གྲངས་ཉུང་མི་རིགས་ཀྱི་སློབ་ལོ་རན་པའི་བྱིས་པ་ཚོར་མཚོན་ན་ཁོ་ཚོར་འཚར་ལོངས་བྱུང་བའི་ཁྲོད་རང་སོ་སོའི་མི་རིགས་ཀྱི་སྐད་ཆ་དང་ཆོས་ལུགས། རིག་གནས། སྲོལ་རྒྱུན་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཐེབས་ཡོད་ཕྱིར། རྒྱལ་ཁབ་ཀྱི་བླང་བྱ་ལྟར་ཁོ་ཚོར་ཀུན་སྤྱོད་སློབ་གསོ་སྤེལ་ན་ཁྱད་འཕགས་རང་བཞིན་ལྡན་ཕྱིར། ང་ཚོས་སློབ་གསོ་བྱ་བ་དང་དོ་དམ་ཁྲོད་ནས་ཐུན་མོང་མ་ཡིན་པ་མཛུབ་སྟོན་བྱས་ནས། གྲངས་ཉུང་མི་རིགས་ཀྱི་བུ་ཕྲུག་ཚོར་བདེ་ཐང་གི་ཀུན་སྤྱོད་ལྟ་བ་ཆགས་སུ་འཇུག་དགོས། བདག་གིས་ཇི་ལྟར་གྲངས་ཉུང་མི་རིགས་ཀྱི་སློབ་མའི་ཀུན་སྤྱོད་སློབ་གསོ་སྔར་བས་ཚན་རིག་དང་མཐུན་ཞིང་སྔར་བས་དངོས་ཕན་ཐོབ་པའི་སྐོར་ནས་རགས་ཙམ་གླེང་བར་བྱ་སྟེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་གནས་ཚུལ། ༡.ཀུན་སྤྱོད་སློབ་གསོ་སྔར་བཞིན་ཤེས་བྱ་ཅན་དང་ཤེས་རྟོགས་ཅན་གྱི་སློབ་གསོ་ཞིག་ཏུ་གྱུར་ནས་དམིགས་སའི་རང་བཞིན་ཞན་པ་རེད། གྲངས་ཉུང་མི་རིགས་ས་ཁུལ་གྱི་མང་ཚོགས་ཐ་ཐོར་དུ་གནས་པས་རྒྱལ་ཁབ་ཀྱིས་སློབ་ལོ་རན་པའི་བྱིས་པ་ཡུལ་དེ་ནས་སློབ་གྲྭར་འགྲོ་ཆེད་སློབ་གྲྭ་མང་པོ་བཙུགས་ཡོད། དེ་བས་སློབ་གྲྭ་རེ་ན་དགེ་རྒན་གཅིག་ནས་གཉིས་མ་གཏོགས་མེད་ལ། དགེ་རྒན་མང་ཆེ་བས་སྔར་བཞིན་ཤེས་བྱ་ཅན་དང་ཤེས་རྟོགས་ཅན་གྱི་སྟབས་བདེའི་སློབ་གསོ་སྤེལ་བཞིན་ཡོད། ༢.ཀུན་སྤྱོད་སློབ་གསོ་ཐད་བཏང་བའི་མ་དངུལ་མི་འདང་བ། དགེ་རྒན་གྱི་སྟོབས་ཤུགས་ཐ་ཐོར་ཡིན་པའི་ཁར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བ་མི་འདང་བས་སློབ་དེབ་ཁོ་ནར་བརྟེན་ཏེ་སློབ་ཁྲིད་བྱེད་ཐབས་གསར་བ་དཀོན་ཞིང་ངེས་པར་དགོས་པའི་སློབ་ཁྲིད་ཡིག་ཆའང་མེད་པས། ཀུན་སྤྱོད་སློབ་གསོ་དེ་སྔར་བཞིན་དགེ་རྒན་གྱིས་ཁྲིད་པ་དང་སློབ་མས་ཉན་པའི་གཅིག་རྐྱང་གི་བུམ་པ་གང་བྱོའི་ཚུལ་དུ་གནས་ཡོད་པས་ད་ལྟ་དར་ཆེ་བའི་ཕན་ཚུན་མཉམ་སྐུལ་གྱི་བྱེད་ཐབས་དེ་ལག་བསྟར་བྱེད་ཐུབ་ཀྱིན་མེད། ༣.ཀུན་སྤྱོད་སློབ་གསོ་དེ་སྔར་བཞིན་བཀག་སྡོམ་ཅན་གྱི་སློབ་གྲྭའི་སློབ་ཁྲིད་ལས་འདའ་མ་ཐུབ་པ་དང་། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ལག་ལེན་ནང་ཐོན་མེད་པས། དོན་དངོས་ཀྱི་འཚོ་བ་དང་རིང་དུ་བྲལ་བའི་གནས་ཚུལ་བྱུང་བ་རེད། སྟབས་བདེའི་རྒྱལ་གཅེས་དང་ཁྱིམ་གཅེས། གཞན་གཅེས་བཅས་མི་གཤིས་ཅན་གྱི་སློབ་གསོ་དེ་རིགས་ད་རུང་དཔེ་དེབ་དང་སློབ་ཁྲིད་སྟེང་ནས་བཤད་པ་མ་གཏོགས། བྱ་སྤྱོད་འདི་དག་ཉིད་རྒྱུན་འཚོ་བའི་ཁྲོད་ཀྱི་སློབ་གྲྭའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་པ་དང་། ཕ་མར་ཁྱིམ་ལས་ལས་རོགས་བྱེད་པ། གཉོམ་ཆུང་ལ་རོགས་སྐྱོར་བྱེད་པ་བཅས་དང་ཟུང་འབྲེལ་བྱས་མེད་པས། ཀུན་སྤྱོད་སློབ་གསོ་ནང་བཏོན་པའི་བླང་བྱ་ལག་བསྟར་བྱེད་ཐུབ་ཀྱིན་མེད་ལ་སློབ་མས་ཀུན་སྤྱོད་སློབ་གསོ་ཁོང་དུ་ཆུད་དཀའ་བ་རེད། གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་ཆུང་གི་ཀུན་སྤྱོད་སློབ་གསོའི་ཐབས་ཇུས། ༡.