གནས་ཡུལ། མདུན་ངོས། དགེ་རྒན་གྱི་དཔུང་སྡེ།
 
 
༄༅།།དར་མདོ་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་རིག་འཛིན་བསྟན་སྲུང་གི་གནས་ཚུལ་སྐོར།
སྤེལ་དུས།2008-11-05   ཡོང་ཁུངས་།ཁམས་པའི་ཚགས་པར།   རྩོམ་པ་པོ། དགེ་འདུན་ཕུན་ཚོགས་གྱིས་བྲིས། འབྲུག་མོས་ཞུ་དག་བྱས།

                                            

 
       
སྟོན་ཟླ་ཐ་མའི་མདོ་དབུས་མཐོ་སྒང་ནི་གསེར་མདོག་གིས་སྤུད་པའི་འཇིག་རྟེན་ཞིག་རེད། མཚན་སྙན་གྱི་བ་དན་རང་ཏུ་གཡོ་བའི་དགེ་རྒན་རིག་འཛིན་བསྟན་སྲུང་ནི་ཉེ་ཆར་བྲེལ་བ་ཧ་ཅང་ཆེ་སྟེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྤྱི་ཚོགས་ཚན་རིག་སྐོར་གྱི་ཞིབ་འཇུག་ལས་གཞི་༤བསྒྲུབས་ཟིན། ངའི་ལག་ནང་ད་རུང་༢ཡོདཅེས་འཛུམ་དམུལ་གྱིས་གསུངས། ཁོང་ནི་བག་ཡངས་ཀྱིས་གནས་སྐབས་ཙམ་ཡང་སྡོད་ཁོམ་མེད་པར་སློབ་ཁྲིད་དང་རིག་གཞུང་ཞིབ་འཇུག་གི་བྱ་བ་གཅིག་ལྕོགས་ཏུ་བསྒྲུབ་མུས་སུ་མཆིས།

རིག་འཛིན་བསྟན་སྲུང་ནི་དར་མདོ་མི་རིགས་དགེ་འོས་སློབ་གྲྭའི་མཐོ་རིམ་འཆད་འཁྲིད་དགེ་རྒན་དང་དར་མདོ་མི་རིགས་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭའི་དགེ་རྒན་ཆེན་མོ་གཞོན་པ་རེད།

