གནས་ཡུལ། མདུན་ངོས། དེང་རབས་ཀྱི་སློབ་གསོ།
 
 
༄༅།། སློབ་ཆུང་བོད་སྐད་ཡིག་གི་ཁྲིད་ཐབས་གླེང་བ།
སྤེལ་དུས།2015-08-05   ཡོང་ཁུངས་།   རྩོམ་པ་པོ། བྱ་གཞུང་དབང་ཆེན་ཚེ་རིང་།

         དེང་སྐབས་སྔོན་ཐོན་མི་རིགས་ཁག་ཅིག་གི་བསམ་པའི་གོ་རྟོགས་དང་འདུ་ཤེས་འཛིན་སྟངས་སོགས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ འཕེལ་འགྱུར་བྱུང་བ་དང་བསྟུན་ནས་ཁོ་ཚོའི་སློབ་གསོའི་མཚན་ཉིད་དང་། གཞུང་ལུགས་ཀྱི་ངོས་འཛིན་ཐད་ལ་འགྱུར་ལྡོག་བྱུང་སྟེ།དེང་རབས་དང་སྲོལ་རྒྱུན་གྱི་དགེ་སྐྱོན་དང་། སྔོན་ཐོན་དང་རྗེས་ལུས་ཀྱི་ཁྱད་པར་མཐོང་ནས། སློབ་གསོ་དེང་རབས་ཅན་དུ་གཏོང་རྒྱུ་ནི་དུས་ཐོག་ཆར་བ་ཡིན་པའི་ངེས་ཤེས་ཀྱིས་ཕྱོགས་ཡོངས་ནས་སློབ་གསོའི་ལས་བསྒྱུར་གྱི་ལས་འགུལ་བསླངས་ཏེ་ལེགས་འགྲུབ་ཀྱི་ལམ་སྣ་ཟིན་པར་འབད་པ་བྱས་དང་བྱེད་མུས་ཡོད། དེ་དང་བབ་བསྟུན་གྱིས་ང་ཚོའི་ཞིབ་འཇུག་པ་དང་སློབ་གསོ་བ་གང་མང་ཞིག་གིས་ཀྱང་སློབ་གསོའི་འདུ་ཤེས་ཀྱི་འཛིན་ཚད་དང་། རིག་གནས་ཁོར་ཡུག་དང་མཐུན་མིན། མི་རིགས་སློབ་གསོ་དང་འཚམ་མིན་སོགས་ལ་བལྟས་མ་བལྟས་ཀྱིས་ཨ་གསར་ཧར་གྱིས་ལངས་ཏེ་དེང་རབས་སློབ་གསོའི་ཁྲིད་ཐབས་ཁྱབ་བརྡལ་གཏོང་བའི་ཁ་གཡང་བསྒྲགས་ཤིང་ལག་བསྟར་ལས་འགུལ་བསླངས་དང་སློང་བཞིན་ཡོད་དེ། ཆེད་ལས་མཁས་པ་གདན་ཞུས་ཀྱིས་བློ་དྲིས། ཞིབ་འཇུག་མི་སྣ་མཉམ་བསྡུས་ཀྱིས་ཐབས་བཏོན།རྐང་འཛིན་དགེ་རྒན་ཚགས་བཙུགས་ཀྱིས་བློ་བསྡུས། སློབ་ཁྲིད་དགེ་རྒན་ཆེ་རིམ་ནས་ཆུང་རིམ་ལྟར་ཡུལ་དངོས་ནས་སློབ་ཁྲིད་ལ་ཉན་པ་དང་། ཉན་ས་ནས་དཔྱད་བརྗོད་སྤེལ་ཏེ་ཚོད་ལྟ་བྱས་བྱས་ན་ཡང་། དེང་རབས་སློབ་གསོའི་ཁྲིད་ཐབས་ཞེས་པ་དེ་ཡང་སྙིང་སློབ་གསོའི་གཞུང་ལུགས་ག་འདྲ་ཞིག་ལ་བརྟེན་ནས་འགོ་འཛུགས་དགོས་པ་དང་། གོ་རིམ་གང་འདྲ་ཞིག་བརྒྱུད་དེ་རྒྱ་བསྐྱེད་དགོས་པ།ཆ་རྐྱེན་ཅི་འདྲ་ཞིག་གི་འོག་ནས་ཚད་ལྡན་དུ་གཏོང་དགོས་པ། མཐར་ཐུག་དམིགས་ཡུལ་དང་རེ་འདུན་ཅི་འདྲ་ཞིག་འགྲུབ་དགོས་པའི་ཐད་ཀྱི་གནད་དོན་གང་མང་ཞིག མཐོ་བ་ཁྲིད་ཐབས་བཅོས་སྒྱུར་གྱི་གླེང་སློང་མཁན་ནས།དམའ་བ་སློབ་ཁྲིད་ཀྱི་ཡུལ་དངོས་ན་བཅོས་བསྒྱུར་གྱི་ལས་ལ་འབད་བཞིན་པའི་མི་སུ་ལའང་གསལ་ཐག་ཆོད་པའི་འགྲེལ་སྟངས་ཤིག་ཡེ་ནས་མ་བྱུང་བའི་སྟེང་ལ། ད་དུང་རང་ས་ནས་བཙན་ས་རེ་བཟུང་སྟེ། ཞིབ་འཇུག་སྙོམ་པའི་ཁ་ཕྱོགས་ཤིག་རྨོངས་ཁྲིད་བྱེད་པ་དེས། ཉ་དང་ངང་བ་སྦལ་བ་གསུམ།། ལམ་དུ་ཤིང་རྟ་ཞིག་མཐོང་ནས།། ངང་བས་ནམ་མཁའི་དབྱིངས་སུ་འཐེན།། ཉ་ཡིས་ཆུ་ནང་ཐུར་དུ་འཐེན།། སྦལ་བས་མདུན་དུ་དྲང་མོར་འཐེན།། ཞེས་པའི་དཔེ་ལྟར། སློབ་གསོའི་ཤིང་རྟ་སྔར་བཞིན་ཁ་མལ་ནས་སྒུལ་མ་ནུས།
        
