏུ་འབྱུང་བཞིན་པའི་ལོ་རྒྱུས་ཀྱི་སྐྱོག་མཚམས་གསར་བ་འདི་རུ། དུས་གསར་གྱི་རིག་ཚན་དང་བརྡ་ཆད་བགྲང་གིས་མི་ཟིན་པ་ཞིག་གོ་ལའི་ཡུལ་སྡེ་སོ་སོར་འཚང་ཁ་ཤིག་ཤིག་ཏུ་སུས་ཀྱང་འགོག་ཐབས་མེད་པར་ལྷགས་པ་དང་། བོད་ཀྱི་སྐད་དང་རིག་གནས་ཀྱི་སློབ་གསོའི་མ་ལག་འཐུས་ཚང་མིན་པས། མཁར་གྲོང་མང་བོ་ནས་སློབ་སྔོན་སློབ་གསོ་དེ་ཐད་ཀར་མི་རིགས་གཞན་གྱི་སྐད་རིགས་ལ་བརྟེན་ནས་མྱངས་པས། མི་རིགས་སྐད་ཡིག་གི་ཀློག་གི་ནུས་པ་གསོ་སྐྱོང་གི་ལས་ལ་འགས་གཏོར་ཆེན་པོ་ཞིག་ཐེབས་ཀྱིན་ཡོད་པས། ངས་བལྟས་ན་སློབ་ཆུང་གི་དུས་རིམ་ནས་ཀློག་ལ་དོ་སྣང་ལེགས་པོ་ཞིག་མ་བྱས་ན། མི་རིགས་སློབ་གསོའི་ལས་གཞི་རླབས་པོ་ཆེ་འདི་ལ་འཐུས་ཤོར་ཆེན་པོ་ཞིག་འབྱུང་བཞིན་འདུག
        བོད་རང་གི་མཁས་པ་སྔ་རབས་པ་དག་གིས་ཀློག་གི་ཆ་ནས་ཞིབ་འཇུག་མང་བོ་བྱས་ཏེ། ཡི་གེ་སོ་སོའི་སྐྱེ་གནས་བརྒྱད་དང་སྒྲ་འབྱིན་སྟངས། བྱེད་རྩོལ་དྲག་ཞན་བར་མ་རྣམས་གསལ་རྒྱས་སུ་བསྟན་ཡོད་ལ། ལྷག་དོན་སུམ་རྟགས་ཀྱི་དུས་རིམ་དུ་ཡི་གེ་ཕོ་མོ་མ་ནིང་སོགས་རྟགས་སོ་སོར་དབྱེ། དེ་ལའང་བྱེ་བྲག་གི་སྒྲ་གདངས་དྲག་ཞན་བར་མར་མང་དུ་དབྱེ་བ་དང་། ལྷག་དོན་བོད་རང་གི་ཡི་གེ་ནི་སྒྲ་སྦྱོར་ཡི་གེ་ཡིན་པས་སློབ་ཆུང་གི་དུས་ནས་ཡི་གེའི་སྦྱོར་བ་གསལ་དག་སྙན་གསུམ་དང་ལྡན་པའི་སྒོ་ནས་སྐྱོང་བྱ་སློབ་མར་ཁྲིད་དགོས་པར་མ་ཟད། དེ་ལ་དོ་སྣང་དང་གདེང་འཇོག་བླ་ལྷག་ཏུ་བྱ་དགོས།
        སྙན་འགྲེལ་དབྱངས་ཅན་དགྱེས་གླུར། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་ཕྱེས་ཏེ་བསྟན། །དེ་ནས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་བ་མེད་པར་བསྟན། ། ཞེས་བསྟན་ཡོད།
        རྒྱ་མི་རིགས་ལྟ་བུ་ལ་ཆ་མཚོན་ན་ཡང་། རྒྱའི་སྐད་ཀྱི་སྒྲ་གདངས་དག་མིན་དེ་དངོས་གནས་དྲང་གནས་ཀྱིས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། དཔེ་ཁྲིད་མི་སྐྱོང་བྱ་མཁན་གྱི་དགེ་རྒན་ཞིག་ཡིན་ན་ཡང་། སྐད་ཆ་དག་མིན་གྱི་ཆ་ནས་ཚད་ལེན་བྱེད་ཀྱིན་ཡོད་ལ། བླང་བྱ་ཡང་མང་བོ་འདོན་ཀྱིན་ཡོད། དེ་ནི་གཙོ་བོ་བྱིས་པ་རྣམས་ཀྱི་ཀློག་དང་སྐད་དག་པའི་ཆེད་རེད། དེས་ན་ང་ཚོའི་དགེ་རྒན་ལ་འདིའི་ཐད་ནས་བླང་བྱ་དང་ཚད་གཞི་འདོན་ཀྱིན་ཡོད་དམ། ཕལ་ཆེར་ཡོད་མི་སྲིད་པ་རེད།