ཁོང་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོ་སྟེ་སྤྱི་ལོ་༡༩༥༨ལོར་མི་ཉག་རབ་སྒང་དུ་གཏོགས་པ་ས་ལ་དགེ་བཅུ་ཚང་བ། ཡུལ་བཀྲ་ཤིས་མང་བ། ས་གཞི་ཐམས་ཅད་བདེ་ལ་ཁོད་ཡངས་པ་སྤང་ལྗོངས་དང་མེ་ཏོག་གི་སྐྱེད་ཚལ་བཀྲ་བ། ཚད་པའི་ངད་ཆུང་བ། བྱ་རིགས་སྣ་ཚོགས་ཀྱིས་སྙན་པའི་སྒྲ་འབྱིན་པ་སོགས་ཕྱི་རོལ་ཡུལ་གྱི་བཀོད་པ་འོད་གསལ་ལྷ་ལ་འགྲན་པ་ལྟ་བུའི་མཛེས་ལྗོངས་ཕུན་སུམ་ཚོགས་པའི་དབུས་སུ་ཤར་བཞག་བྲ་ལྷ་རྩེ་ཞེས། གངས་རི་ཤེལ་དཀར་གྱི་མཆོད་རྟེན་འདྲ་བའི་གནས་མདུན་གྱི་ཉེ་ཞོལ་དཔལ་ལྷ་སྒང་གུ་རུ་ཐང་དུ་འབྲོག་སྡེ་གོ་རོ་མར་སྤྱིར་བཏང་གི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་པ་རེད། དགུང་ལོ་༨ཀྱི་ཐོག་ཏུ་མཚན་གྱི་སྙན་པ་ཤར་མི་ཉག་རབ་སྒང་དུ་གྲགས་པའི་གསེར་རྒྱ་སྒོ་བླ་མ་བསོད་བཟང་ཀློག་སློབ་པའི་དགེ་རྒན་བསྟེན་ནས་ཡི་གེ་འབྲི་ཀློག་གི་ལམ་དུ་གོམ་པ་སྤོ་འགོ་ཚུགས། ཁོང་ནི་སློབ་སྦྱོང་ལ་ཧུར་རུས་ཆེ་ཞིང་ལྷན་སྐྱེས་ཤེས་རབ་ཀྱི་དཔལ་འབར་བ། དགེ་རྒན་གྱིས་བསླབ་པ་ཐམས་ཅད་ཚེགས་མེད་དུ་མཁྱེན་པས། དགེ་རྒན་ཀྱང་ཁོང་ལ་ཐུགས་རབ་ཏུ་མཉེས། དབྱར་ཟླ་འབྲིང་པོའི་ཉིག་ཞིག་ལ། དགེ་རྒན་གྱིས་ཁོང་སྐུ་གམ་དུ་བོས་ནསང་ནི་མི་རྒན་ལ་མགོའི་ཉི་མ་རེད། ཁྱེད་ནི་རིག་པ་ཡག་ཅིང་ཧུར་རུས་ཀྱང་ཆེ་བས། མ་འོངས་པར་ལྷ་སྒང་རྩྭ་ཐང་གི་ཕར་མཐའ་བརྒལ་ཞིང་རྒྱལ་ཁམས་རིས་མེད་དུ་འགྲིམས་ནས་རིག་གནས་གང་མང་བརྩོན་ན་ཕན་པ་ཆེཞེས་གསུངས་ནས། དུས་ཡུན་མི་རིགང་བར་དགེ་བའི་བཤེས་གཉེན་ཆེན་པོ་བསོད་བཟང་ནི་སྐུ་མྱ་ངན་ལས་འདས་སོང་། ཡིན་ན་ཡང་ཁོང་གི་གསུང་མཆིད་ནི་རིག་འཛིན་བསྟན་སྲུང་གི་སེམས་ངོས་སུ་རྡོ་རྐོས་རི་མོ་ཇི་བཞིན་ནམ་ཡང་བརྗེད་མ་མྱངས་པ་དང་། དུས་དེ་ནས་བཟུང་། དགེ་རྒན་ཆེན་མོཞིག་ཏུ་འགྱུར་བའི་སྨོན་འདུ་ནི་ཁོང་གི་སེམས་དབུས་སུ་དོར་མ་མྱངས།

ལོ་ཟླའི་འཁོར་འགྲོས་བར་མེད་དུ་མདུན་དུ་བསྐྱོད་ནས་༡༩༦༦ལ་སླེབས། སྟབས་མ་ལེགས་པར་ཞིག་ལ། སྐྱེས་སྦྱོང་གཉིས་ཀྱི་རྒྱུ་ལ་བརྟེན་ནས་རིག་གནས་ཀྱི་ཆུ་ཚད་ནི་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པའི་སྒང་ལ། གློ་བུར་དུ་རིག་གནས་གསར་བརྗེ་ཆེན་པོའིདུག་རླུང་ཡང་ལྷ་སྒང་རྩྭ་ཐང་ཏུ་གཡོས་པས་བོད་ཡིག་ནི་རྙིང་བཞིའིགྲས་སུ་བཞག་ནས་རེ་ཞིག་ཁོང་ཉིད་སློབ་སྤྱོང་ནང་ཞུགས་པའི་གོ་སྐབས་དབེན། ཡིན་ན་ཡང། དེའི་སྐབས་སུ་རིག་འཛིན་བསྟན་སྲུང་གིས་རྐྱེན་ངན་ཐས་ཅད་མཐུན་རྐྱེན་དུ་བསྒྱུར་ནས་ཉིན་མོ་གཞུང་ལས་ཁང་གི་ལས་ཀ་ལས་ཤིང་མཚན་མོར་སྒྲོན་མེའི་འོད་ལ་བརྟེན་ནས་སྐམ་པས་ཆུ་འདོད་ལྟར་དཔེ་ལྟ་བྱས་པས། མི་རིང་བར་ཁོང་ནི་སྡེ་མི་སེར་གྱིས་མངོན་ལྐོག་གཉིས་སུ་གླེང་བའི་རིག་གནས་བ་ཆུང་ཆུངཞིག་ཏུ་གྱུར།