སྲོལ་རྒྱུན་སློབ་གསོ་དང་དེང་རབས་སློབ་གསོ། དེང་རབས་སློབ་གསོའི་ཁྲིད་ཐབས་དང་སྲོལ་རྒྱུན་སློབ་གསོའི་ཁྲིད་ཐབས་ཞེས་པ་དེ། མདོར་དེད་ན་མིའི་རིགས་ཀྱི་རྒྱུད་དུ་ཤེས་རིག་གི་འཚོ་བཅུད་མོད་པོ་བླུགས་ནས་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་རྫོགས་ཀྱིས། རབ་ཡིན་ན་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་འགྲོ་དོན་རྒྱ་ཆེར་མཛད་པའི་སངས་རྒྱས་ལྟ་བུ་ཞིག་དང་། འབྲིང་ཡིན་ན་མི་རིགས་ལ་ཕན་ནུས་ཐོན་པའི་མི་རླབས་ཆེན་ཞིག ཐ་མ་ཡིན་ན་ཕ་མའི་ཚིལ་ལེན་ཕྲག་འཁུར་ཐུབ་པའི་མི་ཡ་རབས་ཤིག་སྐྱེད་བསྲིང་བྱེད་རྒྱུའི་དམིགས་ཡུལ་འབའ་ཞིག་ལགས་པས། ཐབས་ལ་བརྟེན་ནས་དཀའ་བ་དེ་སླ་རུ་བཅོས། རྙོག་འཛིང་དེ་སྟབས་བདེར་བཏང་སྟེ། མིའི་རྒྱུད་འདུལ་བ་ཙམ་ལས་མ་འདས་སོ། །
        
