〔ནང་དོན་གནད་བསྡུས།〕འདིར་རྩོམ་པ་པོའི་སློབ་ཁྲིད་ཀྱི་ལག་ལེན་དངོས་ལས་སློབ་ཆུང་སྐད་ཡིག་སློབ་དེབ་ལ་སྒྱུར་རྩོམ་མང་བ་དང་། དོན་སྐྱོན་དང་ཚིག་སྐྱོན་མང་བ་སོགས་ཀྱི་གནད་དོན་འགའ་ལྷག་འདུག་སྙམ་པའི་མྱོང་ཚོར་དངོས་སུ་བརྗོད་པ་དང་འབྲེལ་སླད་དེའི་ཐད་ཀྱི་རེ་བ་ཕྲན་བུ་གླེང་བའོ།
གླེང་གཞི།
བོད་མི་རིགས་ནི་མདོ་དབུས་མཐོ་སྒང་དུ་འཕེལ་ཞིང་རྒྱས་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པ་མ་ཟད། འཛམ་གླིང་གི་མི་རིགས་གང་རུང་བསྡུར་ཆོག་པའི་འོད་སྟོང་འཚེར་པའི་རིག་གནས་ལྡན། དེ་ཡང་ཚང་མས་ཤེས་གསལ་ལྟར་རིག་གནས་བཅུའམ་བཅོ་བརྒྱད་དུ་བགྲང་བ་དེར་ལོ་རྒྱུས་དང་རྩོམ་རིག གནམ་རིག་དང་ས་དཔྱད། མཚན་ཉིད་རིག་པ་དང་བཟོ་རིག་པ་སོགས་རིག་ཚན་མང་པོའི་གཞུང་ལུགས་རྒྱ་ཆེ་ཞིང་གཏིང་ཟབ་པས་རྒྱལ་སྤྱིའི་སྟེང་དུ་བོད་རིག་པ་ཞེས་གྲགས་ཏེ། རིགས་སོ་སོའི་མི་དམངས་ཀྱི་བློ་སེམས་དབང་མེད་དུ་འགུགས་བཞིན་མཆིས། དེ་བས་རང་རེའི་ཐུན་མོང་མ་ཡིན་པའི་རིག་གནས་འདི་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་ཕྱིར་ཏང་དང་རྒྱལ་ཁབ་ཀྱིས་མཐོང་ཆེན་གནང་སྟེ་བོད་ས་གནས་སོ་སོར་བོད་ཡིག་སློབ་ཆུང་བཙུགས་ནས་བོད་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་འོས་འགན་སློབ་གྲྭ་རིམ་པར་སྤྲད། སློབ་གྲྭ་རིམ་པ་ལས་ཀྱང་སློབ་ཆུང་ནི་བྱིས་བློ་ཤེས་བྱར་འདྲེན་པའི་ཐེམ་པ་དང་ཡོན་ཏན་གྱི་རྨང་གཞི་འདིང་ས་ཡིན་པས་ཁང་བརྩེགས་མཐོན་པོ་བྲག་གི་རི་བོ་ལྟ་བུའི་རྩ་བ་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ལགས། དེའི་ཕྱིར་སློབ་ཆུང་ནས་ཤེས་བྱའི་རྨང་བཏིང་བའི་བཟང་ངན་དང་ཤེས་བྱ་བློར་དྲངས་པའི་ཆེ་ཆུང་གིས་མི་ཚེ་གང་པོར་ཤན་ཤུགས་ཐེབས་པ་ཡིན་ཞེས་མཁས་བླུན་ཀུན་ལ་གྲགས། དེ་ལྟར་ན་སློབ་ཆུང་སློབ་མར་ཤེས་བྱའི་རྨང་བཏིང་བའི་བཟང་ངན་རྨང་འདིང་བྱེད་ཀྱི་ལག་ཆ་སྟེ། དཔེ་དེབ་ཡིན་པ་སྨྲས་མ་དགོས། ཡིན་ཡང་། ད་ལྟ་རང་རེས་སྤྱོད་བཞིན་པའི་ལྗོངས་ཞིང་ལྔས་བསྒྲིགས་པའི་ལོ་དགུའི་འོས་འགན་སློབ་གསོའི་