| སློབ་སྦྱོང་གི་དམིགས་འདུན་བཟང་པོ་ཞིག་ཡོད་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་ཇེ་དྲག་ཏུ་གཏོང་ཐུབ་པར་མ་ཟད། སློབ་སྦྱོང་གི་གྲུབ་འབྲས་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཐུབ་པ་རེད། དེང་སྐབས་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་རོང་འབྲོག་ཁུལ་གྱི་སློབ་མ་མང་ཆེ་ཤས་ལ་སློབ་གྲྭ་ནས་སློབ་སྦྱོང་བྱེད་པར་དམིགས་ཡུལ་བཟང་པོ་ཞིག་མེད། དེའི་རྐྱེན་གྱིས་སློབ་མའི་སློབ་སྦྱོང་གི་དམིགས་འདུན་ཇེ་དྲག་ཏུ་གཏོང་བར་ཤུགས་བསྣན་ཏེ། སློབ་མར་རང་རྟོགས་དང་རང་འགུལ་གྱི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ནི་ཧ་ཅང་དགོས་གལ་ཆེ་བ་ཞིག་ཡིན། ང་ཚོས་གཙོ་བོ་གཤམ་གྱི་བྱེད་ཐབས་འགའ་སྤྱད་དགོས་པ་སྟེ། སློབ་སྦྱོང་བྱེད་པའི་དམིགས་འདུན་གསལ་བོ་ཞིག་ཤེས་དགོས་པ། ང་ཚོས་འཛིན་གྲྭའི་ཚོགས་འདུ་ཡི་སྐབས་དང་གཏམ་རྒྱུད་སློབ་ཁྲིད། བྱ་འགུལ་སློབ་ཁྲིད་བཅས་ཀྱི་སྐབས་སུ་རྒྱུན་དུ་མི་སྣ་གྲགས་ཅན་དང་རླབས་ཆེན་མི་སྣ་རྣམས་ཀྱི་མཛད་རྗེས་གླེང་དགོས་པ་དང་། བླ་ན་མེད་པའི་དམིགས་འདུན་དང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་དབང་གིས་ད་གཟོད་ཁོ་ཚོར་རྒྱལ་ཁ་ཐོབ་པ་ཡིན་པ་ཤེས་སུ་འཇུག་དགོས་པ་དང་། སློབ་མས་དེ་དག་གི་སྔོན་ཐོན་མཛད་རྗེས་ཀྱིས་རང་ཉིད་ལ་སྐུལ་ལྕག་གཏོང་བ་དང་། རང་འགུལ་སྒོས་ཕུགས་འདུན་ཆེན་པོ་ཞིག་དང་འདུན་པ་ཆེན་པོ་ཞིག་ཆགས་སུ་བཅུག་ནས། རླབས་ཆེ་བའི་དམིགས་འདུན་དེ་བརྩོན་ལེན་བྱེད་དུ་འཇུག་དགོས། 1.མིག་དཔེ་ཡི་སྐུལ་ལྕགས་གཏོང་ཐབས། “མིག་དཔེ་ཡི་ནུས་ཤུགས་ནི་རྒྱ་ཆེ་བ་ཞིག་ཡིན།”དེ་ལ་གོ་སྐོན་སློབ་གསོ་ལས་ཀྱང་བློ་འགུགས་ཀྱི་ནུས་པ་དང་འབོད་སྐུལ་ནུས་པ་ལྡན་པས། སློབ་མའི་བརྩེ་དུང་སྟེང་གི་མཉམ་གྲགས་འབྱུང་སླ་ལ། སློབ་མར་དཔའ་ངར་སྐྱེ་རུ་འཇུག་པ་དང་། སློབ་གསོ་དང་སྐུལ་སློང་བཏང་ནས། སློབ་མའི་ལད་ཟློས་དང་རྗེས་སྙེག་གི་རེ་འདོད་བསྐོང་ཐུབ། དེའི་རྐྱེན་གྱིས་བརྩེ་དུང་ཐད་ཀྱི་སྐུལ་ལྕག་གཏོང་བ་དང་མཉམ་དུ་ད་རུང་མིག་དཔེ་ཡི་སྐུལ་ལྕག་གཏོང་དགོས། 2.