        དབྱིན་ཇི་རྒྱལ་ཁབ་གྱིས་ཀྱང་འདིའི་ངོས་ཐད་ནས་དགེ་རྒན་ལ་བླང་བྱ་དང་ཚད་གཞི་རབ་དང་རིམ་པ་ཞིག་འདོན་ཀྱིན་ཡོད་ལ། ཁོ་རང་ཚོས་དགེ་སློབ་ཀྱི་ཀློག་གི་ཚད་གཞི་དེ BBC རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཆེས་ཚད་ལྡན་གྱི་སྒྲ་དེ་ལ་བསྟུན་ཀྱིན་ཡོད། རྒྱལ་ཁབ་འདིར་དག྄ེ་རྒན་གྱི་རེ་བ་མཐོ་བའི་ཁར། ཡོད་ཚད་ཆེད་གཉེར་དགེ་རྒན་དག་རེད། སློབ་ཁྲིད་ཀྱི་དུས་སུ་ཀློག་གི་ཐད་ནས་དཀའ་རྙོག་ལ་འཕྲད་ཚེ། དྲ་ལམ་དར་རྒྱས་ཆེ་ལ་སློབ་གསོའི་སྒྲོམ་གཞི་དང་མ་ལག་ཆ་ཚང་ཡིན་པས། ཀློག་གི་ཐད་ནས་ཐེ་ཚོམ་ཡོད་པ་དང་ཡང་ན་ཀློག་མི་ཤེས་པའི་ཡི་གེ་དེ་BBC དྲ་ལམ་ནས་བཏགས་ན། སྒྲ་སྦྱོར་དེ་གསལ་དག་སྙན་གསུམ་ཚང་བའི་སྒོ་ནས་རེ་རེ་ལམ་སང་འདོན་པ་རེད།
        ཨ་རི་ལྟ་བུ་ལ་མཚོན་ན་ཡང་དེ་འདྲ་རེད། ཡོ་རོབ་ཀྱི་རྒྱལ་ཁབ་འདི་དག་གི་སློབ་གསོའི་རེ་བསྙེགས་དང་ཚད་གཞི་ཤིན་ཏུ་མཐོ་བས། སློབ་སྔོན་སློབ་གསོའི་དགེ་རྒན་ཞིག་ཡིན་ན་ཡང་། ཆེད་གཉེར་ཡིན་དགོས་པའི་ཁར། བྱིས་གཉོར་ཁང་གི་སློབ་གཙོ་ནི་སློབ་གསོ་བྱ་བར་ཉམས་མྱོང་མི་འདྲ་བ་ལྡན་དགོས་ལ། བསླབ་གནས་ངེས་པར་དུ་རབ་འབྱམས་པ་ཡིན་དགོས་པ་རེད།
        ཀློག་ནི་སློབ་གསོ་དང་མི་རིགས་ཀྱི་སྐད་དང་རིག་གནས་ཀྱི་མ་ལག་གལ་ཆེན་ཞིག་ཡིན་པས། ཡི་གེའི་ཀློག་ལ་མྱུར་སྐྱོབ་དང་འགེབས་སྲུང་། དེ་ཉིད་ཚད་ལྡན་ཅན་དུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེ།
        རྗེ་ལམ་རིམ་པས། སྔོན་ཚེ་སྒྲ་སྦྱོར་བམ་གཉིས་པར། ། གཏན་ལ་ཕབ་པའི་སྐད་ཁོ་ནས། །བོད་ཁམས་ཡོངས་ལ་ཁྱབ་པའི་མཐུས། །ཆོས་སྲིད་དབུ་འཕངས་མཁའ་ལ་འཕྱུར། །ད་ནི་སྐད་ཡིག་འཕྱུགས་པའི་མཐུས། །རང་རིགས་གཞོན་སྐྱེས་ཕལ་མོ་ཆེས། ། གནའ་བོའི་རིག་གཞུང་ཀློག་ཙམ་ཡང་། །རྔོ་མི་ཐོགས་པའི་དུས་ལ་གཏུགས། །ཞེས་གསུངས་པ་ལྟར་རེད།