སློབ་ཆུང་གི་《སྐད་ཡིག》སློབ་དེབ་དེ་ལ་ནི་སྒྱུར་རྩོམ་མང་པོ་བསྡུས་ཡོད་པ་མ་ཟད། དེ་དག་ལ་དོན་སྐྱོན་དང་ཚིག་སྐྱོན་མང་ལ། ནང་དོན་ཡང་གོ་དཀའ་བས་སློབ་ཆུང་སློབ་མར་རྨང་གཞི་བརྟན་པོ་འདིང་བར་བར་ཆད་ཆེ་བ་དང་། སློབ་མའི་བློ་སེམས་སློབ་ཁྲིད་དུ་འགུགས་པར་བཀག་རྒྱ་ཤིན་ཏུ་ཆེ་བས། ང་དང་ང་ལྟ་བུའི་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལས་འགན་འཁུར་བའི་དགེ་རྒན་མང་པོའི་བསམ་གཞིགས་ཀྱི་གནས་ཡིན་པས་གནད་དོན་གསལ་བཤད་དང་གོང་རིམ་ལ་ཡར་ཞུའི་ཆེད་དུ་རྩོམ་ཐུང་འདི་བྲིས་པ་ཡིན།
གཤམ་འོག་ཏུ་སྒྱུར་རྩོམ་གྱི་གྲངས་མང་བ་དང་། དོན་སྐྱོན་མང་བ། ཚིག་སྐྱོན་མང་བ་བཅས་ཀྱིས་སློབ་མའི་སློབ་སྦྱོང་ལ་བཀག་རྒྱ་ཆེ་ཚུལ་དང་། ཁོ་མོའི་སེམས་ཁོང་གི་རེ་འདོད་ཙམ་ཚན་པ་དུ་མར་དབྱེ་ནས་ཞུ་བར་འདོད།
གཅིག སྒྱུར་རྩོམ་གྱི་གྲངས་མང་བ།
སྐད་ཡིག་བསླབ་དེབ་འདི་ནི་ལོ་དྲུག་ལམ་ལུགས་ཀྱི་སློབ་ཆུང་ཁྲིད་དེབ་ཡིན་པས་ལོ་རེར་དེབ་གཉིས་བྱས་ནས་བསྡོམས་པས་དེབ་བཅུ་གཉིས་ཡོད་པ་དང་ཕལ་ཆེར་སློབ་ཚན་སུམ་བརྒྱ་ལྷག་ཡོད། དེ་དག་ལ་ཞིབ་ལྟ་ཞིག་བྱས་ན་བརྒྱ་ཆ་ལྔ་བཅུ་ཡན་སྒྱུར་རྩོམ་ཡིན་པས་ཚིག་རྙོག་ཅིང་སྐྱོན་མང་བ། འཛིན་དཀའ་ཞིག་གོ་མི་བདེ་བས་དགེ་རྒན་གྱིས་ཐབས་ཇུས་ཡོད་ཚད་བཀོལ་ཀྱང་སློབ་མར་དེ་བཞིན་གྱི་འབྲས་སུ་མི་འབྱུང་། དེ་ཡང་དཔེ་ཞིག་བཀོད་ན། སྐད་ཡིག་དེབ་བདུན་པར་སློབ་ཚན་ཉེར་བཞི་བཀོད་ཡོད་ལ་དེ་ལས་སློབ་ཚན་བཅུ་གསུམ་སྒྱུར་རྩོམ་ཁོ་ན་ཡིན། དེ་དག་གིས་སློབ་ཚན་སྤྱིའི་བརྒྱ་ཆའི་ང་བཞི་ཟིན་ཞིང་། ནང་དོན་གྱི་ཆ་ནས་ཚན་རིག་དང་། དཔའ་བོའི་ལོ་རྒྱུས། བྱེ་ཐང་གི་འཚོ་བ་སོགས་ཕྱོགས་སྣ་མང་འདུས་པས་བྱིས་པ་ཚོའི་བློ་སྒོ་འབྱེད་པར་དགེ་མཚན་ཆེན་པོ་ལྡན་པར་སྣང་ཡང་། དོན་ངོ་མ་དེ་ལྟར་ཡིན་མིན་ལ་དཔྱད་པ་ཟབ་མོ་བྱ་འོས། དེ་ཡང་ཐོག་མར་《སྐད་ཡིག་》སློབ་དེབ་ཡིན་པས་དེའི་དམིགས་ཡུལ་དང་ཁྱད་ཆོས། དགེ་མཚན་བཅས་བོར་ནས། རང་རེའི་རིག་གནས་དེ་ལ་སློབ་བུ་ཚོའི་བློ་སེམས་འདྲེན་པའི་ནུས་པ་དང་རྒྱབ་འགལ་དུ་སོང་བའི་སྐད་དག་མིན་ཡ་མ་ཟུང་