དེ་ལྟ་ན་ང་ཚོས་སླ་མོ་ཞིག་དཀའ་མོར་བཟོ་བའི་དགོས་པ་མེད་ཅིང་། འགངས་ཆེན་ཞིག་རྩིས་མེད་དུ་གཏོང་བའི་ཉིང་དགོས་དེ་བས་ཀྱང་མེད། རྒྱལ་ཁབ་གྱི་སྲིད་ཇུས་དང་མཐུན་ཞིང་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ། ས་གནས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་ཡིན་ཚེ། གནའ་བཟང་དེང་སྤྱོད་བྱས་ཆོག་ལ་རྙིང་ཚབ་གསར་བས་བྱས་ཀྱང་ཆོག་པ་ཞིག་ཡིན། རང་མི་རིགས་འདི་ལ་མཚོན་ནས་བཤད་ན། ད་ལྟ་རིན་ཐང་བྲལ་བའི་རིག་གནས་ཤིག་ཡོད་པ་སུས་ཀྱང་ཁས་ལེན། དེ་ལྟ་བུའི་རིག་གནས་དེ་གནམ་ལས་བབས་ཏེ་ས་ནས་སྐྱེས་པ་མིན་ལ་བཙན་པོའི་སྟོབས་ཀྱིས་འཕྲོག་སྟེ་མཛེས་མའི་གཡོ་སྒྱུས་བསླུས་པ་མ་ཡིན་པར་དེ་ནི་དགེ་རྒན་བཟང་བོ་ཞིག་གིས་ཁྲིད། སློབ་མ་སྣོད་ལྡན་ཞིག་གིས་བསླབས་པ་ལ་བརྟེན་ནས་ད་གཟོད་འདི་འདྲའི་གྲུབ་འབྲས་བྱུང་བ་བདེན་ན། དགེ་རྒན་དམ་པར་ཁྲིད་ཐབས་ཡང་དག་ཅིག་དང་སློབ་མ་བཟང་བོར་སློབ་ཐབས་ལེགས་པོ་ཞིག་ལྡན་པའི་དོན་དངོས་སུས་ཀྱང་རྐང་བསུབ་ལག་སྣོག་བྱ་ཐབས་དབེན། འོ་ན་དེ་ལྟ་བུའི་ཐུན་མོང་མ་ཡིན་པའི་ཁྲིད་ཐབས་གང་ཞེ་ན། དེ་ནི་གཞན་མ་ཡིན་པར་ད་ལྟ་ང་ཚོས་ནོར་ཉམས་ཆོད་ཀྱིན་མེད་པའི་ཡབ་མེས་དམ་པ་དག་ལས་བརྒྱུད་པའི་སྲོལ་རྒྱུན་གྱི་ཁྲིད་ཐབས་སོ། །
        