༡༩༧༦ལ་ལོ་བཅུའི་གོད་ཁ་མཇུག་བསྒྲིལ་ནས་རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་དང་འདྲ་བ་ལྷ་སྒང་རྩྭ་ཐང་དུ་ཡང་དཔྱིད་ཀྱི་དཔལ་ཡོན་ཤར། དེའི་དུས་ལྷ་སྒང་ཤང་ཏང་ཨུ་དང་སྲིད་གཞུང་ཁོང་གི་རིག་གནས་རྐང་རྩ་བཟང་ཞིང་མི་དམངས་ཀྱི་སློབ་གསོར་བློ་སེམས་དཀར་བར་ཤེས་རྟོགས་བྱུང་རྗེས་གོ་རོ་མ་སྡེ་བའི་དམངས་སྒྲུབ་དགེ་རྒན་དུ་བསྐོས། ན་ལོ་༢༠མ་སོན་པའི་རིག་འཛིན་བསྟན་སྲུང་ནི་ཚད་ལྡན་གྱི་སློབ་གྲྭར་འགྲིམ་མྱོང་མེད་མོད། འོན་ཀྱང་དཔར་ཁྲིད་དང་སློབ་མདོ་དམ་བྱ་རྒྱུ་ཚང་མར་ཐབས་ཁས་ཤིང་ངང་རྒྱུད་རིང་བས་ཤང་ཏང་ཨུ་དང་སྲིད་གཞུང་། སྡེ་མི་ཀུན་གྱིས་མགྲིན་གཅིག་ཏུ་བསྟོད་བསྔགས་བྱས། དེས་ཁོང་ལ་ངར་ཤུགས་ཀྱང་མི་དམན་བ་ཞིག་བསྣས་པས་རང་སྦྱོང་གི་ལས་ལ་ཡང་སེམས་དབུ་རྒྱུ་མེད་ལ་ལུས་ཐང་ཆད་རྒྱུ་མེད། སྐབས་འགར་དོགས་གཞི་རེ་འགའ་ཙམ་སེལ་བའི་ཆེད་དུ་ལེ་དབ་བཅུ་ཁའི་ལམ་ཐག་ལ་མ་འཛེམས་པ་དགེ་རྒན་བསྟན་སར་ཕྱིན་པ་དང་། དེའི་སྐབས་སུ་བླ་མ་པདྨ་ཆོས་དར་དང་སྤྲུལ་སྐུ་ཨ་དཔལ་གཉིས་ནི་ཁོང་གི་དོགས་གཅོད་ཀྱི་དགེ་མཆོག་ཏུ་གྱུར། ཞོར་དུ་རྡོ་ཡང་མང་པོ་བརྐོས་པས་རྡོ་རྐོར་མཁས་པར་གྱུར། དེས་ཁོང་རྗེས་སུ་ཡིག་གཟུགས་འབྲི་རྒྱུར་སྒྱུ་རྩལ་གྱི་བག་ཆགས་མི་དམན་པ་ཞིག་འཇོག