        སྐད་རིགས་ཀྱི་ཀློག་གི་ནུས་པ་ཉམས་དམས་སུ་འགྲོ་བཞིན་པའི་རྒྱུ་རྐྱེན་གོང་ནས་སྨྲས་ཟིན་པས། ད་ནི་སློབ་གྲྭ་མང་བོར་ཀློག་གི་གནས་སྟངས་རྟོག་དཔྱོད་དུ་བསྐྱོད་དེ་གཙོ་བོ་སློབ་ཆུང་གི་འཛིན་གྲྭ་མི་འདྲ་བར་སྒྲོག་འདོན་དང་༼དེ་ལའང་འཛིན་ཧྲིལ་དང་ཚོ་ཆུང་སྒྲོག་འདོན་གཉིས་སུ་བགར་བ ༽ དེ་ནས་ཁེར་འདོན། བློ་འདོན་བཅས་རིགས་མི་འདྲ་བར་བགར་ནས་སློབ་མའི་ཀློག་ལ་གསལ་དག་སྙན་གསུམ་ཚང་མིན་གྱི་ཐད་ནས་རེའུ་མིག་ཞིབ་ཚགས་ཤིག་བཟོས་ཏེ་སྐར་མ་བརྒྱབ། སྒྲ་ཕབ། ལ་འགར་བརྙན་བླངས་ནས་མི་སྒེར་དང་ཐུན་མོང་གིས་འཚོལ་ཞིབ་བྱས་པའི་གནས་ཚུལ་གཞིར་བཟུང་ན། སློབ་མའི་ཆ་ནས་ཡི་གེའི་རྨང་གཞི་དང་ར་བཏགས་ལ་བཏགས། སྔོན་འཇུག རྗེས་འཇུག ཡང་འཇུག་གི་སྦྱོར་སྟངས་ཀྱི་འགྲོས་མི་གསལ་ལ། གོ་རིམ་མེད་པ། ཚིག་གི་གཅོད་མཚམས་ངོས་ཀྱིན་མེད་པ། ཁ་མི་གསལ་བ། དག་མོ་མིན་པ། སྙན་ཆ་མི་ལྡན་པ། སློབ་ཚན་ལ་བྱང་ཆ་སོང་མེད་པ་སོགས་ཀྱི་གནད་དོན་མང་བོ་འདུག དེ་ལས་ཀྱང་ཧ་ལས་དགོས་པ་ཞིག་ནི། མཁར་གྲོང་གི་བྱིས་པ་དག་ལ་རྒྱའི་སྐད་ཀྱི་ཤན་ཞུགས་ཏེ་སྒྲ་སྦྱོར་ཡ་བྲལ་དུ་ལེན་པ་དང་དེ་ལ་རྒྱའི་སྐད་གདངས་ཀྱིས་བོད་སྐད་ཀྱི་སྒྲ་ལེན་བཞིན་འདུག དེ་ནི་དཔེར་ན་འབྲོག་ཁུལ་གྱི་བྱིས་པ་དག་གིས་རྒྱ་ཡིག་གི་སྒྲ་ལེན་དུས་བོད་སྐད་ཀྱིས་ལེན་པ་དང་གཅིག་མཚུངས་རེད།
        དེའང་ལྟོས་བཅས་ཀྱིས་ཀློག་གི་སྒྲ་སྦྱོར་དག་པའི་སློབ་མའི་སྒྲོག་འདོན་དང་ཁེར་འདོན། བློ་འདོན་བརྙན་དུ་ཕབ་ནས་སློབ་གྲྭ་དང་དགེ་རྒན། སློབ་མ་གཞན་ལ་མིག་དཔེའི་ཚུལ་དང་ཡང་ན་དེ་ཉིད་སློབ་གསོར་ཞིབ་འཇུག་བྱེད་པའི་རྒྱུ་ཆར་ཉར་ཡོད།