སྲོལ་རྒྱུན་གྱི་ཁྲིད་ཐབས་གང་ཞེ་ན། དེ་ནི་དེང་སྐབས་མི་ལ་ལས་ནེ་ཙོའི་འདོན་པ་ལྟ་བུར་ངོས་འཛིན་གྱིས་སློབ་ཆུང་ལོ་རིམ་དྲུག་པར་སླེབས་ཀྱང་དུས་རྒྱུན་གྱི་སློབ་ཁྲིད་ཕར་ཞོག ཐ་ན་སློབ་གྲྭའི་སློབ་ཞིབ་བྱ་འགུལ་དང་སློབ་གསེང་བྱ་འགུལ་ཏེ། བྱ་འགུལ་ཆེ་མ་ཆུང་གསུམ་གང་ལའང་སློབ་གསོའི་སྲོག་ཤིང་ཀློག་གིས་འཛིན་དགོས་ཚུལ་གླེང་བ་དང་། མི་ལ་ལས་སློབ་ཁྲིད་ནི་ཟློས་གར་འཁྲབ་སྟོན་ལྟ་བུའི་ངོས་འཛིན་གྱིས་སློབ་ཁྲིད་སྐབས་སུ་སློབ་མ་འཁྲབ་སྟོན་པ་དང་དགེ་རྒན་འཁྲབ་ཁྲིད་པ། ཁྲིད་གཞི་འཁྲབ་གཞུང་བྱས་ཏེ་སློབ་ཚན་རེ་རེ་དང་སློབ་ཐུན་རེ་རེ་འཁྲབ་སྟོན་གྱི་ལམ་ནས་མཇུག་བསྡུ་དགོས་ཚུལ་གླེང་། ཡང་མི་ལ་ལས་སློབ་ཐུན་གྱི་དབུ་མཚན་དོན་ནས་མཇུག་བྱང་གཏམ་རྒྱུད་དང་བྱ་འགུལ་གྱི་ལམ་ནས་ལེགས་གྲུབ་བྱེད་དགོས་ཞེས་པ་ལྟ་བུ་སྟེ། ཁ་བཤད་ལག་ལེན་དབེན་ཞིང་ས་གནས་མཁོ་བསྟུན་མེད་པའི་བྱིས་པའི་ཀུ་ཅོ་ཙམ་ལ་གོ་བ་མ་ཡིན་པར། སྔོན་བྱོན་མཁས་པས། སློབ་མའི་གནས་ཚུལ་རབ་འབྲིང་ཐ་གསུམ་གྱི་དགོས་མཁོ་དང་བསྟུན་ནས་ཐོག་མར་མདོར་བསྡུས་ཤིང་གོ་བདེ་བའི་བཤད་པ་ཚར་གཅིག དེ་ནས་དཀའ་གནད་ལ་དོགས་པ་གཅོད་ཆེད་དགེ་སློབ་གཉིས་ཕན་ཚུན་བར་རིགས་ལུང་གི་བགྲོ་གླེང་ཡུན་རིང་ཙམ་གནང་། དེ་ནས་དོན་བསྡུས་ཀྱི་བསྐྱར་བཤད་ཚར་གཅིག་བཅས་བཤད་པ་ཚར་གསུམ། སང་ཉིན་སློབ་ཁྲིད་ཚུགས་སྐབས་ཐོག་མར་ཁ་སང་གི་བཤད་པ་མདོར་བསྡུས་ཚར་གཅིག་གནང་སྟེ་སློབ་མའི་དོགས་གཅོད་དང་བཀའ་འདྲི་ཞུ་རྒྱུ་རྣམས་ཞུས་རྗེས་དེ་རིང་གི་སློབ་ཚན་གཞི་ནས་འགོ་འཛུགས།དེ་ལྟར་བྱས་ན་སློབ་མ་རབ་འབྲིང་ཐ་གསུམ་ལ་ཕན་ཞེས་གསུངས་པ་འདི་ཡིན་ལ།དེ་ནི་ཉམས་མྱོང་གིས་ཕྱོགས་སྡོམ་དང་ལག་ལེན་གྱིས་བདེན་དཔང་བྱས་པའི་མཁས་པའི་ལེགས་བཤད་ཡིན་པས། ང་ཚོས་དེ་ལ་ཞིབ་འཇུག་དང་ཉམས་ལེན་བྱེད་དགོས་པ་ལས། སློབ་གསོའི་གར་སྟེགས་སུ་ཆུ་ཟླ་ཉབ་དང་མོན་ཡུལ་རྡོར་གཅོད་སོགས་ཀྱི་སྐྱོ་གར་བསྐྱར་འཁྲབ་བྱེད་མི་རུང་ལ། མིས་ཆུ་འཐུང་བ་རིག་ནས་སྤྲེའུས་ཀྱང་ཆུ་འཐུང་བའི་དཔེ་རུ་འགྲོ་མི་རུང་སྟེ། མིས་སྐོམ་པའི་དབང་གིས་ཆུ་འཐུང་བ་དང་། སྤྲེའུས་མི་ལ་ལད་མོ་བྱས་ཏེ་ཆུ་འཐུང་ལ་སྙིང་བོ་མེད། གལ་ཏེ་དེ་ལྟར་ཡིན་ཚེ། ང་ཚོ་སླར་ཡང་ནགས་མ་བྱ་ཚོགས་སུ་འགྲོ་དགོས་པའི་ཉེན་ཁས་བསྐོར་ནས་ཡོད།

རིན་ཆེན་གྱིས་བསྒྲིགས།

༼རྩོམ་སྒྲིག་འགན་ཁུར་བ། ༽
 
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Association for Preservation and Development of Tibetan Culture ( CAPDTC )
འདིར་བཀོད་པའི་ཡིག་རིགས་དང་པར་རིས་ཚང་མའི་པར་དབང་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ལ་དབང་བས་
ཕན་ཚུན་གྲོས་མོལ་དབང་བཅོལ་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།
E-Mail:dk582002@yahoo.com.cn Tel:8610-58336005