ནུས་པའི་སྐུལ་ལྕགས་གཏོང་ཐབས། སློབ་མ་ཁ་ཤས་ཤིག་སློབ་སྦྱོང་གི་གྲུབ་འབྲས་དེ་འདྲ་བཟང་རྒྱུ་མེད་ནའང་། རྩལ་སྦྱོང་དང་རིག་རྩལ། ངལ་རྩོལ་སོགས་ཀྱི་ཕྱོགས་སུ་གྲུབ་འབྲས་འབུར་ཐོན་ཡོད་པ་རེད། དགེ་རྒན་གྱིས་ཁོ་ཚོའི་ལུས་སྟེང་གི་ལྷང་ངེ་ས་དེ་སྔོག་འདོན་བྱས་ཏེ། ཁོ་ཚོར་རང་ཉིད་ལ་ངོས་འཛིན་བཟང་པོ་ཞིག་བྱེད་དུ་འཇུག་དགོས་པ་དང་། ཁོ་ཚོའི་མི་གཤིས་འཕེལ་རྒྱས་སུ་གཏོང་བ་དང་ཁོ་ཚོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་དགོས་ལ། བྱ་འགུལ་རྣམ་པ་སྣ་ཚོགས་སྤེལ་ཏེ་ཁོ་ཚོའི་ཡིབ་ཤུགས་འདོན་སྤེལ་བྱེད་དུ་འཇུག་དགོས་པ་མ་ཟད། ད་རུང་སློབ་སྦྱོང་གི་སྟེང་དུ་སྤོ་བསྒྱུར་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་ངལ་བ་ཆུང་ལ་གྲུབ་འབྲས་བཟང་པོ་ཐོན་ཐུབ། ། 3.སྐད་ཆའི་སྐུལ་ལྕགས་གཏོང་ཐབས། སེམས་ཁམས་རིག་པ་བས་བཤད་པ་ལྟར་ན། ། མི་སུ་ཞིག་ཡིན་རུང་དེ་ལ་ཁས་ལེན་དང་བསྟོད་བསྔགས་ཐོབ་འདོད་ཀྱི་རེ་འདོད་ཡོད་པས། འཚར་ལོངས་འབྱུང་བཞིན་པའི་སྐབས་ཀྱི་སློབ་མ་ཞིག་ལ་མཚོན་ནའང་དགེ་རྒན་གྱི་ཐུགས་ཁུར་དང་སྐུལ་ལྕག་ནི་ཇི་འདྲའི་དགོས་གལ་ཆེ་བ་ཞིག་ཡིན་པ་སྨྲས་མ་དགོས་པ་ཞིག་རེད། དེའི་རྐྱེན་གྱིས་དགེ་རྒན་གྱིས་རྒྱུན་དུ་སློབ་མར་བསྟོད་བསྔགས་བྱེད་དགོས་པ་དང་། །བསྟོད་བསྔགས་ཀྱི་ཚིག་ལ་སེར་སྣ་མི་བྱེད་པར། སློབ་མའི་ཡར་ཐོན་དང་ལེགས་ཆ་ཕྲ་མོ་ཙམ་ལའང་རྒྱུན་དུ་བསྟོད་བསྔགས་བྱེད་དགོས། སློབ་མར་སྐྱོན་བརྗོད་བྱེད་པའི་སྐབས་སུའང་སློབ་མར་བརྩེ་སེམས་ཟབ་མོ་བཅངས་པའི་སྒོ་ནས་སྐྱོན་བརྗོད་ཀྱི་ནང་དུ་ཁས་ལེན་འདུས་ཡོད་པར་བྱེད་དགོས། ། ཕམ་ཁར་ཡང་དག་གི་སྒོ་ནས་ཁ་གཏད་དགོས་པ། ན་ཆུང་གཞོན་ནུ་རྣམས་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་རྒྱུན་དུ་ཕམ་ཁ་དང་བར་ཆད་འབྱུང་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན། དེ་བས་དགེ་རྒན་གྱིས་རྒྱུན་དུ་བར་ཆད་བྱུང་བ་དང་ཕམ་ཁ་མྱོང་བའི་སྐབས་སུ་དཔའ་མི་ཞུམ་པར་སྙིང་སྟོབས་ཆེ་སྐྱེད་ཀྱིས་ཕམ་ཁར་ཁ་གཏད་དགོས་པ་དང་།ཕམ་ཁ་ལ་འཐབ་འཛིང་བྱེད་རྒྱུའི་སྙིང་སྟོབས་ཡོད་དགོས་ཚུལ་བཤད་དེ། སློབ་མར་དེ་ཉིད་ལ་ཕམ་ཁའི་ཁྲོད་བརྩོན་སེམས་སྐྱེས་པ་དང་བར་ཆད་ཁྲོད་འཚར་ལོངས་འབྱུང་དུ་འཇུག་དགོས། ལུགས་དང་མཐུན་པའི་སྒོ་ནས་འགྲན་བསྡུར་བྱ་འགུལ་སྤེལ་ཏེ། སློབ་མའི་སློབ་སྦྱོང་གི་དམིགས་འདུན་བསླང་དགོས་པ། སློབ་འབྲིང་གི་སློབ་མ་རྣམས་ལོ་ཆུང་སྟོབས་རྒྱས་ཡིན་པས། ནམ་ཡང“ཕམ་ཁ”མྱོང་མི་འདོད་པའི་སེམས་ཁམས་ཞིག་ཡོད་པ་རེད། དེ་ནི་བརྩོན་སེམས་ཡོད་པའི་སེམས་ཁམས་བཟང་བོ་ཞིག་ཡིན་པས། དགེ་རྒན་གྱིས་སེམས་ཁམས་དེ་བེད་སྤྱད་དེ་འགྲན་བསྡུར་གྱི་བྱ་འགུལ་མང་པོ་སྤེལ་ཏེ་ཁོ་ཚོའི་རྒྱལ་འདོད་ཀྱི་རེ་བ་དེ་བསྐོང་དགོས། །
རྩོམ་པ་པོ་ནི་ཧི་ནན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན།
|