        གོང་གསལ་གྱི་གནད་དོན་འདི་དག་ནི་གཙོ་བོ་སློབ་གསོ་དོ་དམ་པ་དང་དགེ་རྒན་གྱི་བྱ་བའི་འཐུས་ཤོར་ཞིག་རེད། གཅིག་ན་འདི་ཉིད་གལ་ཆེན་ཞིག་ཏུ་མཐོང་ཀྱིན་མེད་པ་དང་། གཉིས་ན་འདི་ཉིད་ཚད་ལེན་ལ་གོང་བར་གསུམ་དུ་རྒྱུགས་གཞི་ཞིབ་ཚགས་མེད་པ། གསུམ་ན་གོང་མགོ་ཁྲིད་ནས་བར་དགེ་རྒན། འོག་སློབ་མ་ཡོངས་ཀྱིས་ཡིག་རྒྱུགས་ལ་སྲོག་བསྡོས་ཀྱིས་བརྩོན་ལེན་འཆའ་བཞིན་པ། བཞི་ན་འཛམ་གླིང་གི་འཕེལ་རྒྱས་མགྱོགས་དྲག་པ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་དང་ཁྱབ་ཁོངས་དོག་པ་བཅས་ཀྱིས་སྤྱི་ཆ་ནས་བོད་སྐད་ཡིག་གི་ཀློག་གི་ནུས་པ་ཉམས་དམས་སུ་གཏོང་བཞིན་པའི་གནད་དོན་ཆེན་པོ་ཞིག་ང་ཚོའི་མིག་མདུན་དུ་གསལ་ལྷང་ངེར་བཤམས་ཡོད་པས། ཀློག་གི་གནད་དོན་འདི་ལ་འགོར་འགྱངས་དང་ལྷོད་གཡེང་མེད་པར་ཉམས་ཞིབ་དང་དོ་སྣང་ལེགས་པོ་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སྙམ།
        གཉིས། བྲིས་ཀྱི་སྐོར་བརྗོད་པ།
        བོད་དུ་ཡི་གེ་བྱུང་བ་ནས་བྲིས་རྒྱུན་གྱི་སྲོལ་དར་བ་ནི་ཁོ་ཐག་ཡིན་པས། ལོ་རྒྱུས་ཡིག་ཚང་རྣམས་སུ་བཙན་པོ་སྲོང་བཙན་དང་ཐོན་མི་ཨ་ནུའི་བུ་སམ་བྷོ་ཊའི་ཡར་སྔོན་དུ་བོད་བྱིངས་ཀྱིས་བཀོལ་སྤྱོད་བྱ་མི་བཏུབ་པའི་ཡི་གེ་ཡོད་པར་བཤད། གང་ལྟར་བོད་རང་གི་ཡི་གེ་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཞིག་ཡོད་པ་རྩོད་མེད་རེད།
        བགྲང་བྱ་སྟོང་ཕྲག་མང་བོ་བར་བརྒལ་བྱས་འོང་བའི་མི་རིགས་ཤིག་གི་ཡི་གེའི་བྲིས་རྒྱུན་དེ་ཡང་མེད་པ་ནས་ཡོད་པ། ཡོད་པ་སྣ་འཛོམས་ཅན་དང་འཐུས་ཚང་ཅན་དུ་ཆགས་འོང་བ་ཞིག་ཡིན་པས། ཡི་གེའི་འབྲི་ལུགས་དང་ཁྱད་ཆོས་མི་འདྲ་བ་མུ་ཏིག་གི་དོ་ཤལ་ཆད་པ་ལྟར་མང་བོ་ཞིག་བྱུང་བ་དང་། ཡི་གེའི་བྲིས་རྒྱུན་ལའང་རྩ་བའི་ཆ་ནས་དབུ་ཅན་དང་དབུ་མེད། དབུ་ཅན་དང་དབུ་མེད་ལ་ཡང་དབུས་དང་ཁམས། ཨ་མདོ་སོགས་ས་གནས་དང་ཡུལ་གྲུ་མང་བོ་རུ་ཡི་གེ་བ་ནམ་མཁའི་སྐར་མ་བཞིན་བྱུང་བས། དེ་དག་གི་ཡི་གེའི་འབྲི་རྩལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་བོ་མངའ་བར་མ་ཟད། འབྲི་རྩལ་གྱིས་ཕྱུག་པའི་ཡིག་གཟུགས་མཐའ་དག་ནི་རང་རེའི་བོད་ཙམ་མ་ཡིན་པར་འཛམ་གླིང་ཤེས་རིག་བང་མཛོད་ཁྲོད་ཀྱི་གོ་གནས་གལ་ཆེན་ཟིན་པའི་ནོར་བུ་རིན་ཐང་དང་བྲལ་བ་དག་ཡིན་པ་རེད།