ལ་བརྟེན་ཞིང་བྱིས་བློ་དང་ཐག་རིང་བའི་རིག་ཚན་སྣ་མང་དང་འབྲེལ་བ་མང་དུ་བྱས་ནས་བསླབ་རྒྱུ་ནི་སློབ་བུ་ཚོའི་ཤེས་རབ་ཆད་པའི་རྒྱུ་རུ་འགྱུར་ཉེན་ཆེ། ཡང་ཁ་ཅིག་གིས་རྒྱ་ནག་གི་ལོ་རྒྱུས་དང་དཔའ་བོའི་ཆེ་བ། ལེ་ཧྥུང་གི་སྙིང་སྟོབས་སོགས་ཀྱི་བག་ཆགས་སློབ་བུའི་སེམས་ལ་བཞག་ནས་མེས་རྒྱལ་ལ་དགའ་ཞིང་མི་དམངས་ལ་གཅེས་པའི་གཞོན་རབས་པ་གསོ་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་ཅེ་ན་བདེན་མོད། འོན་ཀྱང་། བོད་སྐད་ཡིག་ཁོ་ནས་དེ་ལྟར་བྱས་ན་ཁྲིད་ཚན་གཞན་དག་གིས་ཅི་བྱ། ལྷག་པར་དུ་རྒྱུའི་སྐད་ཡིག་སློབ་དེབ་དུའང་སློབ་ཚན་དེ་དག་ཡང་ནས་བསྐྱར་དུ་བསླབ་དགོས་པས་ནང་དོན་གྱི་ཆ་ནས་བསྐྱར་བཟློས་མིན་ནམ། དུས་ཚོད་ཀྱི་ཆ་ནས་འཕྲོ་བརླག་ཏུ་སོང་བ་མིན་ནམ་སྙམ།
ཡང་《སྐད་ཡིག》སློབ་དེབ་བདུན་པའི་རང་རྩོམ་སློབ་ཚན་བཅུ་གཅིག་ཡོད་པ་དེ་ལ་དབྱེ་ཞིབ་ཅུང་ཙམ་བྱས་ན། སློབ་ཚན་བཅུ་གཅིག་ལས་བཞི་སྙན་ངག་དང་ལེགས་བཤད་ཡིན་པ་དང་། གཏམ་རྒྱུད་གསུམ། བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་གཉིས། འཚོ་ཡུལ་གྱི་ཁྱད་ཆོས་དང་འབྲེལ་བ་གཉིས་བཅས་བཀོད། འཚོ་ཡུལ་གྱི་ཁྱད་ཆོས་དང་འབྲེལ་བ་གཉིས་བཅས་བཀོད། ཚང་མས་ཤེས་གསལ་ལྟར་བོད་རང་ལ་ཆོས་རྒྱལ་མེད་དབོན་རྣམ་གསུམ་ནས་ད་ལྟ་ལ་ཐུག་གི་བར་དུ་ཐོན་མི་སམྦྷོཊ་གཙོ་བྱས་པའི་མཁས་པའི་དབང་པོ་རྒྱུན་མ་ཆད་པར་བྱོན་པས། རིག་གནས་ཀྱི་མ་ལག་ཚང་ཞིང་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་མང་པོས་བསྟོད་པའི་མཐེ་བོང་སྒྲེང་ཞིང་ཆགས་པས་འགྲམ་ཆུ་ལྡང་བ་ལགས་མོད། སྐད་ཡིག་སློབ་དེབ་ཏུ་བཀོད་པའི་སློབ་ཚན་ལ་གཞིགས་ན་རང་རྩོམ་གྱིས་མ་འདང་བས་གཞན་རྩོམ་ལ་བརྟེན་པའི་ཚོར་བ་དབང་མེད་དུ་སྐྱེས་འོང་། དེ་ཡང་གཞན་རྩོམ་ལ་བརྟེན་པ་མི་ལེགས་ཞེས་ཁ་ཚོན་བཅད་ནས་སྨྲས་པ་མ་ཡིན་ཏེ། གཞན་རྩོམ་ལའང་ལེགས་ཆ་དང་སློབ་སྦྱོང་གི་རིན་ཐང་ཆེ་ས་གང་མང་དུ་ཡོད་པ་མིག་མཐོང་ལག་ཟིན་ཡིན་མོད། འོན་ཀྱང་སྐད་ཡིག་སློབ་དེབ་ཏུ་སྒྱུར་རྩོམ་མང་ན་སློབ་ཁྲིད་ཀྱི་ཡུལ་སློབ་མའི་བློ་ངོ་དང་འཚམས་མིན་ལ་བསམ་གཞིགས་བྱེད་འོས་པར་འདོད་པ་ཡིན།