རྒྱལ་ཁབ་ཀྱི་ཀུན་སྤྱོད་སློབ་གསོའི་རྩ་གནད་ནན་གྱིས་ལག་བསྟར་བྱེད་པ་མ་ཟད། གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྱད་ཆོས་དང་བསྟུན་ནས་ཀུན་སྤྱོད་དམིགས་འབེན་གཏན་འབེབས་བྱེད་པ་དང་འབྲེལ་ཡོད་ཀྱི་སློབ་ཚན་ཇུས་འགོད་དང་ཁྱབ་གདལ་དུ་བཏང་ན་བཟང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་དེ་རྒྱལ་ཁབ་ཀྱི་ཀུན་སྤྱོད་རྩ་གནད་དང་མཉམ་དུ་སྦྲེལ་ནས། ཧུར་བརྩོན་གྱིས་ཕན་ཚུན་བསྟུན་པ་དང་། སློབ་མ་དང་ཁྱིམ་བདག་ལ་རང་འགུལ་སྒོས་ཀུན་སྤྱོད་སློབ་གསོ་དང་ལེན་བྱེད་དུ་བཅུག་སྟེ། གྲངས་ཉུང་མི་རིགས་ཀྱི་སློབ་མར་ཡང་དག་པའི་མི་ཚེ་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ། རིན་ཐང་ལྟ་ཚུལ་བཅས་ཆགས་སུ་འཇུག་དགོས། གྲངས་ཉུང་མི་རིགས་ཀྱི་སློབ་མའི་སློབ་སྦྱོང་གི་འབྲས་བུར་མཐོང་ཆེན་བྱེད་དགོས་པ་མ་ཟད། སློབ་མའི་ཕྱོགས་ཡོངས་ཀྱི་མི་མངོན་པའི་སྦས་ཤུགས་མངོན་འགྱུར་དང་གོང་དུ་སྤེལ་ནས། སློབ་མའི་འཕེལ་རྒྱས་ཁྲོད་ཀྱི་དགོས་མཁོར་རྒྱུས་ལོན་བྱེད་པ་དང་། སློབ་མས་རང་ཉིད་ལ་ངོས་འཛིན་ཡང་དག་བྱེད་པ་དང་ཡིད་ཆེས་ཡོད་དུ་འཇུག་པར་རོགས་རམ་བྱེད་དགོས། ཀུན་སྤྱོད་སློབ་གསོའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་མར་སྔར་ཡོད་ཀྱི་ཆུ་ཚད་སྟེང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ༢.སློབ་གྲྭའི་རིག་གནས་དང་སྒྲིག་ལམ། ལམ་ལུགས་དང་བྱེད་ཐབས་སྣ་ཚོགས་ཞིབ་བཤེར་གཏན་འབེབས་བྱས་ཏེ་སློབ་མའི་སློབ་སྦྱོང་ཡར་ཐོན་དང་ཀུན་སྤྱོད་ཇེ་ལེགས་སུ་འགྲོ་བར་ཕན་པའི་ཁོར་ཡུག་ཅིག་བསྐྲུན་ནས། སློབ་སྦྱོང་དང་འཚོ་བའི་ཁྲོད་ནས་སློབ་མར་རིན་ཐང་དང་རྣམ་འགྱུར་འདི་དག་ཉམས་སུ་མྱོང་དུ་འཇུག་དགོས། དགེ་རྒན་གྱིས་ཀུན་སྤྱོད་སློབ་ཁྲིད་བྱེད་སྐབས་སློབ་མ་དང་མཉམ་སྐུལ་དང་མཉམ་དུ་འཕེལ་རྒྱས་སུ་བཏང་ནས། ཤེས་བྱ་བརྒྱུད་སྒྲོག་དང་ནུས་པ་སྐྱེད་སྲིང་བར་གྱི་འབྲེལ་བ་ཐག་གཅོད་བྱེད་པ་དང་། སློབ་མའི་རང་སྐྱ་ཐུབ་པའི་རང་བཞིན་དང་རང་བདག་རང་བཞིན་སྐྱེད་སྲིང་བྱེད་པར་དོ་སྣང་དང་། སློབ་མས་དོགས་སྣང་དང་ཞིབ་བཤེར། རྩད་གཅོད་བྱེད་པར་སྣེ་ཁྲིད་བྱས་ཏེ། གྲངས་ཉུང་མི་རིགས་སློབ་མས་དགེ་རྒན་གྱི་མཛུབ་སྟོན་འོག་རང་འགུལ་དང་རང་གཤིས་ཡོད་པའི་སྒོ་ནས་ཀུན་སྤྱོད་ཤེས་བྱ་སྦྱོང་བར་སྐུལ་འདེད་གང་ལེགས་བྱ་དགོས།།
རྩོམ་པ་པོ་ནི་ཐུན་རིན་རྫོང་ཉ་ལུང་སློབ་ཁུལ་ཉ་ལུང་སློབ་གྲྭའི་དགེ་རྒན་ཡིན། |