        ཨ་ལགས་ཤ་ངག་དབང་བསྟན་དར་གྱིས།མང་དུ་ཐོས་ཀྱང་འཆད་ལ་མི་མཁས་ན། །སྨན་གྱིས་དབུལ་བའི་སྨན་པ་མཁས་པ་བཞིན། །རྩོད་ལ་མཁས་ཀྱང་རྩོམ་ཚུལ་མ་ཤེས་ན། །ལྕེ་བརྒྱ་སྤྲུལ་ནས་སྨྲས་ཀྱང་ལྐུགས་པ་ཡིན། །རྩོམ་ལ་མཁས་ཀྱང་སུག་བྲིས་མི་འབྱོར་ན། །དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་སུག་བྲིས་ཀྱི་རིན་ཐང་འདི་ཤིན་ཏུ་གལ་ཆེ་ཚུལ་བསྟན་ཡོད།
        ཡིག་གཟུགས་ཀྱི་བྲིས་རྒྱུན་མཐའ་དག་ནི་བོད་ཀྱི་གཅེས་ནོར་དང་ཐུན་མོང་མ་ཡིན་པའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། འདི་ཉིད་རྒྱུད་འཛིན་དར་སྤེལ་བྱེད་རྒྱུ་ནི་ང་ཚོ་རྗེས་རབས་པ་རྣམས་ཀྱི་འགན་འཁྲི་གཙོ་བོ་ཞིག་ཡིན་ལ། ལྷག་དོནདཔེ་ཁྲིད་མི་སྐྱོང་བྱ་སའི་ཤེས་རིག་གི་འདུས་སྡེ་དགོན་པ་དང་སློབ་གྲྭ་ནས་ཡབ་མེས་གོང་མ་རྣམས་ཀྱི་ཕྱག་རྒྱུན་འདི་དག་འཕེལ་རྒྱས་སུ་དགོས།
        སློབ་ཆུང་གི་དུས་རིམ་ནས་ན་ཆུང་བྱིས་པ་རྣམས་ལ་བོད་རང་གི་ཡི་གེའི་བྲིས་རྒྱུན་ལེགས་པོ་འདི་གདུལ་བྱ་སློབ་མ་རྣམས་ཀྱི་བློ་ཁ་དང་འཚམས་པའི་སྒོ་ནས་བསླབ་ཁྲིད་བྱེད་རྒྱུ་ནི་རང་རེའི་དགེ་རྒན་རྣམས་ཀྱི་འགན་འཁྲི་ཆེན་པོ་ཞིག་ཡིན།
        འབྲི་ཀློག་ཅེས་སློབ་ཆུང་གི་བོད་ཡིག་བསླབ་ཚན་ཁྲོད་དམིགས་བསལ་གྱི་དོ་སྣང་བྱེད་དགོས་པར་བསྟན་ཡོད། ཡིན་ན་ཡང་སློབ་གསོའི་ལས་གནས་སུ་དགེ་རྒན་མི་ཉུང་བ་ཞིག་གིས་འདི་ཉིད་སྣང་མེད་དུ་བཞག་སྟེ། ན་ཆུང་སློབ་མ་རྣམས་ཀྱི་ཉིན་རྒྱུན་གྱི་ལས་བྱ་དང་དགེ་རྒན་རང་ཉིད་ཀྱིས་སློབ་ཁྲིད་ཁྲོད་ཀྱི་སྒོ་སམ་ཇུས་འགོད་སོགས་ལ་ཡིག་གཟུགས་ཀྱི་ཆ་ནས་དོ་སྣང་མི་བྱེད་པར་རང་སྣང་གང་དྲན་བྱེད་ཀྱིན་མཆིས།
        ཡང་དགེ་རྒན་མང་བོ་ཞིག་གི་རང་ཉིད་ཀྱི་བྲིས་དེ་ཚད་ལྡན་མིན་ལ། ལྷག་དོན་སློབ་མའི་ལས་བྱའི་ངོས་ནས་ཀྱང་བྲིས་ལ་མཐོང་ཆེན་བྱེད་ཀྱིན་མེད། སློབ་མར་བཀོད་སྒྲིག་བྱེད་པའི་ལས་བྱ་མང་ཆེ་ཤོས་ནི་བཤུ་འབྲི་ཅན་གྱི་ལས་བྱ་ཡིན་ལ། ཚད་བརྒལ་གྱིས་བཤུ་འབྲིའི་ལས་བྱ་སྟེ། དཔེར་ན། ཡིག་འབྲུ་གཅིག་ཤོག་གྲངས་གཅིག་དང་ཡང་ན་ཐིག་ཕྲེང་ལྔ་དང་དྲུག་སོགས་འབྲི་རུ་བཅུག ཡིན་ན་ཡང་དགེ་རྒན་མང་བོ་ཞིག་གིས་ལས་བྱའི་ཡིག་གཟུགས་ཀྱི་ཐད་ནས་དོ་སྣང་གཏན་ནས་བྱེད་ཀྱིན་མི་འདུག
        བཤུ་འབྲི་ལས་བྱའི་ངོས་ནས་ཀྱང་ཡིག་གཟུགས་ལ་མཐོང་ཆེན་ཡེ་ནས་བྱེད་ཀྱིན་མེད་པས། སློབ་མ ༧༠%ནས ༨༠%བར་གྱི་ལས་བྱར་ལྟ་དུས་དངོས་གནས་འཇིགས་ཡེར་ཞིང་སྐྱི་གཡའ་བའི་གནས་སུ་ལྷུང་འདུག ལས་བྱ་འདི་གྲས་ནི་གོང་རིམ་འགོ་ཁྲིད་ལ་དགེ་རྒན་རང་གི་བྱ་བའི་ལས་ཚད་སྟོན་བྱེད་ཀྱི་གད་སྙིགས་ཁོ་ནར་ཆགས་པ་ལས་དེས་སློབ་མ་རྣམས་ལ་ཕན་འདོགས་ཀྱིན་མེད་པར་གནོད་ཚབས་ཆེན་བསྐྱལ་བཞིན་འདུག རྒྱུ་མཚན་ནི་ཁོ་བོ་སྔོན་མར་སློབ་དཔྱོད་ལ་འགྲོ་སྐབས། ངས་ལས་བྱའི་ངོས་ཐད་ཀྱི་གནད་དོན་འདི་དག་གླེང་དུས། མི་རིགས་སློབ་གསོ་ལ་ཞེན་ཁ་ཡོད་པའི་ཁྱིམ་བདག་དང་དགེ་རྒན་རེ་གཉིས་ཀྱིས་བཤུ་འབྲིའི་ལས་བྱ་མང་དྲག་པས། ཁྱིམ་དུ་སློབ་མ་རེ་གཉིས་ཀྱིས་ལག་ཏུ་སྨྱུག་གུ་གཉིས་བཟུང་སྟེ་ལས་བྱ་འབྲི་བཞིན་ཡོད་པའི་སྣང་ཚུལ་ཡོད་པ་རེད།
        དེ་ནི་དགེ་རྒན་གྱིས་མིང་ཚིག་གཅིག་ཤོག་གྲངས་དང་ཡང་ན་ཐིག་ཕྲེང་མང་བོ་འབྲི་རུ་བཅུག་པས། སློབ་མ་ལ་གཅིག་ནས་སུན་སྣང་སྐྱེས་སུ་བཅུག་པ་དང་གཉིས་ནས་སློབ་མས་ཁྱིམ་དུ་ལས་བྱ་དུས་ལྟར་ཡོངས་འགྲུབ་བྱེད་ཐུབ་ཀྱིན་མེད་པས། གོང་གསལ་གྱི་སྣང་ཚུལ་དེ་བྱུང་བ་རེད། སྨྱུག་གུ་གཉིས་ཀྱིས་བྲིས་ན། འབྲི་ཐེངས་གཅིག་ལ་ཐིག་ཕྲེང་གཉིས་འབྲི་ཐུབ་ཀྱིན་ཡོད་པས། ཐབས་ཤེས་འདིི་མི་སྤྱོད་ཐུ་མེད་དུ་གྱུར་བ་རེད།
        ལས་བྱ་འདི་གྲས་ཀྱིས་སློབ་མའི་ཡིག་གཟུགས་སྔོན་ལས་མར་ཆགས་སུ་བཅུག་སྟེ། མི་རིགས་ཀྱི་སློབ་མའི་བྲིས་སམ་ཡིག་གཟུགས་ལ་གཏོར་བཤིག་དང་ཤུགས་རྐྱེན་མི་ཉུང་བ་ཞིག་འཇོག་ཀྱིན་ཡོད།
        དེས་ན་ང་ཚོའི་སློབ་མ་རྣམས་ཀྱི་ཡིག་གཟུགས་ཚད་ལྡན་ཅན་དུ་གཏོང་དགོས་ན། ནམ་རྒྱུན་གྱི་ལས་བྱའི་ཐད་ནས་བསླབ་བྱ་རིས་མེད་ཀྱི་དགེ་རྒན་རྣམ་པས་ཡིག་གཟུགས་ལ་དོ་སྣང་ཤུགས་ཆེན་མཛད་དགོས་པར་མ་ཟད། སློབ་ཆུང་གི་དུས་རིམ་ནས་བོད་ཀྱི་ཡི་གེའི་སྨྱུག་རིམ་ཁ་ཚང་ཁྲིད་དགོས་པར་མ་ཟད། ཡི་གེ་སྨྱུག་རིམ་ལྟར་འབྲི་བར་གོམས་སུ་འཇུག་དགོས།