གཉིས། སྒྱུར་རྩོམ་ལ་དོན་སྐྱོན་དང་ཚིག་སྐྱོན་མང་བ།
སྤྱིར་རྒྱ་བོད་མི་རིགས་གཉིས་ནི་རང་རང་ལ་ཡུན་རིང་པོའི་ལོ་རྒྱུས་ལྡན་ཞིང་། རང་རང་སོ་སོའི་འཚོ་བའི་ཁོར་ཡུག་དང་ཡུལ་སྲོལ་གོམས་གཤིས། རིག་གནས་མ་ལག་སོགས་ཐ་དད་པའི་དབང་གིས་ཐུན་མོང་མ་ཡིན་པའི་སེམས་ཁམས་ཆགས། དེ་བཞིན་སྐད་ཆ་ཤོད་སྲོལ་དང་འཚོ་བ་རོལ་ཚུལ་ཡང་སོ་སོར་གནས་པའི་དབང་གིས་རྒྱའི་རིག་གནས་དང་སེམས་ཁམས་ལྟར་ན་སློབ་ཚན་《ཤོག་བྱ་སྤུར་བ་》དང་《དཔའ་བོ་ཧོང་ཅི་ཀོང་།》《ཉི་མ་རྒྱ་མཚོའི་ངོས་ནས་ཤར་བ་》ལྟ་བུ་སོགས་བྱིས་བློར་འཕྲོད་ཅིང་གོ་སླ་གནད་འདུས་འཛིན་བདེ་བའི་ཁྱད་ཆོས་ལྡན་ཡང་། བོད་ཕྲུག་ཚོ་ལ་དེ་འདྲའི་སྤྲོ་སྣང་སྐྱེད་མི་ཐུབ། རྒྱུ་མཚན་ནི་རིག་གནས་དང་སེམས་ཁམས་ཐ་དད་པའི་དབང་གིས་ཡིན་གོར་མ་ཆག དེ་ནི་ནང་དོན་གྱི་ཆ་མདོ་ཙམ་དང་། ཡང་ལོ་ཙཱའི་ཆ་ནས་བཤད་ན། ལོ་ཙཱ་ནི་སྐད་རིགས་སམ་ཡིག་རིགས་གཅིག་ལ་བརྟེན་པའི་བརྩམས་ཆོས་དེ་དོན་མ་ཉམས་ཟུར་མ་ཆག་པར་སྐད་དམ་ཡི་གེ་གཞན་ཞིག་ལ་བསྒྱུར་བར་གོ་བ་ཡིན་པས། རང་རེའི་སྒྲ་སྦྱོར་བམ་གཉིས་སུ་ལེགས་སྦྱར་གྱི་དོན་མ་ཉམས་པར་བོད་ལའང་བདེ་བར་བསྒྱུར་དགོས་ཚུལ་གསུངས་ཡོད་པ་མ་ཟད། རྒྱའི་ལོ་ཙཱ་བ་ཡན་ཧྥུ་ལགས་ཀྱིས་བསྟུན་འབྱོར་སྙན་གསུམ་ཞེས་ཚད་གཞི་གསལ་པོར་གསུངས་ཡོད། ཡིན་ཡང་སྐད་ཡིག་སློབ་དེབ་ཏུ་བཀོད་པའི་སྒྱུར་རྩོམ་དེ་དག་ལ་སྔ་ཕྱི་འབྲེལ་མི་ཆགས་པའི་དོན་སྐྱོན་དང་། ཚིག་ཉོག་མང་དྲགས་པ་དང་ཕྲད་ནོར་བའི་སྐྱོན་སོགས་གང་སར་མཐོང་ཐུབ་པས་ལྗོངས་ཞིང་ལྔས་བསྒྲིགས་པའི་སློབ་དེབ་ཀྱི་ནུས་པ་དང་དབང་གྲགས་ཉམས་པར་བཟོས་ཡོད་དེ། དཔེར་ན། དེབ་བདུན་པའི་སློབ་ཚན་གཉིས་པ་《ཤོག་བྱ་སྤུར་བ་》ཞེས་པར། “བྱིའུ་འགའ་འཕུར་ནས་ཡོང་སྟེ།‘འབུ་བླ་མ་མ་ཎའི་’ མཐའ་བསྐོར་ཏེ་ཀྱུ་རུ་རུ་གྲགས་པ་དང་། དེའི་རྣམ་འགྱུར་ལ་བལྟས་ན། དེ་ཚོས་ཧ་ལས་པའི་ངང་ནས་ཁྱོད་གང་ནས་འཕུར་ཡོང་བ་ཡིན། ངོ་མ་མཛེས་པ་ལས་ཨང་ཞེས་ཡ་མཚན་པའི་ངང་ནས་གླེང་མོལ་བྱེད་པ་དང་འདྲ་”ཞེས་བཀོད་པ་དེར། བྱིའུ་འགའ་འཕུར་ཡོང་ནས་ཤོག་བྱ་ལ་བལྟས་པའི་རྣམ་འགྱུར་བྲིས་པ་ཡིན་མོད། དེས་ན་དེའི་རྣམ་འགྱུར་ཡིན་ནམ་དེ་དག་གི་རྣམ་འགྱུར་ཡིན། དེ་ནི་གཅིག་ཚིག་ངོས་འཛིན་གྱི་ཕྲད་ཡིན་པས་མིང་ཚིག་ལ་འཇུག་ཐབས་བྲལ་ཕྱིར་དེ་དང་དེ་དག་སྔ་ཕྱི་འགལ་བའི་སྐྱོན།