༡༩༨༢ལོའི་སྟོན་ཀར་རིག་འཛིན་བསྟན་སྲུང་གི་ལས་དབང་ལ་འགྱུར་ལྡོག་ཆེན་པོ་ཞིག་ཞིག་བྱུང་ཞིང་། ལོ་དེར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སྡེ་དགེ་རྫོགས་ཆེན་དུ་བཙུགས་ཤིང་སློབ་མ་བསྡུས་པས། ཁོང་ནི་རྒྱུགས་སྤྲོད་ནང་ཞུགས་བཞིན་དུ་བདེ་བླག་ངང་སློབ་གྲྭ་དེའི་ཐོག་མའི་སློབ་མར་གྱུར། སློབ་གྲྭ་ནང་ལོ་༤ཡི་རིང་དུ་མཁན་པོ་དིས་ཆུང་བློ་ཆོས་དང་། ཀ༔ཐོག་མཁན་རྒན་རྒྱལ་མཚན་འོད་ཟེར། ཨ་རིག་རྫའི་ཆོས་རྗེ་མཁན་པོ་པད་ཚེ། ཡར་ལུང་མཁན་པོ་བསོད་རིག ར་སྐོར་མཁན་པོ་ཐུབ་ནོར། བྲག་འགོ་དགེ་བཤེས་བློ་བཟང་དོན་འགྲུབ། གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ། དགེ་མང་མཁན་པོ་དབང་ལོ། སྐུ་ནུབ་མཁན་པོ་འོད་ཟེར། མདོ་སྒར་ཟླ་གསལ། ཁྱུང་པོ་བླ་མ་བདུད་འདུལ། རྩིས་མཁན་ཐུབ་དབང་སོགས་སྤྱོད་ཤེས་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་ཞིག་བསྟེན་ནས་བཅུ་ཕྲག་རིག་གནས་ལ་སློབ་གཉེར་མཛད་པས་ཕྱིན་ཆད་དགེ་རྒན་ཆེན་མོཞིག་ཏུ་འགྱུར་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང། ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཁོང་དར་མདོ་མི་རིགས་དགེ་འོས་སློབ་གྲྭར་ལས་བགོས་བྱས་ནས་དགེ་རྒན་གྱི་འགན་དངོས་སུ་བཞེས་པ་དང་ཁོང་ནི་ཤེས་རྒྱ་ཆེ་ཞིང་སློབ་ཁྲིད་ཀྱི་ཐབས་ལ་མཁས་པས་སློབ་མ་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ། དེ་ནི་ཁོང་གི་ཆུང་དུས་ནས་སེམས་དབུས་སུ་བཅངས་པའི་དགེ་རྒན་ཆེན་མོཞིག་ཏུ་འགྱུར་རྒྱུའི་འདུན་པ་མངོན་པར་འགྱུར་ཉེ་མཆིས། ཡིན་ན་ཡངདགེ་རྒན་ཆེན་མོཞིག་ཏུ་འགྱུར་དགོས་ན། སློབ་ཁྲིད་ཙམ་ཁོ་ན་ལ་མཁས་པས་མི་ཆོག་ལ། ད་རུང་རིག་གཞུང་ཞིབ་འཇུག་གི་ནུས་པ་ཡོད་དགོས་པའི་ངེས་ཤེས་ཀྱང་ཁོང་ལ་སྐྱེས།

༡༩༩༠ལོར་གོང་རིམ་གྱིས་ཁོང་མཚོ་སྔོན་སློབ་གསོ་སློབ་གླིངད་ལྟའི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོགི་ཕྱི་གླིང་སྐད་ཡིག་ཚན་ཁག་དུ་དབྱིན་ཡིག་སྦྱོང་སར་ལོ༣མངགས་ནས་དབྱིན་ཡིག་ཅུང་མཁས་པར་གྱུར། ༡༩༩༥ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་ལ་རྒྱུགས་འཕྲོད་དེ་ལོ་༢ལ་སློབ་གཉེར་བྱས་པས་དངོས་གཞིའི་མཐར་ཕྱིན་ལག་ཁྱེར་ལོན་པ་དང་སེམས་ཁམས་རིག་པ་དང་སློབ་གསོ་རིག་པ་སོགས་དེང་རབས་ཀྱི་རིག་ཚན་མང་པོ་ཞིག་དཔྱིས་ཕྱིན་པར་བསླབས། ༢༠༠༣ལོར་དར་མདོ་མི་རིགས་དགེ་འོས་སློབ་གྲྭ་དང་དར་མདོ་མི་རིགས་མཐོ་རིམ་དགེ་འོས་ཆེ་སྦྱོང་སློབ་གྲྭ་གཉིས་སློབ་གྲྭ་གཅིག་ཏུ་བསྒྱུར་པས་ཁོང་ནི་ཡང་སློབ་གྲྭ་དེའི་དགེ་རྒན་དུ་གྱུར།…