        སྔོན་ཆད་དགེ་རྒན་མང་བོས་ཡི་གེ་སྨྱུག་རིམ་ལྟར་མ་བསླབ་པས། ད་ལྟ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་སློབ་མཐར་ཕྱིན་པའི་སློབ་མ་ཁྲི་ཕྲག་མང་བོའི་སྨྱུག་རིམ་དང་སྨྱུག་རིམ་གྱི་ཆེད་སྤྱོད་ཐ་སྙད་དག་རྟོགས་ཀྱིན་མེད་ལ། ད་ལྟ་ཡང་གནད་དོན་འདི་མུ་མཐུད་གནས་ཡོད་པ་རེད།
        ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །དེ་དག་མཚོན་བྱེད་རི་མོའི་རིག་བྱེད་དེ། ། ཕྲ་ཞིབ་ཡིག་གཟུགས་ཐོན་པ་ཤིན་ཏུ་གཅེས། །ཞེས་གསུངས་པ་ནང་བཞིན་བྲིས་སམ་ཡིག་གཟུགས་ལ་ངེས་པར་དུ་སློབ་གསོ་དོ་དམ་པ་དང་དགེ་རྒན་རྣམས་ཀྱིས་དོ་ཁུར་བྱ་དགོས།
        སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་སློབ་མའི་ཡིག་གཟུགས་ལ་མཐོང་ཆེན་དང་དོ་སྣང་བླ་ལྷག་ཏུ་བྱེད་དགོས་པ་དང་། སློབ་ཆུང་གི་དུས་རིམ་ནས་ཡིག་གཟུགས་དང་སྨྱུག་རིམ། དབུ་ཅན་དང་དབུ་མེད་པུར་དང་སྨྱུག་གུས་འབྲི་བ་རིམ་པ་བཞིན་སློབ་དགོས་ལ། ལྷག་དོན་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་དགོས་པར་མ་ཟད། ཡིག་རྒྱུགས་ཆེ་མ་ཆུང་གསུམ་གྱི་ཁྲོད་དུ་ཡིག་གཟུགས་ཀྱི་ཟིན་ཚད་འོས་ཤིང་འཚམས་པ་ཞིག་འཇོག་དགོས། དེ་ལྟར་བྱས་ན་ད་གཟོད་སློབ་མའི་ཡིག་གཟུགས་ཚད་ལྡན་ཅན་དུ་ཆགས་ཐུབ་ལ། མི་རིགས་སྐད་ཡིག་ཁྲོད་ཀྱི་ཤེས་རིག་གི་མ་ལག་རིན་ཐང་ལྡན་པ་ཞིག་ཀྱང་ང་ཚོས་རྒྱུན་འཛིན་དང་དར་སྤེལ་བྱ་ཐུབ་པར་སྙམ།
        དེ་ལས་ལྡོག་སྟེ་ཡིག་གཟུགས་ལ་ཐུན་མོང་གིས་དོ་ཁུར་དང་མཐོང་ཆེན། གདེང་འཇོག་ལེགས་པོ་ཞིག་མ་བྱས་ན། ང་ཚོས་ལོ་ངོ་ཕྲག་མང་བོར་བརྒྱུད་པའི་ཕ་མེས་ཀྱི་གཅེས་ནོར་འདི་མི་འགྱངས་པར་ཤུལ་མེད་རྗེས་མེད་དུ་གཏོང་ཁོ་ཐག་རེད། །
༢༠༡༥ལོའི་ཟླ༦ཚེས༩༠ལ།
རིན་ཆེན་གྱིས་བསྒྲིགས།
༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005