ཡང་དེབ་བདུན་པའི་སློབ་ཚན་བཅུ་བདུན་པའི《བློ་རྩེ་གཅིག་སྒྲིམ་》“ཚི་ཝེ་ཀུ་ཡིས་རང་དབང་མེད་པར་ཐལ་མོ་བརྡབས་ནས་ལོ་ཏན་ལ་རྟེན་འབྲེལ་ཞུས་པ་དང་། ཕུལ་དུ་བྱུང་བའི་བརྩམས་ཆོས་ཤིག་གསར་དུ་བྱུང་བར་རྟེན་འབྲེལ་ཞུས་”ཞེས་བཀོད་ཡོད། ཚིག་འདི་དག་ལ་གྲིམ་ཤ་ལྷོད་ཅིང་ཉག་ཉོག་གི་ཁྱད་ཆོས་མངོན་གསལ་ཡོད་པའི་སྒྱུར་རྩོམ་ཞིག་ཡིན་པ་བལྟས་མ་ཐག་གིས་ཤེས་ཐུབ། དེ་དག་ནི་བོད་རང་སྐད་བཞིན་དུ“ཚེ་ཝེ་ཀུ་ཡིས་རང་དབང་མེད་པར་ཐལ་མོ་བརྡབས་ནས་ལོ་ཏན་ལགས་ཀྱིས་ཕུལ་དུ་བྱུང་བའི་བརྩམས་ཆོས་གསར་པ་ཞིག་བསྐྲུན་པར་རྟེན་འབྲེལ་ཞུས་”ཤེ་ན་ཅིས་མི་ཆོག
ཡང་དེབ་དེའི་སློབ་ཚན་བཅོ་བརྒྱད་པ་《ལྕགས་གླང་བླངས་པ》ཞེས་པའི་རང་བྱུང་ཚན་པ་གསུམ་པ་གཤམ་ལྟར། “བཙུན་པས་ཐོག་མར་རྐྱལ་རྩལ་བཟང་བའི་ཆུ་བ་ཆུ་ཞབས་སུ་འཛུལ་དུ་བཅུག་སྟེ། ལྕགས་གླང་བརྒྱད་པོ་གནས་གང་ཞིག་ཏུ་ཡོད་པ་བཙལ་དུ་བཅུག དེའི་རྗེས་སུ་མི་གཞན་ལ་ཤིང་གྲུ་ཆེན་པོ་གཉིས་གྲ་སྒྲིག་བྱེད་དུ་བཅུག་པ་དང་། གྲུ་དེ་གཉིས་ཀྱི་ནང་དུ་བྱེ་མ་གང་རེ་བླུགས་ཏེ། ལྕགས་གླང་ནུབ་ཡོད་ས་དེའི་སྟེང་ཕྱོགས་སུ་བརྟན་པོར་སྡོད་དུ་བཅུག ཁོས་གྲུ་གཟིངས་གཉིས་བཤིབས་ནས་དམ་པོར་བསྡམ་དུ་བཅུག་པ་དང་། གྲུ་གཉིས་ཀྱི་ཐོག་ཏུ་ཤིང་སྦོམ་པོ་འགས་འཇའ་འཕེན་དུ་བཅུག དེ་ནས་ཡང་རྐྱལ་རྩལ་བཟང་བའི་ཆུ་བ་ཆུ་ཞབས་སུ་འཛུལ་ཏེ། ཐག་པ་སྦོམ་པོ་ཞིག་གི་སྣེ་གཅིག་ལྕགས་གླང་གི་སྐེ་ལ་དམ་པོར་བསྡམ་དུ་བཅུག་པ་དང་། སྣེ་གཞན་ཞིག་གྲུ་གཟིགས་གཉིས་བར་གྱི་འཇའ་ཤིང་ལ་འདོགས་སུ་བཅུག”དོན་ཚན་འདི་ལ་བོད་རང་གི་ཐུན་མོང་མ་ཡིན་པའི་ཚིག་གི་སྡེབ་སྦྱོར་དང་སྙན་པའི་རོ། དོན་གྱི་རང་མཚན། ཡིད་ཀྱི་འགྱུར་བ་འདྲེན་པའི་ཁྱད་ཆོས་རྡུལ་ཙམ་མེད་པར་ཚིག་རྐང་རེ་རེའི་རྗེས་སུ་བཅུག་རེ་བསྣན་པས་ཚིག་རྐང་བརྒྱད་ལ་བཅུག་སྒྲ་བརྒྱད་ཐོན་ཡོང་བས། དེང་རབས་མཁས་པའི་དབང་པོ་དོར་ཞི་རིན་པོ་ཆེ་ནས་སྡེབ་སྦྱོར་གྱི་བབ་ཆགས་མེད་པ་རྡོ་ཆག་བཙན་སྒྲིག་ལྟ་བུ་དང་། ཉམས་འགྱུར་གྱི་གསོན་སྲོག་མེད་པ་མཛེས་མའི་བེམ་རོ་ལྟ་བུ། སྒྱུ་རྩལ་གྱི་སྣང་བརྙན་མེད་པ་ཆབ་སྲིད་ཀྱི་ཁ་གཡང་ལྟ་བུ། དོན་གྱི་ཟབ་ཁྱད་མེད་པ་ཆུ་ཁའི་ཝུ་བ་ལྟ་བུ། རང་རྩོམ་གྱི་ཁྱད་ཆོས་མེད་པ་ལམ་པའི་སྤྲེའུ་ལྟ་བུ་ཞེས་ཚད་དང་མི་མཐུན་པའི་རྩོམ་ལ་སྡོམ་ཚིག་བཀོད་པ་ནི་རྩོམ་འདི་ལྟ་བུར་དམིགས་པ་མིན་ནམ་སྙམ་བྱུང་།
ཡང་དེབ་རེ་རེའི་མཇུག་ཏུ་《ཡིག་གསར་ཕྱོགས་བསྒྲིགས》ཞེས་པའི་ལེ་ཚན་བཀོད་ནས་གསར་དུ་སྦྱོང་བའི་ཐ་སྙད་རྣམས་ཕྱོགས་བསྡུས་བྱས་ཡོད་པས་སློབ་བུ་ཚོས་བསྐྱར་སྦྱོང་བྱེད་པར་དགེ་མཚན་ཆེན་པོ་ལྡན་པས་ཤིན་ཏུ་ལེགས་མོད། འོན་ཀྱང་ཡིག་གསར་ཞེ་ན་འགྲིག་གམ། དོན་ངོ་མ་ཡིག་གསར་ཡིན་ནམ་མིང་གསར་ཡིན། སོག་རིགས་ལ་ཡི་གེ་གསར་རྙིང་གཉིས་ཡོད་པས་ད་ལྟ་བཀོལ་བཞིན་པ་ནི་ཡིག་གསར་ཡིན་པ་དང་། རང་རེའི་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་ནས་དགེ་ལྡན་ཡིག་གསར་ཞེས་ཡི་གེ་འབྲི་ཚུལ་གསར་པ་ཞིག་བཟོས་ཡོད་པ་སོགས་ཡིག་ཆ་སྣ་ཚོགས་ནས་མཐོང་ཐུབ་མོད། འོན་ཀྱང་བོད་ཡིག་སྦྱོང་བཞིན་པའི་དུས་སུ་ད་དུང་ཡིག་གསར་དང་ཡིག་གསར་ཞེས་བཀོད་ཡོད་པ་ནི་རྒྱབ་རྟེན་གང་ལ་བཅོལ་ཞིང་རིག་གནས་གང་གི་ཤན་ཤུགས་ཐེབས་སོང་། དོན་ངོ་མར་དེ་དག་ནི་མང་ངམ་ཐ་སྙད་གསར་པ་ཕྱོགས་བསྒྲིགས་བྱས་པ་ཡིན་པས་ཡིག་གསར་ལས་མིང་ངམ་ཐ་སྙད་ཅེ་ན་འོས་ཤིང་འཚམས་པར་སྣང་།
གཞན་ཡང་། དེབ་བརྒྱད་པའི་《ཉི་མ་རྒྱ་མཚོའི་ངོས་ནས་འཆར་བ།》དང་《བུ་ཆུང་སྲན་ལྡེ་》སོགས་སློབ་ཚན་མང་པོའི་ཁྲོད་དུ་“རྐང་རྗེན་ཡིན་པའི་རྐང་བ་གཉིས་”ལྟ་བུ་དང་“ཨ་ལ་པ་ལ”ལྟ་བུ་སོགས་རང་ལུགས་དང་མི་མཐུན་པའི་འགྱུར་སྐྱོན་མང་དུ་ཡོད་མོད། རེ་རེ་བཞིན་བགྲང་ན་ཡིག་ཚོགས་ཆེ་བས་གོང་དག་དཔེ་ཙམ་དུ་དྲངས་པ་ཡིན། དེ་ལྟར། གསལ་པོ་མིན་པའི་དོན་དང་སྙན་པོ་མིན་པའི་ཚིག དག་པོ་མིན་པའི་བོད་སྐད་དེ་དག་གིས་བྱིས་པ་རྣམས་ཀྱི་བློ་ཁ་ཇི་ལྟར་ཤེས་བྱའི་ཕྱོགས་སུ་འདྲེན་རྒྱུ། བྱིས་པ་རྣམས་ལ་ཇི་ལྟར་རང་རེའི་བོད་རིགས་ལ་འོད་སྟོང་འབར་བའི་རིག་གནས་ཡོད་ཅེས་བཤད་རྒྱུ་རེད་དམ།