རིག་འཛིན་བསྟན་སྲུང་དགེ་རྒན་གྱི་ལས་ཀའི་ནང་དུ་ཞུགས་པའི་ཉིན་དེ་ནས་བཟུང་། སློབ་ཁྲིད་བྱེད་ཞོར་དུ་རིག་གཞུང་དང་ཚན་རིག་ཞིབ་འཇུག་གི་ལྡིངས་ཀར་མི་འཇིགས་པའི་ནུས་སྟོབས་ངོམས་པ་རེད།
        
རིག་འཛིན་བསྟན་སྲུང་གིས་རྒྱུན་པར་ངའི་ནུས་སྟོབས་ཀྱིས་མི་རིགས་རིག་གནས་ལ་འོད་སྣང་སྲིན་འབུའི་མེ་ཙམ་སྦྱིན་ཐུབ་ན། རང་གི་ལུས་ཕུང་ནི་སྣུམ་མར་དུ་འགྱུར་ཀྱང་བློ་ཕངས་མེདཅེས་སྨྲས། ལོ་༢༠ལྷག་ཙམ་གྱི་ནང་དུ། ཁོང་གིས་རིག་གནས་དང་སློབ་གསོའི་ཕྱོགས་སུ་སྟོབས་ཤུགས་ཆེན་པོ་ཕུལ། ཁོང་གིས་བསྐྱངས་པའི་སློབ་མ་ནི་མདོ་དབུས་ཁམས་གསུམ་དུ་ཁྱབ་ཡོད། སློབ་ཁྲིད་ཀྱི་ཞོར་དུ་ཁོང་གིས་སྔོན་རྗེས་སུ་དཔེ་ཆ་དང་སློབ་དེབ་༨བརྩམས་ནས་དཔར་སྐྲུན་བྱས་ཡོད་པ་དང་། མི་གཞན་དང་མཉམ་དུ་དཔེ་ཆ་དང་སློབ་དེབ་༡༠ཙམ་བསྒྲིགས་ནས་དཔར་སྐྲུན་བྱས། རྩོམ་གཞུང་དེ་དག་ལས་ཁོང་ཉིད་ཀྱིས་ཉེ་ཆེར་བརྩམས་པའི་ཡིག་གཟུགས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་རྣམ་བཤད་དུང་གི་ཟླ་བདང་གངས་ལྗོངས་དམ་ཆོས་རིན་ཆེན་གཏེར་བུམས་པཎ་དག་འགྲེལ་མུན་སེལ་སྒྲོན་མེསོགས་ལ་ཆེད་རམས་པ་རྣམས་ཀྱིས་གདེང་འཇོག་ཡག་པོ་གནང་བ་དང་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཆེན་པོར་བྱས་ཡོད་པ་རེད། ཁྱད་པར་དུབྲིས་ཀྱི་གཞུང་ལུགས་ཀྱི་རྣམ་བཤད་དུང་གི་ཟླ་བདཔར་སྐྲུན་བྱས་ཟིན་རྗེས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཐོགས་མེད་ལགས་ཀྱིས་གསུང་པར་ལྟར། ཞིབ་འཇུག་ལས་གཞི་འདིས་ད་སྔོན་བོད་གངས་ཅན་ལྗོངས་ལ་བོད་ཡིག་བྲིས་གཟུགས་ཀྱི་རིག་གཞུང་དང་ལག་ལེན་ཟུང་འབྲེལ་བྱེད་པའི་གཞུང་མེད་པའི་སྟོང་ཆ་ཁ་བསྐངས་ཡོད་པ་རེད་ཅེས་གསུངས།
         