གསུམ། སེམས་ཁོང་གི་རེ་འབོད།
རང་རེའི་བོད་རིགས་སློབ་ཆུང་གི་སློབ་ཆུང་གི་སློབ་མ་རྣམས་ནི་སློབ་གྲྭ་གཞན་པའི་སློབ་མ་རྣམས་དང་ཡོངས་སུ་འདྲ་སྟེ་སློབ་སྦྱོང་གི་འགོ་བརྩམས་པ་དང། འཇིག་རྟེན་ལ་ཆ་རྒྱུས་ཀྱི་འགོ་བརྩམས་པ། ཡང་དག་པའི་འཚར་ལོངས་ཀྱི་འགོ་བརྩམས་པ་ཡིན་པས། དེ་དག་ལ་སྐད་ཡིག་སློབ་ཁྲིད་བྱ་རྒྱུ་དེ་ཐོག་མར་སྒྲ་དག་པ་དང་དོན་གསལ་པོའི་སྒོ་ནས་ཁྲིད་དགོས་པ་ཐུན་མོང་གི་ཆོས་ཉིད་དུ་གྱུར། དེ་བས་སློབ་ཁྲིད་ནི་སློབ་གྲྭའི་སློབ་སྦྱོང་གི་བྱེད་ཐབས་གཙོ་བོ་དང་སློབ་དེབ་ནི་སློབ་གྲྭའི་སློབ་ཁྲིད་ཀྱི་ཡོ་བྱད་ཉག་གཅིག་ཡིན་པས། སློབ་དེབ་ལ་རེ་བ་འགའ་བཏོན་ན།
༡ནང་དོན་གྱི་ཆ་ནས། བོད་རང་གི་ཡུལ་སྲོལ་གོམ་གཤིས་དང་རིག་གནས་ཁྱད་ཆོས། སེམས་ཁམས་ཁྱད་ཆོས་དང་མཐུན་པའི་རྩོམ་ཡིག་མང་པོ་འདེམས་བཀོད་བྱེད་འོས། དེ་ལྟར་ན་དགེ་རྒན་གྱི་ཁྲིད་བདེ་བ་དང་སློབ་མས་ཉན་བདེ་ཞིང་འཛིན་སླ་བ་མ་ཟད། སྦྱངས་ཟིན་པའི་ཤེས་བྱ་དེ་རྒྱུན་དུ་བཀོལ་ཐུབ་པས་སློབ་སྦྱོང་གི་འདུན་པ་དང་རིག་གནས་ལ་ཡིད་ཆེས་ཀྱི་སེམས་རང་བཞིན་གྱིས་སྐྱེ་འོངས།
༢ ཚིག་སྦྱོར་གྱི་ཆ་ནས་། བོད་རང་གི་བཅད་ལྷུག་སྤེལ་མ་གསུམ་གྱི་རྣམ་པ་ལ་བརྟེན་པའི“ཚིག་གི་སྡེབ་སྦྱོར་སྙན་ཞིང་འཇེབས་པ་གླུ་དབྱངས་ཀྱི་ཁྱད་ཆོས། དོན་གྱི་རང་མཚན་སྣང་བརྙན་དུ་ཤར་བ་རི་མོའི་ཁྱད་ཆོས། གནས་ལུགས་ཟབ་མོ་སྟོན་པ་ལྟ་བའི་ཁྱད་ཆོས། ཚིག་ཉུང་ལ་གནད་འདུས་པ་རིན་པོ་ཆེ་རིལ་བུའི་ཁྱད་ཆོས། བསམ་དོན་ཁོང་དུ་སྦེད་པ་ན་ཆུང་ཟུར་མིག་གི་ཁྱད་ཆོས། ཡིད་འགྱུར་གྱི་ནུས་པ་ཐོན་པ་ལྷའི་བྱིན་རླབས་ཀྱི་ཁྱད་ཆོས་”དང་ལྡན་པའི་རྩོམ་མང་པོ་བཀོད་ན། བོད་སྐད་དག་པོ་བཤད་རྒྱུའི་སྣེ་འདྲེན་པ་མ་ཟད། ཚིག་གི་གོ་རིམ་དང་དོན་གྱི་སྔ་ཕྱི་སོགས་གསལ་པོར་གོ་ཞིང་ཤེས་པས་གོ་བ་ལེན་པ་དང་ནང་དོན་བཤད་པར་དགེ་མཚན་ལྡན་པ་དང། བོད་རང་ལའང་ཐུན་མོང་མ་ཡིན་པའི་འབྲི་ཚུལ་འདི་ལྟ་བུ་ཡོད་པ་ཤེས་ནས་རང་གི་རིག་གནས་ལ་རྩིས་མཐོང་ཆེ་བ་དང་སྦྱོང་འདོད་ཆེ་བའི་བློ་སྣ་འདྲེན་ཐུབ།
༣ སྒྱུར་རྩོམ་གྱི་ཐད་ནས། འཇིག་རྟེན་མིག་ཏུ་གྱུར་པའི་འཛམ་གླིང་གི་མཁས་པ་ཆེན་པོ་དང་ཕྱི་རྒྱལ་གྱི་གནའ་དེང་གི་བརྩམས་ཆོས་གྲགས་ཅན་འོས་འཚམས་བོད་ཡིག་ལ་བསྒྱུར་ནས་སློབ་དེབ་ཏུ་བཀོད་ན་འཛམ་གླིང་རིག་གནས་ལ་ཆ་རྒྱུས་ཐོག་མ་འཇོག་པའི་དགེ་མཚན་ལྡན། དེ་དག་སྒྱུར་དུས་སུའང་རིག་གནས་སྣ་གཉིས་ཤེས་པ་ཙམ་མ་ཡིན་པར་རིག་གནས་སྣ་གཉིས་ལ་བྱང་བའི་ལོ་ཙཱ་བ་གདན་འདྲེན་གྱིས་མ་ཡིག་གི་ནང་དོན་མ་ཉམས་ལ་རང་རེའི་བོད་སྐད་ཀྱི་བརྡའི་སྦྱོར་སྲོལ་དང་མཐུན་པར་བསྒྱུར་རྒྱུ་གལ་ཆེ། དེ་ལས་ལྡོག་ན་གོང་དུ་བཀོད་པ་བཞིན་གྱི་སྐྱོན་འབྱུང་སླའོ། གཞན་ཡང་རྒྱ་ཡིག་ནས་བསྒྱུར་མི་དགོས་པའི་རྒྱུ་མཚན་ཅི་ཞེ་ན། བོད་ཡིག་སློབ་ཆུང་དུ་བོད་ཡིག་མ་ཟད་རྒྱ་ཡིག་ཀྱང་ཁྲིད་བཞིན་པས་རྒྱའི་རིག་གནས་དང་ལོ་རྒྱུས། སེམས་ཁམས་དང་ས་གཤིས་སོགས་དེ་ན་གསལ་པོར་བཀོད་ཡོད་པས་བོད་ཡིག་སློབ་དེབ་ཏུ་དེ་ལྟ་བུ་བསྐྱར་བཟློས་ཀྱི་ངལ་བ་བྱ་མི་དགོས་པས་སོ།
མདོར་ན། གོང་སྨྲོས་འདི་དག་ནི་ཁོ་མོས་ལོ་ངོ་བཅུ་ཕྲག་རིང་ལ་དགེ་རྒན་བྱས་པའི་ཉམས་མྱོང་གཞིར་བྱས་ཐོག བོད་རིགས་སློབ་བུ་རྣམས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འཚོ་བའི་ཁོར་ཡུག་སེམས་ཁམས་ཆགས་ཚུལ་བཅས་ལ་གཞིགས་ནས་དེ་དག་གི་མ་འོངས་པའི་མདུན་ལམ་དང་འཕེལ་ཕྱོགས་ལ་འཚམ་ཞིང་། བོད་རང་གི་སྐད་ཀྱི་བརྡ་དང་མཐུན་པ་མ་ཟད། སློབ་བུ་ཚོའི་བློ་སེམས་རང་རིགས་ཀྱི་རིག་གནས་ཀྱི་སྟེང་ལ་འདྲེན་ཅི་ཐུབ་བྱེད་པར་བསམ་གཞིགས་ཡང་ཡང་བཏང་ནས་འབྲི་ཁུལ་བྱས་པ་ཡིན་པས། གོང་རིམ་སྡེ་ཁག་དང་དགེ་རྒན་རྣམ་པ། རྩོམ་སྒྲིག་པ་རྣམ་པ་བཅས་ལ་འདི་ཕྱོགས་སུ་བསམ་གཞིགས་ཀྱི་རྒྱུ་རུ་འགྱུར་བའི་སྨོན་འདུན་ཞུ་བའོ།།
དཔྱད་གཞའི་ཡིག་རིགས།
༡སློབ་དཔོན་དོར་ཞི་མཆོག་གིས་བརྩམས་པའི་《མུན་འཇོམས་ནོར་བུའི་ཕྲེང་བ།》
༢སློབ་དཀོན་རིས་མཆོག་གིས་བརྩམས་པའི་《བརྡ་རྙིང་ཡིག་ཆ་ཕྱོགས་བསྒྲིགས།》
༣སློབ་ཆུང་སློབ་དེབ། དེབ་༡ནས་༡༢པ།
ཞུ་དག་པ་འབྲུག་མོ།