ལོ་༢༠ལྷག་གི་ནང་ཁོང་གི་ད་རུངབོད་ལྗོངས་ཞིབ་འཇུགདང་མི་རིགས》《དར་མདོ་མི་རིགས་མཐོ་རིམ་དགེ་འོས་ཆེད་སྤྱོང་སློབ་གྲྭའི་རིག་གཞུང་དུས་དེབསོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིགས་གཞུང་དུས་དེབ་ཐོག་དཔྱད་རྩོམ་༢༠ལྷག་ཙམ་སྤེལ་ཡོད་ཅིང་། ལྷག་པར་༡༩༩༥ལོར་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་རྩ་འཛུགས་བྱས་པའི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ལོ་རྒྱུསརྩོམ་སྒྲིག་ཚོ་ཆུང་དུ་ཞུགས་ནས་དར་མདོ་རྫོང་དང་ཉག་ཆུ་རྫོང་གཉིས་ཀྱི་དགོན་སྡེ་ཁག་གི་ལོ་རྒྱུས་བྲིས་པ་རེད། དེ་མིན་ཁོང་ནི་ཡིག་གཟུགས་འགྲན་བསྡུར་ནང་བཞུགས་ཏེ་ཞིང་ཆེན་རིམ་པའི་བྱ་དགའ་ཨང་དང་པོ་༢དང་ཁུལ་རིམ་པའི་བྱ་དགའ་༥ཐོབ་མྱངས་པ་དང་། ད་ལྟ་ཁོང་ནི་དཀར་མཛེས་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་གཞི་རྩའི་ནུས་རྩལ་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱི་ཡིག་གཟུགས་ཞིབ་དཔྱད་པའི་འགན་བཞེས་བཞིན་ཡོད།

རིག་འཛིན་བསྟན་སྲུང་ནི་མི་རིགས་ལ་ཤ་ཚ་བ་དང་རྒྱལ་ཁབ་ལ་དགའ་ཞེ་ཆེ་བའི་གུས་སུ་འོས་པའི་ཕུལ་བྱུང་དགེ་རྒན་དང་རིག་གནས་པ་གྲགས་ཅན་ཞིག་རེད། མི་ལོ་༢༠ལྷག་གི་རིང་དུ། གཞན་པ་བག་ཡངས་ཀྱིས་ཇ་ཆང་ལ་རོལ་ནས་བསམ་པ་རྒྱ་ཡུན་དུ་གཏོང་བའི་དུས་སུ། ཁོང་ནི་ཁང་མིག་གྲུ་བཞི་ཞིག་གི་ཟུར་ཁུག་ཏུ་བསམ་པ་རྩེ་གཅིག་ཏུ་བསྒྲིམས་ནས་སུག་བྲིས་སུ་བགྱིས་པའི་སྒང་ཡིན། གཞན་པ་ནི་གུང་གསེང་གི་དུས་སུ་མལ་ཆས་འཇམ་པོའི་ནང་དུ་རྨི་ལམ་སྐྱིད་པོར་རོལ་བའི་སྐབས་སུ། ཁོང་གི་རྒྱལ་ཁམས་འགྲིམས་ནས་རྒྱུ་ཆ་འཚོལ་སྡུད་ཀྱི་དཀའ་སྡུག་མྱོང་བའི་དུས་ཡིན་ཞིང་། སྤྱིར་བཏང་གི་འཁོར་བའི་མི་ཞིག་ལ་མཚོན་ནས་བཤད་ན་དེ་ནི་ཧ་ཅང་བཟོད་དཀའ་བ་ཞིག་རེད། ཁྱད་པར་དུ་བགྲང་བྱ་ཉི་ཤུ་ལྷག་ཙམ་དུ་རྒྱུན་འཁྱོངས་བྱེད་ཐུབ་པ་ནི་དེ་བས་ཀྱང་དཀའ་ཁག་ལྡན་པཞིག་རེད་མོད། ཡིན་ན་ཡང་། ཁོང་གིས་དེ་དག་ཚང་མ་བསྒྲུབས་ཐུབ་སོང་བས། ཁོ་ལ་གཞན་གྱི་འགྲན་དུ་མེད་པའི་འབྲས་བུ་སྨིན་པ་ནི་ལུགས་དང་མཐུན་ཞིང་འོས་པ་ཞིག་མ་རེད་དམ།།

 

 

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:ticr-editor@tibetculture.net Tel:8610-58336060